བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེ་མཆོག་ལ་རྗེས་དྲན་ཞུ་བའི་རྩོམ་ཡིག་ཕྱོགས་བསྒྲིགས།

རི་སྔོན་བླ་མ་ཐར་སོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-16

           གཉའ་གོང་ལྷ་བྷེ་རྗེས་སུ་དྲན་པ།  

                                           རི་སྔོན་བླ་མ་ཐར།

    བདག་གི་རྩོམ་གྲོགས་གཉའ་གོང་ལྷ་བྷེ་ལགས་༡༠༡༣ལོའི་ལོ་སར་ཚེས་༢་ཉིན་ནས་རང་ཁྱིམ་དུ་ལོག་རྒྱུ་མ་བྱུང་ལ། ཁོང་གི་ཁྱིམ་མི་སོགས་ཀྱིས་ཉིན་དགུའི་རྗེས་སུ་ད་གཟོད་འཇིག་རྟེན་འདི་དང་གཏན་དུ་ཁ་གྱེས་ཟིན་པ་ཤེས། དེ་དུས་ཕོ་ལོ་བཞི་བཅུའི་སྒོ་ཐེམ་ལ་བུད་ཙམ་ཡིན་འདུག
 
 གཉའ་གོང་ལྷ་བྷེ།
                ༡
    གཉའ་གོང་ལྷ་བྷེ་ལགས་ནི་༡༩༧༣ལོའི་ཟླ་༡༠ཚེས་༡༠ཉིན་མདོ་སྨད་ཀན་ལྷོ་བསང་ཆུ་རྫོང་རྒན་གྱའི་བར་ཐ་སྡེ་བ་ནས་སྐྱེས་པ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། དེ་སྔ་ཀན་ལྷོ་བསང་ཆུ་རྫོང་དང། ཀླུ་ཆུ་རྫོང་གི་ཁོངས་སུ་སློབ་ཆུང་དགེ་རྒན་གྱི་ལས་ཀ་སྒྲུབ་མྱོང་ཡོད།  ཁོང་ལ་ཕུ་བོ་གཅིག་དང་།  ནུ་མོ་གཅིག  སྤུན་ཆུང་གཉིས་བཅས་མིང་སྲིང་ལྔ་ཡོད།  ཁོའི་ཨ་ཕ་ལོ་ན་གཞོན་དུས་སུ་རྐྱེན་ལམ་དུ་ཤོར་བས་ཁོས་རྒྱུན་པར་ཆུང་དུས་ཀྱི་འཚོ་བ་དེ་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་མིན་རབས་བཤད་པས།དེ་ནི་གཟུགས་མེད་ཀྱིགཏུབ་གྲི་ཞིག་དང་འདྲ་བར་ཁོའི་ལྷད་མེད་ཀྱི་བྱིས་པའི་སེམས་ཁམས་ཀྱི་གནས་གང་རུང་ཞིག་ལ་རྨས་སྐྱོན་རེ་བཟོས་ཨེ་ཡོད་སྙམ། སློབ་གྲྭ་ཆེ་འབྲིང་འགྲིམས་དུས་ཀྱི་འཚོ་བ་དེ་ཡང་གཙོ་བོ་ལྷ་བཞེངས་པ་དང་རི་མོ་འབྲི་བ་ལ་བསྟེན་ནསརང་ཁ་རང་གསོ་བརྒྱབ་ཡོད་ཅིང་། ད་ལྟར་ཞིབ་ཏུ་བསམ་གཞིགས་བཏང་ན་དེ་ནི་དཀའ་སྡུག་གི་འགྲུལ་བཞུད་རིང་མོ་ཞིག་ལས་མ་འདས། རྗེས་སུ་ཁྱིམ་གཞི་དྲོན་མོ་དེ་རྨང་ནས་རྒུད་པའམ་ཤོར་ནས་ཁོང་གི་བཟའ་ཚང་གང་བོ་ཕྲེང་བ་བཞིན་སོ་སོར་ཐོར་བས་ཁོ་ནི་ཕྱིར་ཁྱིམ་ལ་ལོག་ས་མེད་པའི་འཁྱམ་པོ་ལྡོམ་པོ་ཞིག་ཏུ་གྱུར་སོང་། ལྷག་པར་དུ་ལོ་ཆུང་ཞིག་གི་ངོས་ནས་བཤད་ན། དབྱར་གནང་དགུན་གནང་གི་སྐབས་སུ་ཡུལ་ལ་ལོག་ས་མེད་པའི་སྡུག་བསྔལ་དེ་ནི་ང་ཚོ་མི་སུ་ཞིག་ཡིན་རུང་ཐེག་པར་དཀའ་བ་ཡིན་པར་སེམས། མཚམས་མཚམས་སུ་ཡར་འགྲོ་མར་འདུག་གང་མང་གི་རྗེས་སུ་གང་ཞིག་ནས་ངའི་གམ་ཏུ་འཁོར་ཡོང་ནས་ཉིན་དུ་མ་ལ་བསྡད་པའི་དུས་ཀྱང་མང་པོ་ཡོད།  ཁོང་གིས་རྒྱུན་དུ་ཆུང་དུས་ཀྱི་དོན་དག་མང་པོ་ཞིག་ལ་ཕྱིར་དྲན་བྱ་མི་འདོད། དེ་ནི་ཡིད་སྐྱོ་བའི་རྒྱུ་ལས་མ་འདས་ཟེར། ཐོག་མར་གཉེན་སྒྲིག་བྱས་པའི་བཟའ་ཟླའི་མིང་ལ་སྐྱ་རིས་ཟེར་ཞིང་བུ་མོ་གཉིས་ཡོད་པ་ལས་གཅིག་ནི་ཁོང་གི་ཤ་ཁྲག་ལ་འབྲེལ་བ་ཡོད་པ་དང་། ལོ་ངོ་འགའི་རྗེས་སུ་སྐྱ་རིས་དང་གཉེན་འཐོར་བརྒྱབ་སོང་བས་བུ་མོ་གཉིས་ཀ་ཨ་མའི་གམ་དུ་ཡོད།

དེ་སྔོན་གྱི་ཁྱིམ་གཞི།
   ཁོས་རྒྱུན་པར་འབྲོག་མོ་མང་པོ་ཞིག་ལ་འགྲོ་འོང་གི་རྒྱུན་བསྲིངས་ཡོད་ན་ཡང་མི་ཚེ་མཐའ་ལ་སླེབས་དུས་གམ་ཏུ་བུད་མེད་གཅིག་གི་དྲོད་ཁོལ་ཙམ་ཡང་མི་འདུག  མཚན་མོ་དེར་ཁོང་གི་ཤུལ་བཞག་བརྩམས་དེ་དག་ཉར་ཚགས་བྱ་དུས་འབྲི་དེབ་ཅིག་གི་བར་དུ་གཉེན་འཐོར་གྲོས་མཐུན་ཡི་གེ་ལག་བྲིས་མ་ཞིག་ཀྱང་མཐོང་བས། ཁོང་ལ་བཟའ་ཟླ་གཞན་ཞིག་ཡོད་པར་སྣང་མོད། ཁོང་གི་ཨ་མ་སོགས་ཆེས་ཉེ་བའི་མི་དག་གིས་ཀྱང་དོན་དེ་གསལ་པོ་ཞིག་མི་ཤེས།
                   ༢
  ཁོང་གིས་ཆེས་ཐོག་མར་དུས་དེབ་སྟེང་སྤེལ་བའི་སྙན་ངག་ནི་<<སྒྲུབ་ཕུག་དམར་པོ>>ཡིན་པ་དང་། དེ་དུས་ཁོ་ནུབ་བྱང་མི་རིགས་སློབ་ཆེན་དུ་འགྲིམས་བཞིན་ཡོད་ལ། ང་ལ་འཕྲིན་ཡིག་འགའ་འབྱོར་བའི་ནང་དུ་སྙན་ངག་དེ་<<གངས་རྒྱན་མེ་ཏོག>>དུ་བཀོད་པར་དགའ་སྤྲོ་ཚད་མེད་ཅིག་སྐྱེས་མྱོང་ཞིང་། ཐ་ན་དུས་དེབ་དེ་ལག་ཏུ་བཟུང་ནས་ཞག་གང་བོར་གཉིད་ཀྱང་ཁུགས་མེད་རབས་བཤད། དེ་དང་དེ་འབྲེལ་གྱི་དགའ་ཞེན་སོགས་གྱི་དབང་གིས་ཁོང་གིས་ད་ནས་བཟུང་ངས་རང་གི་མི་ཚེ་ཡི་འདུན་མ་དེ་རྩོམ་རིག་ལ་བཅོལ་བའི་དམ་བཅའ་བཞག་ཟིན་པ་དང། རྗེས་ཕྱོགས་སུ་འགྱུར་བ་གང་འདྲ་བྱུང་ཡང་ལམ་འདི་འདྲ་ཞིག་བདམས་པ་ནི་རང་གི་མི་ཚེ་འདིའི་སྙིང་བོ་ཞིག་ཏུ་འདོད་པར་སྨྲ།

༡༩༩༧ལོར་སློབ་ཆེན་མཐར་ཕྱིན་གྱི་སྐབས་སུ།
  སློབ་ཆེན་ནས་མཐར་ཕྱིན་ཏེ་སྤྱི་ཚོགས་སྟེང་དུ་ཐོན་དུས་སུ་ཡང་ལུས་སེམས་ཡོངས་ཕུགས་བསམ་དང་རེ་བ། སྟོབས་ཤུགས་གསར་བ་ཞིག་གིས་ཀུན་ནས་ཁེངས་ཏེ་རྩོམ་རིག་ཅེས་པ་དེ་ཡོད་ཚད་ལ་ཁ་ལོ་སྒྱུར་བྱེད་ཅིག་གམ་ཡོད་ཚད་གཉིད་ལས་དཀྲོག་བྱེད་ཅིག རྩོམ་རིག་ཅེས་པ་དེ་མི་ཆེ་གེ་མོ་དང་བྱ་བ་ག་གེ་མོ་ལ་སུན་འབྱིན་དང་དགག་རྒྱག་གི་མདའ་དང་མདུང་ལྟ་བུའི་མཚོན་ཆ་ཞིག་ལ་ངོས་བཟུང་འདུག་ཅིང་།ཡང་གྲོགས་མེད་ཁེར་རྐྱང་གི་མི་ཚེའི་འགྲུད་བཞུད་རིང་མོའི་ལམ་དུ་རང་གིསརང་ལ་བླངས་བའི་གླུ་གཞས་ཤིག་ཨེ་ཡིན་སྙམ་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར་བར་བྱེད།  སྤྱིར་ངས་གཉའ་གོང་ལྷ་བྷེ་ལགས་སློབ་འབྲིང་གི་སྐབས་སུ་ངོ་ཤེས་ཤིང་དུས་ཡུན་ལོ་ངོ་གཅིག་ལྷག་ཙམ་རིང་འགྲོགས་མྱོང་ཡོད་མོད། དངོས་སུ་གྲོགས་པོའི་ཁྲོད་ནས་གྲོགས་པོ་འདང་ཅན་ཞིག་ཏུ་ཆགས་པའི་རྒྱུ་རྐྱེན་གཙོ་བོ་དེ་མཐར་གཏུག་ན་སྙན་ངག་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། སེམས་ཀྱི་དགའ་ཁ་འཁྱེར་ཕྱོགས་དེའི་དབང་གིས་ངེད་གཉིས་ཀྱིས་ན་གཞོན་གྱི་བློ་ཁ་དང་ན་གཞོན་གྱི་ཧོལ་རྒྱུག་འདྲ་བ་ཞིག་ལ་དཔུང་བ་གཤིབ་ནས་སྙན་ངག་ཅེས་པའི་དཀོན་མཆོག་དེ་ལ་རྨོངས་བའི་དད་པ་ཚད་མེད་བྱས་ཤིང་།དུས་སྐབས་དེར་རང་ཉིད་དགའ་བའི་སྙན་ངག་པ་དང་སྙན་ངག་གི་བརྩམས་ཆོས་དེ་དག་ལྷ་རུ་བཀུར་མྱོང་ཡོད་ཞེས་སྨྲས་ཀྱང་ཐལ་དྲགས་མེད་སྙམ།  མཚམས་ལན་རེར་བསམ་ཚུལ་ལྟ་ཚུལ་འཚོ་བ་རོལ་སྟངས་སོགས་ཁ་ཁ་སོ་སོར་འགྲོ་ཡང་ད་ལྟའི་བར་མཛའ་བརྩེ་ཟབ་མོའི་འགྲོ་འོང་གི་རྒྱུན་དེ་བསྐྱངས་ནས་ཡོང་བ་ཡིན། དེ་བས། དུས་སྐབས་ཤིག་གི་རིང་ལ་སྙན་ངག་འབྲི་རྒྱུ་དེ་འཚོ་བ་རོལ་སྟངས་ཤིག་ལ་ངོས་བཟུང་ཞིང་སྙན་ངག་རེ་མ་བྲིས་ན་སེམས་མི་སྐྱིད་པ་ལྟ་བར་གྱུར་འགྲོ་བས་ངེད་གཉིས་ཀྱིས་མཉམ་འབྲེལ་ངང་ལོ་ངོ་གཅིག་གཉིས་ཙམ་ལ<<སྒོ>>དང་།  <<རླུང>> <<ནམ་མཁའ>>སོགས་སྙན་ངག་རིང་ཤོས་སྐོར་ཞིག་གསར་རྩོམ་བྱས་ནས<<གངས་རྒྱན་མེ་ཏོག>>སྟེང་སྤེལ་བ་དང་།  དེ་དང་མཉམ་དུ་སྙན་ངག་རིང་ཤོས་ཀྱི་དེབ་ཅིག་བྲི་བའི་འཆར་གཞི་བཟོས་ཀྱང་རྗེས་སུ་རང་རང་གི་བསམ་བློ་དང་རྩོམ་གཤིས་།སྒྱུ་རྩལ་མཚོན་སྟངས་སོགས་མི་འདྲ་བས་དོན་དེ་འདོད་ཐོག་ཏུ་སྨིན་མ་སོང་།  
  གང་ལྟར་ངེད་གཉིས་ཀྱིས་དུས་སྐབས་ཤིག་གི་རིང་ལ་ཆང་དང་བུད་མེད། སྙན་ངག་དཔེ་ཀློག་སོགས་རང་རང་དགའ་མོས་ཡོད་པའི་འཚོ་བ་ཞིག་རོལ་མྱོང་ཡོད་པས། ང་རང་གི་ངོས་ནས་བཤད་ན་སྙན་ངག་གསར་རྩོམ་གྱི་ཕྱོགས་ནས་གྲུབ་འབྲས་ཅུང་ཙམ་ཤིག་ཀྱང་མཐོང་དཀའ་མོད།ངས་རང་གི་མི་ཚེ་འདིའི་ནང་དུ་ ཁོང་དང་མཉམ་དུ་སྙན་ངག་འདྲ་བ་འགའ་རེ་གསར་རྩོམ་བྱས་པའི་ལོ་ཟླ་དེ་དག་ནི་ཆེས་སྤྲོ་སྣང་ལྡན་པ་ཞིག  ཆེས་བརྗེད་པར་དཀའ་བ་ཞིག་ལ་ངོས་བཟུང་ནས་ཡོད།

ང་དང་ལྷ་གོང་ལྷ་བྷེ།   1998ལོར་པར་བླངས།   
               ༣
  རྗེས་སུ་མཇལ་ཐེངས་རེ་རེར་ཆང་རག་མང་དུ་བསྟེན་བཞིན་ཡོད་ལ།  བྱ་བ་སྤྱོད་པ་གཏམ་སྦྱོར་འགྲོ་ལུགས་སོགས་གཞན་དང་མི་མཐུན་པར་མི་རང་དབང་ཅན་ཞིག་ལ་འགྱུར་ནས་འདུག་པ་དང། མཚམས་ལན་རེར་ཆང་རག་གི་བཟི་སྣང་ལ་བརྟེན་ནས་རང་དང་ལྟ་བ་མི་མཐུན་པ་དག་གི་ཁ་གཏད་དུ་ལངས་ནས་ཁ་རྩོད་ཚིག་རྩོད་ཚད་ལས་འདས་པའི་སྦྱོར་བའང་རྩོམ་པར་བྱེད། བཟི་དྲགས་ནས་གང་དུ་འགྲོ་བ་གང་ནས་ཉལ་ཡང་ལག་ཏུ་ནམ་ཡང་འབྲི་དེབ་ཅིག་དང་སྨྱུ་གུ་ཞིག་ལག་ཏུ་བཟུང་ནས་ཡོད་ལ། ལྷག་པར་དུ་ཆང་འཐུང་ནས་གསར་རྩོམ་བྱ་རྒྱུ་དགའ་བས།  མཚམས་ཤིག་ལ་སྒྲུང་གཏམ་དང་སྙན་ངག་གིས་ཁོ་རང་གཏོང་གིན་མེད་པ་འདྲ།   རྒྱུ་སྤུས་དང་གྲངས་འབོར་གང་གི་ཆ་ནས་གསར་རྩོམ་ལ་བརྩེ་གཅིག་ཏུ་གཞོལ་བཞིན་པའི་སྣང་བ་སྟེར་ཡང་དུས་དེབ་ཚགས་པར་སོགས་སུ་བསྐུར་རྒྱུར་སྤྲོ་བ་ཆེན་པོ་མི་འདུག རེ་འགའ་མཐོང་བ་དེ་ཡང་ཁོང་གི་བཟའ་ཟླ་དང་གྲོགས་པོ་དག་གིས་བོར་འགྲོ་བར་དོགས་ནས་བསྐུར་བ་ཡིན་སྲིད།  དུས་རྒྱུན་ཆང་རག་ལ་འགྲོགས་ནས་ཡོད་རྐྱེནབརྩམས་ཆོས་སྐོར་ཞིག་བོར་སྟོར་བྱུང་སོང་། དེ་ནི་ཕངས་སེམས་ལས་ཀྱང་ཕངས་སེམས་ཆེ་བ་ཞིག་ཏུ་གྱུར་བ་མ་ཡིན་ནམ། སྙན་ངག་མང་ཤོས་ཤིག་ཆང་འཐུང་ནས་བྲིས་པ་ཡང་དོན་དངོས་ཡིན། བརྩམས་ཆོས་ཀྱི་སྐོར་ལ༡༩༩༨ལོའི་གངས་རྒྱན་མེ་ཏོག་སྟེང་དུ་སྙན་ངག<<སྒོ>>དང་།<<རླུང>> <<ནམ་མཁའ།>>གཞན་དང་མཉམ་རྩོམ་བྱས། <<རོལ་དབྱངས་ཀྱི་ཟམ་ཆུང་།>>༼༡༩༩༩ལོ༽<<འགུལ་སྟངས>>༼༡༩༩༩ལོ༽<<གཙང་ངོས་ཀྱི་ངང་ཚུལ>>༼༡༩༩ལོ༽<<རྨ་ཆུའི་རབ་ཁ>>༼༢༠༠༡ལོ༽<<མིག་ཟུང་།>> <<སྙན་ངག་པ>>༼༢༠༠༢ལོ༽<<ཁྱོད་ཀྱི་ངང་ཚུལ>>༼༢༠༠༣ལོ༽<<མི་དང་ལྭ>> <<མུན་པ་དང་གྲིབ་ནག>>  <<རང་དང་གཞན>> <<ང་དང་དུས་བཞི>> <<མགྱོགས་བྲིས་ཁག་ལྔ>> <<འགྲོ་བའི་ལམ་ཁ་ནས>> སོགས་སྤེལ་ཡོད་པ་དང་།མཚོ་སྔོན་བོད་ཡིག་གསར་འགྱུར་ངོས་སུ<<གདོང་དང་ཁ་མིག་ལྕེ་གསུམ>>༼༡༩༩༦ལོ༽ <<ཁ་བའི་དབང་གིས>>༼༢༠༠༠ལོ༽ <<རྒྱང་ལྟ>> <<ཚོར་སྣང>> ༢༠༠༣ལོའི་འདོན་ཐེངས་༥༢པའི་སྟེང་ཁོང་ཉིད་མཚམས་སྦྱོར་ཞིག་ཀྱང་བྱས་འདུག  ཁྲིམས་ལུགས་ཚགས་པར་སྟེང་དུ<<ནུབ་ཁའི་དངངས་སྐྲག>>༼༢༠༠༠ལོ༽དང་<<རྩེད་མཚར་སྨུག་པོ>>༼༢༠༠༡ལོ༽ <<ང་དང་ངའི་ལམ་འགྲོ་བ>>༼༢༠༠༡ལོ༽ <<ལོ་མ་སེར་པོ>> ༼༢༠༠༡ལོ༽<<ཉི་ནུབ>>༼༢༠༠༣ལོ༽<<མི་ཞིག་དང་དེའི་མིག་འབྲས>> བོད་ཀྱི་རྩོམ་རིག་རྒྱུ་རྩལ་སྟེང་དུ་<<བྱིས་པ་ཚོ>> <<བྱ་རྒོད>> ལྷོ་ཁའི་རྩོམ་རིག་རྒྱུ་རྩལ་སྟེང་<<བུ་མོ>> <<ཆུང་མ>> <<རང་ཉིད>> <<ཆང་འདིའི་རྗེས་སུ>>  <<ཁེར་རྐྱང>> ཀན་ལྷོའི་གསར་འགྱུར་སྟེང་<<འབྲོག་ཐང་བརྒྱུད་དུས>> <<གཉིད་ལས་སད་དུས>> <<ཆང་གིས་བཟི་དུས>> ༢༠༠༣ལོའི་བོད་ལྗོངས་ཉིན་རེ་ཚགས་པར་སྟེང་<<ཉིན་ཞག་གི་ཕྲེང་བའི་བར་ནས>>   <<ཁེར་རྐྱང་གི་སྒྲོན་མེ>> མང་ཚོགས་སྒྱུ་རྩལ་སྟེང<<འདྲེན་བྱེད་འདི>> དམངས་ཁྲོད་དུས་དེབ་གསེར་ཟམ་གྱི་སྟེང་དུ་<<དགུ་ཆུའི་འགྲམ་དུ་ལུས་པའི་སེམས་པ>>སོགས་སྤེལ་ཡོད་པ་དང་། བརྩམས་སྒྲུང་འགའ་ཡོད་པ་ལས་སྒྲུང་འབྲིང་<<གློའུ་ཞིག>>ནི་ལོ་ངོ་དྲུག་གི་དུས་ཚོད་སྤྱད་ནས་ཐོག་མར་སྒྲུང་རིང་ཞིག་གི་ཚད་དུ་བྲིས་ཤིང་བསྐྱར་བཅོས་དུ་མའི་རྗེས་སུ་སྒྲུང་འབྲིང་ཞིག་ལས་འཁྱོངས་མེད་པ་དང་དེའི་ནང་དུ་ཁོ་རང་ཉིད་ཀྱི་གྲིབ་གཟུགས་མང་པོ་ཞིག་མཐོང་རྒྱུ་ཡོད་པས་རང་རྣམ་ལྟ་བུ་ཞིག་ཨེ་ཡིན་འདོད་ཡོད།
   རྩོམ་གཤིས་དང་བསམ་བློའི་ཆ་ནས་མི་རང་ཉིད་ཀྱི་ཚོར་བ་གཙོ་བོར་བཞག་ནས་རང་གི་མྱོང་སྣང་དངོས་དེ་བྲིས་ཡོད་པར་མཐོང་ལ། ཁུངས་མེད་ལུང་མེད་གཏད་མེད་བདག་མེད་སོགས་མི་ཚེ་དང་འཇིག་རྟེན་གྱི་ངོ་བོ་གང་ཞིག་བརྩམས་ཆོས་ཀྱི་སྲོག་ཏུ་
བྱས་ཡོད། ཚིག་ནི་སྙན་ཞིང་བདེ་ལ་ཀློག་སྤྲོ་བ། བཅོས་མ་མ་ཡིན་པར་ལྷུང་ལྷུང་འགྲོས་ཀྱིས་རང་དབང་དུ་ཐོན་པ་ལྟ་བའི་ཉམས་འདུག  སྙན་ངག་དག་ལ་མཇལ་ཚེ་ཁེར་རྐྱང་དང་སྐྱོ་གདུང་གི་ཤུགས་ཆེ་བར་སྙམ།    
                ༤
  ང་རང་ཐེངས་གཉིས་ཙམ་ལ་སྨན་ཁང་དུ་བསྡད་པས་ཆང་རག་དང་བར་ཐག་ཇེ་རིང་དུ་གྱུར་མོད། ཁོ་དེ་ལས་ལྡོག་སྟེ་ལུས་པོ་དེ་འདྲ་ཐང་བོ་མིན་ན་ཡང་འགྲོ་ས་འདུག་ས་གང་དུ་ཡང་ཆང་རག་མ་འཐུང་ན་ལུས་སེམས་མི་བདེ་བ་ལྟ་བུ་ཞིག་ཏུ་གྱུར་ནས་ཉིན་མཚན་ཀུན་ཏུ་ཆང་རག་ལ་འཛེམ་མེད་དུ་རོལ་བཞིན་ལུས་སེམས་ཡོངས་ར་རོར་གཏོང་ཞོར་རང་ལ་རང་གི་གཤིས་ཀ་ཞིག་གིས་ཁོར་ཡུག་ལ་ངོ་ལོག་པའི་ཆ་ཞིག་གམ་ཡང་ན་ཁོར་ཡུག་དང་རིང་དུ་གྱེས་པའི་སྣང་ཚུལ་ཞིག་འདུག། དེ་ཕྱི་ཚུལ་ནས་ཆང་རག་གིས་སྨྱོ་བྱེད་བརྗེད་བྱེད་དུ་བཏང་ཡོད་པ་འདྲ་ཡང་སྙིང་ཁམས་མི་བདེ་བའི་རྒྱུ་གཙོ་བོ་དེ་ཕྱོགས་གཞན་ཞིག་ནས་རྩོམ་རིག་དང་འབྲེལ་བ་ངེས་ཅན་ཞིག་ཡོད་ཡོདའདྲ་རུ་འདྲ་རུ་སྣང། མཚན་མོ་ཞིག་ལ་ཁོས་ཆང་རག་ཧུབ་འགའི་རྗེས་སུ་རྩེད་མཚར་
འདྲ་བ་ཞིག་གིས་ང་ལ་གལ་ཏེ་ངས་རྩོམ་རིག་ཅེས་པའི་འཕྱོན་མ་འདི་ངོ་ཤེས་མེད་ན་རྒྱུན་ལྡན་གྱི་འཚོ་བ་ཞིག་དང་སྤྱི་བཏང་གི་མི་ཚེ་ཞིག་རོལ་ནས་བསྡད་ཡོད་ཟེར་བས་ཏག་ཏག་་རྩོམ་རིག་ཅེས་པའི་འཕྱོན་མ་འདིས་ཁོ་ལ་མཛེས་སྡུག་གི་བསླུ་བྲིད་རེ་བཏང་ཡོད་པའམ་མཚན་མོ་རེ་རེར་རྨི་ལམ་གང་མང་་ཞིག་འཁྲུག་ཏུ་བཅུག་ཡོད་པ་རྟོགས་ཐུབ།
  དབང་དང་རྒྱུ་ནོར་གྱི་འོག་ཏུ་དཀར་པོ་ལས་ནག་པོས་ཡོད་ཚད་ལ་ཁ་ལོ་བསྒྱུརཔའམ་གཡོ་སྒྱུ་དང་རྫུན་གྱིས་ཁ་ཆེན་པོ་ཞིག་གདངས་ཡོད་པའི་དུས་སྐབས་འདིར།མི་རང་ཉིད་ཀྱི་མཚན་སྙན་ཁེ་ཕན་དང་བདེ་བ་ཕྲན་ཙམ་ཞིག་གི་ཆེད་དུའང་ཡར་ལོག་
མར་ལོག་དང་ཕར་འགྱུར་ཚུར་འགྱུར་ཐེངས་འགར་བྱེད་པའི་རྩྭ་མི་ཤིང་མི་སོགས་ཡོག་ལི་དེ་དག་དང་མི་འདྲ་བར།གནམ་གྱི་མཐའ་ལྟ་བུའི་བས་མཐའ་ཞིག་ནས་ཁུ་སིམ་མེར་ལུས་ཤིང་འབྱོར་ཞན་ཉམ་ཆུང་གིས་རྩོམ་མཁན་ཆུང་ཆུང་ཞིག་གི་རྩ་དོན་མ་བརྗེད་པར་རང་གི་འདོད་བློ་ཇི་བཞིན་འཚོ་བ་ཞིག་རོལ་ཏེ་རང་ཚུགས་འདྲ་བ་ཞིག་བཟུང་ཞིང་ཡང་ཁོའི་ལུས་སྟེང་དུ་བྱིས་པ་དམར་རྗེན་ཞིག་དང་འདྲ་བར་ཕྱི་གསལ་ནང་གསལ་གྱི་ཆ་ཞིག་ཡོད་པ་ནི་དངོས་གནས་རྗེས་སུ་ཡི་རང་བྱ་དགོས་བ་ཞིག་རེད་སྙམ་ཡོད།

