གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨོག་རུ་ཤེས་རབ་རྡོ་རྗེའི་སྙན་ངག་གསར་བ་ཁག་བདུན།

2013-07-04 11:09:00 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།


 

           མིང་མེད་སྙན་ངག་ཅིག

དོ་ནུབ་ཁ་པར་གྱི་ལྕོག་ངོས་སུ་འདྲ་པར་ཞིག་འཇོག་དགོས་ཡོད
དེ་རིང་ཉིན་གང་གི་སེམས་ཁམས་མཚོན་པའི་འདྲ་པར་ཞིག་འཇོག་དགོས་ཡོད
དེ་ནི་ཡུལ་ལྗོངས་ཤིག་གམ་མི་ཡི་འདྲ་པར་ཞིག
མིའི་ནང་གི་བུད་མེད་ཅིག་གི་འདྲ་པར
བུད་མེད་ནང་ནས་ཉེ་ལམ་འབྲེལ་བ་ཡོད་པའི་བུད་མེད་ཅིག་གི
ཡང་ན་སྲོག་ཆགས་གང་རུང་ཞིག
བསམ་བློ་བཏང་བཏང་རྗེས
རྒྱ་སེ་མེ་ཏོག་ཅིག་འཇོག་དགོས་བྱུང
དོ་ནུབ་ཆུ་ཚོད་བཅུ་གཅིག་དང་སྐར་མ་ཉི་ཤུ་ཡས་མས་སུ་སྐད་འཕྲིན་ལས་བསྐུར་ཡོང་བའི་རྒྱ་སེ་མེ་ཏོག་ཅིག་འཇོག་དགོས་བྱུང
འོན་ཀྱང    དེ་ནི་ཅིའི་ཕྱིར་འཇོག་དགོས་བྱུང་བ་ངས་ཧ་གོ་མ་སོང
            ༢༠༡༣.༠༥.༡༩མཚན་མོར་རྨ་ཆུ་རྫོང་མཐའ་ནས།


           དེ་རིང་གི་ཉིན་ཐོ།

ཟླ་ཕོགས་ཉུང་ཉུང་དེའི་ཁ་སྣོན་དུ
ཁ་གསོ་བྱེད་དུ
ང་དང་གྲོགས་པོ་ཞིག་གིས་མཉམ་འབྲེལ་གྱིས་ཟ་ཁང་ཞིག་བཟུང་ཡོད
སི་ཁྲོན་ལུགས་ཀྱི་བརྔོ་ཚོད་ཟ་སའི་
དེའི་ནང་དུ་ལས་མི་ལྔ་ཡོད
ལས་མི་ལྔ་བོར་ཡང་ངས་མང་ཉུང་མི་འདྲ་བའི་ཟླ་གླ་སྟེར་དགོས
དེ་ནས་ཁང་གླ་སྟེར་དགོས
གློག་རིན་སྟེར་དགོས
དྲོད་རླངས་ལ་གླ་སྟེར་དགོས
ཆུ་རིན་ཡང་སྟེར་དགོས
་་་   ་་་
ཤུལ་ཏུ་ལྷག་པ་དེས་མགྲོན་ཁང་ནང་སྡོད་དགོས
བཟི་བྱེད་ཀྱི་བཏུང་བ་ཞིག་ཀྱང་ཉོ་དགོས
       ༢༠༡༣.༠༥.༢༦ཉིན་གུང་ཟ་ཁང་དུ།

            དུས་ཆད་ཅིག་བཏབ་རྗེས།

དོ་ནུབ་གཞན་གྱི་ཆུང་མ་ཡིན་པའི་བུད་མེད་ཅིག་དང་མཉམ་དུ་ཡོད
རྒུན་ཆང་ཞིག་བཏུང་ཞོར་ཁ་བརྡ་སྣ་ཚོགས་གློད་ཀྱིན་ཡོད
མགྲོན་ཁང་ཞིག་ན་ཡོད
ཁོ་མོས་ང་ལ་མི་ལོ་བཅོ་ལྔའི་སྔོན་གྱི་གཏམ་རྒྱུད་གླེང་བྱུང
དོ་ནུབ   ངས་མི་ཚེ་ཟེར་བར་འདང་ཡང་རྒྱག་གིན་མེད
ཅུང་ཙམ་བཟི་རྗེས
ངས་ཁང་བ་འདིའི་ཕྱི་ཡི་བཀོད་པ་གང་ཡང་དྲན་མི་ནུས
འཇིག་རྟེན་ཁམས་ལས
གཞན་ཅིའང་དྲན་མ་བྱུང
                ༢༠༡༣.༠༦.༠༩མཚན་མོར།