འགྲོ་བའི་ལམ་ཁར་བཞད་པའི་མེ་ཏོག་རྐང་གཅིག
  ཚེ་ལས་འདས་ཁར་ཡང་མ་སྨད་གཉིས་ཀྱིས་གཞན་གྱི་སྒོ་རའི་ནང་དུ་ཁང་བ་ཆུང་ཆུང་ཞིག་གླས་ནས་བསྡད་འདུག  ཁོང་ལ་དུས་རྒྱུན་པར་སྡོད་གནས ་གཏན་འཁེལ་མེད་པ། དུས་ཚོད་ངེས་གཏན་མེད་པ། བཟའ་ཚང་ངེས་གཏན་མེད་པ་སོགས་རང་བསམ་རང་འདོད་ཀྱི་འཚོ་བ་ཞིག་རོལ་བར་ཉེ་གམ་གྱི་མི་དག་གི་སྣང་ངོར་འཆལ་པོ་སྨྱོན་པ་སོགས་ཀྱི་བརྟུལ་ཞུགས་བཟུང་ནས་མི་ཚེ་ཕྱེད་ཀ་འདས་སོང།
                ༥
  ༢༠༡༣ལོའི་ཟླ་༢ཚེས་༡༠ཉིན་གྱི་ཕྱི་དྲོར་ང་རང་སྲང་ལམ་ནས་ཁོང་གི་ཨ་མ་དང་འཕྲད་དུས་མོས་ང་ལ་ལྷ་བྷེ་མཐོང་བྱུང་ངམ། དེ་རིང་བརྩིས་ན་ཉིན་དགུ་ཙམ་ལ་ཡུལ་ལ་ལོག་མ་བྱུང་། ད་ལྟ་གང་དུ་ཡོད་པའང་མི་ཤེས། ངས་ཉི་མ་འདི་དག་ལ་སེམས་འཁུར་བྱེད་པས་དགོང་མོ་གཉིད་ཀྱང་མི་ཡོང་ཟེར། བདག་གིས་དེ་མ་ཐག་འབྲེལ་ཡོད་ཀྱི་མི་འགའ་དང་དེ་ནས་མགྲོན་ཁང་ཆང་ཁང་སོགས་མང་པོ་ཞིག་ལ་བཙལ་ཡང་རྙེད་མ་སོང་བས་མཐར་་ང་ལ་ཐབས་གཞན་མེད་པ་འདྲ་བས་ཉེན་རྟོག་ཁང་དུ་སོང་ནས་དོན་
དེ་ཇི་བཞིན་བཤད་པ་ཡིན། དེ་དུས་ཕལ་ཆེར་དགོང་མོའི་དུས་ཚོད་བརྒྱད་ལ་ཉེ་ཙམ་རེད།
  ང་རང་ཉེན་རྟོག་ཁང་དུ་སླེབས་རྗེས་ཁོང་ང་ཚོ་དང་རིང་དུ་གྱེས་པའི་གཏམ་ངན་དེ་ཐོས་ལ། ད་དུང་ཁོང་གི་བེམ་པོ་དེ་ཉེན་རྟོག་ཁང་གིས་བདག་ཉར་བྱས་ཡོད་པ་དང། ང་ལ་ཡིན་མིན་གྱི་ངོས་འཛིན་གསལ་བོ་ཞིག་བྱ་དགོས་ཟེར། དེར་ཉེན་རྟོག་པས་ཁོང་གི་ཁྱིམ་བདག་འཚོལ་བཞིན་པའི་བརྡ་ཡིག་ཅིག་ཀྱང་ཕྱི་ལ་བཀྲམ་རྩིས་གདའ།   ཁོང་གིས་ལམ་དེ་འདྲ་ཞིག་བདམས་དོན་ཅི་ཡིན་ནམ། ང་དེ་མ་ཐག་ཧད་ནས་ཅི་ཞིག་བྱ་དགོས་པའང་མི་ཤེས་པར་གྱུར་བ་མ་ཟད།  ཡིད་སེམས་ཀྱི་མེ་ལོང་ངོས་སུ་སྐྱོ་སྡུག་དང་དྲི་བ་མང་པོ་ཞིག་མཉམ་དུ་འཁོར་བྱུང་།  ཡང་དང་བསྐྱར་དུ་འདི་ནི་ཀུ་རེ་རྩེད་མོ་ཞིག་ཨེ་ཡིན་ཡང་སྙམ་བྱུང་།  ད་ནི་ཁོང་གི་གྲོགས་པོ་སྐོར་ཞིག་ལ་བརྡ་རྒྱག་པ་ལསཐབས་མེད་པས་འཕྲལ་མར་ཕྱོགས་ཡར་མར་གྱི་གྲོགས་པོ་འགའ་ལ་
བརྡ་བཏང་བ་ཡིན། དེ་ནས་ཁོང་གི་གནས་ཚུལ་ཡོངས་ཞིབ་ཏུ་དྲིས་བའི་ཚེ་ན་ཁོང་༢༠༡༣ལོའི་ཟླ་༢ཚེས་༡༡ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ཉི་ཤུ་ཡས་མས་སུ་བླ་བྲང་གི་སྲང་ལམ་ཞིག་ནས་ང་ཚོ་དང་རིང་དུ་གྱེས་ཟིན་པས། ལམ་འགྲོ་བ་ཞིག་གིས་ཡར་ཞུ་བརྒྱབ་པར་བརྟེན་ཉེན་རྟོག་གཞུང་གིས་སྨན་ཁང་དུ་འཁྱེར་ཡང་ཕན་ཅི་ཡང་མ་ཐོགས། ཉེན་རྟོག་མི་སྣས་ང་ལ་བཤད་པ་ལྟར་ན་སྨན་ཁང་གིས་ཉིན་དེར་གཉའ་གོང་ལྷ་བྷེ་ལགས་ཀྱིས་ཆང་རག་འཐུང་མེད་པར་ངོས་བཟུང་འདུག  ཁོང་གི་ཨ་མ་ལགས་ཀྱི་ཕྱིར་དྲན་ལྟར་ན་ལོ་སར་ཚེས་གཅིག་དང་ཚེས་གཉིས་ཀྱི་ཞོགས་པ་གང་ལ་ཡང་ཆང་རག་ཁམ་གང་ཙམ་འཐུང་མེད་པ་ནི་དོན་དངོས་ཡིན་། ལོ་སར་ཚེས་གཉིས་ཉིན་གྱི་བླ་བྲང་སྲང་ལམ་དེ་ཚོང་ཁང་ཟ་ཁང་མགྲོན་ཁང་སོགས་ཡོད་ཚད་ཀྱི་སྒོ་བརྒྱབ་ནས་དབེན་སིམ་པ་ཞིག་འདུག  སྤྲོ་སྐྱིད་ཀྱི་ལོ་སར། གྲང་ཤུར་ཤུར་གྱི་སྲང་ལམ།  སྟོང་བར་ཡོད་པའི་རྡུལ་དང་རྡུལ་ཕྲ་རབ  ཁེར་རྐྱང་གི་སྙན་ངག་པ།  བློ་ཁ་མི་བདེ་བའི་དུས་སྐབས་རེ་རེ་ནི་ཐག་པ་ཆད་ལ་ཉེ་བའི་དུས་སྐབས་རེ་རེ་ཡིན་ནམ།
  ཐག་པ་དེ་ནམ་ཞིག་ལ་ཆད་ནས་འགྲོ་རྒྱུ་ཡིན་ནམ།  ཐག་པ་དེ་དངོས་གནས་ཆད་པར་གྱུར་བ་ཡིན་ནམ། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཟེར་བ་ལྟར་ཁོང་གི་ཨ་མ་ལགས་ཀྱིས་ཉིན་དེའི་སྔ་དྲོར་ངེད་གཉིས་བླ་བྲང་དགོན་པའི་ནང་དུ་
ཨ་ལགས་ཤིག་ལ་མཇལ་དུ་སོང་ཡང་ཨ་ལགས་ཁོང་རིན་པོ་ཆེ་དེ་ནང་དུ་མི་བཞུགས་པས་ཕྱིར་ལོག་པའི་ལམ་བར་དུ་ཁོས་ང་རང་སྲང་ལམ་ནས་ཅུང་ཙམ་བསྡད་རྗེས་ནང་དུ་ལོག་ཡོང་ཟེར། ཨ་མས་ཁྱིམ་དུ་ཅི་ཙམ་སྒུག་བསྡད་ཀྱང་ཁོ་རང་དེ་ནས་བཟུང་ཕྱིར་གཏན་དུ་ལོག་རྒྱུ་མ་བྱུང་ལ། འཆི་བདག་གི་ཞགས་པས་ཟིན་དུས་ཁོང་གི་ལུས་ལ་བོད་ལྭ་ཆ་ཚང་ཞིག  རུམ་ནང་དུ་སྒོར་གསུམ་ཅན་གྱི་ཐ་མག་སྒམ་གང་ལས་གཞན་ཅི་ཡང་མི་འདུག
  ང་ཡི་ཆུང་གྲོགས་ལྷ་བྷེ་ལགས།  མོ་ལོ་བདུན་ཅུ་ཚར་ལ་ཉེ་བའི་ཨ་མ་གཅིག་པུ་ཤུལ་ཏུ་བསྐྱུར་ནས་ཁྱོད་དེ་ལྟར་འགྲོ་ཕོད་དམ།  རང་གི་ཤ་ཁྲག་ལས་མཆེད་པའི་ནར་མ་སོན་པའི་བུ་མོ་ཆུང་ཆུང་དེ།  ད་དུང་ཚེ་གཅིག་ལུས་གཅིག་ལ་
མངོན་འགྱུར་མ་བྱུང་བའི་རྨི་ལམ་དེ། འབྲི་འཕྲོར་ལུས་པའི་སྒྱུ་རྩལ་བརྩམས་ཆོས་དེ་དག ་་་  ་་་
                ༦
  མཚན་མོ་དེར་ཁོང་གི་རྩོམ་གྲོགས་མ་སངས་མཁའ་འགྲོ་དང་ཅོར་རིགས་འཇམ་དཔལ་སྐྱབས།དཔལ་ཆེན་སོགས་མཚན་བརྒྱབ་ནས་བླ་བྲང་དུ་ཐོན་པས་ང་ཚོའི་སེམས་སུ་ཕྱི་ཉིན་ཁོང་ལ་རྗེས་དྲན་གྱི་ཚོགས་འདུ་ཆུང་ཆུང་ཞིག་བསྡུ་ཨེ་ཐུབ་སྙམ་པའི་རེ་བ་ཆེ་མོད།  ཡང་སྐབས་དེར་ང་ལ་མཚོན་ན་གཙོ་བོ་ཁོང་གི་བེམ་པོ་དེ་ཉེན་རྟོག་ཁང་ནས་ཕྱིར་བླངས་ཏེ་བདེ་བར་ལམ་ལ་འཇུག་ཐུབ་མིན་དང།(ཁོང་ལ་ཁྱིམ་མི་གཙོ་བོ་ཞིག་མེད་པས)ཁོང་ལ་ཤུལ་བཞག་བརྩམས་ཆོས་ཅི་འདྲ་ཞིག་ཡོད་མེད་དེ་ལ་ཡང་སེམས་ཁྲལ་
ཅུང་ཆེ། གང་ལྟར་ཐོག་མར་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་བརྒྱུད་ནས་ཁོང་གི་གནས་ཚུལ་དེ་ཐོག་དང་པོར་ཕྱི་ལ་བསྒྲགས་པ་དང་དེ་ནས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་མཐུན་རྐྱེན་འོག་ཁོང་ལ་རྗེས་དྲན་གྱི་ཆེད་སྒྲིག་ལེ་ཚན་ཞིག་བཟོ་བར་གྲོས་བྱུང་སོང་།
  ཕྱི་ཉིན་དཀའ་ལས་རབ་དང་རིམ་པ་མང་པོ་བརྒྱུད་ནས་འཇིག་རྟེན་གྱི་འགྲོ་ལུགས་ཚང་མ་བསྒྲུབས་ཚར་རྗེས་ཕྱི་དྲོའི་དུས་ཚོད་ལྔ་དྲུག་གི་མཚམས་སུ་ཁོང་གི་བེམ་པོ་དེ་བླ་བྲང་ནས་སྦྱིན་བསྲེགས་སུ་བཏང་པ་ཡིན། རྒྱུ་རྐྱེན་དུ་མའི་དབང་གིས་
རྗེས་དྲན་ཚོགས་འདུ་ཞིག་བསྡུ་ཨེ་ཐུབ་སྙམ་པའི་དོན་དེ་ལེགས་འགྲུབ་སོང་མ་སོང་བས་ང་ཚོའི་སེམས་སུ་ཕངས་སེམས་ཤིག་གདའ་མོད།དགའ་འོས་པ་ཞིག་ལ་དགོང་མོ་དེར་ཁོང་གི་གཉེན་ཚན་སོགས་ཀྱི་མོས་མཐུན་འོག་ཁོང་གིས་དེ་སྔོན་བྲིས་པའི་བརྩམས་
ཆོས་སྐོར་ཞིག་ཉར་ཚགས་བྱེད་ཐུབ་པ་བྱུང་སོང་།
               ༧
  ཁོང་གི་འདས་རྐྱེན་དེ་ཆུང་དུས་ཀྱི་འཚར་ལོངས་ལ་འབྲེལ་བ་ཡོད་དམ། ཡང་ན་བརྩེ་དུང་ལ་འབྲེལ་བ་ཡོད་དམ།  ཡང་ན་ཆང་རག་ལ་འབྲེལ་བ་ཡོད་དམ། ཡང་ན་རྩོམ་རིག་ལ་འབྲེལ་ཡོད་དམ། ཡང་ན་གཞན་ཅི་ཞིག་ལ་འབྲེལ་བ་ཡོད་དམ།དེ་ནི་གབ་ཚིག་ཅིག་དང་འདྲ་ལ། གབ་ལན་ནི་ཁོང་གི་བརྩམས་ཆོས་དེ་དག་གི་ནང་དུ་ཨེ་ཡོད་སྙམ།    
  གལ་ཏེ་ཁོང་གི་མི་ཚེ་ཐུང་ཐུང་དེ་ཐ་སྙད་འགས་མཚོན་པར་བྱ་དགོས་ན་དེ་ནི་སྟོང་བསམ་དང་་རང་དབང་།  གཏོར་བཤིག འཁྱམ་ཉུལ། ཁེར་འདུག  སྐྱོ་སྡུག་སོགས་ལས་གཞན་ཅི་ཞིག་ཡོད་དམ།།
  དོན་དངོས་སུ་ཁོང་གི་ནང་སེམས་ཀྱི་འཇིག་རྟེན་ནི་ཅི་འདྲ་ཞིག་ཡིན་ནམ། དེ་མི་སུས་ཀྱང་ཤེས་དཀའ། ལྷ་བྷེ་ནི་ལྷ་བྷེ་བརྒྱ་སྟོང་མང་པོས་གྲུབ་ཅིང་། འགལ་འདུ་དང་འགྱུར་ལྡོག་ལ་རྫོགས་མཐའ་མེད་པ་ཞིག་ཡིན་པས། དེ་དག་རེ་རེ་ཤེས་འདོད་ན་ཁོང་རང་ཉིད་ལ་འདྲི་བ་ལས་ཐབས་མེད་པར་སེམས་པས་མང་པོ་ཞིག་འབྲི་པར་མ་སྤོབས། འདིར་རང་གི་བརྙན་པར་བརྩམས་ཆོས་དག་ལས་མཆོད་མེ་སྒྲོན་པ་དང་།  སྟོང་མཆོད། གསོལ་འདེབས་
བཅས་རྩོམ་གྲོགས་གཉའ་གོང་ལྷ་བྷེ་ལགས་འཇིག་རྟེན་འདི་དང་གཏན་དུ་ཁ་གྱེས་པར་རང་སེམས་ཀྱི་གདུང་བ་མཚོན་བྱེད་དུ་ཕུལ།(འདྲ་པར་དེ་དག་མཆོད་མེད་དྲ་བའི་འདྲ་པར་ཞེས་པའི་ལེ་ཚན་དུ་གསལ་བས་དེར་གཟིགས་རོགས།__རྩོམ་སྒྲིག་པས)
                                    ༢༠༡༣ལོའི་ཟླ་༢ཚེས༢༧ཉིན་ལ་བྲིས།

           སྙན་ངག་པ་ཞིག་དྲན་པ།
                                        གཅན་མེ་སྟག
  ཕལ་ཆེར་ནི་ཉིས་སྟོང་བཞི་ཡི་ལོ་ཡིན་པ་འདྲ་སྟེ། མཚོ་སྔོན་པོའི་མཚོ་ཁ་རུ་བསྡུས་པའི་༼ལང་ཚོའི་རྦབ་ཆུ་༽སྙན་ངག་འདུ་ཚོགས་སྐབས་གསུམ་པའི་སྟེང་བདག་གིས་ཐོག་དང་པོར་གཉའ་གོང་ལྷ་བྷེ་ཞེས་པའི་གསར་བུ་སྙན་ངག་པ་ཁོང་ངོ་ཤེས་ཤིང་། ཕ་ཡུལ་ཀན་སུའུ་ནས་ཡིན་པའི་གྲོགས་པོ་མང་པོ་ཞིག་དང་ལྷན་དུ་སྙན་ངག་གླེང་ཞོར་ཆང་རག་བཏུང་བ་ཡིན། བལྟས་ཚོད་ཀྱིས་ཁོག་རྒྱ་ཡངས་ཤིང་གྲོགས་ལ་བརྩེ་ཞེན་ཆེ་བའི་བཟོ་ཞིག་མངོན་ལ། གདོང་ལ་མིག་གིས་ཅེར་དུས་ཅུང་ཟད་ངོ་གནོང་ཡོད་པའི་ཉམས་ཚུགས་ཤིག་ཀྱང་སྟེར་བར་བྱེད་མོད། རང་གིས་གང་བསམ་བཤད་ཕོད་པ་དང་རང་གིས་གང་དྲན་སྨྲ་བར་སྤོབས་པའི་གཤིས་ཀ་དེས་ངེད་ཅག་མ་འདྲིས་པར་ཡང་སེམས་ངོ་གཅིག་ཏུ་དྲངས་འགྲོ་བ་ལྟ་བུའི་སེམས་ཚོར་ཞིག་སྐབས་དེ་དུས་ནས་བདག་ལ་སྐྱེས་མྱོང་། ངེད་གཉིས་འགྲོགས་ཡུན་རིང་བོ་ཞིག་ལོན་མེད་ལ། ཕན་ཚུན་འདྲིས་གཤིབ་ཀྱི་གོ་སྐབས་ཀྱང་མང་པོ་ཞིག་མ་རག་པར་དེ་ལྟར་ཁ་གྱེས་དགོས་སོང་། རྗེས་སོར་༼གངས་རྒྱན་མེ་ཏོག་༽དང་༼ཟླ་ཟེར༽སོགས་ཀྱི་དུས་དེབ་སྟེང་ཁོའི་སྙན་ངག་མང་པོ་ཞིག་ཀློག་པའི་སྐལ་བ་ལྡན་པར་མ་ཟད། སྔར་འདྲིས་ཀྱི་གྲོགས་པོ་རེ་གཉིས་ཀྱི་ངག་ལས་ཁོའི་ལུས་ཕུང་དེ་འདྲའི་བདེ་ཐང་ཞིག་མིན་པའི་གནས་ཚུལ་རེ་ཡང་ཐོས་མོད། འཇིག་རྟེན་ཟིང་ཟིང་གི་འཚོ་བའི་དབང་གིས་དངོས་སུ་འཕྲད་པའི་སྐལ་བ་མ་བྱུང་བར་ཡུན་རིང་འགོར། དེ་རྗེས་ཉིས་སྟོང་བདུན་གྱི་ལོ་ཡིན་པ་འདྲ་སྟེ། བདག་ལ་༼ཟླ་ཟེར་༽དུས་དེབ་ཀྱི་རྩོམ་རིག་བྱ་དགའ་ཞིག་ཐོབ་པར་བརྟེན་གཙོད་གྲོང་ཁྱེར་དུ་ཕྱིན་པ་ལ་སྙན་ངག་པ་ཁོང་ཡང་གནས་དེར་ཕེབས་འདུག འཚོགས་འདུའི་མཇུག་ཏུ་ལྷན་དུ་བགྲོ་གླེང་བྱེད་པའི་གོ་སྐབས་ཤིག་བྱུང་སོང་ནའང་གནས་དེར་བདག་གི་སློབ་བུ་རེ་གཉིས་ཤིག་ཡོད་པ་ལས་ཁོ་རྣམས་པས་ཨུ་ཚུགས་ཀྱིས་བདག་རང་གསོལ་ཁང་གཞན་ཞིག་ཏུ་འཁྲིད་སོང་བས་ཞིབ་ཏུ་སྐད་ཆ་གློད་རྒྱུའི་སྐལ་བ་མཚམས་དེ་ནས་བཟུང་རྩད་ནས་ཆད་སོང་།
  གཉའ་གོང་ལྷ་བྷེ་ནི་བདག་གིས་ངོ་ཤེས་ཤིང་མཉམ་དུ་འགྲོགས་མྱོང་བའི་གྲོགས་པོ་ཚོའི་ཁྲོད་དུ། འབྲེལ་འདྲིས་ལ་བཀག་རྒྱ་མེད་པ་དང་རང་བྱུང་གི། བཅོས་མ་མ་ཡིན་པའི། བག་ལྷོད་ཀྱི། སྤྲོ་སྣང་དང་ལྡན་པའི་མི་ཞིག་རེད། ཁོའི་སེམས་ངོ་ན་སྒམ་ཚུགས་མེད་ལ། འཚོ་དོན་གྱི་འདུ་ཤེས་སྲབ་བུ་ཡིན་པའི་མི་ཞིག་ལོས་ཡིན་སྙམ་པའི་ཞོར་དུ། ཁོའི་འདུ་ཤེས་ཀྱི་ཀློང་ན་རང་ཉིད་ནི་སྙན་ངག་གི་རང་ལུགས་གང་ཡང་མིན་པའི་བས་མཐའ་བ་ཞིག་ཡིན་པའི་བསམ་བློ་ཞིག་ངང་གིས་སྐྱེས་པར་བྱེད། དེའང་ཡིན་ཏེ། ཁོང་ནི་རང་ཉིད་སྙན་ངག་པ་ཞིག་ཡིན་པར་དྲིལ་སྒྲོག་དང་འུར་བཟོ་བྱེད་མཁན་ཞིག་མིན་ལ། ཁོའི་སྙན་ངག་གི་ཀློང་ནའང་ཆེད་དུ་བཅོས་པའི་ཚིག་རིས་ཀྱི་སྒམ་མདོག་ཅི་ཡང་མེད་པ་ཞིག་ཡིན། སྐབས་འདིར་བདག་གིས་ཨ་རིའི་སྙན་ངག་པ་ཧེ་ཐུ་མན་གྱི་སྐད་ཆ་ཞིག་དྲན་བྱུང་སྟེ། ༼བདག་རང་ལམ་དུ་འཕྲད་པའི་གྲོགས་པོ་སུ་ཡིན་ཡང་དགའ་མགུ་སྐྱེས་པ་ནི། སུ་ཞིག་གིས་བདག་རང་མཐོང་བ་དང་ལྷན་དུ་བདག་ལ་དགའ་མགུ་སྐྱེས་པ་ཇི་བཞིན་ནོ༽ཞེས་པ་དེ་རེད། བདག་རང་འཕྲད་སྐབས་ཁོའི་དབུ་སྐྲ་ཤིན་ཏུ་རིང་ཞིང་། ངོ་གདོང་ཕྲ་ཞིང་ལུས་ཀྱི་ཟོ་མདོག་ཅུང་ཞན་པར་སྣང་། བལྟས་ཚོད་ཀྱིས་བདག་ལས་ལོ་གཉིས་ཀྱིས་ཆུང་བ་རེད་སྙམ་ནའང་བརྗིད་ཉམས་དང་གཟུགས་སྟོབས་བདག་ལས་ལྡབ་འགྱུར་གྱིེས་ཆེ་འདུག་པའི་ཚོར་བ་སྐྱེས། སྙན་ངག་གི་ཚོར་ཤེས་སྟེང་ནས་བཤད་ན། གཞོན་སྐྱེས་སྙན་ངག་པ་ཀུན་དང་འདྲ་བའི་གཤིས་ཀ་ཞིག་ཡོད་པ་ནི། སྒྱུ་རྩལ་ལ་གཞན་དང་མི་མཚུངས་པའི་དད་འདུན་ཞིག་དང་། མཆོངས་སྟོབས་ཤིག འུར་རྒྱུགས་ཤིག་ལོས་ཡོད་སྙམ་པ་ཙམ་ལས། རྨོངས་མུན་གྱི། ཨུ་ཚུགས་ཀྱི། གཡམ་རྒྱུགས་ཀྱི་ཚོར་བ་དེ་སྔར་ནས་ཡལ་འདུག་སྙམ་པ་སྐྱེས་ཡོད།
  དེ་རིང་སྐད་འཕྲིན་དག་ལས་ཁོའི་འཆི་འདས་ཀྱི་གནས་ཚུལ་སྒྲོགས་བཞིན་པ་དང་གྲོགས་པོ་དག་གིས་ཀྱང་ཁོ་ལ་མྱ་ངན་གྱི་རྩོམ་རིག་འབྲི་བཞིན་པ་མཐོང་དུས། སེམས་པ་ཤིན་ཏུ་སྐྱོ་བའི་ཞོར་དུ་དྲན་སྣང་དང་བཅས་ཁོང་ལ་རྗེས་དྲན་གྱི་ཡིག་འབྲུ་འགའ་འབྲི་ཞོར། བདག་གིས་སྔར་ནས་བྲིས་པའི་སྙན་ངག་ཅིག་མྱ་ངན་དུ་ཕུལ་བ་ཡིན།
          དུས་ཚོད་མང་པོ་མི་འདུག
སྐྱོ་གདུང་གི་དུས་སྐབས ཁྱེད་ཀྱི་རྣམ་ཤེས
རྒོད་ཚོགས་ཀྱི་གཤོག་སྣེས་ཁྱེར་ཏེ སྟོང་དབྱིངས་འགྲིམས
ང་ཚོས་ཅི་ཞིག་སྒྲུབ་ནུས
སྐྱེ་འཆི་མི་རྟག་པ་འདི
ཁྱེད་ཀྱི་མཐའ་མཇུག་གི་འཕར་རྩ་འགག་པ་བཞིན
སྐད་ཅིག་ལས་མེད་ན ང་ཚོས་ཅི་ཞིག་སྒྲུབ་ནུས

ཡང་ན བསྔོ་སྨོན་གྱི་བསངས་དུད་དཀར་པོའི་ཀློང་ནས
ཁྱེད་ཀྱི་རྣམ་ཤེས་ལ་སྐྱེལ་མ་མཛད་ཆོག་ཀྱང
ཁྱེད་འཕུར་རྗེས ང་ཚོའང་འགྲོ་རན
འཇིག་རྟེན་འདིར་དུས་ཚོད་མང་པོ་མི་འདུག

ང་ཚོས ཨུ་ཚུགས་ཀྱི་ལག་ངར་མཐོ་རུ་བསྒྲེངས་ཏེ
འཚང་ཁ་ཤིག་ཤིག་གི་སྐྱེ་འཆི་བར་ནས
ད་དུང དགའ་སྐྱོའི་འཁྲབ་ཚན་འདི་ཡོངས་སུ་མཇུག་རྫོགས་དགོས
འུ་ཐུག་གི་ཐོར་ཤོར་མང་པོའི་ཁྲོད་དུ
ང་ཚོས སུ་ཞིག་གི་བཀྲེས་སྐོམ་འཁུར་ཏེ
མཇུག་མཐའི་རང་ཉིད་ཀྱི་བྱ་ཁྱུར་སྒུགས་དགོས་ཕྱིར
ཁྱེད་ལ་སེམས་གསོའི་མཆི་མ་མི་གཏོང་བར
དགོངས་འགལ་མེད་པ་ཞུ
_ང་ཚོར་དངོས་གནས་དུས་ཚོད་མང་པོ་མི་འདུག

གཅེར་ལྷང་ལྷང་གི་མི་ཚེ་ལྷག་མ
རྟོགས་དཀའ་བའི་མཚན་མོ་ཇི་བཞིན
ང་ཚོའི་མདུན་ཕྱོགས་སུ་ལྷག་ཡོད
ལྗིད་ཏིག་ཏིག་གི་ལས་དབང་འདི ཐག་པ་བཞིན
ཐག་སྣེ་གཅིག་ལ་གཅིག་སྦྲེལ་བས
ང་ཚོས་ཅི་ཞིག་སྒྲུབ་ནུས
བདེ་སྡུག་གང་ཡིན་རུང
ང་ཚོའང་འགྲོ་རན

སྤུན་ཟླ གྲོགས་མེད་ཀྱི་འཕྲང་ལམ་འགྲིམ་དུས
ཁྱེད་ཀྱིས་རང་ཉིད་ལ་གཅེས་སྐྱོང་བྱེད་རོགས
གཅེས_སྐྱོང་_བྱེད་_རོགས
       ༢༠༡༣ལོའི་ཟླ༢པའི་ཚེས20ཉིན་རྟ་བོར་ནས།

           ནམ་མཁའ་སྟོང་བའི་ཁ་གཏད་དུ་ཅི་ཞིག་སྨྲ།
                       
——ཚེ་འདས་གྲོགས་པོ་ལྷ་བྷེ་ལ་རྗེས་དྲན་དུ་ཕུལ།

                                           ནག་པོ།
ཁྱེད་ཀྱི་འདོད་པ་མཚོན་ཕྱིར

ངས་ཤ་ཁྲག་འདྲེས་སྦྱོར་གྱི་སྐྱེད་ཚལ་ཞིག་བཟོས་ནས་ཡོད།

"གྲི་ཡིས་གཤགས་པའི  མེ་མདས་བསད་པའི  ནད་ཀྱིས་བཟུང་བའི

དབུལ་ཕོངས་ཀྱི་འཇིགས་པ་ལས་ཐར་མ་ཐུབ་པའི

དུས་ཚོད་ཀྱིས་གཅེར་བུར་བཏང་བའི་རྒྱུད་ཀྱི་གཤིན་པོ་དག་ཀྱང
དོ་ནུབ་ཀྱི་ནམ་མཁའ་སྟོང་བ་འདིའི་ཁ་གཏད་དུ་གཅིག་པུར་ལུས་སོང་།"

"རྣམ་ཤེས་འཁྱམ་པོ། ཁྱིམ་གཞི་སྟོང་བ།
བར་སྐོར་གྱི་མཁའ་དབུགས། ཕོ་ཉ་བསྐུངས་སའི་ཆང་ཁང་།

ཚེ་རབས་ལས་རྩིས་དང་ལྡོག་པའི་ལུང་བསྟན།
སྡུག་བསྔལ། དལ་གྱིས་ལྡང་བའི་རླུང་བུ།

དཔུང་བ་མཉམ་གཤིབ་ངང་ཕ་གིའི་རི་རྩེ་ནས་སྐྱོར་བའི་མགུར་མ་།

འཐུང་འཕྲོར་ལུས་པའི་རྒུན་ཆང་ཤེལ་དམ་གང་།

འོད་མདངས་མག་མོག་འོག་གི་གཞས་ཆུང་།
མོའི་མཁུར་ཚོས་ནས་ལྷུང་བའི་མཆི་མའི་རྡོག་པ།"
ཚིག་རྐང་འདི་དག་གི་ནང་དུ་ཁྱོད་དང་འབྲེལ་བའི་གསང་བ་ཅི་ཞིག་ལུས་ཡོད།

"ནོར་བུ། མིག་ཆུ། འཆི་བའི་དར་གོས་སྲབ་མོ།
རང་སྣང་གང་ཤར་གྱིས་བྲིས་པའི་ཕོ་བྲང་དཀར་དམར་གྱི་རྒྱ་ཕིབས།
སྨིག་རྒྱུའི་གསེབ་ཀྱི་གྲིབ་མ། བརྡ་སྤྲོད་ཀྱི་ནུས་པ་ཞན་པའི་ཡུལ་དུས།

འཁྲུལ་སྣང་གི་རོལ་དབྱངས། ཤེས་རབ་ཀྱི་འོད་ཟེར།
 ལམ་འགྲམ་གྱི་མེ་ཏོག ”

སྨྲ་ལྕེའི་ཕུགས་ཀྱི་ཡུལ་ཁམས་འདི་སྔོན་མ་ནས་རྟོག་བཟོ་བྱས་ཚར་འདུག་ནའང་།

ཡོད་ཚད་ཁྱོད་ཉིད་དང་འབྲེལ་བ་གཏན་ནས་མེད་ཚོད་འདུག

གང་ལྟར། བར་དོ་ནི་ཞ་སྨྱུག་གིས་བྲིས་པ་འདྲ་སྟེ

ངས་ཡང་དང་ཡང་དུ་བསུབ་ནས་ཡོད་ཚད་ཁྱོད་ལ་བསྐྱུར་ཡོད།

                     ༢༠༡༣•༢•༡༣ཉིན།

             སྐར་མའི་རལ་བ་ལྗང་ཁུ།
                     _____སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་སྐུ་གཤེགས་པར།
                                         རེ་རྐང་གླིང་།

མིག་འབྲས་ཀྱི་གཏིང་ན་སྐུང་བའི་སྐར་མ་རབ་རིབ
བུད་མེད་ཀྱི་ལག་གདུབ་ངོས་ལ་འབྱར་བའི་འོད་ཀྱི་སྣང་བ
འདི་དག་གིས མགོ་ཐོག་གི་སྐར་མའི་རྡུལ་ཚོམ་ཟང་ཟིང་བོར་བཟོས་པ་ཡིས
ངའི་མགོ་ལ་སྐར་མའི་རལ་བ་ལྗང་ཁུ་ཞིག་སླས་ནས་བྱུང
 
གློ་བུར་སེམས་ལ་འཆར་བའི་དབང་གིས
ནམ་མཁའ་ནི་ངའི་བྲང་གཞུང་དང་འདྲ་ལ
སྐར་མ་ཡང་བ་སྤུའི་ཨི་ཁུང་རེ་རེ་ཡིན་སོང
སྐྱེ་མཆེད་ཀྱི་སྒྲོ་བ་ལ་ཁུང་བུ་བཏོད་པ་ནས
ང་ཚོས་རང་གི་བྲང་ཁ་ཤུགས་ཀྱིས་བརྡུངས་པར
ཉི་ཟླ་གཉིས་ཀྱང་སྔ་ཕྱིར་འབྲོས་ཀྱིན་ཡོད
 
ནམ་ཞིག་སྡུག་བསྔལ་བའི་སེམས་ཀྱིས་སྐར་མའི་གསེང་ལ་སྤར་འདྲེད་བྱས་པར
སེམས་དང་ལྡན་པའི་སྐར་མ་ཞིག
གློ་བུར་ནམ་མཁའ་ནས་ནམ་མཁའི་དབྱིངས་ལ་ལྟུང་སོང
སྐར་མ་དེ་འགྲོ་ཚུལ ཉི་ཟླ་གཉིས་ཀྱི་འབྲོས་ཚུལ་དང་མི་འདྲ་ནའང
ཤུལ་རྗེས་སུ་གསལ་བའི་ཚེར་མའི་ཐག་པ་རིང་བོ་དེས
རྐང་རྗེན་མར་འགྲོ་བའི་སྐར་མ་དག་གི་གཤིས་གར་འགྱུར་ལྡོག་བཟོས་ཤིང
སེམས་ཀྱི་མཛོད་ཁང་ལ་དངོས་པོ་གསར་བ་ཞིག་བསྡུ་རུ་བཅུག
         The morning of February 21, 2013

          སྐྱོ་གདུང་གིས་མནར་དུས།
 
                  ______བས་མཐའི་ཡུལ་ནས་གཅིག་ཏུ་འདྲེས་པའི་སྙན་ངག་པ་དང་གྲོགས་པོ་གཉའ་གོང་ལྷ་བྷེ་མཆོག་ལ།
                                        ལྷམ་ཀོག
 
ཆང་དང་འདྲེས་པའི་མཚན་མོ
མཚན་མོ་གཞན་ཞིག་གི་སྒོ་གླེགས
རླུང་བུ་བསིལ་བསིལ་དུ་ཕྱུངས་ས་ནས
དྲན་པ་ལས་ཕྱིར་འཕོ་འོང་བའི་དུས་ཚོད་དེ་ག་རང་དུ
ཁང་བརྩེགས་ཀྱི་ཤེལ་སྒོའི་དབུས་སུ
ཆུ་ཐིགས་ཤིག་མར་འཛར་འོང
 
            སྐྱེལ་མའི་སྙན་ངག
                        ______སྙན་ངག་པ་གཉའ་གོང་ལྷ་བྷེ་སྐུ་གཤེགས་རྗེས།
                                          སྐྱབས་ཆེན་བདེ་གྲོལ།

ནག་རོག་རོག་གི་ལྗོན་པ་དེ་ཚོ  བརྗེད་པར་གྱིས་ཤིག
བདུད་རྩིའི་རོ་མངར་མོ་དང་བུད་མེད་ཀྱི་ལག་པའི་ནང་གི
འཁོར་བ འདུ་བྲལ་གྱི་རོ་བསྐ་བོ་དེའང་བརྗེད་པར་གྱིས་ཤིག

མེ་ལོང་ཞིག་གི་ནང་ན
སྟག་མོས་མཆེ་བ་གཙིགས་པ་དང་སྒྲོན་མེ་ལྷབ་ལྷུབ་ཏུ་གཡོ་བ་ཙམ་ལས
འཇིག་རྟེན་འདིར་ཅི་ཡང་མི་འདུག་སྟེ
ཕྱི་རོལ་ཏུ་ཆར་བ་འབབ་བཞིན་པའང
ཡུལ་སྟོང་བའི་ནང་དུ་དུས་ཚོད་སྟོང་བ་དག་འཐོར་བཞིན་པ་ཙམ་མོ

དུས་ཡུན་རིང་བོར
མཆུ་ཏོའི་འཐབ་འཁྲུག་དང
སྐད་ཆའི་ཐལ་རྡུལ་གྱི་ཀློང་ནས
ཁྱོད་ཀྱིས་རང་གི་ཡི་གེ་ལས་མེ་སྟག་གཙུབས
ཁང་བ་སྐྱ་བོ་དག་གི་སྒེའུ་ཁུང་རྣམས་བཟི་རུ་བཅུག
གྲོང་ཚོ་དག་རབ་རིབ་ཀྱི་རི་མོ་ཞིག་ཏུ་བྲིས་ཤིང
སླར་ཡང་དེའི་ངོས་སུ་ཆུ་གཏོར  དུ་སྤྲིན་འཐིབས་པར་བྱས

སྙན་ངག་པ བདག་གི་མཐོང་སྣང་ལ
ཁྱེད་ཀྱིས་ཤིང་སྡོང་ལྟ་བུའི་འཆི་བདག་ཀྱང་གཉིད་ལས་སད་པར་བྱས་སོང
                        ༢༠༡༣ལོའི་ཟླ་༢པའི་ཚེས་༢༡ཉིན་བྲིས་པའོ།།
                  
            རྗེས་དྲན་སྙན་ངག
                        ______ཕ་ཡུལ་གཅིག་པའི་སྙན་ངག་པ་གཉའ་གོང་ལྷ་བྷེ་ལ་རྗེས་དྲན་དུ།
                                          རི་སྔོན་འཕྲིན་ལས།

ལོ་ཟླའི་མགུལ་ན་ཁྱོད་ཀྱི་རྐང་རྗེས་ཡོད། །
ས་ཆེན་པང་ན་ཁྱོད་ཀྱི་འགྲུལ་བཞུད་ཡོད། །
ཕ་ཡུལ་གཞུང་ན་ཁྱོད་ཀྱི་མིང་ཡིག་ཡོད། །
ཁྱོད་རང་གློ་བུར་བཞུད་པ་སྔ་ནས་ཡོད། །
 
འུ་ཅག་ཕ་ཡུལ་གཅིག་གི་སྤུན་ཟླ་ཡིན། །
རིགས་ཞེན་སྙིང་ན་ཡོད་པའི་སྨྱུག་འཛིན་ཡིན། །
ཕུ་ནུའི་མིག་ན་ཡོད་པའི་སྤྲང་བོ་ཡིན། །
སྤྲང་བོའི་རྣམ་ཤེས་ཁུར་བའི་རྟོགས་སད་ཡིན། །
 
ཁྱོད་ཀྱི་སྨྱུག་རྩེར་བབས་པའི་ཡིག་འབྲུ་ལས། །
ང་ཡི་སེམས་དང་བསམ་པ་ཟིན་ནས་ཡོད། །
ལོ་དང་ཟླ་བ་བརྩེགས་པའི་ཕར་ངོགས་ནས། །
ང་ཡིས་ཁྱོད་ཀྱི་གཏམ་རྒྱུད་གཉོར་ནས་ཡོད། །
 
བསླུ་མེད་མཆོག་གསུམ་སྐྱབས་ཀྱིས་གཟིགས་པར་ཤོག །
ཁྱོད་ཀྱི་ཕྱི་མའི་འགྲོ་ལམ་བདེ་བར་སྨོན། །
སླར་ཡང་སྙན་ངག་པ་རུ་སྐྱེས་བར་ཤོག །
སྐྱེས་ནས་སྙན་ངག་མང་བོ་འབྲི་བར་ཤོག །
 
སེམས་པའི་འཐིལ་ནས་ལྷུང་བའི་སྐད་ཆ་འདི། །
བདག་གིས་ཁྱོད་ལ་བཤད་པའི་སེམས་གཏམ་ཡིན། །
ཁྱོད་རང་ཕྱི་མར་ཆས་པའི་ལམ་བར་ནས། །
བདག་གི་སེམས་གཏམ་འདི་དག་ཐོས་པར་སྨོན། །
                                            ༢༠༡༣/༢/༢༠

          སྙན་ངག་གི་འདབ་ལོ་འཐོར་བའི་སྒྲ།
                         _____ཚེ་འདས་ཀྱི་གྲོགས་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་རྗེས་སུ་དྲན་པ།
                                         ས་དམར་གྲགས་པ།

མེ་ཏོག་རྐང་གཅིག་གི་མཛེས་པ་མ་ལུས
ཤོག་བུ་དཀར་པོ་གཅིག་གི་ངོས་སུ་བྲིས་ཚར་རམ

ལོ་ཏོག་གི་འབྲས་བུ་ཡོད་ཚད
ཁྱོད་དང་ང་ཡི་འདས་པའི་གྲུབ་ཆ་ཞིག་བྱས་ན་ཅི་འདྲ

ཟིན་ཕྲན་ནི་འབུ་ཁ་བརྒྱ་མ་ཞིག་རེད་བཞག
གང་ལ་མི་འདོད་པ་ཞིག་བྱུང་ཚེ་ལམ་སང་བརྡ་འབྱོར་འོང

ཁྱོད་ཀྱིས་མཆོད་ཆང་གི་བཟི་ཁ་བོར་སོང
ང་ཡིས་ཁྱོད་ཀྱི་དྭངས་གཙང་གི་སྨྱུག་རྩེ་དྲན་བྱུང

འཆི་བདག་ནི་ཇག་པ་ཞིག་དང་འདྲ
ང་ཡི་ནོར་བུ་འཕྲོག་སོང

ཉིན་མོ་དེར་ངེད་གཉིས་མཉམ་དུ་བསྡད་པས
ཁྱོད་ཀྱི་རྗེས་སུ་མཇལ་འོང་གསུངས་བྱུང

མྱ་ངན་ཞུ་དོན་ག་རེ་ཡིན་ནམ
ཀྱེ    ང་ཡི་སྙིང་རྗེ་ཅན་དཀོན་མཆོག་ལགས
          ༢༠༡༢/༢/༡༩མཚན་མོར་དབུས་སུ་གྲུབ།

          རྗེས་དྲན་སྙན་ངག
                                       འཇམ་དཔལ་རྡོ་རྗེ།

འབྱུང་བཞིའི་རྡུལ་ཕྲན་དག་དཀྲུག་བྱེད་ཀྱིས་ལག་པ་དེས
ཁྱེད་ལ་རྣམ་ཤེས་ཀྱི་ལྕགས་བྱར་སྡོད་པའི་པཱ་སེ་ཞིག་གནང་དུས

ངས་ཁྱོད་ཀྱི་འདྲ་པར་ལས་བཏུས་པའི་རྡོ་བ་ཞིག
ཤེད་ཤུགས་བཏོན་ནས་རྒྱ་མཚོའི་ནང་འཕངས་མོད
དེ་ཉིད་གཞི་ནས་ཆུ་ཁར་གཡེང་ཞིང
འོད་རླབས་ཁྲོད་དུ་འཕུར་ལྡིང་བྱེད

མི་ལ་ལས་ཁྱེད་ཀྱི་སྡོད་ཁང་གི་ཤེལ་དྲ་ཐག་ཐག་བདུང་མ་ཐག
ཤེལ་ལེབ་ངོས་སུ་ཤར་བའི་རང་གཟུགས་སྐག་ཏིར་ཏིར་ཏུ་ཆག་ཏེ
འཕྲལ་མར་མི་ཡུལ་གྱི་བཀྲེས་ལྟོགས་ལ་འཐིམས
རང་སེམས་སུ་བསྣར་པའི་གཟུགས་བརྙན་དེ་ལྟེབས་ཀྱིན
མིག་ཆུའི་རུས་པ་ཡིས་རང་གི་སྙིང་ཁ་ལ་གཙག་པའི་དུས་ན
འོ་མ་ལྟར་རློན་པའི་ཆོ་ངེའི་ཝང་སྒྲ
གསེར་ཆུ་བྱུགས་པའི་དྲན་ཤེས་ཀྱི་རྒྱུན་ཏུ་འདྲེས

ལོ་ངོ་འགའི་རྗེས་སུ
ཁྱེད་ཀྱི་རླུང་རྟ་སྲང་ལམ་དུ་འཚང་བའི་མཁའ་དབུགས་ཀྱིས་རྒྱང་རིང་དུ་དེད་ཚེ
གཉའ་གོང་ལྷ་བྷེ་ལགས
ཁྱེད་རང་ཕྱིར་ལ་ཐེངས་གཅིག་ཕེབས་རོགས
དུས་ཚོད་ལ་གཡར་བའི་སྙན་ངག་གི་རྒྱལ་ཁམས་སུ་ཕེབས་རོགས་ཞུ
                           ༢༠༡༣ལོའི་ཟླ་༢ཚེས་༢༠ཉིན་ཧང་ཀྲུའུ་ནས།

          དྲི་བའི་གོ་རིམ་བཤད་པ།  
                     _____གཤེགས་ཟིན་པའི་སྙན་ངག་པ་གཉའ་གོང་ལྷ་བྷེར་ཕུལ།    
                                          ཁ་བ་དཀར་པོ།
          
ཁོང་དེ་ལྟར་བཞུད་ཚར་དུས
ད་རུང་འཇིག་རྟེན་དུ་སྙན་ངག་པ་ག་ཚོད་འདུག

རི་བོ་དེ་ལྟར་འགྱེལ་ཚར་དུས་
ད་རུང་ཀེ་རེར་འགྱིངས་བའི་གནམ་འདེགས་ག་ཚོད་འདུག

མཚན་སྨག་དེ་ལྟར་མུན་པའི་པང་དུ་ལོག་ཚར་དུས
ད་རུང་ཉི་མའི་གསལ་བྱེད་ག་ཚོད་འདུག

ཨ་  ཨ་   སྙན་ངག་པ་བཞུད་ཚར་དུས་
དེ་དག་གསལ་ལེར་མཁྱེན་དགོས་ཡ།  
           2013-2-21ཉིན་ལྷ་སའི་རང་ཤག་ནས།  

      ན་གཞོན་སྙན་ངག་པ་ཞིག་དྲན་པ།
       
         ______གཉའ་གོང་ལྷ་བྷེ་ལགས་ལ་ཕུལ་བ།
                                         དགའ་བཀྲ་ཤིས་རྡོ་རྗེ།

མཚར་སྡུག་ལྡན་པའི་ཉི་མའི་གསེར་སྐུད་ཅིག
ཁད་ཀྱིས་འགུལ་ཞིང་ལྷོད་ཀྱིས་ཆས་ནས།
གངས་རི་དང་རྩྭ་ཐང་གི་ཕྲག་གོང་ལ་ཐོན་དུས།
ཅི་ཞིག་འཚོལ་འདོད་ཀྱི་རེ་སྙེག་གི།
ཕུགས་འདུན་ཟབ་མོ་དེ་ད་དུང་བོར་མེད་ལ།
སེམས་ཀྱི་གུར་ཁང་དབུས་སུ་གནའ་བོའི་གཏམ་རྒྱུད་ཅིག་གི་ཁ་དོག་དེའང་འགྱུར་མེད།

ལུས་སེམས་ཀྱི་རང་ཚུགས་དང་སྨྲ་ལྕེ་ཡི་ཆུ་རྒྱུན་ཀློང་ན།
ན་ཟུག་དང་འཁུན་སྒྲ་འདྲེས་མའི་ན་ཟུག་གི་འཁུན་སྒྲ་དག་བསྐྱུར་ནས།
བུ་ཕྲུག་གི་རེ་སྨོན་དང་ཕུགས་བསམ་སྙིང་ལ་སྒོམ་བཞིན།
ཉི་མར་འོད་ཙམ་ལས་དྲོད་མེད་པའི་དུས་ཤིག་ལ་བུད་སོང་།
མི་ཚེའི་ཉིན་གུང་ཞིག་ལ་ཁེར་རྐྱང་གིས་ཕེབས་སོང་།

ཉི་ཟེར་དང་ཁ་བའི་མིག་ཆུ་སེམས་སུ་སྒོམ་པའི་ཁོ་བོ།
ངུ་ངག་གི་དབྱངས་རྟ་ཐོག་མ་མཆེད་པ་ནས་ད་ཐུག་གི་བར།
སྙན་ངག་གི་སྦུབས་སུ་འཚང་སྟེ་ལག་པ་རུམ་དུ་བསྡུས་མ་མྱོང་ལ།
ཆུ་རྒྱུན་གྱི་མགྲིན་པ་རྩ་ནས་བརྣངས་མ་མྱོང་།
ཡིན་ཡང་།   ཕེབས་སྔ་བའི་ཁྱེད་རང་།        
ད་ལྟ་ནས་ལམ་ལ་ཆས་སོང་།  
ཤོག་བུ་དང་སྨྱུ་གུ་བསྐྱུར་ནས།
ཡོད་ཚད་ཀྱི་ཡོད་ཚད་སྐྱོ་གདུང་གིས་བསྐྱུར་ནས།
ཕྱིར་མི་ལོག་པའི་ཡུལ་གྲུ་གཞན་ཞིག་ལ་ཞེན་སྣང་གིས་བུད་སོང་།

ཡིན་ཡང་།   ད་ལྟའང་ད་དུང་།
ངས་ཁྱོད་དང་ཁྱོད་ཀྱི་ཡོད་ཚད།
ཡང་བསྐྱར་ཐེངས་ཤིག་དྲན་དགོས་བྱུང་།
        ཕྱི་ལོ༢༠༡༣ལོའི་ཟླ༢ཚེས༢༡ཉིན་ལ་ཐོས་མ་ཐག་མྱ་ངན་གྱི་ཚུལ་དུ་བྲིས་པའོ།།

           གཉའ་གོང་ལྷ་བྷེ་རྗེས་སུ་དྲན་པ།
                                        ཆོས་ཤུལ་གསང་བདག
ཁ་བ་མཐུག་ཐག་ཆོད་པོས་སུ་ཞིག་གྲང་མ་མྱོང
འཁྱག་རོམ་གྱི་དཀྱིལ་དུ་ཁྱོད་ཀྱི་དགུན་ས་ཡོད
དགུན་ས་དེ་ན་ཁྱོད་ཀྱིས་ཤིག་ཚང་ཞིག་ལས་ཡོད
ཤིག་དང་སྲོ་མའི་སྲོག་ལ་བརྒྱུས་པའི་ཚིག་གི་རོ་མ
ད་དུང་དགུན་ས་དེ་ན་ལུས་ཡོད
གྲང་ངར་དང་ཁ་བ་གྲོགས་སུ་བསྡོངས་ཡོད

སྒྲུང་གི་བཟི་ཁ་དེས་ཁྱོད་རང་ཁེར་རྐྱང་དུ་ཕུད་ཡོད
དགུན་ས་ལ་གོམས་པའི་ཁེར་ཧྲེང་དེ་ཁྱོད་ཡིན
རྩྭ་ཆུ་མེད་ཀྱང་དགུན་ས་དེར་དགའ་དྲགས་པས
ཁྱོད་ལ་དབྱར་གྱི་གྲོགས་པོ་མེད
མེ་ཏོག་མེད    
མེ་ཏོག་མེད་ན་ཅི་སྐྱོན
ཁྱོད་མ་གཞི་ནས་དགུན་ས་ན་ལུས་ཡོད

ཉིན་དང་སྲིབ་ཀྱི་ཐ་སྙད་དེ་དག
ཆུ་དང་འོ་མ་འདྲེས་པ་ལྟར་མཉམ་དུ་བསྡེབས་ཤིང
གཅིག་ཏུ་དྲིལ་མཁན
ཁྱོད་ཀྱི་རྣམ་ཤེས་དེ་ཨེ་ཡིན
དབྱར་དང་དགུན་གྱི་གྲིབ་མ་ནག་ཡོར་ཡོར་དེ
ཁ་སང་ཁྱོད་ལ་འགྲོགས་པའི་སོལ་བ་ནག་པོ་དེ་ཨེ་ཡིན
ང་ཡི་ཆང་ཕོར་གཏུག་གྲོགས

སྤྲིན་པ་འདི་ཕར་ལ་གཡུགས་ཤོག
ཐལ་རྡུལ་འདི་ཕར་ལ་ཕྱགས་རོགས
གཅེར་བུར་བུད་པའི་གྲིབ་མའི་གཞོགས་སུ
ཉི་འོད་ཀྱི་ཟེར་བརྒྱ་འཕྲོས་ཤིང
ཞུས་མ་ཐག་པའི་གངས་རི་དེ་བསྐྱུར་ནས
ཁྱོད་རང་གང་ལ་འགྲོ་རྩིས་ཡིན
སྦྲ་ནག་ཐེད་པོ་དེའི་རྨི་ལམ་ཁུར་ཏེ
རི་བོ་འདིའི་རྒྱབ་ཏུ་བསྐྱོད་དམ
ང་ཡི་ཆང་ཕོར་གཏུག་གྲོགས
       སྤྱི་ལོ༢༠༡༣ལོའི་ཟླ༣པའི་ཚེས༢༡ཉིན་སྦྱར།

          རྐང་རྗེས་ཆ་མེད།
                ______སྙན་ངག་པ་གཉའ་གོང་ལྷ་བྷེ་ལ་རྗེས་དྲན་དུ་བྲིས་པ།
                                        འབྲོག་བུ་དཀོམ་བཀྲ།

འཆི་བའི་ཐང་ཆེན་འགྲིམ་པའི་སྨིག་རྒྱུའི་རི་དྭགས།།
ས་གཞི་སེར་པོའི་སྒང་ནས་འོད་དུ་སྤྲུལ་ཅིང་།།
སྐྱོ་ཤས་སྒྲོག་གིས་བཅིངས་པའི་གཟུགས་ཀྱི་གྲིབ་མ།།
མཐིང་མདོག་ནམ་མཁའི་ཚལ་ནས་རྒྱང་ལ་གར་སོང་།།

ཕྱིང་ལྭ་ནག་པོ་བནབས་པའི་ལོ་ཟླའི་རླུང་བུ།།
བྲག་རྡོ་སྐྱ་བོའི་སྟེང་གི་ཚེེར་མར་འཁྱུད་དེ།།
ཉམ་ཐག་གསང་བའི་ཚིག་ཅིག་ཤུབ་བུར་སྨྲས་པ།།
ཆང་རག་པི་ཙི་གང་གི་མཐིལ་དུ་ལུས་ཡོད།།

ཁ་བ་སྲབ་མོ་བབས་པའི་ཞོགས་པ་དེ་ལ།།
ཁྱོད་ནི་རྟོག་མེད་འོག་འགྱུའི་འཇིག་རྟེན་བརྒལ་ཏེ།།
ཉི་མའི་ཚ་བ་རྒོད་པའི་མཐོ་སྒང་འདི་ལ།།
གཏན་གྱི་གྱེས་ཕྱག་བཞག་པ་ཕངས་པའི་གནས་སོ།།

ཆང་གི་མཚོ་ཆུང་ལྟེམས་པའི་རླབས་ཀྱི་ངོགས་སུ།།
སྨྲེང་བའི་ངང་མོ་ཁྱུ་ཞིག་དལ་གྱིས་བབས་ཏེ།།
ལས་ཀྱི་འདམ་རྩྭ་སྲུང་བའི་ངང་ཚུལ་དེ་ཡིས།།
ཕྲན་གྱི་བྲང་ལ་ཡི་མུག་ན་བུན་བསྐྱིལ་བྱུང་།།
                 ༢༠༡༣/༠༡/༢༡ལ་རྨ་ཆུ་ནས།

          རྗེས་དྲན་སྙན་ངག
                   ——བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ལ།
                                           བོད་བདུད་རྒྱལ།

ནམ་རྒྱུན་ང་ནི་ཁྱེད་ཀྱི་ཐག་རིང་ཐག་རིང་ཞིག་ན་ཡོད
ཐག་རིང་དེ་ན་མེ་ཏོག་ལས་མཛེས་པའི་སྙན་ངག་ཅིག་ཡོད
སྙན་ངག་དེ་༼ཐང་ཆད་པའི་ལོ་ཟླ་ལ་འཐབ་པའི་གོ་རིམ་༽དེ་ཡིན
 
དེ་རིང་ཁྱེད་ནི་ང་ཚོས་གཏན་ནས་མི་ཚོར་བའི་ཡུལ་ཞིག་ན་ཡོད
ཡུལ་དེ་ན་མི་ཡུལ་ལས་སྐྱིད་པའི་ལྷ་ཡུལ་ཞིག་ཡོད
ལྷ་ཡུལ་དེ་ཁྱེད་ཀྱི་གཞིས་ཁྱིམ་ཡང་དག་པ་དེ་ཡིན་པར་སྨོན
 
དོ་ཞག་སེམས་ཁོང་ནས་མཆོད་མེ་དང་རྗེས་དྲན་རེ་རེ་བཞིན་མངོན་བཞིན་ཡོད
མངོན་པ་དེ་ན་མཆོད་མེ་ལས་བྱིན་རླབས་ཆེ་བའི་སྙན་ངག་ཅིག་ཡོད
སྙན་ངག་དེ་ཁྱེད་རང་དང་བར་ཐག་ཉེ་བའི་མེ་ཏོག་ཅིག་ཡིན
       2013᠃᠃᠂.02.21ཉིན་ཁྱེད་ཀྱི་སྙན་ངག་ཀློག་མཁན་བོད་བདུད་རྒྱལ་གྱིས་གུས་པས་ཕུལ།

           བཞུད་སྔ་བའི་ཁུ་བྱུག
                
                   ______བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེ་སྐུ་གཤེགས་པར་ཕུལ་བ།
                                          བྱང་སྒྲ་སྙན།

དཔྱིད་ཟླ་ཞིག་འདི་ལྟར་ཐོན་པའི་ཞོགས་པ་དེར
དགུན་འཁྱགས་ཀྱིས་གྲང་ངར་མ་བཟོད་པའི་ཁ་བ་ཁྱུ་ཞིག

ག་ལེར་ངའི་སྒེའུ་ཁུང་གི་ཉེ་འགྲམ་དུ་འཕུར་འོང

དབྱར་ཟླ་མ་རེག་པའི་ཉིན་མོར་འདིར

ཁུ་བྱུག་སྙན་མོ་ཞིག་གི་གསུང་སྐད་གཏན་དུ་འགག་སོང

དེ་དང་འབྲེལ་ནས་ངའི་གློ་སྙིང་གི་ཉིན་སྲིབ་ཏུ
སྐྱོ་གདུང་གི་ན་ཟུག་ཤིག་ཀྱང་ག་ལེར་བབས་བྱུང
 
དཔྱིད་རླུང་ལྡང་སྔ་བའི་ཞོགས་པ་འདིར
ངའི་ཆང་དཀར་གྱི་མཆོད་པ་བཏེགས་ཏེ

གླུ་སྐད་ཀྱི་གདངས་ལ་ཟུག་པའི་གདུང་དབྱངས་ཕྲ་མོ་ཞིག
ཁྱེད་ལ་མཆོད་མེ་རྐོང་བུ་གང་གིས་སྐྱེས་སུ་གྱེར་ན

དུས་རྟག་ཏུ་ངའི་སྙན་ངག་གི་ལྷུ་རྐང་དུ་ཟུག་ཡོད་པ་ཁྱོད་གྱི་ཞབས་རྗེས་ཡིན

བདེ་བར་གཟིམས་ཤིག     རིག་པའི་བུ  
                                                     2012.02.21

            མིག་ཡ་གཅིག་གི་བདག་པོ།
                     _____འདས་པོ་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ལ་ཕུལ་བ།
                                          ཐོ་རེངས།

སྒེའུ་ཁུང་ལས་མཆེད་པའི་གླུ་སྐད་ལ་སྙན་ཆ་མི་འདུག་ཀྱང
མི་སེམས་རེ་གཉིས་སྒུལ་བྱུང

མར་ལྟ་དུས
འཁྱགས་ལ་འབྱར་བའི་ས་གཞིའི་ངོས་སུ
མེ་ལས་ཚ་བའི་ཁྲག་ཐིགས་ཀྱི་རི་མོ་ཞིག་བབས་པ་མཐོང

རི་མོ་དེ་བལྟ་བར་བཟོད་མཁན་ཡོད་དམ་སྙམ་ན
ཡོད་ངེས་ཏེ   ཉི་འོད་དང་ཁ་བ་དང་གངས་རིའོ
མེད་སྲིད་དེ   ཕ་མ་དང་ཆུང་མ་དང་བུ་ཕྲུག་གོ

འགུལ་བཞིན་པའི་རི་མོ་དེ་ཁྱོད་ཀྱི་མིང་ཡིན་ནམ
མིན་ན་ཁྱོད་ཀྱི་གསེར་མདོག་གི་སྙན་ངག་ཡིན་ངེས

ལག་པ་ཕར་བསྲིངས་ཙ་ན
ཁྱོད་ཀྱི་མིག་ཡ་གཅིག་གིས་ང་ལ་གཟིགས་ཤིང
ཡ་གཅིག་གིས་སྔ་མོ་ནས་འཇིག་རྟེན་ལ་བལྟས་ཚར་བས་རུལ་ནས་འདུག
                   ༢༢  ༢  ༢༠༡༣མཚན་མོར།

            རྗེས་དྲན་སྙན་ངག་ཁག་གསུམ།        
                            ________ཕ་ཡུལ་ཁྱུང་མཆུ་ནས་གཉའ་གོང་ལྷ་བྷེ་ལགས་རྗེས་སུ་དྲན་པ།
                                          མིང་མེད།
            རྗེས་དྲན་དང་པོ།
ངས་ནི་གསེར་མདོག་གི་སྒྲོ་སྤུ་མང་པོ་སྤྱད་དེ
ཁྱེད་ཉིད་དུར་དུ་འཇུག་འདོད
ནམ་ཞིག་ན  ཁྱེད་ལའང་གཤོག་པ་ཐོག་ཅིང་
གངས་ཐང་གི་བར་སྣང་འདི་ནས་ཞེན་ཆགས་ཀྱིས་འཕུར་ཡོང་བར་སྨོན
           རྗེས་དྲན་གཉིས་པ།
ཁྱེད་རང་དྲན་ཚུལ་གྱིས
བདག་གི་སྨྱུག་རྩེ་ནས་ཁ་བ་ནག་པོ་བབས
རྩྭ་ལྗང་དང་ལུ་གུ  ཉི་འོད་དང་སྤང་ཐང
ད་དུང་ལྷུང་ལྷུང་དུ་འབབ་རྒྱུན་རིང་བའི་ཁྱེད་ཀྱི་གཙང་བོ
མི་རབས་འདིའི་བཀྲེས་གདུང་གི་མཚན་མོར
ཇི་འདྲའི་འཇམ་ཞིང་མཉེན
ཁྱེད་རང་དྲན་ཚུལ་གྱིས
བདག་གིས་ཤོག་དཀར་གྱི་ངོས་སུ་དཔྱིད་ཀ་བྲིས
མིག་དེ་འོད་སྣང་གིས་བསྟིམས་རྗེས
ཁྱེད་རང་བདེ་བར་གཟིམས་པར་སྨོན
          རྗེས་དྲན་གསུམ་པ།
བདག་གིས་ཤོག་ལྷེ་འགའ་སྤྱད་དེ་ཁྱེད་ལ་དར་ཆ་བཟོས
ཁྱེད་ནི་དར་ཆ་འཛིན་མཁན་ཞིག་ཡིན
དར་ཆ་དེའི་རྒྱབ་རོལ་ནི་དཔྱིད་ཀ་དང་མེ་ཏོག་གི་ཞོགས་པ་ཡིན
ཁྱེད་ཀྱིས་བདག་པོ་བརྒྱབ་པའི་སྤྲིན་པ་ལེབ་མོ་ཞིག་ལྟར
ས་རུབ་ཁ   དར་ཆ་འཛིན་མཁན་གྱི་བུད་མེད་ཅིག
ཁྱེད་ཀྱི་ཕྱོགས་སུ་ཤི་སོང་སྐད
        ཟུར་གླེང་། གནས་ཚུལ་དེ་གོ་འཕྲལ་རང་གིས་ཀྱང་སྙན་ངག་པ་ཁོང་ལ་སྙན་ངག་གིས་མྱ་ངན་ཞུས་པ་ཡིན།འདི་ནི་དྲ་ཁང་ཞིག་ནས་གློ་བུར་དུ་བྲིས་པ་ཡིན་ལ། སེམས་པ་རྣམ་དག་གིས་ཀྱང་ཕུལ་བ་ལགས།
 
          རྗེས་དྲན་སྙན་ངག
                                     སྐྱབས་ཆེན་ཚེ་རིང་།

ཉི་འོད་ལམ་ལམ་འཕྲོ་བཞིན
ས་རྡུལ་དང་ཁ་བའི་བརྡུང་བ་མེད་པའི་བར་གླགས་དེར
ང་རང་བློ་སེམས་གཅིག་ཏུ་བསྒྲིམས་ནས་དཔེ་ཆ་ལྟ་འདོད་ནའང

ཆ་འཕྲིན་གྱི་དུས་རབས་ཀྱིས
ངའི་རྣ་ལ་མི་ལེགས་པའི་གསར་འགྱུར་ཞིག་བསྐྱལ་འོང་བས
ངའི་བློ་སེམས་རྦད་དེ་དཀྲུགས་ཏེ
དཔེ་ཆའི་རྒྱབ་རུ་སྨྲེ་ངག་འདོན་གིན
གཤིན་རྗེའི་རྒྱལ་པོར་ཁ་བརྡུང་གྲངས་མེད་གཏོང་དགོས་བྱུང

སྙན་ངག་པ་ལགས
ཁྱེད་རང་བློ་བདེ་མོས་ལམ་དུ་བཞུད་ཅིག
ངས་སྔས་མགོའི་འགྲམ་དུ་མར་མེ་མཚན་ཐུབ་གཅིག་བསྒྲོན་ནས
དག་ཞིང་དུ་སྐྱེ་བའི་སྨོན་ལམ་རྒྱབ་ཡོད
ང་ཚོ་ཡང་ཁྱེད་ཀྱི་བཞུད་ལམ་དེར་མྱུར་མོར་ཡོང་རྒྱུ་ངེས་ཡིན་
སྙན་ངག་པ་ལགས་སེམས་མ་སྐྱོ་ཞིག
ང་ཚོ་ཡང་ཆས་ནས་ཡོད
ང་ཚོ་ཡང་ཁྱེད་ཀྱི་འགྲམ་དུ་ཡོང་རྒྱུ་ཡིན
      
            དུར་སྦྱང་ཞིག་ལ་མེ་ཏོག་རྐང་གཅིག་ཕུལ།
                     ——ཁ་སང་གི་སྙན་ངག་པ་གཉའ་གོང་ལྷ་བྷེ་དྲན་པ།
                                       མེ་ཞགས།

བྲག་ཆ་འཁོར་བའི་རི་གྲོང་ཞིག་ནས
ཡང་ན  ཤོག་བུ་དང་སྣག་ཚ་བརྡར་བའི་སྙུག་རྩེའི་ཀློང་ནས
སུས་ཀྱང་མི་མཐོང་བའི་གཟུགས་སྟོབས་དེ་ང་ཚོའི་མིག་ལམ་ནས་ཡོལ་ཟིན
བ་མོ་དང་ཆུ་ཐིགས་བཞིན  ལྗང་མདོག་དང་བསིལ་རླུང་བཞིན
དབྱར་གྱི་ཁ་རླངས་དང་ཁུ་བྱུག་གི་སྐད་ངག་བཞིན
ཡོད་ཚད་ལོ་སེར་གྱི་གདོང་མདོག་ལ་ཐིམ་ཚར་སོང་
 
ཚ་ལམ་ལམ་གྱི་ཉི་འོད་འཕྲོ་བའི་དེ་རིང
གངས་རི་ནི་སྔར་བཞིན་ཇེ་གཉོམ་དུ་སོང་ནའང
ག་ཤེད་ཅིག་ནས་འཕྲོས་པའི་ཉི་འོད་ཁབ་རྩེ་ལྟ་བུ་འདི་དག
ད་དུང་མཚན་སྨག་གི་དངུལ་ཆུ་ལྷན་དུ་སོ་སྒྲ་ཡང་ཡང་སྒྲོག་གིན་ཡོད
 
དཀའ་སྣང་གིས་ཁེང་པའི་སྐྱ་རེངས་ག་ལེར་འཆར་དུས
ཉི་འོད་ཟུག་པའི་མིག་ལམ་ན་དུར་ས་ལས་ཅི་ཡང་མི་འདུག
དུར་སའི་དཀྱིལ་ན་མཆོད་པའི་ལྷ་སྤོས་དེ་ཡང
འདྲེ་འབུད་ས་ནས་ག་ཤེད་དུ་སོང་ཟིན་པས
ཁ་ཆེམས་ལྟ་བུའི་ཐལ་བ་ལས་ཅི་ཡང་མཐོང་མ་སོང
 
ལྗང་མདོག་གི་རེ་བ་ཡོད་ཚད་ཁྱུར་མིད་གཏོང་པའི་དེ་རིང་གི་མཚན་ལྗོངས
ལྷགས་པ་དང་བསིལ་རླུང་ལའང་དུག་ལྕེ་མངའ་བའི་དུར་ཁྲོད་འདི་ནས
ངས་ཕ་ག་ནས་མཆེད་པའི་འདྲེ་མེ་ལ་རེག་རེག་བྱེད་མི་ཕོད་ཀྱང
ངའི་སེམས་ངོགས་སུ་བཞད་པའི་མེ་ཏོག་རྐང་གཅིག་འདི
ཕ་སྐད་ཀྱི་གཡུལ་ས་ན་བཙུགས་པའི་དུར་སྦྱང་ལ་འབུལ
   རང་གི་སྐད་དང་ཡི་གེའི་གསེབ་ནས་ལྔ་ལམ་ཕྲ་མོ་འགྲིམས་ཟིན་པའི་བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེ་སོང་ཤུལ་ནས་བོད་ཀྱི་ཡིག་འབྲི་འགའ་ཡང་འགྲོ་དགོས་པ་ཡིན་སྟབས།  དེའི་ས་མིག་དེ་མི་སྟོང་པའི་ཕྱིར་དུ་ཉིས་སྟོང་བཅུ་གསུམ་གྱི་འཛམ་གླིང་ཕ་སྐད་ཉིན་མོར་མེ་ཞགས་ཀྱིས།