         ཨ་མ་འབྲུག་མཚོའི་ཁ་ནས།

མཚོ་དེའི་མིང་ལ་ཨ་མ་འབྲུག་མཚོ་ཟེར
དེ་ལ་གཅེན་གཅུང་སུམ་བརྒྱ་དང་བརྒྱད་ཡོད་པར་སྐད
དྲུག་པའི་བཅོ་ལྔར་དེ་དག་ཚང་མ་མཉམ་དུ་འདུ་རབས་སྐད
ངའང་ལྔ་བའི་བཞི་རྒྱལ་ཉིན
ཨ་མ་འབྲུག་མཚོའི་ཁར་ཡོང་ནས
གཏེར་འབུལ་བ་དང་དཔུང་རྒྱན་བཏགས་ཏེ
ཀི་མང་བོ་བཏབ་ནས་ཕྱིར་ལོག་དུས
ངའི་ཡིད་ལ་མཛེས་སྡུག་གི་རི་མོ་སྣ་ཚོགས་འཚིང་ཁ་རྒྱག
རྒྱ་སྡེ་འདི་ནས་ནངས་ཇ་ཞིག་འཐུང་བར་འདོད་དུས
ཁོ་ཚོས་སྒོག་པ་མེད་པའི་ཟ་མ་ཞིག་མེད་རབས་ཟེར

དེ་རིང་བོད་པ་མང་བོས་ཨ་མ་འབྲུག་མཚོ་རུབ་སྟེ
འདོད་འདོད་པོ་སྐད་མཐོན་པོས་བཤད་རྗེས་ཕྱིར་ལོག་གིན་འདུག
               ༢༠༡༣.༠༦.༡༡ཅོ་ནེ་ཤོ་བ་ནས།

         ཕྱི་དྲོ་ཞིག་ལ་རྟ་རྫོང་མཚོ་ཁ་ནས།

ང་རང   ཕྱི་དྲོ་ཞིག་ལ་རྟ་རྫོང་མཚོ་ཁར་སླེབས
ལམ་ཨ་ཀྱོག་པ་ཀྱོག་ཅིག་བརྒྱུད་དེ
སྡེ་བ་དེ་རུ
གསེར་གྱི་གའུ་ཅན་གྱི་བུ་མོ་དེར
པཱ་སེ་ཡི་རིན་པར་སྒོར་༢༠སྤྲད་རྗེས
ངས་མཚོ་མཐོང་བྱུང
རྟ་རྫོང་མཚོ་མཐོང་བྱུང

མཚོ་མཐར་གཡས་སྐོར་ཅིག་རྒྱག་ཞོར
ང་ལ་ཚོར་བ་མཚར་བོ་ཞིག་བྱུང་སོང
མཚོ་འདི་ལ་སྙིང་ཉེ་ཉེ་ཞིག་བྱུང་སོང
འདི་ནས་སུ་ཞིག་ལ་དུས་ཆད་བྱས་མྱོང་བ་འདྲ་བའི

འདི་ནས་ཀྱང   ངས་བསང་ཞིག་ཕུད་རྗེས
ཀི་ཡང་ཡང་བཏབ་པ་ཡིན
སུ་ཞིག་ལ་བརྡ་གཏོང་བ་བཞིན་གྱི

མཚོ་སྐོར་ལམ་ནས་པར་འགའ་ཡང་བརྒྱབ་པ་ཡིན
དེ་ནི་དྲན་རྟེན་ཞིག་ལས་ཅིའང་མིན་ནའང
            ༢༠༡༣.༠༦.༡༡རྟ་རྫོང་མཚོ་ཁ་ནས།