        རླུང་གིས་འཁྱེར་བའི་སྙན་ངག་གི་ཤོག་ལྷེ། གཉའ་གོང་ལྷ་བྷེ་ལགས།
                                              རས་པ།
  དུས་ནམ་ཞིག་ཡིན་པ་དྲན་གྱི་མི་འདུག ངས་རང་ཉིད་ཀྱི་མིག་ལ་ཐོགས་ཚད་ཀྱི་སྙན་ངག་བཀླགས་ཏེ་ངལ་དུབ་ཀྱི་སྣང་བ་བྱུང་གི་མེད་པའི་དུས་སྐབས་དེ་དག་ལ། ཕལ་ཆེར་དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ལོ་མཇུག་ཙམ་ནས་རེད། ཧ་ཅང་ཀློག་དཀའ་ངའི་སྙན་ངག་ཁ་ཤས་དང་ཡང་ནས་ཡང་དུ་འཕྲད་ཀྱི་ཡོད། དེ་དག་གི་ཁྲོད་དུ་མཚར་སྣང་ཆེ་བའི་སྙན་ངག་པ་ཞིག་ཡོད་ཅིང་། མཚར་སྣང་འདི་ནི་གོ་ཐོས་ཀྱི་གཏམ་རྒྱུད་ཅིག་དང་འབྲེལ་ཡོད། ཁོང་གི་མིང་ལ་གཉའ་གོང་ལྷ་བྷེ་ཞུ་ཞིང་། ལོ་གཞོན་གྱི་ཁོ་བོར་མཚོན་ན་མཚར་སྣང་ཆེན་པོ་སྐྱེས་སའི་འཆར་སྣང་ཀློང་གི་སྙན་ངག་པ་ཁོང་དང་མཇལ་མྱོང་མེད་ཀྱང་། ཁོང་གི་གཏམ་རྒྱུད་ཐར་ཐོར་རེ་སྔ་ས་ནས་གོ་ཐོས་བྱུང་། ང་རང་ནུབ་བྱང་མི་རིགས་སློབ་གླིང་དུ་སྡོད་པའི་སྐབས་ཤིག་ལ་རིག་གནས་ཐོག་ཁང་གི་རྡོ་སྐས་རིང་མོའི་སྟེང་དུ་གྲལ་དུ་བསྒྲིགས་པའི་སྐྲ་རིང་མ་སྐོར་ཞིག་གི་འདྲ་པར་མཐོང་ཞིང་། དེ་དག་གི་ནང་དུ་རྨ་འོད་ལགས་འདི་རེད་ཟེར་ནས་ངོ་སྤྲོད་གནང་མཁན་ཞིག་ཀྱང་བྱུང་།  ཁོང་ཡང་དུས་སྐབས་ཤིག་གི་ནུབ་བྱང་མི་རིགས་སློབ་གླིང་གི་”སྐྲ་རིང་མའི་”གྲས་ཡིན་ཁོ་ཐག་རེད།  འོན་ཀྱང་། འགྱུར་བ་ཆེན་པོ་ཞིག་ལ། ང་རང་ནུབ་བྱང་དུ་སྡོད་པའི་སྐབས་དེ་ཤེད་དུ་སྐྲ་ལོ་རིང་མོ་ཅན་ནི་སྙན་ངག་པ་མ་ཡིན་པར་ཞབས་བྲོ་འཁྲབ་མཁན་རེད།
  ངས་བསམ་པ་ལ་གཉའ་གོང་ལྷ་བྷེ་ལགས་ཀྱི་སྙན་ངག་ནི་བོད་རྩོམ་གསར་མའི་ལུགས་དང་སྲོལ་རྒྱུན་སྙན་ངག་གི་དབར་དུ་མཐུན་སྦྱོར་གྱི་གཤིས་ཀ་ཡོད་པ་ཞིག་ཡིན། ཁོང་གི་སྙན་ངག་མང་དག་ཅིག་ཏུ་རྒྱན་ཚིག་གི་ཁྱད་ཆོས་འབུར་བཏོད་བྱས་ཡོད་པ་མ་ཟད། དམངས་ཁྲོད་ཀྱི་གཏམ་དཔེའམ་བཤད་རྒྱུན་རང་བཞིན་གྱི་བརྗོད་ཚིག་ཐད་དང་དོད་གནང་ཡོད། ཡིན་ནའང་། ཁོའི་སྙན་ངག་གིས་ཕྱོགས་ཡོངས་ནས་མཚོན་པ་ཅན་གྱི་ཐབས་རྩལ་སྤྱད་ཡོད་པའི་ཚོར་སྣང་ང་ལ་བྱུང་། གཅིག་བྱས་ན་ངའི་འདི་རྫུན་ཡིན་སྲིད། ང་ནི་ཁོང་གི་སྙན་ངག་དང་འབྲེལ་འདྲིས་ཆེན་པོ་ཡོད་པ་དེ་འདྲ་གང་ཡང་མིན། འོན་ཀྱང་། ཁོང་གི་འཚོ་བའི་ཁོར་ཡུག་ནི་མི་མང་གི་འཚོ་བ་དང་ཧ་ཅང་ཉེ་བའི་གཞི་རིམ་ཁུལ་ཡིན་པས་ངའི་བསམ་ཚུལ་འདིའི་ཕྱོགས་གཅིག་ལ་བདེན་ཁ་ཡོད་ཀྱང་སྲིད།
ངས་ཁོང་གི་སྐོར་ཐེངས་དང་པོར་ཐོས་དུས། ཁོང་ནི་ཆང་སྐྱལ་ཞིག་རེད། ཁོང་གིས་རང་གི་འོས་འགན་ཡིན་པའི་སློབ་གྲྭའི་ལས་འགན་དང་དུ་བླངས་རྗེས་སྦག་སྦག་ཞིག་བཞོན་ཏེ་རུ་མྱུལ་ལ་འགྲོ་གི་ཡོད་ཅིང་།  ཁྱིམ་ཚང་རེ་ནས་ཉིན་ཤས་འདས་ཚེ་དེ་རུ་སྙན་ངག་ཁ་ཤས་འབྲི་ངེས། འོན་ཀྱང་། ཁོས་བྲིས་པའི་སྙན་ངག་རྣམས་དྲི་བཞོན་རླུང་ལ་འགྲོགས་ནས་བར་སྣང་གི་སྟོང་ཁམས་བརྒྱུད་པ་ལས་ང་ཚོའི་བགོ་སྐལ་དུ་ཕལ་ཆེ་བ་ཐོབ་ཐུབ་མེད། ཕངས་སེམས་སྐྱེས་ངེས་པའི་གཏམ་རྒྱུད་འདི་གོ་དུས་ངས་གཞི་ནས་”སྙན་ངག་ནི་ཅི་ཞིག་གི་ཆེད་དུ་ཡིན་”པའི་དྲི་བ་དེ་ལ་རྒྱུན་མཐུད་ཀྱི་བསམ་བློ་འཁོར་མྱོང་། གཅིག་བྱས་ན་སྒྲུང་འདི་བདེན་པ་ཡིན་སྲིད། ཁོང་གི་སྙན་ངག་མང་པོ་ང་ཚོའི་མཐོང་ལམ་དུ་གད་སྙིགས་རླུང་གིས་འཁྱེར་བ་ནང་བཞིན་སླེབས་མེད་ལ། ཚ་ཚ་འུར་འུར་གྱི་གཉའ་གོང་ལྷ་བྷེ་ཟེར་བ་ཞིག་ཀྱང་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་མ་བྱུང་།
  ཁོང་འདས་པའི་གནས་ཚུལ་ཐོན་པ་དང་བོད་ཀྱི་སྙན་ངག་པ་ཁག་ཅིག་གིས་ཁོང་ལ་རྗེས་དྲན་གྱི་རྩོམ་ཡིག་སྤེལ་ཡོད་ཅིང་།  སྙན་ངག་པ་ལྷམ་ཀོག་དང་། གཅན་མེ་སྟག  རེ་རྐང་གླིང་སོགས་ཀྱིས་རིམ་པར་ཚོར་སྣང་ཟབ་མོ་ཅན་གྱི་སྙན་ངག་གིས་ཁོང་ལ་འདས་མཆོད་བྱས་སོང་། གཅན་མེ་སྟག་ལགས་ཀྱི་རྩོམ་ཡིག་གི་ནང་དུ། འདས་པོ་ཁོང་ཉིད་རང་ཉིད་འུད་སྒྲོག་བྱེད་པའི་གཤིས་ཀ་དང་རིང་དུ་གྱེས་ཡོད་པའི་ངོས་འཛིན་བྱས་ཡོད་ཅིང་། དོན་དངོས་ཀྱི་ཁོང་གི་གཤིས་ཀ་འདིས་སྙན་ངག་དང་ཉེ་བར་མི་འབྲེལ་བའི་མི་མང་དག་ཅིག་ལ་གཉའ་གོང་ལྷ་བྷེ་ལགས་རྒྱུས་མེད་དུ་གྱུར་ཡོད།
  ང་ཚོས་རང་གི་དགའ་ཁ་མོས་ཕྱོགས་ལ་རེ་བ་ཆེན་པོས་སྐད་ཆ་བཤད་ན་གཉའ་གོང་ལྷ་བྷེ་ལགས་ནི་མི་ཚེ་གང་བོར་སྙན་ངག་ལ་རྒྱབ་མ་གཏད་ཅིང་། སྙན་ངག་གི་བརྒྱུད་ལམ་ཁྲོད་དུ་ཧ་ཅང་དྭངས་གཙང་གི་སྐྱེས་བོ་ཞིག་རེད། ཁོང་གི་རང་གཤིས་ཅན་གྱི་སྙན་ངག་གིས་གཞུང་འབྲེལ་རྩོམ་སྒྲིག་ཁང་གང་མང་ལ་སྒུལ་ཤུགས་བསྐྲུན་ཏེ་རང་ཉིད་ལ་ཐོབ་འོས་པའི་གཟེངས་རྟགས་རག་ཡོད་ཅིང་། ཁོང་གིས་འཇིག་རྟེན་ལ་གྱེས་ཕྱག་ཕུལ་བའི་རྗེས་དེ་མ་ཐག་ཏུའང་སྙན་ངག་པའི་རིན་ཐང་ནི་ཚ་ཚ་འུར་འུར་ཅན་གྱི་སྤྱི་ཚོགས་ཁྲོད་ཀྱི་བཤད་སྟོབས་དེ་གཅིག་པུ་མ་ཡིན་པ་བདེན་དཔང་བྱས་ཡོད། ཡིད་ཕངས་པ་ཞིག་ལ། ཁོང་གིས་འཇིག་རྟེན་དུ་ཆེས་མཐའ་མར་བཞག་པའི་སྙན་ངག་ནི་ཐང་ཆད་པའི་ཚོར་སྣང་གིས་མཇུག་བསྡུས་ཡོད།
ང་ཚོས་ཁོང་ཉིད་འདས་པའི་རྗེས་ཀྱི་གནས་ཚུལ་ལས་འགྱུར་ལྡོག་གསར་བ་ཞིག་ལ་རོལ་མྱོང་བྱེད་ཐུབ། དེ་ནི་གཅིག་བྱས་ན་མང་མང་ལ་ད་དུང་དགོས་མེད་ཅིག་ཡིན་སྲིད། འོན་ཀྱང་། སེམས་ཀྱི་འཁྱེར་སོའི་དབང་གིས་སྤྲོ་སྣང་ཅན་གྱི་སྣང་ཚུལ་མང་དག་ཅིག་ང་ཚོས་བཀྲ་ཤིས་བདེ་ལེགས་ཀྱི་རེ་བ་ལ་བསམ་སྟེ་ཅིས་ཀྱང་སྨྲ་དགོས་ཨང་།
  དེ་སྔ་ཡང་བོད་ཀྱི་རྩོམ་པ་པོ་མང་དག་ཅིག་གྲོངས་ཤིང་། སྙན་ངག་པའང་མང་དག་ཅིག་གྲོངས་པ་རེད། དགེ་ཆོས་དང་རང་གྲོལ་ལྟ་བུ་འདས་ནས་ལོ་ངོ་མང་དག་ཅིག་གི་རྗེས་ནས་ད་གཟོད་གདེངས་འཇོག་བསམ་ཚུལ་སླེབས་ཡོད་ཅིང་། གསོན་པོའི་དུས་ཀྱི་སྡུག་སྐད་ཀྱང་ང་ཚོས་ཕྱིས་སུ་རྙེད་པ་རེད། གཉའ་གོང་ལྷ་བྷེ་ལགས་འདས་པའི་གནས་ཚུལ་འདིས་དེ་མ་ཐག་སྙན་ངག་པའི་སྡེ་ལ་ཡིད་ཕངས་པའི་སེམས་ཚོར་བསྐྲུན་ཡོད་ཅིང་། དྲ་བའི་རྩོམ་རིག་གི་སྣང་ཚུལ་འདིར་བལྟོས་ཚེ་བོད་ཀྱི་སྙན་ངག་པའི་སྡེ་ལ་སྔར་ན་མེད་པའི་འགྱུར་ལྡོག་གསར་བ་ཞིག་བྱུང་ཡོད། དེ་སྔ་བོད་མི་སྙན་ངག་པ་འདས་པོ་ཡི་དམ་ཚེ་རིང་ལགས་ལ་མང་མང་གིས་འདས་མཆོད་ཀྱི་མཛད་སྒོ་སྤེལ་ཅིང་། རྗེས་དྲན་གྱི་སྙན་ངག་བྲིས་པ་ལས་ཀྱང་ཡར་ཐོན་ལྡན་པ་ཞིག་རེད་ཨང་། སྣང་ཚུལ་འདི་ལ་བལྟོས་ཚེ་བོད་ཀྱི་སྙན་ངག་ནི་མི་མང་གི་དོ་སྣང་བྱེད་ཡུལ་དུ་སྔར་ལས་འཕེལ་རྒྱས་ཕྱིན་ཡོད་པ་མཚོན་ཐུབ་པ་མ་ཡིན་ནམ།
   སྙན་ངག་པ་ཁོང་གི་ཡིད་སྐྱོ་བའི་གནས་ཚུལ་འདི་བོད་ཕྱི་ནང་གཉིས་སུ་ཁྱབ་ཅིང་། ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་ཐོན། དེ་བཞིན་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བས་གཉའ་གོང་ལྷ་བྷེ་ལགས་ལ་<<སྙན་ངག་པ་རྗེས་དྲན་>>ཞེས་པའི་ལེ་ཚན་ཆེད་སྒྲིག་བྱེད་རྒྱུའི་གསལ་བསྒྲགས་གནང་ཞིང་། མཚོ་སྔོན་པོ་ཟིན་བྲིས་ཀྱིས་སྙན་ངག་པ་འདས་པོ་ཁོང་ལ་རྗེས་དྲན་གྱི་སྙན་ངག་ཅི་ཡོད་རིམ་པར་ལེགས་འདེམས་གནང། རྩོམ་ཡིག་གང་ཡོད་པ་ཆ་ཚང་ལེགས་འདེམས་གནང་། དགེ་ཆོས་དྲ་བས་ཀྱང་འདས་པོ་ཁོང་ལ་རྗེས་དྲན་གྱི་རྩོམ་ཡིག་རྣམས་དྲ་ངོས་སུ་རིམ་བཀོད་གནང་བས་རྗེས་དྲན་རྩོམ་ཡིག་གི་འཕེལ་རིམ་ལ་འགྱུར་ལྡོག་གཞན་ཞིག་གི་སྣང་ཚུལ་ཀྱང་བྱུང་སོང་། ཁག་ཅིག་གི་རྩོམ་ཡིག་ཏུ་”གྲོངས་སོང་བར་ཡིད་སྐྱོ་”ལྟ་བུ་ལས་དོན་སྙིང་གཞན་ཅི་ཡང་མེད་པའི་ཚིག་ཚོགས་ཀྱང་བསྐྲུན་ཡོད། འོན་ཀྱང་། མི་ལེགས་པ་རྐྱང་རྐྱང་མ་ཡིན་པའི་གནས་ཚུལ་འདི་ཅིས་ཀྱང་དགའ་འོས་པ་ཞིག་རེད་འདུག
  གཉའ་གོང་ལྷ་བྷེ་ལགས་ཀྱིས་གསོན་པའི་དུས་སུ་ཨེ་ཤ་ཡའི་རྒྱལ་ཁབ་ཆེ་ཁག་གཉིས་ལ་འགྲུལ་བཞུད་གནང་ཞིང་། དེ་དང་བསྟུན་ནས་བློ་རྒྱ་བསྐྱེད་པའི་སྙན་ངག་གིས་ང་ཚོ་དང་གཏན་དུ་མཉམ་འགྲོགས་བྱེད་ངེས་པས། ཁོང་གི་ཤེས་རབ་ཀྱིས་སྦྱིན་པའི་ལག་སྐྱེས་དེ་བོད་དང་བོད་ཀྱི་རྩོམ་རིག་ལ་དུས་གཏན་དུ་དབང་ངེས།
                       ཕྱི་ལོ་་༢༠༡༣ཟླ་ ༢ ཚེས་ ༢༣ དགོང་མོ།
 
         སྐར་མདའ།
               ______སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ལ་རྗེས་དྲན་དུ།
                                         མར་ཁུ་རྒྱལ་མཚན།

སྐར་མདའ་ཞིག
ངའི་སེམས་ཀྱི་མཁའ་དབྱིངས་ནག་པོ་བརྒྱུད་ནས
མིག་གི་རྡེབ་དབང་ཙམ་གྱི་ཡུན་ལ
དམར་འཚུབ་ལེར
མུན་ནག་གི་གཏིང་རུམ་ལ་ཐིམ་སོང
ཉི་མ་དང་ཟླ་བ
སྐར་ཚོགས་ལས་གང་ཡང་མེད་པའི་
མཚན་མོ་འདིར
ངས་མཆོད་མེ་རྐང་གཅིག་སྦར་ནས
ཁྱོད་ལ་སྙན་ངག་འབྲི
ངས ཡོད་ཚད་ཤི་སོང་བ་ལྟ་བུའི་
མི་ཡུལ་ནས
ཁྱོད་ལ་མ་ཎི་འདོན
 
          མེ་ལོང་ཞིག་གི་ཆག་གྲུམ།
                _____སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ལ་མྱ་ངན་དུ།
                                      དཀར་དམར།
ལོ་འདི་དག་ལ་མྱ་ངན་གྱི་གདུང་བ་མང་དྲགས་པས
ངའི་སྙན་ངག་གི་མཚོན་ཐུབ་པའི་མྱ་ངན་གང་ཡིན
མིན། དེ་ནི་སྙན་ངག་མིན
དུས་དེབ་སྣ་ཚོགས་ལས་རྙེད་པའི་ཐ་སྙད་འདི་དག་གིས
མི་ཡུལ་གྱི་ནག་ཉེས་རེ་རེ
སེམས་ཀྱི་རྨ་ཁ་ལས་བཞུར་བའི་ན་ཟུག་དེ་བྲི་ནུས་སམ
དུས་ཀྱི་རུལ་མྱགས་སུ་གྱུར་བའི་མིང་ཚིག་རེ་ཟུང་གིས
བདེན་པའི་བླ་སྲོག་ལ་ཐིམ་ཚར་བའི
ཚེ་སྲོག་གི་རྐང་རྗེས་དག་ཇི་ལྟར་འཚོལ
 
ཟུངས་ཁྲག་དང་རུས་པའི་བདག་ཉིད
བདེན་དོན་དང་ནག་ཉེས་ཤོངས་སའི་མེ་ལོང
འཚོ་བའི་ཕྱི་ནང་མགྲིན་པར་བཏེགས་པའི་དུས་རབས་ཀྱི་གླུ་བ
ཁྱེད་ཀྱི་མྱོང་བ་མཐའ་དག
ཁྱེད་ཀྱི་བརྩེ་བ་ཡོད་ཚད
ངས་བཙན་ཚུགས་ཀྱིས་བཏུས་འོངས་པའི
ཚིག་ཚོགས་འདིས་བསྙད་ནུས་སམ
མཆི་མས་བརྣངས་པའི་ངོ་གདོང་འདིས
ཅི་ཞིག་བརྗོད་འདོད་ཀྱི་གདུང་བ
གཤེར་གཟུགས་སུ་ལུད་པས
སྨྲ་བ་ཁེགས་ཤིང་མགྲིན་པའི་འདར་ཡོམ་གྱིས
མྱ་ངན་དག་རུས་གསེང་གི་མེ་ལྕེ་རུ་གྲུབ
 
དོ་ནུབ་ཡང
མཚན་གྱི་ཟླ་བ་ལས་དཀར་བའི་ཞལ་རས་ཤིག
ལྟས་ངན་གྱི་སྐར་མདའ་ཞིག་དང་ལྷན་དུ
སྨག་ལྗོངས་ཀྱི་ཕ་མཐར་གཏན་དུ་བཞུད་སོང
འཇིག་རྟེན་འདིའི་ངོ་གདོང་གཞན་ཞིག
ཚོན་པར་བཞིན་འཆར་ཐུབ་པའི་མེ་ལོང་ཞིག་ཆག་སོང
       ༢༠༡༣ ༡ ༡༤ མཚན་མོ།
       
           རྗེས་དྲན་སྙན་ངག ༼སྙན་ཚོམ༽ 
                          _____སྙན་ངག་པ་གཉའ་གོང་ལྷ་བྷེ་རྗེས་དྲན་དུ།
                                          ལྕོག་མིག
          
           མི་ཚེ་ནི་འདི་ལྟར་ཡིན་ན་ཆོག་གམ།
ཁྱེད་རང་ལྗང་ལོ་དང་འདྲ་བར
མགོ་བོ་ལྕུགས་ལྕུགས་ཀྱིས་ལྡེམ་སྟེ་འབུས་པ་ནས
སྒོ་གླེགས་ཀྱི་ཕྱི་རོལ་དུ་གོམ་པ་སྤོས་ཤིང
གནམ་གྱི་བྲང་གཞུང་འདྲ་བའི་ཕྱི་རོལ་ཏུ་ཆས་པའི་རྗེས་ཤུལ་ནས
ཁྱེད་ཀྱིས་རང་ཉིད་ལས་གཅེས་པའི་གྲུབ་མཐའ་ཞིག་གི་གོ་འཕང་སྙེག

གྲུབ་མཐའ་དེའི་རྩིབས་སྟོང་འཁོར་འགྲོས་ཀྱི་ཟོ་ནས
ཁོད་ཡངས་པའི་ནམ་མཁའ་ཁྱེད་ཀྱི་པང་དུ་བླངས་ཤིང
ནམ་མཁའི་རུམ་ནས
ཡོད་ཚད་ཁྱེད་ཀྱིས་གླུ་ལ་བཞེངས་ཏེ

ད་ལྟར    ཁྱེད་ཀྱིས་ཅི་ཞིག་འཚོལ་འཚོལ་གྱི་མཐར
གང་ཞིག་རྙེད་པའི་ཚུལ་དུ
སྔར་ཡོང་བའི་ལམ་བུ་དེར་ཕྱིར་ཆས་སོང

             འཆི་བའི་ཡང་སྙིང་འཚོལ་བ།
འཆི་བའི་སླད་དུ་སུ་ཞིག་གིས་རང་ཉིད་བློས་གཏོང་བྱེད་སྲིད་དམ
བློས་གཏོང་དེའི་རྗེས་སུ་ཡང་སྙིང་འཆི་དགོས་དོན་ག་རེ་ཡིན་ནམ
ཤི་ཟིན་ནས་སླར་ཡང་ཕྱིར་ལོག་སྲིད་དམ
གལ་ཏེ    ཕྱིར་ལོག་དུས་ན་བདག་གིས་ཁྱེད་རང་ངོ་ཤེས་ཨེ་སྲིད

སྐྱེ་འགྲོ་དག་ཤི་ནས་བསྐྱར་དུ་ཕྱིར་ལོག་ཚེ
འཆི་བ་ཞེས་པའི་ཐ་སྙད་འདི་ལ་སྙིང་པོ་ཅི་ཞིག་ཡོད
ད་དུང   འོ་དོད་ཀྱི་མྱ་ངན་རླབས་ནས
མིག་ཆུ་མང་པོ་ཞིག་གང་ན་འཁྱིལ་གྱིན་ཡོད་དམ

ང་དང་ངའི་སེམས་པ་དང་བཞིན་དུ
ཁྱེད་དང་ཁྱེད་ཀྱི་རྣམ་ཤེས་ཚོགས་ཀྱང
འཆི་བདག་གི་དྲུང་དུ་བླ་འཁུམས་ཤིང་སྲོག་འདར་ངེས་མོད
དེ་ནི་རྒྱང་བཞུད་ཅིག་གི་དབུ་འཁྱུད་ལ་བྲི་མི་ཆོག་དོན་ཅི་ཡིན་ནམ

འཆི་བ་ཞེས་པའི་དུས་དེ་ནས
ཁྱེད་ཀྱི་མིང་ནས་འབོད་མི་ཆོག་པ་དེས
བདག་གིས་ཁྱེད་ལ་རྗེས་དྲན་བྱ་མི་ཆོག་པ་ཨེ་ཡིན

            སྒྲོན་མེ་འདི་དང་ཁྱེད།
ཁྱེད་ཀྱིས་སྒྲོན་མེ་འདི་སྤར་ནས
འོད་སྣང་གི་འཚོ་བཅུད་རྒྱས་པའི་གསོལ་འདེབས་ཞུས་ཏེ
གསོལ་འདེབས་དེའི་ཤེད་དུ
གྲིབ་གཟུགས་གསེབ་ཀྱི་རྣམ་ཤེས་དག་གིས་ཁྱེད་ལ་ཐལ་མོ་བརྡབ་ངེས

དེ་རིང     བདག་གིས་སྒྲོན་མེ་རྐང་གསུམ་སྤར་ཏེ
སྨོན་ལམ་རྣམ་དག་ཅིག་གིས་སེམས་པ་བྱིལ་བྱིལ་གྱིས
ཁྱེད་དང་ཁྱེད་ཀྱི་མཐོང་ལམ་དུ
སྒྲོན་མེ་འདི་ཉི་མའི་ཚབ་ཏུ་ཕུལ་ཡོད་བསམ

སྒྲོན་མེ་འདིའི་འཁྲིས་ནས
འབྲི་དེབ་དམར་པོ་ཞིག་གི་སྙན་ངག་གླུ་ལ་བསྐུར་ཡོད
ཁྱེད་ཀྱིས་བདེ་མོ་ཞེས་པའི་སྐད་དེ་ཕྱིར་བླངས་ཏེ
བདག་གི་གམ་དུ་དབྱངས་ཀྱི་འོད་ལ་འཐིམ་པའི་འཕྲིན་པ་བཀླག་རོགས  
                                  ༢༠༡༣   ༢   ༢༡  རྒྱལ་སྤྱིའི་སྐད་ཡིག་ཉིན་མོར།

             དཔུང་བ་སྨུག་པོ་ཅན་གྱི་གླུ་བ། 
                  
                     ____སྙན་ངག་པ་མཆོག་ལ་མྱ་ངན་ཞུ། 
                        
                                         ཤེས་རབ།
འཇག་མའི་སྐྱོ་གཞས་དང་འདྲེས་པའི་ནམ་མཁའ 

ཁྱོད་ཀྱི་ལག་གཡུགས་བྱེད་སྟངས་དེས 

བདག་གི་སྙིང་ཆུང་ལ་ཅིའི་ཕྱིར་གྲང་བ་སྟེར
ལོ་སར་གྱི་སྐས་ཐེམ་འདི་ནས 

སྙན་ངག་གིས་ངལ་གསོ་བྱེད་དུས 

བདག་གིས་དཔུང་བ་སྨུག་པོ་ཅན་གྱི་གླུ་བ་ཞིག་དྲན་ཡོང 

ཁོང་ཁེར་འགྲོ་ཡིན་པ་སུ་ཞིག་གིས་རློམ
རྒྱབ་ན་ངུ་ཤེས་པའི་མི་ཕོ་སྐོར་ཞིག་ཡོད 

ཚོད་ཚོད་དུ་རྣ་ལམ་ན་འཁོར་ཡོང་བའི་བྲག་ཅ 

ཁྱོད་ཀྱིས་བདག་གི་མགོ་བོ་གསིལ་གསིལ་མི་བྱེད་རོགས 

ངས་གྱང་དང་འདྲ་བའི་རི་ཚོགས་བསྐྱུར་ཏེ་ཕ་རོལ་བརྒལ་ཡོང 

ང་ལ་ང་ཡོད་པས ལམ་ཡོད 
ཡེ་ལོ
       2013 2 21 ལ་དྲ་སྟེང་ནས་གནས་ཚུལ་ཞིག་ཐོས་པ་དང་ཆབས་ཅིག་གློ་རྡེག་ཏུ།

               སྙན་ངག་པ་གཉའ་གོང་ལྷ་བྷེ་སྐུ་གཤེགས་པ་ལ། 
                     
                                      མ་ཎི་དོན་གྲུབ
།
མིག་ཟུང་འདི་བཙུམ་ནས་སླར་ཕྱེས་ཚེ 

ངོ་གདོང་གང་མང་ཞིག་སླར་ཡང་མཐོང་ཐུབ་བམ 

གྱང་སྡེབས་སུ་བཀལ་བའི་དུས་ཚོད་ཀྱིས 

ང་རང་འདར་ཙམ་བྱས 

ཆང་རག་བསྐྱིལ་བའི་ཕོར་བའི་ཁ་གཏད་དུ 

ཁེར་རྐྱང་གིས་ང་རང་འདར་ཙམ་བྱས 
                
                                     ༢༠༡༣.༠༢.༢༡

          བདེ་བར་བཞུད་རོགས།
                     _____གཉའ་གོང་ལྷ་བྷེ་ལགས་སུ་སྐྱེལ་མའི་ཚུལ་དུ་བྲིས་པ།
                                      གཅན་འོད་འབར།

ནམ་ཞིག་ལ་གནས་འདིར་བྲེལ་འཚུབ་ཀྱིས་སླེབས་ཤིང
ནམ་ཞིག་ལ་གནས་འདི་ནས་བྲེལ་འཚུབ་ཀྱིས་བཞུད་དགོས་པ
སྐྱེ་འཆི་ཟེར་བ་འདིའི་ངེས་དོན་གྱི་འགྲེལ་བཤད་ཅིག་ཡིན་ན
 
སྐྱེ་བ་ལ་སྤྲོ་དགའི་མཆི་མ་མེད་པར
འཆི་བ་ལ་སྐྲག་སྣང་གི་ཚོར་བ་བྲལ་བར
ཤོག་བུར་བསྟིམས་པའི་ངན་ངོན་གྱི་འཚོ་བ་འདི་ལ
གསེར་མདོག་གི་ཁ་དོག་ལྷག་མ་ཞིག་བསྣན་ཞིང
སྣག་ཚས་ཟིན་བའི་ཐོབ་ཤོར་གྱི་མི་ཚེ་འདི་ལ
མཛེས་སྡུག་གི་རྐང་རྗེས་གྲངས་མེད་ཅིག་བཞག་ནས
 
དཀར་ནག་གི་མཚམས་སུ་བགྲད་པའི་མིག་ཟུང་འདི
དུས་ཚོད་དང་ས་གནས་གང་ཞིག་ཏུ
གཏན་ནས་གཏན་དུ་བཙུམ་དགོས་ཁེལ་ཡང
འཁྲེང་ཞེན་གྱི་ཕྱིར་མིག་འཇོག་མི་དགོས་ལ
 
ནོངས་འགྱོད་ཀྱི་མཆི་མ་དེ་བས་ཀྱང་གཏོང་ག་ལ་དགོས་ཨང
ནམ་མཁའི་སྐར་མ་ལྟ་བུའི་ཁྱོད
བར་གྱི་འཇའ་ཚོན་འདྲ་བའི་ཁྱོད
ས་ཡི་མེ་ཏོག་ལྟ་བུའི་ཁྱོད
བདེ་བར་བཞུད་རོགས
                                 ༢༠༡༣།༢།༢༢
         
           རྗེས་དྲན་སྙན་ངག
                  ______གཉའ་གོང་ལྷ་བྷེ་མཆོག་ལ།
                                        བྱང་དུར་མེ།
དལ་མོར་འདང་ཞིག་རྒྱབ་ན
ཚེ་སྲོག་ནི་འདར་གྱིན་པ་འདྲ་སྟེ
ཚོར་བ་སྤར་གང་གིས་ཞེ་དུངས་མཚོན་ནམ
དེ་རིང་ཡོད་ཚད་དག་དྲན་བཞིན་མིག་ཟུམ་ན་འདོད

སེམས་ཁྲལ་དྲག་ཏུ་རྒོད་པའི་བྱ་ཕོ་ཡ
རླུང་བུ་གཡུག་པའི་རྐང་ཤུལ་ན
ལོ་མ་དུ་བའི་བྱིས་བ་ཚོས་ཁྱེད་གླེང་ཞིང
ཆང་སྟོན་བཤམས་ཏེ་ཁྱོད་དྲན་གིན་འདུག
                                  ༢༠༡༣ ༢ ༢༤

           འཆི་བ་དེ་གསོན་པར་གྱིས་ཤིག
                   _____བོད་ཀྱི་ན་གཞོན་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་རྗེས་དྲན་དུ།
                                        གངས་ཐིག
སྔོན་འགྲོའི་ཚབ་ཏུ།
སྲིད་པ་ཟད་པའི་བདེ་བ་ནི།།
བདེ་བ་ཀུན་གྱི་བདག་པོ་ཡིན།།   ༼བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ལས༽

         ༡
ལོ་གསར་གྱི་རྔམ་ཁར་གཡོལ་ཏེ་ལམ་ལ་ཆས་པའི་ཉིན་དེ་ནི།
སུ་ཞིག་གིས་ཀྱང་ཁྱོད་ཀྱི་ཆེས་མཐའ་མཇུག་གི་བདེ་བ་ཡིན་པ་མ་རྟོགས་ལ།
ངས་ཀྱང་ཆེས་ཐོག་མར་སྙན་ངག་པའི་འཆི་བ་ཚོར་བྱུང་ལ།
སླར་ཡང་ཁྱོད་དང་ཁྱོད་ལྟ་བུའི་སྙན་ངག་པ་དང་།
དུས་རབས་ཀྱི་བསམ་བློ་བ་དག་གིས
རང་རང་གི་འཆི་བ་ཏེ་གསོན་པར་གྱིས་པའང་ཚོར་བྱུང་།
       ༢
བཞུད་ཟིན་པའི་ལོ་ཟླ་དེ་དག་གི་ནང་དུ།
མང་པོ་མང་པོ་ཞིག་གིས། རྣ་བ་ཡང་ཡང་བླགས་མཐར་ཁྱོད་ཀྱི་བདེན་པ་ཚོར་ལ།
མིག་ཟུང་ཡང་ཡང་ཅེར་མཐར་ད་གཟོད་ཁྱོད་ཀྱི་སེམས་རྒྱུད་རྟོགས།
གང་ལྟར་དེ་རིང་ངའི་འདར་ཡོམ་ཡོམ་གྱི་ལག་པ་སྙིང་ཁར་བཞག་ནས།
སྔོན་ཆད་ཁྱོད་རང་བཞུད་ཟིན་པའི་ལམ་བུའི་དེའི་ཀྱག་ཀྱོག་ལ་བལྟ་དུས།
ལོ་ངོ་མང་པོ་ཞིག་ལ་ཁྱོད་ཐང་སྟོང་དུ་ཁེར་རྐྱང་ངང་འཚོས་མྱོང་ལ།
དུས་ཡུན་རིང་བོ་ཞིག་གི་དྲན་པའང་ན་མྱོང་།

འོན་ཀྱང་དུས་ད་ལྟ་མི་མང་པོ་ཞིག་གིས།
ཁྱོད་མི་ཡུལ་དང་གཏན་དུ་གྱེས་པའི་ཐ་ཚིག་བསྒྲགས་ནའང་།
ཁྱོད་སྔར་བཞིན་གསོན་ཡོད། ཁྱོད་སྔར་བཞིན་འཚོས་ཡོད།
དུས་རབས་དང་སྤྱི་ཚོགས་འདིའི་བར་གསེང་ན་འགྱུར་བཞིན་པའི་ངོ་གདོང་རེ་རེའི་ཁྲོད་ནས།
ཁྱོད་ཀྱིས་རང་ཉིད་ལ་དབང་བའི་ལམ་ཞིག་རྙེད་ཡོད་ལ། 
ཁྱོད་ཀྱིས་རང་ཉིད་ལ་དབང་བའི་གསང་བ་ཞིག་ཀྱང་སྒོམ་ཐུབ་སོང་།
           ༣
སྟོང་བསམ་དང་འཕྲུལ་སྣང་གི་ཁྲོད་ན་དོན་སྙིང་བོར་བའི་མི་བུ་མང་པོ་ཞིག
ཁྲེལ་དགོད་དང་ཟུར་ཟའི་ཁྲོད་ན་བཟི་འདུག་ལ།
ཁོ་ཚོས་འཇིག་རྟེན་འདིར་བཙལ་བཞིན་པ་ཤིན་ཏུ་ཉུང་ལ།
འཇིག་རྟེན་འདིར་རྙེད་ཟིན་པ་དེ་བས་ཀྱང་ཉུང་མོད།
ཁོ་ཚོས་རང་རང་མི་ཡུལ་གྱི་མགྲོན་པོ་ཞིག་ཏུ་སེམས་ཡོད་ལ།
ཁྱོད་ཀྱིས་སྔར་བཞིན་རང་ཉིད་མི་ཡུལ་འདིའི་ལས་དབང་གླེང་བ་བོ་ཞིག་དང་།
འཚོ་བ་དང་དཔལ་ཡོན་བརྒྱུད་ནས་འགྲོ་བཞིན་པའི་་ལམ་འགྲོ་བ་ཞིག་ཏུ་སེམས་ཡོད་འདུག
           ༤
ཁྱོད་ཀྱི་མངར་ལ་ཁ་བའི་འཚོ་བ་དེ་ནི།
མི་ཚེའི་འདིའི་ཁ་ཕྱོགས་ཀྱི་འབྱུང་ཁུངས་ཡིན་ལ།
མི་ཚེའི་འདིའི་མཐར་གཏུགས་ཀྱི་རེ་སྨོན་ཡིན།
གང་ལྟར་ཀྱང་།  ཅི་བྱུང་རུང་།
ཉིན་དེ་ནས་བཟུང་། བོར་ཟིན་པ་ཁྱོད་ཀྱི་ལུས་པོ་ཡིན་རུང་།
གྲགས་བཞིན་པ་ཁྱོད་ཀྱི་སྙིང་སྟོབས་ཅི་ལ་མིན།
སྨུག་པ་རིམ་བཞིན་དྭངས་ངེས་ལ་རླུང་བུ་རིམ་བཞིན་འཇགས་སྲིད་པས།
ཁྱོད་སྐྱོ་དགོས་དོན་མེད་ལ་སྨྲེངས་དགོས་དོན་དེ་བས་ཀྱང་མེད།
             ༥
བསམ་བཞིགས་གྱ་གྱུ་ཞིག་གི་རླབས་རིས་ཁྲོད་ནས།
ཁྱོད་ཀྱིས་སྙེག་བཞིན་པ་སྣང་བ་དང་བརྩེ་བ།
འཚོ་བ་དང་མི་ཚེ་ནི་ཇི་འདྲའི་དོན་སྙིང་ལྡན་པ་ཞིག
ཇི་འདྲའི་རུས་ལ་འཐིམས་པ་ཞིག
མི་ཁའི་རྒྱ་མཚོ་དཀྲུགས་པའི་ལོ་ཟླ་དེ་དག་གི་ནང་དུ།
ད་དུང་གསོན་ཤུགས་ཀྱི་རྒྱུན་ཞིག་མཆིས་པ་དེ་ནི་ཁྱོད་དང་འདྲ་བ་དག
ཁྱོད་ལ་དགའ་བ་དག
            ༦
མི་ཆེན་ཁྲོས་པའི་གདོང་གནག་གི་འོག་ན་སྐྱག་འཛུམ་གྱི་གཉེར་མ་བོར་ལ།
དྲང་བདེན་དང་གནས་ལུགས་ལས་འཚོ་བཞེས་ཀྱི་སྤྲོ་དགའ་འཚོལ་ཞོར།
མི་ལོ་བཞི་བཅུའི་བདེན་པ་ལ་བློ་ཁ་ཕྱོགས་དུས།  དྲང་བདེན་དང་འདྲ་མཉམ།
མི་ཚེ་དང་དོན་སྙིང་ནི་ཞེད་སྣང་དང་འཇིགས་སྐྲག་མེད་པའི་གདམས་པ་ཞིག
          ༧
ཡིད་རླབས་མཆེད་པའི་ཚོར་འདུའི་གསེང་།
རུས་རྐང་གཟེན་པའི་ར་བཟིའི་ཁྲོད།
སྙན་ངག་པ་ཁྱེད།  བསམ་བློ་བ་ཁྱེད།
བྲག་ཅ་བཞིན་མཆེད་ཅིང་མཆེད།
རླབས་གཉེར་བཞིན་བསྐྱོད་ཅིང་བསྐྱོད།
བསིལ་རླུང་བཞིན་འཐོར་ཞིང་འཐོར།
           ༨
སྲིད་པ་གསར་ཏུ་ཆགས་ནས།  ལྷ་ཚོགས་བསྐྱར་དུ་འདེམས་དུས།
ང་དང་ང་ལྟ་བུ་དག་གིས།  ལྷ་ཡུལ་ལ་འགྲིམས་པའི་སྒོ་གླེགས་དེ་མིག་གིས་འཚོ་བཞིན།
རེ་ལྟོས་མེད་པའི་རེ་ལྟོས་ཞིག་ཁྱོད་ལ་མི་བཅོལ་སུ་ལ་བཅོལ།
             ༢༠༡༣ལོའི་ཟླ་༠༣པར་སློབ་གླིང་ནས་བྲིས།

          བཞུད་པའི་གཅེས་གྲོགས།
                        ___
སྙན་ངག་པ་གཉའ་གོང་ལྷ་བྷེ་མཆོག་ལ་རྗེས་དྲན་དུ།
                                          ཨ་ཐར།
 
འདབ་དྲུག་དུང་གི་ཁུ་འཕངས་རྩེན་པས་དབྱིག་འཛིན་དངུལ་གྱི་སྒྲོམ་བུར་ཚུད །།
འགྲོ་རྣམས་གསར་ཚེས་གནམ་ལོའི་དགའ་སྤྲོ་ཡིད་དུ་འཛུམ་པའི་ནངས་མོ་དེར །།
གང་ཁྱོད་ཕྱིར་མི་ལྡོག་པར་བསྙེགས་པའི་མི་སྙན་ཅ་ཅོ་འཛེར་བའི་དབྱངས །།
ཐོས་འཛིན་གཤེད་དུ་ཁ་པར་ལས་ལྷུང་བདག་ཡིད་རེ་ཞིག་དམ་ལ་བཏགས །།
 
འགའ་རེས་བདུད་རྩི་སྐྱེམས་སུ་བསྟེན་དྲགས་འབྱུང་གཞི་ལུས་ཀྱིས་མ་ལྕོགས་སྨྲ །།
རེ་འགས་དབང་ཤེས་ཆང་གིས་སྦྲིད་གྱུར་ལམ་ནོར་གཡང་ལ་ཤོར་ཐལ་བརྗོད །།
ལ་ཤས་རྨོངས་ཚོད་རྟོག་བཏགས་ལ་ཞུགས་ཨེ་ཤེས་མིག་ཟུང་ཀེམ་ཀེམ་གཡོ །།
དྲག་ཏུ་ལྡིང་བའི་སྙིང་རྩ་མ་གནོན་ཕྱི་མར་བཞུད་གྱུར་གྲོགས་དག་སྨྲ །།
 
བརྩེ་མེད་སྐྱོང་མེད་ཕ་འདས་མ་འཁྱམས་གནས་མེད་བསྟི་མེད་དྭ་ཕྲུག་ལས །།
ལྟོ་སྐྱ་གོས་ཧྲུལ་ངན་ངོན་འཚོ་བ་སྐྱ་ཆད་སྔོ་སྡུག་དངུལ་ལོས་མནར །།
ལྷ་མིན་འདྲེ་མིན་ཡ་མ་བརླ་ཞེས་ས་བཤད་རྡོ་བཤད་མི་ཁས་གཙེས །།
རིང་མིན་ཐུང་མིན་མི་ལོ་བཞི་བཅུས་སྐྱིད་མིན་སྡུག་མིན་མི་ཚེ་རྫོགས །།
 
སློབ་དངུལ་ཕོངས་གྱུར་སློབ་འབྲིང་ལས་བྱོལ་ཐག་རིང་འཕགས་ཡུལ་རྡོག་པས་གཞལ།།
གཞལ་མེད་ཚ་བའི་གདུང་བ་མ་ཐེག་སླར་ཡང་ཕ་ཡུལ་བསྙེགས་པའི་ལམ།།
ལམ་སྲུང་བཙོན་གྱི་བྲོ་བ་མྱངས་མྱོང་སློང་མོ་ལ་བརྟེན་སློབ་ཆེན་དུ།།
དུ་མའི་དཀའ་སྡུག་མྱངས་རབས་གླེང་བ་བདག་ཡིད་བུམ་པའི་ཟབ་ས་ན།།
 
སྙན་གཞུང་མེ་ལོང་ཆུ་གཏེར་འཇིངས་སུ་འཇུག་པ་ཟབ་མིན་བརྗོད་ཀྱིན་མེད །།
བརྡ་སྤྲོད་སྔོ་བསང་ཡངས་པོའི་ཁྱོན་དུ་གཤོག་འགྱུར་ཡང་མིན་སྨྲ་རྒྱུའང་མིན །།
གཞུང་ལུགས་བརྗིད་པོ་ལྷུན་པོའི་གཏོས་ཅན་རྒྱབ་རྩར་འགྱིངས་མིན་མ་རྟོགས་ཀྱང་ །།
གྲོལ་རྩོམ་ཆུ་རྒྱུན་ཤར་མར་བཞུར་བའི་ཐུན་མིན་རིག་པ་བསྙོན་དུ་མེད །།
 
ལམ་ལམ་བཞུད་པའི་ཤུལ་ངོགས་དག་ན་བུ་སློབ་རླབས་རིས་ཤིག་ཤིག་འཛུམ །།
སྙན་སྙན་རྩོམ་གྱི་ནེའུ་གསེང་གཞི་རུ་སྙན་ངག་མེ་ཏོག་ཚོམ་ཚོམ་དགོད །།
ལྷོག་ལྷོག་ཁྲག་རྩའི་འཕར་ལྡིང་ཕྲ་མོར་རིགས་ཞེན་རིག་ཞེན་ལྟིག་ལྟིག་ལྡིང་ །།
སྐྱོ་སྐྱོ་གང་ཁྱོད་དུས་མིན་བཞུད་གྱུར་མྱ་ངན་མཆི་མ་ཁྲོམ་ཁྲོམ་ཟགས །།
 
ལྷག་བསམ་དག་ཅེས་མཐེ་བོང་བསྒྲེངས་མྱོང་སློབ་ཁྲིད་ཆད་ཅེས་སྡིགས་ཀྱང་མྱོང་ །།
སྙན་ངག་མཚར་ཅེས་དགའ་བཞིན་བཀླགས་མྱོང་བསམ་བློ་མ་མཐུན་འཛིང་ཡང་མྱོང་ །།
སྨྱོས་བྱེད་བསྟེན་དྲགས་ཡང་ཡང་གཤེ་མྱོང་མཚམས་མཚམས་ཆང་ཕོར་གཏུགས་ཀྱང་མྱོང་།།
ཁྱོད་དང་ལྷན་ཅིག་ལོ་གཉིས་འགྲོགས་རིང་སློབ་གཙོའི་མིང་འཛིན་གང་དེས་སྦྱར །།
                      ༢༠༡༣  ༣  ༡༤  ཉིན་ཀླུ་ཆུ་རུ།

           གསེར་མདོག་གི་ཉི་མ་སེར་བོ།
                     _____སྙན་ངག་པ་གཉའ་གོང་ལྷ་བྷེ་སྐུ་གཤེགས་པའི་རྗེས་དྲན་དུ།
                                          སྟག་ཚང་བན་ཆེན།

  ཁ་བ་དང་གྲང་རླུང་རྒོད་པའི་ཉིན་མོ་དེར་ངའི་སྐྱོ་སེམས་ཀྱི་མིག་མཐའ་མཆི་མས་བཀང། ཁྱེད་རང་ལང་ལོང་གི་སྤྲིན་པ་དང་ལྷན་དུ་ནུབ་ཕྱོགས་ཀྱི་མཁའ་ལ་འཕུར་སོང་།རླབས་ཆེན་གྱི་དཔའ་བོ་ལགས།ཁྱོད་འདི་ལྟར་བཞུད་དགོས་དོན་ཅི།ང་ཚོ་ངོ་མ་ཡིད་རེ་སྐྱོ་ཞིང་ཞེ་རེ་སྡུག  དྲན་དབང་དང་ཚོར་དབང་མེད་པའི་ཅོལ་ཆུང་གི  རྣམ་ཤེས་ཀྱི་བདག་པོར་རང་ཚུགས་མེད།ཐར་ཐོར་དུ་སོང་བའི་ང་ཚོ་སུ་ཡིས་ལམ་སྟོན་གནང་།རབ་རིབ་ཏུ་གྱུར་བའི་མུན་པ་སུ་ཡིས་སེལ་བར་བྱེད། ནུབ་སོང་བའི་ཉི་མ་སེར་བོ། ངས་ངུ་ངག་གི་སྨྲེ་སྔགས་དང་བཅས་ཏེ་ཁྱེད་ལ་ཞུ་ཚིག་གི་མཆོད་པ་འབུལ། ཁྱེད་ཡང་བསྐྱར་དྲོད་ཁོལ་དང་ལྡན་པའི་འཇིག་རྟེན་དུ་ཤར་རོགས།
  ཁྱེད་ནི་མི་ཡུལ་འདིའི་ལམ་སྟོན་གྱི་སྒྲོན་མེ་འོད་ཆེན་ལགས། བཞུད་སོང་བའི་ཁྱེད་རང་དྲན་ཐེངས་རེ་རེར་ངའི་དབུགས་རླུང་སྟོད་ལ་འཚངས་ཤིང་མིག་མཐར་སྡུག་གི་ན་བུན་འཐིབས་བྱུང་། ཡིན་ན་ཡང་།གསེར་མདོག་གི་ཉི་མའི་འོད་ཕུང་བསྡུས་ཏེ་སྔ་མོ་ནས་ནུབ་རན་སོང་། རེ་སྒུག་གི་ང་རང་མུན་པའི་ཀློང་ནས་མགོ་བོ་འཐོམས། མུན་ནག་གི་འཇིག་རྟེན་འདི་ཇི་འདྲ་འཇིགས་པ་ལ།  ཁེར་རྐྱང་དུ་འཚོ་བའི་ང་རང་འདང་རྒྱག་གི་ཀློང་རིམ་ནས་འདའ་མི་ཐུབ། དེ་བས། གསེར་མདོག་ཉི་མ་སེར་པོ་ལགས།ཁྱོད་ཅིས་ཀྱང་།འཇིག་རྟེན་དུ་ཡང་བསྐྱར་ཤར་བར་མཁྱེན།
                     
           སྐྱུ་རུ་ར་རློན་པ།
                 _____སྙན་ངག་པ་གཉའ་གོང་ལྷ་བྷེ་མཆོག་ལ་མྱ་ངན་དུ།
                                         ཅོར་འཇམ།

ཕྱི་ནང་གསང་གསུམ་མེད་པའི་སྙན་ངག་གི་སྐྱུ་རུ་ར་རློན་པ
མི་ལོ་བཞི་བཅུ་སྙན་ངག་ལྟ་བུ་ཞིག་ཏུ་གྱུར་བའི་སྙན་ངག་པ་ལྷ་བྷེ
                             ༼བརྗོད་འདོད་པའི་སྐད་ཆ༽
སྐབས་རེར་རྒྱ་ཡན་དུ་བཏང་བའི་སྨ་ར
ལན་རེར་སྣང་མེད་དུ་བཞག་པའི་སྐྲ་ལོ
མཚམས་རེར་སེམས་ཆུང་གིས་གཅེས་པའི་འཚོ་བ
མཐོ་ས་ནས་མཐོ་སར་བཀྱགས་པའི་སྨྱུ་གུའི་འཚོ་བ
སྙན་ངག་པ  མཚན་མོའི་ངོ་གདོང་ལ་མེ་སྟག་བཞིན་ཤེད་ཀྱིས་མཆོངས་དུས
ཁྱོར་བའི་ནང་གི་སྒེའུ་ཁུང་ལས་མཆི་མ་ཐིགས་པ་གཅིག་གཞན་དབང་དུ་ཁྱེར་ཚར

སྙན་ངག་གི་ཆེས་ཉག་པའི་ཐག་པ་ལ་འཇུས་ཏེ
ཆང་གིས་བསྐྱལ་བའི་ལོ་ཟླ་ནར་ནར་བོའི་བསྐྱུར་ཁ་ལས
འཇིག་རྟེན་ལ་ཁྱོན་ནས་མེར་བའི་གཤིས་ཀ་དེ་བསམ་ན
ཁྱེད་ནི་ད་གཟོད་སྙན་ངག་གི་མནར་གཅོད་ཉམས་ལེན་པ་དེ་ཡིན་སོང

སྙན་ངག་གི་ཆེས་གཉོམ་པའི་བཙན་ས་ལ་འཇབ་སྟེ
སྤོབས་པས་བརྟོལ་བའི་ཚོར་བ་དམར་དམར་བོའི་གཤགས་བཅོས་ལས
སྙིང་ནད་ལ་ཡེ་ནས་རྒོལ་བའི་ངོ་ལོག་དེ་བསམ་ན
ཁྱེད་ནི་ད་གཟོད་བསླུ་བ་མེད་པའི་སྙན་ངག་གི་གྲོགས་དྭངས་མ་དེ་ཡིན་སོང

སྒྱུ་མའི་རྨི་ལམ་གྱི་རོ་བཅུད་ལ་འཇིབ་བཞིན
ལྕགས་ལེབ་བཞིན་འཁྱག་པའི་ན་ཟུག་གི་ཕུང་བོ
ཆང་རག་གི་ཟབ་ས་རུ་འཛུལ་ནས
སྙན་ངག་གི་ཕོར་ཁ་རུ་དྲངས་ནས
བསམ་གཞིགས་ཀྱི་དབྱངས་གསལ་ལ་ཚེ་སྲོག་གི་ང་རོ་བསྩལ

མི་ཚེ་འདིར་སྙན་ངག་འབྲི་འདོད་པས
གྲོགས་མེད་ཁེར་རྐྱང་གི་ལོ་ཟླའི་ཕྲེང་ཐག་ཁྲོམ་ལ་འཐོར
སྙིང་ཉེ་བའི་ཆུང་མ་དང་གཉེན་འཐོར་བརྒྱབ
གཅེས་སུ་འོས་པའི་དུས་ཚོད་ཆང་གི་བྲག་ལ་བརྡབས
ཡིད་དུ་འོང་བའི་མི་ཡུལ་ནས་སླར་ཡང་སྙན་ངག་པའི་ཚོར་བ་བཙལ
འཆི་བ་ལ་བཅར་ཏེ༿རྨ་ཆུའི་རབ་ཁ༾བྲིས
ལྐོག་གྱུར་གྱི་སྤར་ཁ་ལྷོད་དེ༿གློའུ་ཞིག༾བྲིས
གཞི་རིམ་ནས༿གྲུབ་ཆེན་དང་བྲག་ཕུག༾བྲིས
ད་དུང་ཨུ་ཚུགས་ཀྱིས༿ཀླུ་ཆུའི་ནང་གི་ཉ༾ བྲིས
རྒོད་པོ་ཞིག་གི་གཤོག་སྣེ་ལ་ཞེ་ཐོགས་ཏེ་བར་སྟོང་གི་ནམ་མཁའ་བྲིས
ཆུ་མོ་ཞིག་གི་བཞུར་རྐྱེན་ལ་ཟུངས་སྡེབ་སྟེ་རྒྱང་རིང་གི་ལམ་ཕྲན་བྲིས
ཆང་དཀར་རྒྱ་མ་གང་དང་མཉམ་དུ
མི་ཡུལ་འདིའི་མགྲོན་ཁང་ནས་ཧབ་དགོད་རྒྱག་དུས
སྙན་ངག་པ  ཁྱེད་ནི་གསང་བའི་བུད་མེད་ལ་བསྟེན་པའི་ཉེས་པ་ཡོད
                      ༢༠༡༣ལོའི་ཟླ༢ཚེས་༢༥ཉིན།

           སྙན་ངག་པ་ལྷ་བྷེ་ལ་རྗེས་དྲན་དུ།       
                                      ཏཱ་ནི་སྦྱིན་པ།
 
ངས་ཁྱེད་ཉིད་ངོ་མི་ཤེས་མོད
རྣ་བས་གོ་ཚོད་ལ་ཁྱེད་ནི་སྙན་ངག་པ་ཞིག་རེད་ཟེར
མི་རབས་ཤིག་གི་རྨི་ལམ་སེམས་སུ་ཉར་མཁན་གྱི་སྙན་ངག་པ་ཞིག་རེད་ཟེར
ང་ནི་སྙན་ངག་ལ་དགའ་ཞིང་སྙན་ངག་པར་སྤྲོ་བས
ངས་དེ་རིང་ཅིས་ཀྱང་ཁྱེད་ལ་རྗེས་དྲན་བྱ་དགོས་
དེ་རིང་གི་ནམ་ཟླ་ཧ་ཅང་འཁྱགས་པས
ངས་གཞི་ནས་རི་བོ་ཞིག་གི་སྐེད་པ་སྤྲིན་གྱིས་བཟུང་ཡོད་པ་ཚོར
ཁ་དོག་གི་རྒྱལ་ཁབ་ལྟ་བུའི་འཇིག་རྟེན་འདིར
ཁྱེད་ཀྱིས་གྱེས་བྲལ་གྱི་སེམས་པ་རུམ་དགོས་བྱུང་བ་ང་ཡི་སྐྱོ་གདུང་དུ་གྱུར
ང་ཚོར་ད་དུང་ཁྱེད་ཅག་ལྟ་བུ་ཉུང་དྲགས་པས
ང་ཧ་ཅང་ཕངས་སེམས་སྐྱེས་ཤིང་སྐྱོ་བས་དུབ
འོན་ཀྱང་སྐྱེ་འཆི་ནི་ཆོས་ཉིད་ཡིན་མོད
གཉིད་མ་སད་པའི་རི་སྡེ་འདི་ནས
ཁྱེད་ཉིད་བཞུད་པ་སྔ་དྲགས་སོང
སྙན་ངག་པ

          ཁྱེད་དང་ཁྱེད་ཀྱི་སློབ་བུ་དག་གིས་ཆེས་ལེན་པར་དགའ་བའི་རྡུང་ལེན་ཞིག
                      ____གཉའ་གོང་ལྷ་བྷེ་ལགས་ལ་རྗེས་དྲན་དུ།
                                       བོང་སྟག་རི་ལུ། 
  ནམ་རྒྱུན་གཞུང་ལས་ཁང་དུ་ཐོན་མ་ཐག  བོད་ཀྱི་རྒྱུགས་ཆེ་བའི་དྲ་བ་སྐོར་ཞིག་ལ་བལྟ་ཀློག་བྱེད་རྒྱུ་ནི་ངའི་འཚོ་བའི་གོམས་གཤིས་ཤིག་ཏུ་ཆགས་འདུག  དེ་རིང་ཡང་སྔར་ལྟར་གཞུང་ལས་ཁང་དུ་ཐོན་མ་ཐག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་སྒོ་ཕྱེས་པ་ན་བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་སྐུ་མྱ་ངན་ལས་འདས་པའི་ཚུལ་དེ་ཐོས་བྱུང་།  ཡིད་སྐྱོ་བའི་སྣང་ཚུལ་འདི་མཐོང་མ་ཐག  ངས་ནི་ལོ་ངོ་དུ་མའི་ཡར་སྔོན་དུ་རང་དང་སྙན་ངག་གི་ལག་རྡང་སྦྲེལ་མྱོང་བའི་ན་གཞོན་སྙན་ངག་པ་འབའ་སེང་སྨྱོན་ལགས་ལ་ཡང་མི་འདོད་རྐྱེན་ངན་གྱི་བར་ཆད་བྱུང་ནས་སྐུ་མྱ་ངན་ལས་འདས་པ་དྲན་ཞིང་།  སྐབས་དེར།  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བས་ཁོང་ལ་རྗེས་དྲན་གྱི་ལེ་ཚན་རབ་དང་རིམ་པ་བསྒྲུབས་ཅིང་། བོད་ཀྱི་སྙན་ངག་པའི་ཤོག་ཁ་གསར་བ་རུ་འབོད་པའི་ན་གཞོན་སྐོར་ཞིག་གིས་མི་རབས་གསུམ་པའི་སྙན་ངག་གི་འདུ་ཚོགས་སྟེང་ནས་ཁོང་ལ་རྗེས་དྲན་གྱི་སེམས་གཏམ་ངུ་ངག་ལ་བསྐྱོན་ཏེ་གྱེར་འདོན་བྱས་ཡོད་པས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བས་གཤེགས་ཟིན་པའི་རང་རེའི་བོད་ཀྱི་སྙན་ངག་པ་གང་མང་ཞིག་ལ་འདི་ལྟར་རྗེས་དྲན་གྱི་ལེ་ཚན་རེ་རེ་སྒྲུབ་པ་ལ་བཀའ་དྲིན་ཞུ་འོས།
 ངས་ནི་ཆུང་དུས་ནས་བཟུང་༼ གངས་རྒྱན་མེ་ཏོག ༽་དང་༼ སྦྲང་ཆར ༽་སོགས་དུས་དེབ་སྐོར་ཞིག་མཚམས་མ་ཆད་པར་བཀླགས་པ་ཡིན་ལ།  བར་སྐབས་ཤིག་ལ། གཉའ་གོང་ལྷ་བྷེ་དང་རི་སྔོན་བླ་མ་ཐར་ཞེས་པའི་མིང་ཚིག་འདི་གཉིས་ནི་དུས་རྒྱུན་༼ གངས་རྒྱན་མེ་ཏོག ༽་ལས་མཐོང་ཡོང་ལ། ཁོ་གཉིས་ཀྱིས་མཉམ་འབྲེལ་གྱིས་བྲིས་པའི་སྙན་ངག་རིང་མོ་དང་ཡང་ན་རང་རང་སོ་སོ་ནས་བྲིས་པའི་སྙན་ངག་གང་མང་ཞིག་ནི་དུས་རྒྱུན་༼ གངས་རྒྱན་མེ་ཏོག ༽་དུས་དེབ་ཀྱི་བར་གསེབ་གང་རུང་ལས་མངོན་ཡོང་།  དེ་བས་གཉའ་གོང་ལྷ་བྷེ་ཞེས་པའི་མིང་ཚིག་འདི་ནི་ང་ལ་མཚོན་ན་ཆེས་རྒྱུས་མངའ་ཡོད་པའི་མིང་ཞིག་ཡིན་ཨང་།
  ལྷག་པར་དུ། ལོ་ངོ་གཉིས་ཀྱི་ཡར་སྔོན་དེ་ངས་དགེ་རྒན་གྱི་ལས་ཀ་སྒྲུབ་དུས་སུ། མཚོ་ནུབ་ཁོངས་གཏོགས་ཀྱི་བོད་ཡིག་དགེ་རྒན་སྐོར་ཞིག་ལ་ཆེས་ལེགས་པའི་གོ་སྐབས་ཤིག་ཐོབ་པ་ནི། ཁུལ་སློབ་གསོ་ཅུའུ་ཡི་བཀོད་སྒྲིག་འོག གཙོད་གྲོང་ཁྱེར་དུ་ཕྱིན་ནས་ཉིན་བཅུ་ཙམ་གྱི་རིང་ལ་སྐད་གཉིས་སློབ་གསོའི་ཕྱོགས་ཀྱི་ཟབ་སྦྱོང་བྱས་པ་དེ་ཡིན་ལ། ཉིན་གུང་ཞིག་ལ་ང་རང་སློབ་གྲྭའི་མལ་ཁང་དུ་ངལ་གསོ་བཞིན་པའི་སྐབས་སུ།  ལས་གྲོགས་དགེ་རྒན་ཞིག་གིས་ཁ་པར་བཏང་ནས་གཙོད་དགེ་ཐོན་སློབ་གྲྭའི་སྒོ་འགྲམ་དུ་བོས་སོང་ལ།  སྐབས་དེར།  སློབ་གྲྭའི་མར་གཤམ་གྱི་ཚོང་ཁང་ཆུང་བ་ཞིག་གི་སྒོ་འགྲམ་ན་ངའི་ལས་གྲོགས་དེ་དང་ཤ་རྒྱགས་ལུས་དར་གྱི་ངོ་མི་ཤེས་པའི་མི་ཞིག་གིས་ང་ལ་སྒུག་འདུག་པ་དེ་ཡིན། མཚམས་སྦྱོར་བྱས་པ་ལྟར་ན། དེ་ནི་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ཡིན་ཏེ། ངའི་ལས་གྲོགས་དེ་དང་ཁོ་གཉིས་ཀྱིས་སྔ་ཉིན་དགོང་མོ་དེ་གའི་ཆང་ཁ་ཞིག་ནས་ངོ་ཤེས་པ་ཡིན་ལ།  ཁ་བརྡ་བརྒྱུད་ང་རང་དེ་གར་ཟབ་སྦྱོང་དུ་ཐོན་ཡོད་པ་ཤེས་པས་ཁོས་བསམ་གཟས་ཏེ་ང་དང་འཕྲད་དུ་ཡོང་བ་ཡིན་ཟེར། དེ་བས། ངེད་གསུམ་གྱིས་ཚོང་ཁང་དེ་ཡི་སྒོ་འགྲམ་གྱི་ཝུ་ཆང་འཐུང་སའི་སྒྲོག་ཙེ་གྲུ་བཞི་མ་དེའི་མཐའ་བསྐོར་ཏེ་ཁ་བརྡ་གང་རུང་བྱས་པ་ཡིན་ལ། ཉིན་མོ་དེར། ང་ལ་མཚོན་ན་སྔ་ཉིན་ཀན་ལྷོའི་མཛེས་སྡུག་གི་རྩྭ་ཐང་མཐོང་རྗེས་སེམས་པ་དབང་མེད་དུ་ཤོར་བར་བརྟེན་ཝུ་ཆང་འགམས་རྒྱུ་མང་དྲགས་པས་ཨ་རག་གི་ཡི་ག་གཏིང་ནས་ཆད་འདུག་ལ། ཝུ་ཆང་ཉུང་ཙམ་དང་ཁ་བརྡ་ཉུང་ཙམ་ལས་བྱེད་མ་ཐུབ་མོད། དུས་ཚོད་ཐུང་ངུ་ཞིག་གི་ནང་ལ་ཁ་བརྡ་བྱས་པ་ལས་མཐོང་ཡོང་བ་ནི་ཁོ་ནི་ཁེར་རྐྱང་པའི་སྙན་ངག་པའི་གྲས་སུ་གཏོགས་ཤིང་། ལྷག་ཏུ། སློབ་གསོ་དང་རྩོམ་རིག་གིས་ཁོའི་མི་ཚེའི་ཆ་ཤས་ཤིག་ཟིན་ཡོད་པར་མ་ཟད། ཁོ་རང་སྡོད་སའི་ཞང་གྲོང་དེ་ན་ལྷད་མེད་དྭངས་གཙང་གི་མིག་ཟུང་བཀྲ་བའི་བྱིས་པ་སྐོར་ཞིག་གིས་ཁོའི་ཤེས་རིག་གི་སྐོམ་ཆུ་ལ་རེ་ཡོད་པ་དང་།  ཁོའི་ཁེར་རྐྱང་གི་སེམས་པར་ཡང་ཆེས་ཁེར་རྐྱང་མིན་པའི་གླུ་སྐད་ཅིག་གཤེགས་ཡོད་པ་ནི་བྱིས་པ་ཆུང་ཆུང་དེ་དག་གི་དཔེ་ཀློག་གི་དབྱངས་རྟ་ཡིན་སྲིད། ངེད་གཉིས་ནི་ཚེ་གཅིག་གི་གྲོགས་པོ་མིན་ལ་ཐ་ན་ཞག་གཅིག་གི་ཆང་གྲོགས་ཀྱང་མིན་ཡང་། ཁོས་ང་ལ་བཤད་པའི་སྐད་ཆ་ཞིག་ངའི་རྣ་ལམ་ན་ད་དུང་ཡང་ལྷང་ལྷང་གྲགས་ཀྱིན་ཡོད་དེ། དེ་ནི་ང་ལ་ཝུ་ཆང་དཀར་ཡོལ་གང་བཀྱགས་པ་དང་ལྷན། ༼ ངས་ནི་ཁྱེད་ཀྱི་གླུ་ཚིག་ཅིག་ནམ་རྒྱུན་བླངས་པ་ཡིན་ལ།དེ་ནི་ངའི་འཛིན་གྲྭའི་སློབ་བུ་དག་གིས་ཀྱང་ནམ་རྒྱུན་ལེན་པའི་གླུ་དབྱངས་ཤིག་སྟེ་ཁ་བྱང་ལ་འུ་ཚང་གི་རྒྱབ་རི་སྨུག་པོ་ཞེས་པ་དེ་ཡིན ༽ཟེར་བ་དེ་རེད། བདག་གི་གླུ་ཚིག་དེ་ནི་བོད་ཁམས་སུ་ཆེས་སྐད་གྲགས་ཆོད་པའི་གླུ་བ་ནམ་མཁའ་དང་དར་མཚོ་གཉིས་ཀྱིས་བླངས་པ་ཡིན་ལ། དེ་རིང་མི་འདོད་རྐྱེན་ངན་གྱི་བར་ཆད་ཐེབས་པའི་འདས་པོ་ཁོ་ལ་མྱ་ངན་ཞུ་བྱེད་དུ་ཁོ་དང་ཁོའི་སློབ་མ་དག་གིས་ཆེས་ལེན་པར་དགའ་བའི་གླུ་ཚིག་ཚན་པ་ཞིག་འདིར་བཀོད་པ་ཡིན་ཏེ། ༼ གངས་རི་དཀར་པོ་འུ་ཚང་གི་རྒྱབ་རི་ཡིན་ན་དགའ་དགའ།། རྫ་རི་སྨུག་པོ་འུ་ཚང་གི་མདུན་རི་ཡིན་ན་སྐྱིད་སྐྱིད།། ལ་དང་ལུང་བ་འུ་ཚང་གི་སྙིང་སྟོབས་ཡིན་ན་དགའ་དགའ།། འགྱུར་བ་མེད་པ་འུ་ཚང་གི་དམ་བཅའ་ཡིན་ན་སྐྱིད་སྐྱིད། །༽ གླུ་ཚིག་འདི་སྒྲ་མེད་སིམ་སིམ་གྱིས་ཡིག་ངོས་སུ་ཕབས་དུས་སུ། ངས་ཁྱེད་དང་ཁྱེད་ཀྱི་བུ་སློབ་དག་དྲན་འོངས་ལ།  ཁྱེད་ཀྱི་བུ་སློབ་དག་གིས་ཁྱེད་རང་དེ་བས་ཀྱང་དྲན་བཞིན་པའི་སྒང་ཡིན་པར་མ་ཟད། ཁྱེད་རང་གློ་བུར་དུ་བཞུད་སོང་བའི་ཉིན་མོ་འདིར། གླུ་ཚིག་འདི་ཡིས་ཁྱེད་ཉིད་འཁྲེང་སའི་ཁྱེད་ཀྱི་བུ་སློབ་དག་ལ་སྙིང་སྟོབས་དང་དམ་བཅའ་གང་རུང་ཞིག་བསྩོལ་ཐུབ་པར་སྨོན་ནོ།།

           སྲང་ལམ་ནས་དེད་པའི་སྙན་ངག་རིང་མོ་ཞིག
                     ______མདོ་སྨད་སྙན་ངག་པ་གཉའ་གོང་ལྷ་བྷེ་གཤེགས་དྲན།
                                       རྒོད་རྒྱལ་བློ་ཕུན། 
           ༡
བླ་བྲང་ན་སྲང་ལམ་མང་བས
<<སྒོ>>ཕྱེ་བའི་ཙིར་སྒྲ་དང
<<རླུང>>གཡུགས་པའི་ཚོར་བ
<<ནམ་མཁའ>>འཁྲིགས་པའི་ངམ་ཚུལ
ཇི་ལྟར་སེམས་ལ་གཟན
          ༢
ཡུམ་བུ་བརླ་མཁར་ནམ་མཁར་བཏེགས་ནའང
བཙན་པོའི་ཉི་གཞོན་ལོ་ཟླའི་རྡུལ་དང་འདྲེས་ཏེ
འཇའ་ཡིག་སྣ་མང་བསང་ཁྲིའི་མེ་རོར་གྱུར་བས
ཤུལ་དུ་ལུས་པ་ནི     དར་ལྕོག་གི་ཁེར་སྡུག་ཡྰ
         ༣
ཁྱོད་ཀྱི་སྒོ་གླེགས་ནས་བུ་མོ་དེས་ངུ་ཤུམ་བྱེད་པའི
འབྲོག་མོ་ཞིག་གི་མགོ་བོ་སྨད་པའི
སྙན་ངག་དང་མེ་ལོང་གི་གཟུགས་རིས་དེར
ངས་ཡང་ཡང་བལྟ་བཞིན་གདའ
          ༤
ཡར་ཀླུང་གཙང་བོར་འཕྲིན་པ་ཞིག་བསྐུར་རྗེས
སྙན་ངག་རིང་མོ་ཞིག་ཆང་དམ་གང་དང་བཏུང་རྗེས
གཉའ་གོང་ལྷ་བྟེ་གཉའ་ཁྲི་བཙན་པའི་ནང་བློན་དུ་བསྐོ་རོགས
                               ༢༠༡༣ལོའི་ཟླ་༤ཚེས་༡༧ཉིན་ལྷོ་ཁར་བྲིས།  
 
           སྙན་ངག་པ་བཞུད་སོང་།  (ཁག་གཉིས)
                       ----འདས་པོ་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ལ།
                                        སྤྱན་གསུམ་པ།

སྙན་ངག་པ་བཞུད་སོང་།
སྙན་ངག་ལུས་སོང་།

སྙན་ངག་པ་བཞུད་སོང་།
བསམ་བློ་ལུས་སོང་།

སྙན་ངག་པ་བཞུད་སོང་།
གྲོགས་པོ་ཚོས་ཁྱེད་རང་དྲན་བཞིན་ཡོད།

            ཡང་སྐྱར་ལྷ་བྷེ་ལ་མྱ་ངན་དུ་ཕུལ་བ།

དཔོན་ངན་རྣམས་གསོན་དུས་ངོ་སོ་མཐོ་ནའང་།
ཤི་དུས་ཁྱི་སྐྱག་ལས་ངན་དོན་ཅི།

ཤེས་རབ་ཅན་རྣམས་གསོན་དུས་ཉམ་ཆུང་ནའང་།
གཤེགས་དུས་ཉི་མ་ལྟར་གཟི་བརྗིད་ཆེ་དོན་གང་།

ལྷ་བྷེ་ལགས་ཀྱིས་བསམ་བློ་ཡི་སྒྲོན་མེ་སྦར་ནས།
མུན་ནག་ལ་མིག་ཟུང་གང་མང་གནང་།

སྙན་ངག་པ་ལགས།
ཁྱོད་གསོན་དུས་མིག་འོག་ནས་བོར་ནའང་།
ཁྱོད་ཕེབས་དུས་མིག་མདུན་དུ་ལངས་བྱུང་།

ད་ལྟ།  ངས་ཁྱོད་ཀྱི་སྒྲོན་མེ་བཟུང་ནས།
འཇིག་རྟེན་གྱི་མུན་པ་ཀློག་བཞིན་ཡོད།
              ༢༠༡༣-༢-༢༠ཉིན་སེམས་ཀྱི་ཉི་ཟླ་རྫོང་ནས།
 
           མུན་ནག་ལ་བཏབ་པའི་ཀི།(ཞར་བཀོད་གཅིག་ཡོད)
                     ______གྲོགས་ལྷ་བྷེ་ལགས་ལ་རྗེས་དྲན་དུ།
                                         ཐང་སྲས་རྟ་ལོ།

ཁ་པར་ལས་ཐོས་པའི་སྐད་ཆ་དེ་དག
རྣོ་དང་ལྕགས་ཀྱིས་མ་བརྡུངས་རུང
མཐོང་རེག་བྲལ་བའི་ཁྲག་ཐིགས་འགའ་ས་ལ་ཟགས
འཛིན་ཐབས་མེད་པ་དེའང་ཐག་པ་ཞིག་ཡིན་པས
ང་རང་དམ་དུ་བསྡམས་སོང
སེམས་པ་ཅི་ལྟར་ལྷོད་ལ་ཕབ་རུང
ཀློའུ་འཛུམ་གྱི་སྤར་ཁ་མ་ལྷོད་པས   ངས་ཨ་རག་དྲན
ཨ་རག་གིས་མ་ཁྲོལ་བའི་མདུད་པ་དྲན
མདུད་པ་དེའི་གསེང་ནས་ཁྲག་ཐིགས་འགའ་ཟགས་པ
ཁྱོས་མི་ཡུལ་ལ་བཏང་བའི་གསང་བརྡ་ཡིན་པ
ངས་གཞི་ནས་ཚོར་འོང

སྙིང་གི་གྲོགས
མུན་ནག་འདིའི་ངོ་གདོང་ཅི་འདྲའི་གཙང་རུང
ཁྱེད་རང་གཅེར་བུར་སོང་བའི་ནག་ཉེས་དེ
སེམས་ཀྱིས་མཐོང་ས་ནས་འོད་དུ་དོད་འོང་།
       ༢༠༡༣༠༢༢༠
            
           ཐམ་ཀ་དཀར་བོ།
ར་ཡི་བཟི་དྭངས་དུས
འཆི་བདག་ལས་འཇིགས་པའི་མི་ཡུལ་གྱི་ངོ་གདོང་མཐོང་སྟེ
ཁྱེད་རང
སྒྲུབ་ཕུག་དམར་བོའི་དྲོད་ཁོལ་ལ་མ་ཆགས་པར་ཆས
ཤ་དང་ཁྲག་གི་ཁུར་བོ་མ་ཁུར་རུང
སེམས་པའི་དྲོད་ཀྱིས་ཚོན་རྩི་བྱུགས་སའི་གྲོགས་པོ་ཚོ
ཐ་སྙད་ཀྱི་གྲལ་ན་གསོན་ཡོད་པས
ངས་ཁྱེད་ཀྱི་དོན་དུ་མིག་ཆུ་མ་བཏང
ཁོ་དང་འདར་གྱིས་རྩེད་ཆས་སུ་བྱས་མྱོང་བའི་ཕུང་བོ་དེ་རང་སར་འཐོར་དུས
མི་ཚོས་འཕྱ་འཛུམ་ཀེར་ཏེ་ཀློའུ་ཞིག་ཟེར་ས་དེའང
མུན་ནག་གི་གདོང་ལ་བཏབ་པའི་ཐམ་ཀ་དཀར་བོ་ཞིག༢༠༡༣༠༤༠༡