      ཕྱི་དྲོ་ཞིག་ལ་ཉི་མར་ལྡེ་སྐབས།

ཆང་བཅད་པའི་གྲོགས་པོ་འདི་ཚོ
ངེད་ཚང་ལ་ཡོང་ཐེངས་ཇེ་ཉུང་ཇེ་ཉུང་རེད
སྐད་ཆའང་ཇེ་ཉུང་ཇེ་ཉུང་རེད
དེ་དུས  ཁོ་ཚོ་མི་རྐྱང་ཡིན་པས་ཡིན་ནམ
ཡང་ན  ད་ལྟ་ཆང་བཅད་པས་ཡིན
དེའང་མིན་ཚེ   སྐད་འཕྲིན་དང་པོད་ཕྲན་ལས
སྙིང་གཏམ་བཤད་ས་གཞན་ཞིག་རྙེད་འདུག
ཨོ   དེ་དུས་ད་དུང་སྙན་ངག་ཅེས་པ་ཞིག་ཀྱང་གླེང་རྒྱུ་ཡོད
དེ་རིང་ཁ་སང   ང་ཚོ་མཉམ་དུ་བསྡད་ཀྱང་སོ་སོས་རང་རང་གི་ཁ་པར་ལག་ནས་མི་གཏོང
ཏག་ཏག་ཁ་པར་སྡུག་ཆགས་འདིའི་ནང་ན་ཅི་ཞིག་ཡོད

གྲོགས་པོ་ཚོ  ནམ་ཞིག་ང་ཚོ་མཉམ་དུ་ཉི་མར་ལྡེ་ན་ཅི་འདྲ
                      ༢༠༡༣.༠༦.༡༦

           གཟའ་ཟླ་བར།

གཟའ་ཟླ་བར
ལས་ཁུངས་སུ་ཡོང་མ་ཐག
ཕྱིར་འགྲོ་འདོད་སྐྱེས་བྱུང

དེ་ནི་འདི་ནས་ཟླ་ཕོགས་ལེན་རྒྱུར་མ་དགའ་བ་ནི་མིན་པར
འདི་ནས་རང་གི་ལས་མི་འདོད་པས་བྱ་བ་མང་བོ་ཞིག་ལས་མྱོང་བས་ཡིན
ལས་གྲོགས་ཚོའང་དེ་འདྲ་ཡིན་པ་འདྲ་སྟེ
ལས་ཁུངས་སུ་ཡོང་དུས
 ཚང་མའི་གདོང་ལ་གཉིད་ཀྱི་དྲེག་པ་མཐུག་པོ་ཞིག་གྱོན་འདུག་ལ
གོམ་པའི་འགྲོས་ནི་ནད་པ་ཞིག་དང་མཚུངས

ལས་ཁུངས་འདི་ནས  ངས
རེའུ་མིག་རྫུན་མ་མང་བོ་ཁ་སྐོང་སྟེ
ལོ་ནི་གང་འཚམས་ཤིག་ཕྱིན་ཡོད
དེ་བས  
 འགོ་བ་གསར་བ་དེས་ཚོགས་འདུ་དང་བོ་འཚོགས་པ་ནས
ངས་ཁོ་རང་མི་ག་འདྲ་ཞིག་ཡིན་པ་ཤེས་འོང
དེའང་ཡིན་ཏེ  འགོ་བ་ཚང་མ་སྣོད་གཅིག་གི་ནང་གི་ཡིན་པས
དེ་ལ་རྟགས་དཔྱད་ཞིབ་མོ་གཏོང་དགོས་དོན་ཡང་མེད

འདི་ནི་ངས་ཟླ་ཕོགས་ལེན་ས་ཡིན་པ་ལས
འཚོ་བ་རོལ་ས་མིན་པ་སྔ་མོ་ནས་ངས་ཤེས་ཡོད

གཟའ་ཟླ་བར
ལས་ཁུངས་སུ་ཡོང་སྟེ
སྙན་ངག་འདི་བྲིས་ཚར་རྗེས
ང་རང  སྲང་ལ་བུད་འགྲོ
        ༢༠༡༣.༠༦.༢༥གཞུང་ཤག་ཏུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།