          གྲོགས་ཀྱི་ནང་མ་སྙན་ངག་པ་གཉའ་གོང་ལྷ་བྷེ་མཆོག་ལ་མྱ་ངན་གྱི་ཚབ་ཏུ།
                                          རོང་བོ་དགེ་འདུན་ལྷུན་འགྲུབ།                            

ལུས་ཀྱི་ཐོ་ཡོར་རྗེས་སུ་བསྐྱུར་ཅིང་།། ནང་གི་རྣམ་ཤེས་རླུང་གིས་ཁྱེར་བའི།།
བར་མ་དོ་རུ་འཁྱམས་པའི་གྲོགས་པོ།།བདེན་པའི་ལམ་སྣ་དཀར་བོས་དྲོངས་ཤིག།

ཕན་ཚུན་སེམས་ཀྱིས་འཚོས་པའི་ལོ་ཟླ།།རྨ་ལམ་ཐུན་གཅིག་ནང་ནས་བོར་ཡང་།།
མཛའ་བའི་མུ་ཏིག་སྤུངས་པའི་ནོར་བུ།།དཀོན་མཆོག་མཆོད་པའི་རྟེན་དུ་ཕུལ་ཡོད།།

ནམ་ཞིག་བསགས་པའི་ལས་ཀྱི་མདུད་པ།།གང་ལ་ཐེབས་པའི་སྨོན་ལམ་དཀར་པོ།།
མཉམ་དུ་སྒྲོན་པའི་སྐལ་བ་བྱུང་ན།།དབྱངས་ཅན་འགྲམ་པའི་བསུང་ཞིམ་རྔུབ་ཆོག།
               
             གཉོམ།
                                         རྨ་འོད།

མི་སྔ་མི་འགྱངས་མཚན་གྱི་གུང་ལ།།འཆི་བ་འདི་ཡང་རླུང་བཞིན་འཇབ་ཏེ།།
སེམས་པའི་ལྷས་ཀྱི་མེ་ཏོག་རྐང་གཅིག།གློ་བུར་བཏོག་པའི་སྐད་འདི་སྐྱོའང་།།

རིང་ཡང་རིང་ལ་ཐུང་ཡང་ཐུང་བ།།མི་ལོ་བཞི་བཅུའི་རྐང་ལམ་གྱ་གྱུ།།
དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ་བ།།ཐོབ་ཤོར་བརྩན་པའི་སྙན་ངག་དམར་བོ།།

མ་ཐུག་མ་འཛོམས་མི་ལོ་བཅུ་གསུམ།།མ་བརྗེད་མ་གླེང་ཡུན་ཐུང་འདི་ལ།།
འོད་ཀྱིས་བསྟར་བའི་དབྱངས་གསལ་རི་མོ།།མིག་གིས་འཚོས་པ་བགྲང་གིས་མི་ཆོད།།

མ་འགལ་མ་གྲོས་དམིགས་འདུན་དྭངས་མོ།།མ་སླད་མ་སྦགས་མཛའ་འོ་དཀར་བོ།།
མ་བཅོས་མ་མཐུད་ལས་ཀྱིས་འདྲེས་པ།།ད་ལྟ་ད་དུང་རླངས་པ་འཐུལ་བ།།

སུ་ཡང་མི་འགྲོའི་ངེས་པ་མེད་ལ།།སུས་ཀྱང་མོས་པའི་བསུ་བ་མེད་ཀྱང་།།
སྔ་འགྲོ་གཞུག་འགྲོ་མགོ་ནག་མི་འདི།།ཅི་འདྲ་གཉོམ་ལ་དེ་འདྲ་ཆུང་བ།།

སྒུག་སྒུག་འདྲ་བའི་འཆི་བ་བསམ་བཞིན།།གཡར་གཡར་འདྲ་བའི་ལུས་འདི་བྱིལ་བཞིན།།
ཡིག་དྲུག་ལན་གསུམ་དབྱངས་ལ་བསྔོས་པ།།ཐོལ་གྱིས་གནས་དེར་འབྱོར་བ་ཨེ་བྱུང་།།
                       
          གྲོགས་ལྷ་མོ་དོན་འགྲུབ་མི་ཡུལ་དང་གྱེས་པའི་གཏམ་ངན་ཐོས་རྗེས།
                                          སྒྱིས་ཚང་རྟ་མགྲིན་སྐྱབས།

 ཁྱེད་ཀྱིས་བྲིས་པའི་རི་མོ་དེ།། སྨུག་པའི་ཀློང་གི་རི་མོ་བཞིན།།
ཆུ་མོའི་འགྲམ་གྱི་ནེའི་གསིང་བཞིན།།ང་ཚོའི་སེམས་ཀྱི་གཏིང་རིམ་ན།།

ཁྱེད་ཀྱིས་བྲིས་པའི་སྙན་ངག་དེ།།ཆུ་ཆེན་བཞུར་བའི་རླབས་ཕྲེང་བཞིན།།
དུང་ཆེན་བུས་པའི་སྒྲ་དབྱངས་བཞིན།།ང་ཚོའི་སེམས་ཀྱི་གཏིང་རིམ་ན།།

ཁྱེད་ཀྱིས་བཞག་པའི་བགས་ཆགས་དེ།།མཁའ་མཐའི་འཇའ་ཚོན་ཟླུམ་པོ་བཞིན།།
སྲོད་ཀྱི་མཚམས་སྤྲིན་སེར་པོ་བཞིན།།ང་ཚོའི་སེམས་ཀྱི་གཏིང་རིམ་ན།།

བདེ་བར་བཞུད་ཅིག་གྲོགས་པོ་ལགས།།དྭངས་ཤིང་གཙང་བའི་སྨོན་ལམ་ཡོད།།
བརྩེ་བ་ཟབ་མོའི་རྗེས་དྲན་ཡོད།།དེའི་ཕྱིར་ཁྱེད་རང་ཁེར་རྐྱང་མིན།།

         འོང་འཕྱི་བའི་མིག་ཆུ་ཐིགས་པ་གཅིག
                —ལྷ་བྷེ་རྗེས་སུ་བཙལ་བ།
                                         གེའུ།

ལྷ་བྷེས་པིན་ཁྲུ་༡ཞིག་བསྐོར་ཏེ་ཨ་ཞང་༢ཚང་ལ་བུད་སོང
ཁོའི་ཨ་མས་སྐྱེ་འཆིའི་ཡང་སྙིང་རྟོགས་ན་ཡང
ན་ཚོད་ཀྱིས་རང་སྔོན་མ་མིན་པར་ཞེ་སྡུག་པོ་བྱུང
སྤུན་སྲིང་གཞན་དག་རང་རང་གི་བུ་ཕྲུག་དང་མཉམ་པོར
ལོ་གསར་ཞེས་པའི་སྨད་འཚོང་མ་ཞིག་གི
སྐེ་ལ་འཁྱུད་ཅིང་སྟེང་ལ་ཞོན

ལྷ་བྷེ་བྱ་འཕུར་བ་ལྟར་ཨ་ཞང་ཚང་ལ་ཐོན་རྗེས
མིག་ཆུའི་བགྲོད་ལམ་ཁེགས་པའི་མ་ཡུམ་མ་མཐོང་ལ
ཆང་གི་མཚོ་ལ་རྐྱལ་དུས་བོར་སོང་བའི་གནའ་བྱུར་ཞིག་སྟེ
རི་སྔོན་བླ་མ་ཐར་༣ཡང་མིག་གིས་མ་ཟིན

ངས་ཅོར་རིགས་འཇམ་དཔལ་སྐྱབས་༤ཀྱིས་བཙུར་བའི་འཆལ་སྤྱོད་དེ་ལ
གློས་ཤིག་རེད་ཅེས་ཚིག་ཐག་བཅད་ཡོད
དོན་ངོ་མ་ལྷ་བྷེ་ནི་ཅོར་འཇམ་གྱི་དཔར་ཤིང་རེད
དོན་ངོ་མ་ལྷ་བྷེ་ནི་གློས་ཤིག་རེད
ཁོས་གློས་ཞེས་པའི་སྒྲུང་དེ་འུ་ཚོར་བྲིས་པ་རེད་ལ
དོན་དུ་འུ་ཚོ་ད་གཟོད་དྭངས་མདོག་ཁ་བའི་གློས་ཤིག་ཡིན་སྲིད་དམ

ཆོས་ཤུལ་གསང་བདག་༥གིས་ཁོ་དང་མཉམ་པོར་ཆང་འཐུང་མྱོང
ཁོའི་སྨྱོ་རྟགས་ཨེན་ཙམ་པོས་ལྷ་བྷེར་འགྲན་མ་ཐུབ་པའི་བཟོ་ཞིག་འདུག
གློས་ཞེས་པའི་སྒྲུང་དེ་དེ་དུས་ནས་འབྲི་ཡིན་ཡོད་རབས

ལྷ་བྷེའི་རང་གི་ཤུལ་དུ་རྩོམ་ཡིག་སྒམ་གང་དང
ཁུ་བ་སྒྱེ་མོ་གང་བཞག་སྟེ
བོད་ལྭ་གྲལ་དག་ཅིག་གྱོན་ནས་བུད་སོང
རྩོམ་དག་དེབ་དུ་འཁོད་དེ་མི་རིང་བར་མིག་སྔར་བཀྲམ་ངེས་ཤིང
ཁུ་བའི་ཐིག་པ་རེ་རེ་སྨད་འཚོང་མ་རེ་རེའི་སྙིམ་མཐིལ་དུ་བཞག་སྟེ
ལྷ་བྷེ་ལྟ་བུའི་སྙན་ངག་པ་ཞིག་བོད་ཡུལ་ལ་ད་དུང་བཙའ་ཨེ་ཐུབ་ལ་རེ་བ་ཞུ་རྒྱུ་ཡིན

ལྷ་བྷེས་རི་མོ་འབྲི་རབས  ང་རི་མོ་ལ་དགའ
ལྷ་བྷེས་སྙན་ངག་འབྲི་རབས  ང་སྙན་ངག་ལ་ཡང་དགའ
ལྷ་བྷེ་བརྩེ་དུངས་ལ་སྐྲག་ནས་སྨད་འཚོང་མ་བསྟེན་པ་དང
ང་མྱི་ཁར་སྐྲག་ནས་ཞིས་མོ་མ་བཙལ་བ་ཡང་ཧ་ཅང་འདྲ

ཁ་ནུབ་ལྷ་བྷེའི་ཕྱོགས་སུ་འདང་རེ་བརྒྱབ་སྟེ
བླ་མ་ཐར་གྱི་སྐད་ཆ་དེ་དག་ལ་བལྟས
སྐྱབས་ཆེན་༦གྱིས་ད་གཟོད་ཁོ་སྐྱེལ་ས་ཞིག་ལ་བསྐྱལ་ཡོད་པ་ཤེས་ཤིང
རང་གི་མིག་གཡོན་པའི་མིག་ཆུ་ཕྱིས་ཏེ
ཡང་སྙིང་ངུ་དོན་ནི་ཅི་ཡིན་པ་ཧ་མ་གོ

ཡིག་འབྲུ་དག་གི་རྗེས་འདེད་ཡུན་རིང་བས་ཨེ་ཡིན
དུ་བ་རྐང་བཅུ་ལྷག་མཐུད་ནས་རྔུབ་པས་ཨེ་ཡིན
ཁོའི་བུ་ཕྲུག་ཚོར་སྙིང་ཉེ་ཞིང་ཤ་ཚ་བ་ཨེ་ཡིན

སྔོན་གྱི་ལྷ་བྷེ་ལྟ་བུའི་ཤ་དར་ཁྲག་དར
གསར་བུའི་ཉམས་མ་ལུས་འཛོམས་པའི་རྨ་ཆུའི་གེའུས༧
ཁྱོད་ལ་སྙན་ངག་འདི་འདྲ་ཞིག་བྲིས་ཡོད
སྡེ་བས་དེ་ནི་རྗེས་དྲན་ཞིག་ལ་ཨེ་འགྲོ་ཟེར་ན་ཐང་མོད
གང་ལྟར་ངས་འདི་བྱས་འབྲི་རྒྱུར་སེམས་ཐག་བཅད་ཟིན

               ༢༠༡༣/༤/༡༨

༡、པིན་ཁྲུ༼  Benz  ༽…འཇར་མན་པ་༼  戴姆勒  ༽ཏའེ་མོའུ་ལི་ཡིས་༡༨༨༦ལོར་གསར་བཏོད་བྱས་པའི་འཛམ་གླིང་སྒང་དུ་གྲགས་ཆེ་བའི་རླངས་འཁོར་ཞིག་ཡིན་ཞིང་༡༩༠༩ལོར་རླངས་འཁོར་གྱི་མཚོན་རྟགས་སུ་བསྒྲགས།  
༢、ཨ་ཞང་ཚང…གཤིན་ཡུལ་ལ་ཀུ་རེ་ཡི་སྒོ་ནས་འབོད་ཚུལ་གཞན་ཞིག་གོ
༣、རི་སྔོན་བླ་མ་ཐར…ལོ་རབས་བདུན་ཅུ་བར་སྐྱེས་ཤིང་ཆེད་ལས་གསོ་རིག་ལས་ཞོར་སྙན་ངག་ཡིན་པའི་གསར་བུ་ཞིག་སྟེ།  འདས་པོ་ལྷ་བྷེའི་གྲོགས་མཆོག་དང་མཐའ་མཇུག་གི་གཤིན་སྡུད་མཁན་ནོ།།
༤、ཅོར་འཇམ…ལྷ་བྷེའི་ཅི་བྱས་མིག་ལ་ཡག་ཅིང་སེམས་ཁོང་དུ་འདས་པོ་དང་རྟེན་དུ་ཉར་མཁན།   ད་དུང་སྤྱོད་པ་ཡང་ཁོ་ལ་རིག་བསྒྲེ་མཁན་གཅིག་པུ།   དུས་རབས་ཉེར་གཅིག་པའི་བོད་ཀྱི་སྙན་ངག་པ་ཞིག་ཀྱང་ཡིན།
༥、ཆོས་ཤུལ་གསང་བདག…བོད་ཀྱི་སྙན་ངག་པའི་སྡེ་གསར་མི་རབས་བཞི་བའི་ཚོགས་མི།   ལོ་བཅུ་དྲུག་མན་ལ་ཇག་པ།   དེ་ནས་བྲོས་བྱོལ་བ།   རྗེས་ནས་སློབ་མ།  ད་མཚམས་སྙན་ངག་པར་མ་བཏགས་ཚད་མེད་པ་ཞིག
༦、སྐྱབས་ཆེན་བདེ་གྲོལ…དུས་རབས་ཉེར་གཅིག་པའི་བོད་ཀྱི་སྙན་ངག་པ་ཞིག  བརྩམས་སྒྲུང་དང་སྙན་ངག   ཆོས་ལུགས་དང་འགྱུར་མ་སོགས་ལ་རྩལ་གྱི་གཤོག་པ་གཉིས་ཆ་ལྡན་པ་ཞིག
༧、གེའུ…བོད་ཀྱི་དེང་རབས་སྙན་ངག་པའི་སྡེ་གསར་མི་རབས་བཞི་བའི་ཚོགས་མི།   ཁོག་སྨད་སྙན་ངག་ལ་དབང་འབྱོར་བ་མདའ་བཙན་པོའི་གཤོག་ཡར་གྱུར་ཅིང་རང་གི་ཕྱི་པགས་ལ་ཡིད་ཆེས་བླ་མེད་མངའ་བས་གམ་གྱི་མིར་ཡང་དོགས་མི་བདེ་བའི་ཚོར་བ་སྦྱིན་མཁན་གཅིག་པུའོ།།

            དེ་རིང་ང་ཡི་སྙན་ངག་པ་ཞིག་བཞུད་སོང་།
                                        
བསང་ཆུ་འབྲུག་བྷེ།
   ༢༠༠༣ལོར་ཕྲན་གུས་པོ་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གི་ར་ལོ་ཁྱི་སྡོམ་བཞིན་རང་གི་ཕ་ཡུལ་གངས་རིའི་ཡུལ་དང་མཚོ་ཆེན་སྔོན་མོའི་ཁྱིམ་ཚང་དེར་སླར་རེ་ལོག་པའི་གོ་སྐབས་རག་ཅིང་། སྐབས་དེར་རང་གི་དགའ་ཁ་འཁྱེར་ཕྱོགས་ཀྱི་དབང་གིས་ན་སྙན་ངག་པ་གང་མང་དང་ལྷན་དུ་འགྲོགས་འདྲིས་ཀྱི་སྐལ་བ་ཐོབ་ཅིང་། ཁོ་ཚོ་དང་ཇ་ཞོར་ཆང་ཞོར་ལ་ལབ་གླེང་སྣ་ཚོགས་རེ་བྱས་པ་དུས་ད་ལྟའང་དྲན་འཛིན་གྱི་ཡིད་དུ་བརྟན་ཅིང་འོད་དུ་འཚེར།
སྤྱིིར་སྙན་ངག་དང་མཛེས་སྡུགརང་དབང་ཐད་བཅས་ཀྱི་རྩོམ་རིག་གི་དཔའ་མཛངས་ལྡན་པའི་བདག་ཉིད་ཅན་ཚོ་དང་། རྒྱ་དམར་དང་ཐོབ་ཐང་སོགས་གླེང་བཞིན་པའི་ཆབ་སྲིད་དྲིལ་སྒྲོག་པ་ལྟ་བུ་ཞིག་གི་ཟོལ་གྱི་བར་དུ་གླེང་མོལ་རེ་མེད་པ་ཧ་ཅང་གསལ་ཡང་། ཁོ་ཚོའི་དཀྱེལ་ཡངས་བློ་ཆེན་གྱི་བསམ་བློ་དེར་ང་རང་ནམ་ཡང་ཡིད་སྨོན་ནས་ཡོད། རེ་བས་བརྟས་ནས་ཡོད། དུས་རྟག་ཏུ་་་་་་
སྙན་ངག་པ་དེ་དག་གི་དཀྱུས་ན་སྐྱབས་ཆེན་བདེ་གྲོལ་ཟེར་བའི་ཇག་པ་ཞིག་དང་། རི་སྔོན་བླ་མ་ཐར་ཟེར་བའི་འུག་པ་ཞིག གཉའ་གོང་ལྷ་བྷེ་ཟེར་བའི་སྨྱོན་པ་ར་བཟི་ཞིག་སོགས་ཡོད། ཁོ་ཚོས་སེམས་ཁོང་གི་ན་ཟུག་ཕྱི་རུ་གཏོར་ཅིང་། ཟུངས་ཁྲག་གི་ནུས་པ་འཛད་མཐའ་མེད་པ་ཞིག་བོད་ཡུལ་གྱི་དར་རྒུད་ཆགས་འཇིག་དང་འབྲེལ་ནས་སྙག་ངག་ཅེས་པའི་མཛེས་སྡུག་དེའི་ཆེད་དུ་བསྟིམས་ཡོད་པ་སུ་ལང་འགྲེལ་དགོས་དོན་མེད། ལྷག་པར་དེ་རིང་ང་ཚོ་དང་གཏན་དུ་བྲལ་བའི་ན་སྙན་ངག་པ་གཉའ་གོང་ལྷ་བྷེ་ནི་ཕྲན་དང་འགྲོགས་ཡུན་ཐུང་ཞིང་།རྒྱུས་ཡོད་ནས་རྒྱུས་མེད་ལྟ་བུ་ཞིག་ཡིན། འདས་པོ་གང་གི་གྲོགས་མཆེད་ན་སྙན་ངག་པ་རི་སྔོན་བླ་མ་ཐར་གྱིས་ནམ་རྒྱུན་ཕྲན་ལ་སྙན་ངག་ཅེས་པ་ནི་སྡུག་བསྔལ་མྱོང་བྱེད་ཅིག་དང། སྙན་ངག་འབྲི་བ་ནི་དམྱལ་ཁམས་འགྲིམས་པ་གཅིག་མཚུངས་ཡིན་པའི་ནང་སེམས་དྲོན་མོ་རེ་ཡང་ཡང་བསྟན་མྱོང་། ངེད་གཉིས་འབོ་ར་ཡུལ་ཚོ་སྨན་ཁང་ཞིག་ནས་ཁང་མིག་གཅིག་དང་ཉལ་ཁྲི་གཅིག་གི་སྒང་ནས་དགའ་རོགས་ལྟ་བུའི་ལབ་གླེང་སྣ་ཚོགས་བྱས་དུས་ཁོང་གིས་ང་ལ་གཉའ་གོང་ལྷ་བྷེ་ཟེར་བའི་སྙན་ངག་པ་འདི་སེམས་ལ་བརྫངས་ཤིང་། ཡིད་ལ་དྲན་དུ་བཅུག
༢༠༠༤ལོར་སྟོན་ཁ་ཞིག་ལ་ཀན་ལྷོ་བོད་ཀྱི་རྩོམ་པ་བོའི་ལྷན་ཚོགས་ཞིག་གཙོས་གྲོང་ཁྱེར་དུ་འཚོགས་ཤིང་། སྐབས་དེར་ན་སྙན་ངག་པ་གཉའ་གོང་ལྷ་བྷེ་དང་མཇལ་འཛོམས་ཀྱི་བསྐལ་བ་ཐོག་མ་དང་མཐའ་མ་ཡིན། དུས་དེར་ཁོང་གི་འཇམ་གཤིས་མི་གཞི་དང་རྣམ་དག་གི་བསམ་བློ། མི་རིགས་དང་རྩོམ་རིག་ཐད་དཔའ་མཛངས་བློས་བསམ་གྱི་ཕུགས་བསམ་རིང་མོ་ཞིག་བཀྲུས་ནས་ཡོད་པ་དེར་ཡིད་སྨོན་བླ་ལྷག་སྐྱེས། དེའི་མཚུངས་སུ་བླ་མ་ཐར་དང་མཉམ་འབྲེལ་གྱིས་མཛད་པའི་༼རླུང༽ཞེས་པ་དང་༼ནམ་མཁའ༽ཞེས་པ།༼སྒོ༽ཞེས་པའི་སྙན་ངག་རིང་མོ་དེ་གཉིས་གངས་རྒྱན་མེ་ཏོག་གི་འདུ་ར་བཤམས་པ་ནས་བཟུང་ བོད་ཁུལ་གྱི་སྙན་ངག་པ་མང་བོས་ཁ་པར་སོགས་བརྒྱུད་ལམ་སྣ་མང་ནས་ཁོང་གཉིས་ལ་རྟེན་འབྲེལ་དང་ཁ་ཡག་སྙན་མོ་རེ་རག་མྱོང་།
ལྷག་པར་འདས་པོ་སྙན་ངག་པ་ཁོང་ཉིད་བོད་ནང་གི་ཡུལ་ཚོའི་གྲོང་གསེབ་ཁུག་ཀྱོག་ཅིག་ནས་སྒོམ་ཉམས་ལེན་པ་དང་བྱ་བཏང་པ་ཅི་བཞིན་ཁེར་རྐྱང་ངང་རྩོམ་རིག་ཅེས་པའི་བདག་ཉིད་འདིའི་ཆེད་དུ་ཟུངས་ཁྲག་ཅི་ལྟར་ཕུལ་ཡོད་པ་ཁོང་གི་གསར་མའི་བརྩམས་སྒྲུང་དང་ཤུལ་བཞག་རྩོམ་ཡིག་དེ་དག་ལས་ཤེས་རྒྱུ་ལྷག་བསྡད་ཡོད།
གང་ལྟར་ཕྲན་གྱི་སེམས་ན་བརྟན་ཅིང་བརླིང་བའི་སྙན་ངག་པ་ཞིག་འདི་ལྟར་བཞུད་སོང་།དེ་རིང་ང་ཡི་སྙན་ངག་པ་ཞིག་འདི་བཞིན་བཞུད་སོང་།
                             2013 . 2.21ཉིན་ས་མཐའི་གྲུ་ག་ཞིག་ནས།
 
         འཕྱུར་བའི་མེ་ལྕེ་ཞིག་རླུང་གིས་ཕྱགས།
                 ----ཆེས་ཐག་ཉེ་ས་ནས་ཤོར་པའི་གྲོགས་དམ་པ་གཉའ་གོང་ལྷ་བྷེ་ལགས་ལ་རྗེས་དྲན་དུ།
                                         འཛམ་གྲགས།

ལོ་ངོ་བཅུ་ཕྲག་གཅིག་གི་སྔ་རོལ་ལ/
དཔྱིད་དུས་ཀྱི་རླུང་བུ་ལྡང་པའི་དུས་ཚོད་ཅིག་ཏུ/
ཀླུ་ཆུའི་གཡུ་འབྲུག་མགྲོན་ཁང་ནས/
གྲོགས་པོ་ཞིག་གིས་ནུབ་བྱང་ནས་མཐར་ཕྱིན་པའི་སློབ་གྲོགས་ཞིག/
ཀླུ་ཆུ་རུ་དགེ་རྒན་བྱེད་དུ་སླེབས་འདུག་ཟེར/
ཁོ་ནི་སྙན་ངག་པ་ཞིག་ཡིན་པ་དང་མིང་ལ་ལྷ་བྷེ་ཟེར་བ་ངོ་སྤྲད/
འོ   གཉའ་གོང་ལྷ་བྷེ/དུས་དེ་ནས་བཟུང/ ངས་ཁོ་རང་ངོ་ཤེས་སོང/
དེ་ལྟར་དུ/ཕན་ཚུན་འབྲེལ་འདྲིས་དང་གདོང་ཐུག་གི་གོ་རིམ་ཁྲོད་ནས/
སྐད་ཅིག་ཙམ་ལ་མི་ལོ་བཅུ་ཕྲག་ལྷག་ཟད་ཐལ/
དེ་རིང་ཁོ་བུད་སོང/ གཏན་ཏུ་ཕྱིར་འོང་མེད་པའི་ཐག་རིང་དུ་བུད་སོང/
ཚེར་མའི་ན་ཟུག་གི་སྡུག་བསྔལ་མྱོང་གིན/
མི་ཡུལ་ལ་འཁྲེང་བའི་མནར་གཅོད་ཀྱི་བརྩེ་དུངས་ལུད་ཀྱིན/
བདག་གི་ཆེས་ཐག་ཉེ་ས་ནས་གྲོགས་དམ་པ་སྐར་མདའ་བཞིན་ཤོར་སོང/

སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས/
ཁྱེད་ཀྱིས་བཤད་པ་དག་བདེན་པ་དཀར་པོ་ཡིན་ལ/
ཁྱེད་ཀྱིས་བྲིས་པ་དག་ཚོར་ཤེས་གསོན་པོ་ཡིན/
ཁྱེད་རང་ངོ་ཤེས་པ་ནས /ཁྱེད་ཀྱི་བྲང་གཞུང་གཅེར་བུ་ཡིན/
ཁྱེད་ལ་རྒྱུས་ལོན་པ་ནས/ཁྱེད་ཀྱི་སེམས་པ་དམར་རྗེན་ཡིན/
ཁྱེད་ནི་སུ་ཞིག་ལ་ཕྲད་རུང/ཁྱེད་ཀྱི་རང་གཤིས་ངོ་མ་ཡིན/
ཁྱེད་ནི་གང་ཞིག་ཏུ་སོང་ཡང/ཁྱེད་ཀྱི་སྤྱོད་སྟངས་དག་མ་ཡིན/
འཕྱོན་མ་དང་རྭ་བོ་ཞིག་ལས་སུ་ཞིག་གིས་བཟོད་བསྲན་བྱེད་སྲིད་ཨང/

གྲིབ་གཟུགས་ཁྲོད་ཀྱི་མི་རྣམས་དང་མཐའ་གཅིག་ཏུ་རྒྱབ་འགལ་ཏུ་གྱུར་བའི/
ཁྱི་གུ་འདྲ་བའི་རྣམ་ཤེས་ཀྱི་ཕུང་ལ་ངོ་ལོག་བྱེད་བཞིན/
ཁྱེད་ཀྱིས་སྙན་ངག་ཤེད་ཀྱིས་འབྲི་འདོད/ན་ཟུག་སྐྱུག་པ་ལོས་ཡིན/
རྣོ་ངར་གྱི་སྨྱུ་གུ/ དུག་གྲི་ཞིག་དང་མཚུངས་པས/
ངོ་ཤ་མཐུག་པོའི་གདོང་འབག་བཀག་སོང/
ཤུབས་ལ་འཛུལ་བའི་གསང་རས་གཤགས་སོང/  
མི་ལ་ལས་བཤད་ན/ཁོ་ནི་སྨྱོན་པ་ཞིག་རེད་ཟེར/  མི་ལ་ལས་བཤད་ན/ཁོ་ནི་མི་རྐྱང་ལྡོམ་པོ་ཞིག་རེད་ཟེར/
མི་ལ་ལས་བཤད་ན/ཁོ་ནི་དགེ་རྒན་ཞིག་ཡིན་རབས་ཟེར/
ཁོས་ཉག་ཕྲ་བའི་སློབ་གསོ་གླེང་བཞིན་ཡོད་ཟེར/
ཁ་ཤས་ཀྱིས་བཤད་ན་ཁོ་སྤྲང་པོ་ཞིག་ཡིན་ཟེར/
ལ་ཤས་ཀྱིས་བཤད་ན་ཁོ་གད་སྙིགས་སུ་ཉལ་འདུག་ཟེར/
འགའ་ཤས་ཀྱིས་བཤད་ན་ཁོ་ཡུལ་མེད་འཁྱམ་པོ་ཞིག་ཡིན་ཟེར/
ད་དུང་ཁོ་ལ་རྫོབ་རུལ་འཐུལ་བཞིན་འདུག་ཟེར/
ལ་ལས་ཁོ་ནི་གཞན་དང་མི་བསྟུན་པའི་མི་བུ་ཞིག་ཡིན་ཟེར/
ལ་ལས་ཁོ་ནི་གློའུ་ཁོ་ཐག་ཞིག་ཡིན་ཟེར/
གང་ལྟར་ངས་བསམ་ན/ ཁོ་ནི་སྙན་ངག་པ་རྐྱང་རྐྱང་ཞིག་ཡིན/
ཁོ་བོ་མི་བུ་ཕལ་བ་ཞིག་ག་ལ་ཡིན/ མི་རབས་འདི་དང་དུས་རབས་ཤིག་གི/
བོད་ཀྱི་དམིགས་དཔེར་འཇོག་འོས་པའི་སྙན་ངག་པ་འབའ་ཞིག་ཡིན/
ཁོ་ལ་རྒྱབ་རྟེན་མེད   ཆུང་མ་མེད   ཁྱིམ་ཚང་ཡང་མེད   
ཁོ་ལ་རྒྱུ་མེད   དབང་མེད   སྙན་གྲགས་ཀྱང་མེད
ལན་རེར་དངོས་གནས་སྲང་ལམ་སུ་ཉལ་དུས་ཡོད་ལ
མཚམས་རེར་གད་སྙིགས་སུ་གཉིད་དུས་ཀྱང་ཡོད
ཟས་ཟ་འཕྲོ་དང་གོས་ལྷག་འཕྲོ་གྱོན་དུས་ཡང་ཡོད

ཁོ་བོ་དུས་རྟག་ཏུ་བོད་ལྭ་གྱོན་རྒྱུར་དགའ་པོ་ཡོད
ཁོ་བོས་སྲང་ལམ་དང་མཁར་ཤུལ་རེ་ནས
དགུན་འཁྱགས་ཀྱི་མཚན་མོ་འཁྱོལ་དུས་གང་མང་ཡིན

གང་ནས་བསྡད་ན་མི་རིགས་དང
གང་ལ་སོང་ན  སྙན་ངག་མིན་དུས་མེད
ཁོར་འཚོ་བ་དང་སྤྱི་ཚོགས་ཀྱིས་གཅིན་གྱིན
ལུས་ཕུང་ན་ཟུག་གིས་ཟས
ནང་སྙིང་སྡུག་བསྔལ་གྱིས་བསྣུབས
སེམས་ཁམས་སྙན་ངག་གིས་བསྒྲོན

ཁོས་ཆང་བཏུང་དུས་ང་ལ་ཁ་འཛིང་བྱས་མྱོང/
ཁོ་བཟི་དྲག་དུས་ང་ལ་སྡུག་གཏམ་བཤད་མྱོང/
ཁོ་བོར་མི་ཡུལ་འདི་ནས་ཞེ་ཐོགས་ས་ཁོ་ན་ནི/
བླ་བྲང་མཐའ་བ་ཞིག་གི་ཁྱམས་འོག་ན་གཅིག་པུར་ལུས་པའི་/
ལོ་ན་བདུན་ཅུ་བརྒལ་པའི་མ་རྒན་དེ་ཁོ་ན་ཡིན/

ཁོས་མིག་ཆུ་བཏོན་མྱོང/   ཁོས་སྙིང་གཏམ་བཤད་མྱོང/
ཁོ་བོས་ལས་དབང་གླེང་མྱོང/  ཁོ་བོས་མི་ཚེ་འདི་ཡང་གླེང་མྱོང/
ཁོ་བོས་མི་ཡུལ་འདིར་བཞག་པ/ སྙན་ངག་པ་ངོ་མ་ཞིག་གི་སྣང་བརྙན་དང/
མི་ཡུལ་ལ་བོད་ཡིག་གི་སྙན་ངག་བྲིས་པའི་ཀ་ཁའི་འོད་མདངས་དེ་ཡིན/

མི་ཚོགས་སྔར་བཞིན་སྟུག /འཚོ་བ་སྔར་བཞིན་རོལ/
གཙང་བོའི་འགྲམ་གྱི་མེ་ཏོག་ཅིག་ཆུ་ལ་སྐུར་བཞིན/
ཨ་སྔོན་གྱི་ཟླ་བ་ཁེར་འགྲོ་སྤྲིན་གྱིས་སྒྲིབ་བཞིན/
ཝུ་ཆང་མཉམ་དུ་མཆོད་པའི་ཀུ་ཅོ་ཙམ་ལས/
ང་ཚོས་ཁོ་ལ་ཅི་ཡང་སྦྱིན་མ་སོང/
གྲོགས་པོ་ཚོས་ཁོ་ལ་ཅི་ཞིག་གི་རོགས་རམ་བྱེད་མ་ཐུབ/
མི་ཡུལ་ཡ/     ཁྱོད་ཀྱིས་ཁོ་ལ་བྱིན་པ་ཉུང་དྲག་སོང/

ཁོ་བོའི་གྲོགས་པོ་རི་སྔོན་བླ་མ་ཐར/
རྣམ་ལོ/    རྟ་མགྲིན /  མཁའ་འགྲོ  /
ད་རུང་བཞུད་ལམ་གཅིག་ན་ཡོད་པའི་རྩོམ་གྲོགས་དེ་ཚོ/
ཁོས་དུས་རྒྱུན་ཏུ་ཁྱོད་ཚོ་བོར་མེད་ལ/ ཁྱོད་ཚོ་སྙིང་ནས་གཅེས་མྱོང/

ཁྱེད་ཚོས་ཁོ་ལ་ཅི་ཞིག་བྱས་སོང་/  ཁྱེད་ཚོར་བཞག་པ་ཅི་ཡིན/
གྲོགས་པོ་ལགས/   ཁྱོད་ཚོས་ཁོ་རང་དྲན་གྱིན་ཨེ་ཡོད/
ཁྱོད་ཚོས་ཅི་ཞིག་བྱ་རྩིས་ཡོད/ ཁྱོད་ཚོས་ཁོ་རང་དྲན་ཨེ་མྱོང་/
ཁྱོད་ཚོས་ཁོ་རང་གླེང་ཨེ་མྱོང་/ ཁོ་བོས་མི་ཡུལ་ལ་བཞག་པ/
ཁྱོད་ཚོས་ཅི་ཞིག་ཡིན་པ་རྟོགས་ཨེ་ཡོད/

ཁྱོད་ཚོས་ཁོ་ལ་ཅི་ཡང་བཤད་མི་དགོས/
འདི་ནི་ཁོའི་འཚོ་བ་ཡིན་ལ/  ཁོའི་བསམ་བློ་རེད/
ཁོ་བོའི་འཇིག་རྟེན་ངོ་མ་རེད/ ཁྱོད་ཚོར་ཐེ་ཚོམ་སྐྱེས་མི་དགོས/
ཚིག་པ་ཟ་མི་དགོས/ ཁོ་བོ་གཙང་མ་གཙང་རྐྱང་གིས་བཞུད་སོང/

གྲོགས་པོ་ལགས/ཁྱོད་ཚོའི་རྣ་བས་ཅི་ཞིག་གླགས་མྱོང་/
ཁྱོད་ཚོའི་མིག་གིས་ཅི་ཞིག་མཐོང་མྱོང/
ང་ཚོས་ཁོ་ལ/    ཅི་ཡང་བྱས་མེད/
ཁོ་ལ་རོལ་དབྱངས་ལྟ་བུའི་སྙན་རྩོམ་ཡོད/
ཁོ་ལ་ཉི་ཟེར་ལྟ་བུའི་བསམ་བློ་ཡོད/
ཁོ་ལ་གཞན་དང་མི་མཚུངས་པའི་སྡུག་བསྔལ་མྱོང་བའི་མཉམ་ལེན་ཡོད/

ཁོའི་འཚོ་གནས/   ཁོའི་གོམས་སྲོལ/
ཁོའི་སྐད་ཆ/    ཁོའི་བརླ་རུས/
ཁོ་ལ་སུ་ཞིག་གི་དོ་ཟླ་ཡོད/
ཁོ་ནི་སུ་ཞིག་དང་འདྲ་བ་ལས་རིང་དུ་བརྒལ་ཡོད/
ཁོ་བོ་ལས་སྙན་ངག་པ་གཙང་མ་ཞིག་གང་ན་ཡོད/
           ༢༠༡༣ལོའི་སྤྱི་ཟླ༤པའི་ཚེས་༡༥ཉིན་ཀླུ་ཆུ་རྫོང་མཚོ་ཉིན་ཡུལ་ཚོའི་གཞུང་སྒྲུབ་ཁང་ནས་གྲོགས་དྲན་པའི་མཆི་མ་དང་སྙན་ངག་གི་མཆོད་མེ་ལ་སྒྲོན།
 
          སྙན་ངག་གི་སྐྱེལ་མ།ཡིག་དྲུག་གི་བསྔོ་བ།
                      _____སྙན་ངག་པ་གཉའ་གོང་ལྷ་བྷེ་མཆོག་ལ་མྱ་ངན་ཞུ།

                                           འབྲོག་ཁ་མང།

༡
ཕྱོགས་རིས་དབེན་པའི་ཤོག་སྨྱུག་རྒྱང་ལ་བསྐྱུར།། ཤ་ཉེ་ཡུལ་མི་སྲིན་པོའི་ཡུལ་དུ་བཞག།།
ཅི་ཡང་མ་བཤད་གང་ཡང་མི་འཁྱེར་བར།། འདི་ལྟར་ཁ་རོག་འགྲོ་བ་སྔ་ནས་སོང།།
གྱེས་ཚིག་ལག་བརྡ་ཙམ་ཡང་མ་བྱུང་བར།། སྐད་ཅིག་ཉིད་དུ་གཞན་ཡུལ་འགྲིམ་སོང་སྐད།།
དགའ་གུས་ཡིད་རང་མངའ་སའི་མི་བུ་ཁྱོད།། ཁ་ཁུ་སིམ་པོར་ཞིང་ཁམས་གང་དུ་བཞུད།།
༢
རྒྱུ་མཚན་མེད་པར་ཁ་ཁར་གྱེས་ན་ཡང།། ཆ་རྐྱེན་མེད་པར་སོ་སོར་འཐོར་ན་ཡང།།
ཀླད་ཁོག་མཉོམ་པོའི་འདུ་ཤེས་ཟབ་མོ་དེ།། སྣང་བ་འདི་དང་བྲལ་དུ་མེད་པར་མཛོད།།
མི་འདོད་ཡུལ་དུ་བཙན་གྱིས་ཁྲིད་ན་ཡང།། རི་མཐོ་ས་གཙང་གཡུགས་ནས་སོང་ན་ཡང།།
རིགས་ཞེན་འགུང་ལ་འཕྱོ་བའི་ཕོ་རྒོད་ཁྱོད།། དྲན་པའི་ཀློང་ན་རྟག་ཏུ་བཞུགས་པར་འཚལ།།
ཅི་ཡང་མི་ཡོང་གང་ཡང་མི་འཇོན་ངས།། སྟོན་པའི་མཛད་རྣམ་དམ་པའི་གསུང་མཇལ་ནས།།
བསགས་པའི་དགེ་བ་ཅུང་རེ་ཡོད་ན་ནི།། གཅིག་ཀྱང་མ་ལུས་ཁྱེད་ཀྱི་ཕྱོགས་སུ་བསྔོ།།
 
           ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།            
 
          སྙིང་ཉེ་བའི་གྲོགས་དམ་པ་གཉའ་གོང་ལྷ་བྷེ་ལགས་བུད་ཐལ།
                                           ཅོར་འཇམ།༼ལན་ཀྲུ༽

  ཆེས་སྤྱིར་བཏང་གི་ཉི་མ་ཞིག་ལ་ཡང་ན་ཆེས་རྒྱུན་ལྡན་གྱི་ཕྱི་དྲོ་ཞིག་ལ་བདག་གི་གྲོགས་དམ་པ་གཉའ་གོང་ལྷ་བྷེ་ལགས་གློ་བུར་བླ་བྲང་གི་སྲང་ལམ་ནས་གཏན་བྲལ་དུ་བུད་སོང་།  ཁོང་གིས་ཀླུ་ཆུ་རྫོང་བོད་ཡིག་སློབ་ཆུང་དུ་དབྱངས་གསལ་གྱི་ལུག་ཁྱུ་ངག་གིས་འཚོ་བའི་བུ་མོ་དཀར་མོ་བློས་བཏང་ནས། ལོ་ན་བདུན་ཅུར་སོན་པའི་དྲིན་ཆེན་ཨ་མ་བློས་བཏང་ནས། སྙིང་ཉེ་བའི་མིང་སྲིང་བཞི་བོ་ཡང་བློས་བཏང་ནས།ཡང་ན་འབྲི་འཕྲོར་ལུས་པའི་སྒྱུ་རྩལ་བརྩམས་ཆོས་《གློའུ་ཞིག》བློས་བཏང་ནས།  ཆུང་མ་ལྟ་བུའི་མི་ཚེའི་ལམ་གྲོགས་ཀྱི་སྙན་ངག་གཙང་མ་བློས་བཏང་ནས། མི་ལོ་བཞི་བཅུའི་སྒོ་ཐེམ་ལ་འཛེགས་པའི་ཉིན་གཉིས་པར་ཁོང་གི་ཚེ་སྲོག་ལ་བཞི་ཤད་བྲིས་ཤིང་ཡང་ན་ད་ལོའི་ཧོར་ཟླ་དང་པོའི་ཚེས་གཉིས་ཉིན། ཁོང་གི་མི་ཚེ་ལ་མཐའ་མཇུག་གི་རྫོགས་ཚིག་བཀོད་པ་འདི་ཤིན་ཏུ་ཕངས་ཤིང་ཕངས་ཨང་།
  ༢༠༡༣ལོའི་ཟླ༢པའི་ཚེས༡༩ཉིན་གྱི་དགོང་མོའི་དུས་ཚོད་བཅུ་བ་གཟུར་ལ་ཉེ་བའི་དུས་དེར།  རྩོམ་གྲོགས་རི་སྔོན་བླ་མ་ཐར་གྱིས་ཁ་པར་བཏང་བྱུང་།ཁ་པར་ལས་རྒྱུ་མཚན་དེ་དེ་ལྟར་ང་ལ་བཤད་བྱུང་། གློ་བུར་དུ་ངའི་སེམས་སུ་གློག་ཞགས་འཁྱུག་ཐེངས་ཤིག་གིས་འཇིགས་སྐྲག་བསླངས་བ་བཞིན་དུ་འཆི་བ་དང་འཆི་བདག་གིས་གྲོགས་པོ་ཐག་རིང་དུ་ཁྱེར་སོང་བ་དང་ཁོང་གི་བེམ་པོ་ཉིན་ཞག་དགུ་ལ་བདག་མེད་དུ་ཉེན་རྟོག་པའི་ཁང་སྟོང་ཞིག་ནས་འཁྱག་པས་བསྡམས་པའི་ངང་ཚུལ་དེ་དག་བསམ་ན། ང་ལ་རང་དབང་མེད་པར་དངངས་སད་བརྒྱབ་བྱུང་། ཨ་ཨ། ཡི་མུག་པའི་འཚོ་ཐབས་དེ་དང་སེམས་སྐྱོ་བའི་མི་ཚེ་དེ་ལ་བསམ་བློ་རེ་བཏང་ན་རང་དབང་མེད་པར་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ཟུག་རྔུ་དྲག་པོ་ལངས་ཤིང་བཟོད་ཐབས་བྲལ་བའི་གྱེས་གདུང་གི་རྦ་རླབས་འཕྱུར།
  ཕལ་ཆེར་ལོ་ངོ་བཅུ་ཕྲག་གཅིག་གི་གོང་ལ་གྲོགས་ལྷུན་གྲུབ་ཀྱི་ངོ་སྤྲོད་བརྒྱུད་དེ་ཀླུ་ཆུ་རྫོང་ཐོག་ནས་གཉའ་གོང་ལྷ་བྷེ་དང་ཆེས་ཐོག་མར་ངོ་ཤེས་ཙམ་གྱི་འབྲེལ་བ་ཆགས། ད་ལྟ་ཕྱིར་དྲན་རེ་བྱས་ན་ཉིན་དེར་ང་ཚོས་ཆང་ཁང་ཆུང་ཆུང་ཞིག་ནས་ཆུང་རག་འཐུང་གིན་སྙན་ངག་རྐྱང་རྐྱང་གི་བརྗོད་བྱ་ཁོ་ནས་ཁ་བརྡ་བྱས་པ་ཡིན། ཡིན་ན་ཡང་སྐབས་དེར་ང་ནི་སློབ་མ་ཞིག་ཡིན་ལ་ལྷག་ཏུ་ཁོང་གི་སྙན་ངག《རྨ་ཆུའི་རབ་ཁ》དང《རོལ་དབྱངས་ཀྱི་ཟམ་ཆུང》《ནམ་མཁའ》སོགས་ཀྱི་ཀློག་པ་པོ་ཞིག་ཡིན་པས་ཁོང་ལ་རེ་བ་བཅིངས་བའི་སྐུལ་མ་དང་ཡང་ན་ཡིད་སྨོན་གྱི་བསྟོད་ཚིག་ཙམ་སྒྲོག་པ་ལས་གཞན་རྩོམ་གཤིས་དང་སྙན་ངག་གི་མི་གཤིས་སོགས་སྟེ་རྩོམ་རིག་གི་བརྡ་ཆད་གང་ལའང་ཆ་རྒྱུས་ཆེན་པོ་མེད་པས་ཟུར་ཉན་པ་ཞིག་གི་ངང་ཚུལ་ཙམ་མོ། ཉིན་དེའི་ཕྱི་དྲོ་ང་ཚོ་རང་རང་གི་སར་འགྲོ་ཁར་ཁོང་གིས་བཤད་ན་དོ་ནུབ་མུན་ནག་པའི་མཚན་མོ་འདི་བེད་སྤྱད་དེ་ངས་སྤྲང་བོ་ཚོ་རྡོ་འཁྱག་སྟེང་ཉལ་ནས་ནམ་ཕུད་པའི་སྡུག་བསྔལ་གྱི་ཚོར་བ་ངོ་མ་བོ་དེ་མྱོང་རྒྱུ་ཡིན་ཟེར་ནས་ཡུལ་ལ་འགྲོ་འདོད་མ་ཡོད། ཨུ་ཚུགས་ཀྱི་གཤིས་ཀ་དེ་དང་གཟབ་ནན་གྱི་སྣང་བརྙན་རེ་རེ། ད་དུང་སྙན་ངག་ལྟ་བུའི་ཚོར་སྣང་གི་སྡོམ་ཆུང་དེ་དག་ལས་སྐབས་དེར་ང་རང་ཁོང་ལ་ཧ་ལས་སོང་།
  དེའི་རྗེས་སུ་ཁོང་ཆེད་དུ་ང་སར་སློབ་གྲྭའི་ནང་དུ་ཐེངས་ཁ་ཤས་ལ་ཡོང་མྱོང་། ང་ཚོའི་འཛིན་གྲྭའི་སློབ་གྲོགས་ཚོ་ལ་ངས་མཚམས་སྦྱོར་བྱས་ཤིང་རྩོམ་རིག་ལ་དགའ་ཕྱོགས་ཡོད་མཁན་དག་ལ་ཁ་བརྡ་ཡང་བྱས་མྱོང་། བདག་གི་སློབ་གྲོགས་ཚོས་ཀྱང་ངོ་མ་སྙན་ངག་པ་ཞིག་རེད་ཟེར། ཁོང་ནི་ལྕེ་དབང་རྣོན་པོ་ཅན་གྱི་བཤད་ལ་མཁས་པའི་འཕྲུལ་རྐྱལ་ཞིག་མ་ཡིན་ལ་ཡང་ན་རང་ཉིད་ཡིན་ཡིན་འདོད་པའི་རྒྱགས་སྣང་གིས་ཁེངས་པའི་སྒམ་ཚུགས་ཅན་དེ་དག་དང་མི་འདྲ་བར། ཧ་ཅང་ལྷོད་ལྷོད་དང་བབ་ཆགས་ཀྱི་མི་གཤིས་ལྡན་པའི་བཅོས་མ་མ་ཡིན་པའི་མི་བུ་ཞིག་རེད་ཟེར། ཁོང་གིས་ཆེས་སྤྱིར་བཏང་གི་སྒོ་ནས་སྐད་ཆ་རེ་བཤད་ན་གོ་རྒྱུ་ཅན་དང་ཚིག་རྐང་གཅིག་བཤད་ན་ཡང་སྙན་ངག་གི་བྲོ་བ་ཡག་པོ་ཡོད་པས་སློབ་གྲོགས་ཚོ་ལའང་བརྗེད་དཀའ་བའི་བག་ཆགས་ཟབ་མོ་བཞག་སོང་། རྗེས་སུ་ང་ཚོའི་འཛིན་གྲྭ་དང་སློབ་གྲྭའི་ཁོར་ཡུག་ག་གེ་མོ་རེ་ནས་ཁོང་དང་འབྲེལ་ཏེ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་སྙན་ངག་གི་གོ་བབ་བཅས་ལ་སློབ་གྲོགས་ཚོས་མཉམ་དུ་རང་སྣང་གི་རྩོད་པ་དང་གཅིག་མཐུན་གྱི་སྐད་ཆའང་བཤད་མྱོང་། ཁོང་ནི་རྒྱུ་དང་དབང་ཁེ་གང་ལ་ཡང་རྒྱང་ཐག་རིང་བའི་རིག་གནས་པ་རྣལ་མ་ཞིག་དང་མཚན་དང་སྙན་གྲགས་གཉིས་ཀྱི་འདོགས་ཐག་གིས་སྣེ་ནས་མ་བཟུང་བའི་རྣལ་འབྱོར་བ་ལྟ་བུ་ཞིག་ཡིན་པའི་ཆེས་ཐོག་མའི་བག་ཆགས་དེ། ཡང་ན་བདེན་པ་བདེན་ཐོག་ཏུ་སྨྲ་བའི་དམར་རྗེན་རྗེན་གྱི་སྐད་ཆ་གསོང་བོར་བརྗོད་པའི་གྲུབ་ཆེན་པ་ལྟ་བུའི་དུངས་ཞེན་དེ། ད་དུང་ཁོང་གིས་ཐ་མག་འཐེན་ཞོར་དུ་ཁ་བརྡ་བྱེད་པའི་གོ་རིམ་དེ་དང་ཆང་རག་འཐུང་བཞིན་དུ་བསམ་གཞིགས་གནང་བའི་ཉམས་སྣང་དེ་དག་ད་ལྟའང་ད་དུང་བདག་གི་མིག་ལམ་ན་ཡལ་བ་མི་འདུག
  ༢༠༠༢ལོའི་སྤྱི་ཟླ་དྲུག་པར་ང་རང་སློབ་མཐར་ཕྱིན་ཏེ་ཕྱིར་ཕ་ཡུལ་དུ་ལོག་དུས་ཁོ་རང་ཡང་ང་ཚོའི་རྫོང་ཁོངས་སུ་དགེ་རྒན་བྱས་འདུག  སྐབས་དེར་ངེད་གཉིས་ནམ་རྒྱུན་འབྲེལ་གཏུག་བྱས་པ་ཡིན།  ཁོང་གིས་བཤད་ན་སྔོན་ཆད་ནུབ་བྱང་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་བསང་ཆུ་རྫོང་ཆུ་སྔོན་ཡུལ་ཚོ་ནས་ཁྲལ་དོན་གཞུང་ཞབས་པའི་ལས་ཀ་གཉེར་མྱོང་ཟེར། ལས་རིགས་དེ་ལ་ཞྭ་མོ་དང་བཅས་པ་ཁ་དོག་སྔོན་པོ་ཡིན་པའི་གཅིག་གྱུར་གྱི་ལས་ལྭ་གྱོན་རྒྱུ་འདུག  ཁོང་གིས་བཤད་ན་ལྭ་དེ་རང་གི་ལུས་ལ་གྱོན་ན་འོས་འཚམས་མ་ཡིན་པའི་སྣང་བ་ཞིག་འདུག་ཟེར། རྒྱུ་མཚན་གཞུང་ཞབས་པའི་ལས་ཀ་དེ་གཉེར་དགོས་ན་རྒྱུ་ཆེན་ཚོར་ཁ་ཡག་ངོ་དགའ་བྱེད་པའི་སྤྲེལ་ལད་ཀྱི་ཟློས་གར་འཁྲབ་དགོས་པ་དང་འཚོ་ཐབས་སྡུག་པོའི་འཚོ་བ་ཉམ་ཐག་ཡིན་པའི་མི་སེར་ཚོ་ལ། རང་ཉིད་ཆེན་པོ་ཡིན་མདོག་གི་རྫིག་ཉམས་སྟོན་པའི་ཧ་པ་སེང་གེ་བྱེད་པའི་ལས་ཀ་དེ་ནི་གཏན་ནས་རང་གི་གཤིས་ཀ་དང་མི་འཚམ་པས། ལྭ་བ་དེ་གྱོན་དུས་སུ་ཕྱིར་རང་ཉིད་ལ་དགོད་རྒྱུ་ལངས་འོང་ཟེར། ཁོས་སྔོན་ཆད་ལྭ་དེ་གྱོན་ནས་པར་ཞིག་ཀྱང་བླངས་ཡོད་མོད་ད་ལྟ་འདྲ་པར་དེ་ལ་བལྟས་ན་རང་ཉིད་མི་རྫུན་མ་ཞིག་ལོས་ཡིན་འདོད་པའི་སྣང་བ་ཞིག་འདུག་ཟེར། དེ་བས་ལས་རིགས་དེ་དངོས་གནས་བསྒྲུབ་མ་འདོད་པར་ཆེད་དུ་དགེ་རྒན་གྱི་ལས་གནས་ལ་བརྗེ་སྤོར་བྱས་པ་ཡིན་ཟེར། ཁོང་རང་དགེ་རྒན་གྱི་ལས་གནས་ལ་ངོ་མས་སྤྲོ་སེམས་ཅན་གྱི་དགེ་རྒན་རྣམ་དག་ཅིག་ཡིན། ནམ་རྒྱུན་དུ་ཁོང་གིས་སློབ་གསོའི་ཡང་སྙིང་ནི་ཚུགས་ཐུབ་ཅན་གྱི་མི་གཞི་རྣལ་མ་ཞིག་སྐྱེད་བསྲིང་བྱེད་རྒྱུ་ནི་ཆེས་གལ་ཆེན་པོ་ཡིན་ཟེར་བ་དང་ཁོང་ནི་དགེ་རྒན་གྱི་ཀུན་སྤྱོད་དང་ཡོན་ཏན་གྱི་ཆུ་ཚད་གཉིས་མཉམ་མཉམ་དུ་བྱེད་དགོས་པའི་ལྟ་སྟངས་འཛིན་མཁན་ཞིག་ཀྱང་ཡིན། ༢༠༠༢ལོའི་ལོ་དེ་ནས་བཟུང་ང་ནི་ཁོང་དང་ཅུང་ཐག་ཉེ་བའི་མི་སྣ་ཞིག་ཏུ་འགྱུར་འགོ་བརྩམས་སོང་། གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་ལ་ང་རང་ཁོ་སར་སོང་སྟེ་ཡར་མར་གང་ཡིན་གྱི་ཁ་བརྡ་བྱེད་པ་དང་གློག་བརྙན་གྲགས་ཅན་ལ་མཉམ་དུ་བལྟ་བ། ཕན་ཚུན་ལ་དཔེ་ཆ་ངོ་སྤྲོད་རེས་བྱེད་པ། བོད་ཀྱི་རིག་གནས་ཀྱི་སྡེ་ལ་ཐོས་བསམ་གྱི་མིག་མྱུལ་དང་སྐྱེད་སྦྱངས་ཀྱི་ཚོད་བགམ་བྱེད་པ། ཡང་ན་སྙན་ངག་གི་མཚོན་ཐབས་བཅས་ལ་རྒྱང་མཇལ་དུ་ཀློག་འགྲེལ་སོགས་བྱས་པ་ཡིན། སྐབས་དེར་ཁོ་ལ་ན་གཞོན་སྙན་ངག་པ་ཞིག་གི་གསོན་ཤུགས་ཀྱིས་ཁྱོན་ནས་ཁེངས་ཤིང་རིག་གནས་ལ་ཚེ་གཅིག་གཞོལ་བའི་དཔའ་བོ་ཡ་མེད་ཅིག་བྱེད་འདོད་ཀྱི་སྙིང་སྟོབས་ཤིག་སྟག་མོ་བཞིན་མཆོངས་རྩེད་བྱེད་ཀྱིན་འདུག  ལྷག་པར་དུ་གཙང་ཐག་ཆོད་པའི་སྙན་ངག་པ་ཅིག་ཏུ་འགྱུར་བར་ཤེས་རབ་ཀྱི་རལ་གྲི་རྡོ་ལེབ་ཀྱི་ངོས་སུ་གཙུབ་བརྡར་བྱེད་པའི་རང་ཉིད་གཤགས་བཅོས་ཀྱི་ངོ་ལོག་ཅིག་ཀྱང་གློག་དམར་བཞིན་འོད་འཁྱུག་འཁྱུག་བྱེད། ད་དུང་ཁོང་ནི་ལྷ་རིས་དང་རི་མོ་འབྲི་བ་ལ་ཧ་ཅང་མཁས། ༢༠༠༣ལོར་ཕ་ཡུལ་མཚོ་སྔོན་རེབ་གོང་རྐ་སེར་སྡེ་བ་ནས་ཡིན་པའི་ལྷ་རིས་པ་ཀླུ་བྷེ་དང་ཁོང་གཉིས་མཉམ་འབྲེལ་བྱས་ཏེ་རས་གཞིའི་ངོས་སུ་ཕོ་བྲང་པོ་ཏ་ལའི་འདྲ་རིས་ཧ་ཅང་ཆེན་པོ་ཞིག་བྲིས་མྱོང་། ཁོང་ནི་རི་མོ་འབྲི་དུས་ཚོན་སྣ་སྡེབ་པ་དང་སྐྱ་ཐིག་འདེབས་པ་གང་ལ་མཚོན་ནའང་ལག་རྩལ་ཁྱད་མཚར་ལྡན་པ་ཞིག་ཡིན། དེ་ལྟར་ཟ་ཟུར་དང་མདུན་རྒྱབ་གང་ནས་བསམ་ན་ཁོང་ནི་ཤེས་རབ་རྣོ་བའི་སྙན་ངག་པ་ཞིག་དང་གོ་རྟོགས་མཐོ་བའི་བསམ་བློ་བ་ཞིག་ཡིན་པར་མཐའ་གཅིག་ཏུ་བདག་གིས་སྨྲ་བར་སྤོབས།
  ༢༠༠༤ལོའི་རྒྱ་ལོའི་ཚེས་གཅིག་ནས་ཚེས་བདུན་བར་དུ་ངེད་གཉིས་ཀྱིས་མཉམ་འབྲི་བྱས་པའི་སྙན་ངག་རིང་མོ《མྱ་ངན་སྒང》དང《མེད》ཅེས་པ་གཉིས་བརྩམས་མྱོང་།དེ་དུས་ཁོ་ནི་ཆུང་མ་དང་བཟའ་འཁོན་བརྒྱབ་སྟེ་ལོ་སར་ལ་གཅིག་པུ་ཁང་སྟོང་དུ་བསྡད་འདུག་པས་ངས་ཁོ་ལ་འདུག་རོགས་བྱེད་ཞོར་དུ་མཉམ་འབྲེལ་བྱས་པ་ཡིན། ད་ལྟ་དེ་དག་ཡིད་ལ་དྲན་ན་དངོས་གནས་བརྗེད་དཀའ་ཞིང་ཡིད་དུ་འོང་བའི་དུས་ཚོད་ཅིག་སྟེ། སྐབས་དེར་དགུན་ཟླ་འཁྱག་པས་བསྡམས་པའི་ས་ཁང་ཆུང་ཆུང་ཞིག་ནས་ཁོང་གིས་ཆང་རག་འཐུང་སྟེ་ཁ་ངོ་དམར་སྨུག་ཏུ་གྱུར་བ་དང་ངས་ཀྱང་ཐ་མག་འཐེན་གིན་དུ་བ་ཁོག་ལ་རྔུབ། ས་ཁང་ཆུང་ཆུང་དེའི་ནང་དུ་ནག་རོག་རོག་གི་ལྕགས་ཐབ་དེ་ལ་རྡོ་སོལ་སྟོབས་ཀྱིས་བུས་ཤིང་མདུན་ཅོག་གཅིག་གི་ཁ་གཏད་ནས་སྙན་ངག་བྲིས་ཤིང་བྲིས་ཚར་རྗེས་ཕན་ཚུན་ཀློག་མྱོང་བྱས་ཤིང་ཡང་བསྐྱར་ཁང་བ་ཆུང་ཆུང་དེར་མི་ཤོང་བའི་དགོད་སྒྲ་ཆེན་པོ་ཞིག་མཉམ་དུ་འདྲེས་མྱོང་། སྐབས་དེར་ང་ནི་ཁོ་ལ་དངོས་གནས་ཧ་ལོས་པོ་བྱུང་སོང་། ཁོང་གིས་ཆང་རག་འཐུང་གིན་སྐབས་རེར་སྙན་ངག་གི་མ་ཡིག་ངག་ནས་གྱེར་བ་དང་དེའི་འཕྲོར་ཤོག་ངོས་སུ་ཐད་ཀར་ཤར་དུ་ཕབ་རྗེས་འབྲུ་གཅིག་ཀྱང་བརྗེ་སྤོར་སོགས་བསྐྱར་བཅོས་བྱེད་མི་དགོས་པ་དེ་བསམ་ན་ང་རང་ཁོང་གི་ཤེས་རབ་ཀྱི་སྟོབས་ལ་ངོ་མ་སྨོན་སེམས་ཤོར་མྱོང་ཡོད། ༢༠༠༥ལོ་ནས་བདག་ཀྱང་ཀླུ་ཆུའི་རྫོང་ཁོངས་སུ་དགེ་རྒན་གྱི་ལས་གནས་ལ་ཞུགས་པ་དང་དུས་དེ་ནས་བཟུང་ངེད་གཉིས་འབྲེལ་གཏུག་མང་བོ་བྱེད་མ་ཐུབ། ཡིན་ན་ཡང་ཆེས་མ་མཐའ་ཟླ་བ་གཅིག་གཉིས་ལྷག་གི་རྗེས་ལ་ཐེངས་གཅིག་རེ་ཙམ་ཕལ་ཆེར་འབྲེལ་ཐག་ཆད་མ་མྱོང་ཟེར་ན་ཡང་ཆོག ལོ་དེ་ནས་བཟུང་ཁོང་གིས་བརྩམས་སྒྲུང་མང་དག་ཅིག་རྩོམ་འབྲི་གནང་ཡོད་ཤས་ཆེ། ཁོང་གིས་སྔར་བཞིན་དུ་འདང་རྒྱག་ཟབ་པའི་ན་ཟུག་གི་ཆང་རག་ཚོད་མེད་དུ་བསྟེན་པས་ཆུང་མ་དང་གཏན་འགལ་གྱི་གས་ཀ་དེའང་རིམ་གྱིས་ནག་ཐིགས་ཤིག་དང་འདྲ་ན་ཉིན་རེ་ནས་ཉིན་རེར་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ་མཐའ་མར་དག་ཐབས་བྲལ་བའི་རྨ་ཁ་ཞིག་ཏུ་གྱུར་ཏེ་གཏན་འགལ་དུ་སོང་སྟེ་གཉེན་འཐོར་བརྒྱབ་སོང་། ཁོང་གི་ཆེས་ཐོག་མའི་ཆུང་མའི་མིང་ལ་རྣམ་རྒྱལ་འཚོ་ཟེར་ལ་ཁོ་གཉིས་ནི་དམའ་འབྲིང་གི་སློབ་གྲོགས་ཡིན་པ་དང་ཆུང་དུས་སློབ་སྦྱོང་བྱེད་རོགས་ཀྱི་གྲོགས་པོ་དྭངས་མ་ཡིན་ཟེར། རྗེས་སུ་ནར་སོན་རྗེས་ཁོ་གཉིས་སུ་ལ་མཚོན་ན་ཡང་ཕྱིན་དྲན་གྱི་ནམ་མཁའི་ངོས་སུ་ནམ་ཡང་བསུབ་ཐབས་མེད་པའི་སྣང་བརྙན་མང་བོ་མང་བོ་ཞིག་ཁྱུ་དང་ཁྱུ་བྱས་ཏེ་ཡོར་ཡོར་གཡོ་བས་སློབ་འབྲིང་གི་འཚོ་བ་དེ་སེམས་དང་བསམ་པའི་བར་གྱི་གཉུག་མའི་ཆགས་པ་ལ་གཟུགས་མེད་ཀྱི་སྐུད་པ་ཞིག་གིས་དམ་དུ་སྦྲེལ་བའི་རྒྱུ་རྐྱེན་ཉག་གཅིག་ཏུ་གྱུར་སོང་བ་མ་ཡིན་ནམ། རྣམ་རྒྱལ་འཚོ་ནི་ཁོང་ལ་བློ་དཀར་བའི་གཞུང་བཟང་གི་ཆུང་མ་ཞིག་ཡིན་པ་དང་རང་གི་བུ་མོ་དཀར་མོ་ཡང་མ་འོངས་པ་ན་སྙན་ངག་འབྲི་ཤེས་མཁན་ཞིག་ལ་འགྱུར་བར་རེ་བ་འཛིན་མཁན་གྱི་མི་ཆེས་ཐོག་མ་དེའང་ཡིན་སྲིད། ད་དུང་ཁོང་གི་སྙན་ངག་དག་ལ་བདག་རྒྱག་ཡག་པོ་བྱེད་པ་དང་དུས་དེབ་ཁང་སོགས་ལ་ཁོ་མོས་དུས་རྒྱུན་དུ་སྙན་ངག་བསྐུར་གྱིན་འདུག བརྩམས་ཆོས་དག་ཉར་ཚགས་བྱེད་པ་སོགས་ཁོ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་གྱི་ཆེས་ཐག་ཉེ་བའི་མི་སྣ་གཅིག་པུ་ཡིན་འདུག ཡིན་ན་ཡང་སྙན་ངག་པ་གཉའ་གོང་ལྷ་བྷེ་ནི་འཚོ་དོན་ཁོ་ན་དོན་དུ་གཉེར་བའི་སྤྱིར་བཏང་གི་མི་དཀྱུས་མ་ཞིག་དང་མི་འདྲ་བར། སྒྱུ་རྩལ་གྱི་སེམས་གཤིས་ཆགས་པའི་ཐོད་བརྒལ་གྱིས་བསམ་བློ་རྒྱང་ལ་ཆས་པའི་རང་ཉིད་ལ་མནར་གཅོད་གཏོང་མཁན་ཞིག་ཡིན་པས། ཁོང་གིས་མི་ཚེ་འདི་མ་གཞི་ནས་ཚོད་ལྟ་ཐེངས་ཤིག་དང་ཉམས་ཞིབ་ཐེངས་ཤིག་གི་གར་སྟེགས་ལ་ངོས་འཛིན་ཀྱིན་འདུག དེ་བས་ཆུང་མ་རྣམ་རྒྱལ་འཚོ་དང་ཁོང་གཉིས་ཀྱིས་ཁྱིམ་ཚང་གཅིག་སྐྱོང་ཐབས་ཀྱི་དམིགས་པ་དང་འཚོ་སྟངས་ལ་བཟུང་བའི་ལྟ་ཚུལ་གྱི་ཆ་ནས་ཕན་ཚུན་རྒྱལ་འགལ་ཡིན། (རྣམ་རྒྱལ་འཚོ་གཅིག་པུ་མ་ཡིན་ཏེ་ང་ཚོའི་སུ་ལ་མཚོན་ནའང་ཁོང་གི་མི་ཚེ་མཐའ་དཔྱོད་ཀྱི་ལྟ་སྟངས་དེ་བློ་ངོར་ཤོང་དཀའ། རྒྱུ་མཚན་ནི་ཆང་གིས་བསྐྱལ་བའི་ལོ་ཟླ་ནག་པོ་དེ་དང་ཁེར་སྡོད་དུ་ན་ཟུག་ཉམས་སུ་མྱོང་བའི་དུས་ཚོད་བསྐྱུར་བོ་དེ་དག་ནི་དངོས་གནས་མཚན་མོ་ལས་ཀྱང་མུན་ནག་ཨང་།)ཁོ་གཉིས་ཁྱིམ་ཚང་གཅིག་ནས་འཚོ་བའི་ལོ་ངོ་དེ་དག་ལ་གཉེར་འཐོར་བརྒྱབ་མྱོང་ལ་ཡང་བསྐྱར་ནང་སེམས་ཀྱི་རྒྱུད་སྐུད་ཕྲ་མོའི་འདར་འགུལ་ལས་ཁྱིམ་ཚང་གཅིག་གི་འུབས་ནང་ནས་ཁྱོ་ཤུག་གི་ལས་དབང་བསྐྱར་དུ་བླངས་མྱོང་། ཡིན་ན་ཡང་ཁོ་གཉིས་ནི་དགའ་ཁ་འཁྱེར་ཕྱོགས་མི་གཅིག་པ་དང་རིན་ཐང་ལྟ་ཚུལ་མི་གཅིག་པ། འཚོ་དོན་སྙིང་བོ་མི་གཅིག་པ་སོགས་དཀར་པོ་དང་ནག་པོ་ལྟ་བུའི་ཡེ་ནས་མི་འདྲ་བའི་ཁ་དོག་རང་མཚན་པ་གཉིས་ཡིན་པས་ཁོ་གཉིས་ཀྱི་བར་ལ་བརྩེ་དུངས་ཀྱི་འབུ་ཕྲ་མེད་སོང་བ་མ་ཡིན་ན་ཡང་། འཚོ་བ་རོལ་སྟངས་ཀྱི་ཆ་ནས་རྩ་བ་ནས་མི་མཐུན་པའི་མི་སོ་སོ་བ་ཞིག་ཏུ་ཡུན་གྱིས་ཡུན་གྱིས་གྱུར་ཏེ། ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་ཞིང་མཐར་གཉེར་འཐོར་དཔང་ཡིག་ངོས་སུ་བསྐྱར་ཟློས་མེད་པའི་མིང་རྟགས་མི་འགོད་ཀ་མེད་དུ་གྱུར་སོང་། ཁོང་གིས་བུད་མེད་གཅིག་བརྗེད་དགོས་ན་བུད་མེད་གཞན་ཞིག་བཙལ་དགོས་ཟེར་བ་དེ་དོན་དུ་ལག་ལེན་བྱས་པ་དང་འདྲ་བར་གཉེར་འཐོར་བརྒྱབ་པ་དང་བུད་མེད་གཞན་གང་རུང་ཞིག་བསྟེན་མྱོང་། དེ་ནས་ལོ་ངོ་གཉིས་ཙམ་གྱི་རྗེས་ལ་འབྲོག་མོ་ཞིག་དང་གཉེན་སྒྲིག་བྱས་སོང་། ཡིན་ན་ཡང་ཟླ་ཤས་ཀྱི་རྗེས་སུ་ཡང་བསྐྱར་འཐོར་སོང་། དེ་ནས་བཟུང་ཁོང་གིས་རིགས་རུས་ཆོ་འབྲངས་མི་གསལ་བའི་ས་ཕྱོགས་ལུང་བ་མི་གཅིག་པའི་བུད་མེད་མང་དག་ཅིག་དང་ལུས་འབྲེལ་བྱས་མྱོང་ན་ཡང་། དེ་དག་ཚང་མ་ནི་འཚོ་བའི་ནང་མེད་དུ་མི་རུང་བའི་དགོས་མཁོ་ཞིག་ལྟར་བེད་སྤྱོད་གཏོང་བཞིན་འདུག་པ་ལས་ཚེ་གཅིག་ལ་གཏོང་མི་ཐུབ་པའི་སེམས་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཏུ་གཏན་ནས་འདོད་ཀྱིན་མེད། གཉེན་འཐོར་བརྒྱབ་རྗེས་ཀྱི་ལོ་ངོ་དེ་དག་ལ་ཁོང་གིས་རང་རྣམ་ངོ་མའི་འཚོ་བ་སྟེ་སྐྱ་ཆད་སྔོ་གཏུག་གི་སྡུག་བསྔལ་གྱི་འདམ་མྱགས་ལྟ་བུའི་འོབས་ནས་འོབས་སུ་ལྷུང་སྟེ་རོ་བསྐ་བའི་མི་ཡུལ་གྱི་བྲོ་བ་མྱོང་སོང་། སྐབས་དེ་དུས་སུ་བདག་གིས་ཆེད་དུ་གྲོགས་ལ་སྙན་ངག་ཅིག་བྲིས་མྱོང་བ་འདི་ལྟར་ཡིན་ཏེ།
སྙན་ངག་པ་བཞུར་བ།
མཚན་གུང་ཞིག་ལ་གྲོགས་གཉའ་གོང་ལྷ་བྷེ་ངུ་ཤུམ་བརྒྱབ་པའི་ན་ཟུག་དེར་རྐྱེན་བྱས་ཏེ་བྲིས་པ།
མཚན་གུང་ཞིག་ལ་གྲོགས་པོས་ཁ་པར་འབྱོར་བྱུང
ཁ་པར་གྱི་ནང་ནས་ཅི་ཡིན་འདི་ཡིན་མེད་པར་ཁོ་ངུས་བྱུང
སྐད་ཆ་ཚིག་གཅིག་གི་མཚམས་འདྲི་དང་ཁ་བརྡ་ཅི་ཡང་མེད་པར་ཁོ་ངུས་བྱུང
ཡུན་རིང་ཞིག་ལ་སེམས་གཅོང་འཇགས་ཐབས་བྲལ་བའི་ངུ་མཚམས་མ་བཞག
ངས་ཁ་པར་གྱི་སྐུད་སྣེ་གཞན་ཞིག་ལག་པས་སྐྱོར་གྱིན
གྲོགས་པོ་ལ་སེམས་གསོའི་སྐད་ཆ་ཚིག་གཅིག་ཀྱང་མ་བཤད
ཁེར་རྐྱང་དུ་མཚན་མོའི་གྲང་ངར་ལ་གདོང་གཏད་དེ
མུན་ནག་གི་ལྕགས་ཟྭ་དེར་ཤེད་ཀྱིས་ཁུ་ཚུར་གཞུས

སེམས་ཀྱི་ན་ཟུག་གི་གཅོང་ནད་གདུག་པོ་འཇགས་ཐབས་བྲལ་བས
གདུང་སེམས་རིགས་ཤིག་ཕྱིར་མངོན་པའི་མཆི་མ་ཤར་དུ་བཞུར
གྲོགས་པོ་ལགས་ངུ་མཚམས་རེ་ཞིག་ཞོག་དང་
མི་རིགས་ཀྱི་ཁྲག་རྒྱུན་ཁྱེད་ཀྱི་རྩ་ལམ་ན་འཕྱོ་བ་བདེན
ཕ་ཡུལ་གྱི་ལུག་ཁྱུ་ཁྱོད་ཀྱི་སྨྱུག་འོག་ན་འཚོ་བ་བདེན
ད་ལྟ་ཁྱོད་ཀྱིས་ཅི་ཡང་བདེན་དཔང་དུ་བཞག་ཚར
ཐ་ན་ཚེ་སྲོག་གིས་ཀྱང་གཏའ་མར་འཇོག་རྩིས་ཆེ
གལ་ཏེ  ཁྲག་དམར་བརྡོལ་བའི་ལོ་རྒྱུས་ཀྱི་རྨ་ཁ་ལ་སྤར་བགྲད་བྱས་ན
གས་ཀ་ཤོར་བའི་ངོ་གདོང་མང་བོ་ཞིག་མག་མོག་ནས་གསལ་བོར་མཐོང་སྲིད
འོན་ཀྱང   ཅི་ཞིག་གིས   ཆང་དང་མཚན་མོ་ཅི་ཞིག་གིས
ལྐོག་གྱུར་ངང་ཁྱོད་ཀྱི་ལོ་ཟླ་དང་དུས་ཚོད  སྐར་མ་རེ་རེ
འཇབ་ཀྱིན་རྨེག་མེད་དུ་ཟ་བཞིན་འདུག་པ་ཚོར་ཨེ་བྱུང
ལྷིང་འཇགས་ཀྱི་ཡུལ་ལྗོངས་ཞིག་ནས་རྨི་ལམ་ལ་སེར་ཐིག་ལྷུང་དུས
དལ་ཅག་གེ་རྒྱང་ལ་ཡལ་གྱིན་པ་མཐའ་དག་གིས
འདྲེན་བྱེད་ཀྱི་མཐོང་ལམ་གཞན་ཞིག་ནས་བདག་ལ་འབོད་བཞིན་པ་དང་འདྲ
སྙིང་ཉེ་བའི་གྲོགས་པོ་ལགས   རེ་ཞིག་ངུ་མཚམས་ཞོག་དང
ང  རང་སེམས་ལ་འབྱོར་ཐེངས་རེར
ནམ་ཡང་ཁྱོད་དང་ཕ་ཡུལ་ན་བའི་མཆིན་པ་གཟེར་བྱུང
༢༠༠༧ལོའི་ཟླ༡༡པའི་ཚེས༢༧ཉིན་མཚན་གུང་ལ་ཁྱ་ཕྱུག་ནས་བྲིས།
དེ་ལྟར་གྲོགས་ལགས་ཀྱིས་མི་ཡུལ་འདི་ནས་རྫོགས་མཐའ་མེད་པའི་ཚོར་བ་སྐྱུར་བོ་དག་ལུས་སྟེང་བརྒྱུད་ནས་མྱོང་ཞིང་མུ་མཐའ་བྲལ་བའི་སྡུག་བསྔལ་གྱི་མནར་གཅོད་མང་བོ་ཞིག་བྲང་གཞུང་གཤགས་ནས་གྱེར་འདོན་བྱེད་དོན་ག་རེ་ཡིན་ནམ། ག་རེ་ཡིན་ནམ། ངས་མགོ་ཐོག་གི་གནམ་སྔོ་སྔོ་འདི་ལ་འུ་ཐུག་གིས་ཞུ་འབུལ་དང་གཟབ་ནན་གྱིས་དྲི་རྟགས་བཀོད་པ་ཡིན།
  སྙན་ངག་ལ་དུངས་པའི་དབང་གིས་སྙན་ངག་གིས་རང་ཉིད་གཙབ་ཧྲུལ་དུ་བཟོས་པའི་སྙན་ངག་པ་ལྷ་བྷེ་ལགས། ཁུ་སིམ་མེར་གྲོགས་མེད་ཁེར་རྐྱང་དུ་མི་ཡུལ་གྱི་གྲལ་མཐའ་ནས་སྙན་ངག་པར་འབོད་པ་དག་ལ་དམིགས་དཔེར་འོས་པའི་སྣང་བརྙན་མཁྲེགས་པོ་ཞིག་ཚད་མཐོ་ས་ནས་གཟུགས་ཅན་དུ་བཞག་པ་ངས་ནི་རླབས་ཆེན་རེད་འདོད་ཡོད། ཁོང་གི་ཆང་གྲོགས་མང་དག་ཅིག་འབྲོག་པ་ཚོ་ཡིན་ལ་སྲང་ལ་འཁྱམ་པའི་མི་མང་དག་ཅིག་གི་ལག་ན་ཁོས་བྲིས་པ་རེད་ཟེར་བའི་སྙན་ངག་ལྡོམ་པོའང་མཐོང་རྒྱུ་ཡོད། ཁོང་གིས་ཆང་རག་ཚོད་མེད་དུ་འཐུང་དོན་དོན་ངོ་མ་ཅི་ཞིག་གི་ཆེད་དུ་ཡིན་པ་ཁ་ཚོད་གཅོད་དཀའ་ན་ཡང་། ཆང་ཅི་འདྲ་འཐུང་ཡང་སྙན་ངག་འབྲི་བའི་སྨྱུག་ཁ་གཏན་ནས་ལྷོད་མ་མྱོང་ལ་སྙན་ངག་འཚོལ་བའི་སེམས་ཁམས་རྦད་དེ་འཁྱགས་མ་མྱོང་། ཉིན་ཞིག་ང་རང་རྫོང་གི་ཆང་ཁང་ཞིག་ཏུ་སོང་བ་ན་གྱང་ངོས་སུ་ཞེ་སྡང་ངང་ནས་བྲིས་པ་ལོས་ཡིན་འདོད་པའི་ཐར་ཐོར་དུ་རྩ་འཛུགས་མེད་པར༼མུན་ནག་གི་ཁྲོད་དུ་ཁ་གྲག་པ༽ཞེས་པའི་ཡིག་འབྲུ་ཁ་ཤས་བྲིས་འདུག  ཆང་བདག་གིས་བཤད་ན་དགེ་རྒན་ལྷ་མོ་དོན་གྲུབ༼ 拉老师༽རེད། ཁོ་རང་ཁོང་ཁྲོ་ལངས་བཞིན་ལཱ་ལོ་ཧྲི་བཟི་དྲགས་ནས་གང་དྲན་དྲན་ཞིག་ངའི་ཁང་བའི་གྱང་ངོས་སུ་བྲིས་སོང་ཟེར། དེ་ལྟར་སྙན་ངག་པ་གཉའ་གོང་ལྷ་བྷེས་སྙན་ངག་གཅིག་པུས་མི་ཚེ་བསྐྱལ་ཏེ་མི་ཡུལ་ནས་སྨྱོན་པ་ལྟ་བུའི་ཟློས་གར་འཁྲབ་མྱོང་། འཇིག་རྟེན་གྱི་ཁ་དཔེ་ལ་ཕ་དམ་པ་ཆང་གིས་བཟི་ཡང་དོན་དམ་པ་རླུང་ལ་མི་བསྐུར་ཟེར་བ་ལྟར་ཁོ་རང་ཆང་གིས་སྟུག་པོར་བཟི་ན་ཡང་སྙན་ངག་གི་ཆེད་དུ་བཟི་བ་དང་འདྲ་བས་སྙན་ངག་ལ་འཐམ་ནས་ཚོར་བ་དང་སྟོང་བསམ་གྱི་འཇིག་རྟེན་འགྲིམས་བཞིན་འདུག དེ་ཡང་བདག་གིས་ཚིག་ཐག་གཅོད་དཀའ་ན་ཡང་ཕལ་ཆེར་༢༠༡༠ལོ་ཡིན་སྲིད། ལོ་དེའི་མཚན་གུང་ཞིག་ལ་ང་ལ་ཁ་པར་བཏང་འོངས་ཏེ་ཁ་པར་ལས༼མིག་ཆུ་བཞུར་ཏེ་ཁ་ནང་ལ་ཐོན་ན་མཆི་མ་ལ་ཚྭ་དྲི་བྲོ༽ སོགས་སྤྱིར་བཏང་ཡིན་ལ་སྤྱིར་བཏང་མ་ཡིན་པའི་སྙན་ངག་གི་ཚིག་གྲུབ་མང་བོ་ཞིག་བཟོ་བར་དཔག་ན། སྙན་ངག་པ་གཉའ་གོང་ལྷ་བྷེ་ཆང་གིས་བཟི་དོན་ཡང་དོན་ལ་སྙན་ངག་གིས་སྡོད་དུ་མ་བཅུག་པའི་ཉམས་སྣང་ཞིག་དབང་མེད་དུ་སྟེར། ཁོ་ལ་རྩོམ་རིག་བྱ་དགའ་དང་སྙན་གྲགས་ཀྱི་ཆོ་ལོ་གང་ཡང་རེག་མེད་ལ། དེང་རབས་སྙན་ངག་པར་འབོད་པའི་མི་མང་ཤོས་དང་འདྲ་བར་དྲ་ངོས་ནས་མི་སྒེར་ཁྱབ་བསྒྲགས་གཏོང་བའི་ཟིན་བྲིས་དང་། ཁ་པར་སོགས་སུ་འུར་ཟིང་གིས་ཅི་ཞིག་འགྲེམས་སྟོན་བྱེད་པའི་བརྡ་འཕྲིན་མྱུར་སྤེལ་བྱེད་པ་དག་དང་ཡེ་ནས་མི་འདྲ་བར་རང་གནས་སུ་དབེན་སིམ་མེར་སྡོད་མཁན་ཞིག་ཡིན།ཐ་ན་ཁ་པར་ངེས་གཏན་མེད་ལ་ཨང་གྲངས་གཏན་འཁེལ་དེ་བས་ཀྱང་མེད། ཡིན་ན་ཡང་ཁོ་རང་སྙན་ངག་ལ་དགའ་བ་དང་སྙན་ངག་ནི་ཁོའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་པའི་བྱ་བཞག་དེར་ཡུད་ཙམ་ལའང་བློ་ཁ་མ་ལོག་པ་ནི་ཁོང་གི་མི་ཚེའི་རིན་ཐང་གི་ཆེས་གཏིང་ཟབ་ས་དང་ཆེས་དོན་སྙིང་ལྡན་ས་ཡིན། ཁོང་ནི་ཆང་འཐུང་ནས་བཟི་དྲགས་སོང་ན་གཞན་དང་མི་འདྲ་བར་མི་སྒེར་ཚུགས་ཅན་ཞིག་ཡིན་པ་དང་གང་དྲན་དེ་མ་ཐག་དོན་ཐོག་ལ་འབབ་པའི་ཚིག་གཅིག་པ་ཞིག་ཀྱང་ཡིན། བསམ་བློ་མི་མཐུན་པ་དང་ལྟ་ཚུལ་མི་གཅིག་པ་ལ་དགག་སྒྲུབ་ཀྱི་རྩོད་པ་ཁ་གཏད་་དུ་ལངས་ནས་དྲང་བོ་དྲང་བཞག་གིས་བདེན་པ་སྲུང་འཛིན་བྱེད། དགེ་གྲོགས་ཚོས་བཤད་ན་མཚམས་ལན་རེར་ཁོ་རང་བཟི་དྲགས་ནས་དགུན་གཞུང་གི་མཚན་དཀྱིལ་ལ་ལྭ་ཐེར་རྐྱང་གྱོན་ནས་ཁང་བའི་སྒོ་ཡང་ཕྱེ་སྟེ་གན་རྐྱལ་དུ་ནང་ན་གཉིད་ཡོད་དུས་ཀྱང་འདུག་ཟེར། ཁོ་རང་གིས་དགེ་རྒན་གྱི་ལས་གནས་ལ་གཅེས་སྐྱོང་བྱེད་པ་དང་སློབ་མ་རྣམས་ལ་རིག་ལམ་གྱི་བློ་སྒོ་འབྱེད་པའི་ཐབས། བོད་ཀྱི་སྐད་དང་ཡི་གེ་གཞི་རྟེན་བྱས་པའི་རིག་གནས་གང་ལའང་དུངས་ཞེན་གྱི་བག་ཆགས་འཇོག་པར་སྣ་མང་གི་ཁོག་རྒྱ་བསྐྱེད་པའི་ཡོན་ཚད་མཐོ་བས་སློབ་མ་རྣམས་ཀྱི་བློ་ཁ་རང་དབང་མེད་པར་ཁོ་སར་ཚུར་བཀུག་འོངས། ཡིན་ན་ཡང་སྒྱུ་རྩལ་བའམ་སྙན་ངག་པ་ཞིག་གི་གཉུག་མའི་གཤིས་ཀ་དང་འབྲེལ་བའི་སེམས་ཁམས་ཆགས་སྡང་གི་ཚོར་བ་ཧ་ཅང་རྣོ་ངར་ཆེ་བས་ཆང་རག་འཐུང་བའི་སྤྱོད་པ་ལས་སློབ་ཁྲིད་ལ་འཐུས་ཤོར་བྱུང་དུས་ཀྱང་ཡོད། ༢༠༠༥ལོ་ནས་ལོ་ངོ་ལྔ་དྲུག་ཅིག་དེ་ལྟར་དུ་འདས་སོང་། ཁོང་གིས་ཆང་རག་ཚོད་མེད་དུ་འཐུང་བ་ལས་སྨན་ཁང་དུ་ཐེངས་གཉིས་ལ་འདུག་དགོས་སོང་།ཐེངས་དང་པོར་སྨན་ཁང་དུ་འདུག་དུས་སྨན་པས་རྟག་དཔྱད་བྱས་པ་ལྟར་ན་ཆང་གི་ནད་དུག་མཆིན་པར་ཕོག་འདུག་པས་རྗེས་ཕྱོགས་འཐུང་མི་རུང་ཟེར། ཡིན་ན་ཡང་ཁོང་གིས་དུས་ཚོད་ཆེས་རིང་ན་ཡང་ཟླ་བ་གཅིག་ལ་མ་གཏོགས་ཕལ་ཆེར་བཟོད་ཐུབ་ཀྱིན་མི་འདུག དེ་ལྟར་དུ་ཆང་འཐུང་གིན་འཐུང་གིན་ལུས་སེམས་རང་ཉིད་རང་ལ་མི་དབང་བ་ཞིག་ཏུ་གྱུར་ཏེ་གཙང་ངོས་སུ་འཁུར་གྱིན་པའི་དབྱུག་པ་ཇི་བཞིན་ཁ་ཕྱོགས་གང་ཞིག་ལ་བརྡབ་གསིག་བཏང་། སྨན་ཁང་དུ་ཐེངས་གཉིས་པ་འདུག་དུས་ངས་ཧ་གོ་མ་སོང་། གྲོགས་པོ་ཞིག་གིས་ང་ལ་ཁ་པར་བཏང་འོངས་ཏེ་ལྷ་བྷེ་ཤི་སོང་ཟེར་གྱིན་འདུག་མོད།སྐད་ཆ་དེ་བདེན་པ་ཨེ་རེད་ཟེར། སྐབས་དེར་བདག་གིས་མྱུར་བར་སྙན་ངག་པ་གཉའ་གོང་ལྷ་བྷེ་དང་མཉམ་དུ་ལོ་ངོར་མང་བོར་སློབ་གསོའི་ཁྲིད་སྟེགས་ནས་རྔུལ་ཆུ་མཉམ་དུ་བཞུར་མྱོང་བའི་དགེ་གྲོགས་སྐལ་བཟང་སྐྱབས་ལ་ཁ་པར་བཏང་སྟེ་གནས་ཚུལ་དྲིས་པ་ཡིན། དེ་ནི་ཁོང་གིས་ཆང་རག་འཐུང་རྒྱུ་མང་དྲགས་པས་ལུས་ཕུང་ཡོངས་རྫོགས་སྐྲང་བར་གྱུར་བས་དགེ་རྒན་ཚོས་མྱུར་དུ་སྨན་ཁང་དུ་བསྐྱལ་བ་ཡིན་ཟེར། ད་ལྟ་ནད་ཀྱི་ཚབས་ཆེ་བའི་ཛ་དྲག་གི་འགག་འཕྲང་ལས་ཐར་སྟེ་ཁོ་རང་རྨ་ཆུར་སྲིང་མོའི་སར་ལུས་གསོ་བར་བུད་སོང་བའི་གནས་ཚུལ་ངོ་མ་བོ་ཤེས་བྱུང་། དེ་ནས་ཡུན་རིང་མ་འགོར་བར་ཉིན་ཤས་ཀྱི་རྗེས་སུ་ཁོ་བོས་ང་ལ་ཁ་པར་བཏང་བྱུང་། ཁ་པར་ལས་ལྷུག་ལྷུག་ཏུ་འཛུམ་དགོད་བྱེད་ཀྱིན་ང་ལ་ཤི་སྐད་རྒྱག་གི་འདུག་ཟེར་ཀ་ཟེར།  ངས་ཀྱང་ཁོའི་ནད་དྲིས་པ་ན་སྔར་བཞིན་ལྟར་མཆིན་པ་ཡིན་ཟེར། ད་ནས་ལོ་ངོ་ཕྱེད་ཀ་གཅིག་གི་གནང་ཞུ་བྱས་ཡོད། ལོ་དེ་ནི་ཕལ་ཆེར་༢༠༡༡ལོ་ཡིན།
  ཁོང་གིས༼མི་གཞིའི་བཙན་ས༽ཞེས་པའི་ཁ་བྱང་གཏན་འཁེལ་བྱས་ཏེ་ཚོགས་འདུ་ཞིག་གི་འགོ་བསྡུ་རྒྱུ་ཡིན་ཟེར་ལ། ༼བོད་ལྭ་གསར་བཅོས༽བྱེད་རྒྱུ་ཡིན་ཟེར་ནས་རང་ཉིད་ནས་འགོ་བརྩམས་ཏེ་རས་ལ་ཕུ་ཐུང་ཅན་ཞིག་ལུས་ལ་གྱོན་ཏེ་ཚོད་ལྟ་བྱས་མྱོང་། ད་དུང༼ཟླ་མཇུག་གི་ཁ་བརྡ༽ཟེར་བ་ཞིག་ཀན་ལྷོ་ཁུལ་ཐོག་ནས་ཟླ་རེར་འཛུགས་རྒྱུ་ཡིན་ཟེར་བ་སོགས་རིག་གནས་བ་ཞིག་གི་བློས་བསླངས་གསར་བས་ནམ་ཡང་མི་རིགས་འདི་ལ་སྲིད་ཞུ་བསྒྲུབ་འདོད་ཀྱི་བློ་སེམས་ལ་འགྱུར་བ་མ་ཡོད། ཁོང་གིས་དུས་རྒྱུན་དུ་སྐུ་ཞབས་ཞོགས་དུང་ལ་ཁ་མིན་དོན་གྱིས་མི་བུ་ཚད་ལྡན་ཞིག་གི་རྩིས་ཐང་དང་མིང་དོན་མཚུངས་པའི་རིག་གནས་པ་ཞིག་གི་བདེན་ཁ་སྟེར་མྱོང་།
  ན་ནངས་གྲོགས་ཧོར་གཙང་ཀླུ་རྒྱལ་དང་ང་ཚོ་ཇ་ཁང་ཞིག་ནས་མཉམ་དུ་སྡོད་དུས་ཁོང་གིས༼གྲུབ་ཆེན་དང་བྲག་ཕུག༽ཅེས་པའི་སྙན་ངག་བསྡུས་དེབ་ཞིག་དང་༼གློའི་ཞིག༽གཙོ་བྱས་པའི་བརྩམས་སྒྲུང་བསྡུས་དེབ་ཅིག་སྡོམ་པས་བརྩམས་ཆོས་དཔེ་དེབ་གཉིས་མཉམ་པོར་པར་བསྐྲུན་བྱེད་རྒྱུ་ཡིན་ཟེར། དེའི་རྗེས་སུ་ཉིན་ཞིག་ལ་ཁོང་གིས་ད་སྔའི་བར་དུ་དུས་དེབ་དང་ཚགས་པར་སོགས་སུ་བཀོད་ཟིན་པའི་སྙན་ངག་དག་གྲོགས་མ་སངས་མཁན་འགྲོས་ཡི་གེར་བཏགས་རྒྱུ་ཡིན་པ་དང་། སྒྲུང་གཏམ་གློའུ་ཞིག་རི་སྔོན་བླ་མ་ཐར་གྱིས་བཏགས་རྒྱུ་རེད། ཁྱོད་ཀྱིས་ངའི་སྙན་ངག་གསར་བ་དག་གློག་ཀླད་དུ་བཏགས་རོགས་ཟེར་ནས་ཟིན་ཐོ་འབྲི་དེབ་མཐུག་པོ་ཞིག་ངའི་ལག་ཏུ་བཞག་བྱུང་།   སྙན་ངག་དེ་དག་གཅིག་ཀྱང་མ་ཆད་པར་ད་ལྟའང་ངའི་གློག་ཀླད་དུ་ཕབ་ཚར་ཡོད་པ་མ་ཟད་མ་བུ་གཉིས་ཀ་ཉར་ཚགས་བྱས་ཡོད། ཉིན་ཞིག་ང་ལ་ཁ་པར་བཏང་འོངས་ཏེ་འུ་གཉིས་ཀྱིས་གྲུ་ཐོག་ནས་སྙན་ངག་མཉམ་དུ་འབྲི་ཟེར། དེ་ནས་ངེད་གཉིས་ཀྱིས་མིས་བཟོས་མཚོ་ཆུང་ཞིག་སྟེ་ཀླུ་ཆུ་རྫོང་གི་ཟླ་གམ་མཚོའི༼月牙湖༽གྲུ་ཐོག་ནས་སྙན་ངག་བྲིས་པ་ཡིན། ད་ལྟ་ཕྱིར་དྲན་བྱས་ན་ཁོང་གིས༼རླུང་གིས་སྤུར་བའི་རླབས་རིས་དང་མཉམ་དུ་ཆུ་ཁར་གཡེང་བའི་ང་ལ་རྩྭ་ལོ་སྐམ་པོ་བཞིན་རང་ཚུགས་ཤིག་ཁྱོན་ནས་མི་འདུག ༽ཕལ་ཆེར་དེ་འདྲ་ཞིག་བྲིས་ཡོད་པ་དང་ཡང་མཇུག་ཏུ༼ཆུ་དཀྱིལ་ནས་ཧབ་དགོད་རྒྱབ་དུས་ཆུ་ངོགས་གཏམ་རྒྱུད་ནང་གི་ལིའང་ཧྲན་དཔའ་རྒོད་ཚོའང་དྲན་བྱུང༽ཞེས་བྲིས་ཡོད་པ་བདག་གི་ཡིད་ན་འདུག དུས་དེར་ཁོང་གིས་གསར་བཅོས་བྱས་པ་ཡིན་ཟེར་བའི་རས་ལྭ་ཕུ་ཐུང་ཅན་དེའང་ལུས་ལ་གྱོན་འདུག དེ་ནི་སྙན་ངག་པ་གཉའ་གོང་ལྷ་བྷེ་དང་མི་ཡུལ་གྱི་འཛོམས་ཐེངས་ཆེས་རྗེས་མ་ཡིན།
  དེའི་རྗེས་སུ་ན་ནངས༢༠༡༢ལོའི་སྟོན་ཁར་ང་ལ་ཁ་པར་ལས་ཁོང་གིས་བླ་བྲང་གི་བུ་མོ་ཞིག་དང་གཉེན་སྒྲིག་རྒྱུ་ཡིན་ཟེར། རྗེས་སུ་དོན་དེ་ཅི་འདྲ་ཞིག་ལ་གྱུར་སོང་བ་གསལ་བོ་ཤེས་མ་སོང་། ཁ་པར་ལས་ཁོང་གིས༼ང་རང་ཐང་ཆད་ཟིན་ད་ནི་ལྷིང་འཇགས་སུ་ངལ་གསོས་ན་འདོད༽ཟེར། ལྷིང་འཇགས་ཀྱི་ངལ་གསོ་ཟེར་བ་དེ་ལུས་ཀྱི་སྐུ་ངལ་གསོ་འདོད་པ་ལ་ཟེར་བ་ཡིན་ནམ་ཡང་ན་སེམས་ཀྱི་ཁུར་བོ་ཐང་ལ་འཇོག་པའི་དབུགས་དབྱུང་ལ་ཟེར་བ་ཡིན་ནམ། ཡང་ན་གསང་བརྡ་ཅི་ཞིག་སྟོན་གྱིན་འདུག་པ་ཡིན་ནམ། ངས་གང་ཞིག་ལ་གོ་དགོས་པ་གསལ་བོ་མ་ཁེད། ཁོང་གིས་མི་ཚེའི་ཕུགས་བསམ་ནི་རྩོམ་རིག་ལ་བཅོལ་ཏེ་འཚོ་གནས་སྙིང་བོ་ཡང་སྙན་ངག་པ་ཞིག་བྱེད་པའི་དམ་བཅའ་བཞག་་སྟེ་རྩོམ་རིག་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ཏེ་ཁོ་རང་ཉིད་ཀྱི་ཁེར་རྐྱང་གི་མི་ཚེ་དང་ཡང་ན་ང་ཚོ་སུ་ཡིན་ཀྱང་མ་གཞི་ཁེར་རྐྱང་ལས་མ་འདས་པའི་ངོ་བོ་ལ་འཇིག་རྟེན་ཁུངས་མེད་དང་མི་ཚེ་སྡུག་བསྔལ་བ་ལ་སྨྱུག་ཁ་ནས་མཚོན་ཅི་ཐུབ་བྱས་ཏེ་ལམ་འགྲོ་བ་ཡོངས་ལ་ཡང་དག་པའི་ཁ་ཕྱོགས་ཤིག་སྟོན་པ་དང་། ཡང་ན་རྨོངས་གཉིད་ཀྱི་རྒྱ་ལས་ཐར་བྱེད་ཀྱི་རིག་པ་ཞིག་གམ་རང་ཉིད་འཚོ་སྟངས་ཀྱི་རྣམ་འགྱུར་ཞིག་ལ་ངོས་བཟུང་བའི་དམ་བཅའ་དེར་ནམ་ཡང་འགྱུར་བ་མ་ཡོད་ལ་སྙན་ངག་ལ་བཅངས་པའི་དད་སེམས་དེ་ཡང་སྐད་ཅིག་ལའང་ཡལ་མ་མྱོང་བར་སྣང་།
སྙན་ངག་འཚོལ་བའི་དཀའ་སྡུག་གི་དུས་ཚོད་རེ་རེ་དང་སྐར་མ་རེ་རེ། ཐ་ན་སྐར་ཆ་རེ་རེ་ནི་སྙན་ངག་པ་ལྷ་བྷེ་ལགས་འགྲུལ་བཞུད་ཁྲོད་དུ་བཞག་པའི་མི་ལོ་བཞི་བཅུའི་གཟབ་ནན་གྱི་རྐང་རྗེས་རེ་རེ་ཡིན་སོང་། སྙན་ངག་པ་གཉའ་གོང་ལྷ་བྷེའི་བསམ་བློ་དང་རྩོམ་གཤིས། མི་གཤིས་གསུམ་དོ་མཉམ་པ་ཞིག་ཡིན་སྟེ་ཁོང་ནི་མི་གཞི་གཙོ་བོར་འཛིན་མཁན་ཞིག་ཡིན་པ་དེ་བཞིན་དུ་རྩོམ་གཤིས་ཀྱང་མི་གཞི་གཙོ་བོར་བཞག་ནས་ཚོར་སྣང་སྣ་ཚོགས་ལ་བརྒྱུས་འདུག ཡིན་ན་ཡང་མི་ཚེ་དང་འཇིག་རྟེན་གྱི་ངོ་བོ་གང་ཞིག་བརྩམས་ཆོས་ཀྱི་སྲོག་ཏུ་བཟུང་སྟེ་ཁོང་གི་སྙན་ངག་ལ་ཁེར་རྐྱང་དང་སྐྱོ་གདུང་གི་མཁའ་དབུགས་སྟུག་པོ་ཆགས་པ་ནི་ཆང་རག་ལ་བསྟེན་པས་སྒྱུ་རྩལ་སེམས་གཤིས་དང་ཐག་ཇེ་ཉེར་བཏུད་པ་ལ་འབྲེལ་བ་ཡོད་པ་ཡིན་ནམ། གང་ལྟར་ང་ཚོ་དང་རིང་དུ་གྱེས་པའི་ཁོང་གི་བྱ་སྤྱོད་དག་དང་ཁོང་གི་གཤིས་ཀ་ལས་ཁོར་ཡུག་ལ་ངོ་ལོག་བྱེད་པའི་བརྟུལ་ཞུགས་སྣ་ཚོགས་ལས་འཇིག་རྟེན་འཚོ་བའི་གར་སྟེགས་སྟེང་ནས་སྙན་ངག་པ་གཉའ་གོང་ལྷ་བྷེས་གླུ་བྲོ་སྒྱུ་མའི་རོལ་རྩེད་ལྟ་བུའི་རང་རྣམ་ཞིག་གར་དུ་འཁྲབ་སོང་།    
  སྙིང་ཉེ་བའི་གྲོགས་དམ་པ་གཉའ་གོང་ལྷ་བྷེ་ལགས་བུད་ཐལ། ཉིན་དེར་རི་སྔོན་བླ་མ་ཐར་དང་མ་སངས་མཁན་འགྲོ  དཔལ་ཆེན་རྡོ་རྗེ་བཅས་ངེད་ཅག་བཞི་བོས་ཆེས་ཐོག་མར་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ལ་མྱ་ངན་གྱི་གྲོས་མོལ་ཙམ་བྱས་པ་ཡིན། དེ་ནས་ཁོང་གི་གཤིན་པོ་མེ་སྦྱིན་ལ་བཏང་སྟེ་སྐྱེལ་མ་བྱེད་པའི་དུས་དེར། ཁོང་དང་རུ་སྡེ་གཅིག་པའི་རྒན་གྱའི་རྣམ་ལོ་གཙོ་བྱས་ཏེ་སྡེ་མི་ཚོའི་བཀོད་སྒྲིག་ལྟར་གཤིན་པོ་འདས་སྐྱེལ་གྱི་ཡུལ་སྲོལ་ཆོ་ག་བསྒྲུབས། དུས་དེར་སྙན་ངག་པ་ལྷ་བྷེ་ལགས་དགེ་རྒན་བྱེད་སའི་སློབ་གྲྭའི་འགོ་གཙོ་སྒྲོལ་མ་ཚེ་བརྟན་ཀྱང་ཕེབས་འདུག ད་དུང་ཁོང་གི་སློབ་ཆེན་སློབ་གྲོགས་རྡོ་བྷ་དང་སྒྲོལ་མ་འབུམ་སོགས་འབྱོར་འདུག གཞན་ཀླུ་ཆུ་ནས་རྫས་ལུས་ཚེ་དར་དང་དགེ་གྲོགས་བཀྲ་ཤིས་དོན་གྲུབ་གཉིས་གང་མྱུར་གྱིས་སླེབས་བྱུང་། ཐང་གཞུང་རྟ་མགྲིན་རྡོ་རྗེ་ཡང་བྲེལ་བྲེལ་དུ་ཐོན་བྱུང་།སྙན་ངག་པ་ཁོང་གི་ཡུལ་གྲོགས་མང་དག་ཅིག་ཀྱང་སླེབས་འདུག ང་ཚོས་མཉམ་དུ་ཁོ་ལ་ཆེས་མཐའ་མཇུག་གི་སྐྱེལ་མ་བྱས་པ་ཡིན།
         ༢༠༡༣ལོའི་ཟླ༤བའི༢༩ཉིན་ལན་གྲུ་གྲོང་ཁྱེར་ནས་ངལ་གསོའི་དུས་ཚོད་ལ་ཆེད་དུ་གྲོགས་དྲན་པའི་སྐད་ཆ་ལྷུག་བརྗོད་དུ་སྤེལ།

            དྲན་ཞིང་དྲན་ལ་སྐྱོ་ཞིང་སྨྲེང་།
                --------སྙན་ངག་པ་གཉའ་གོང་ལྷ་བྷེ་རྗེས་སུ་དྲན་པ།
                                       རྫས་ལུང་ཚེ་དར།
མི་བུ་བཞུད་སོང་གཟི་འོད་འབར་བའི་བྱ་གཞག་ཤུལ་དུ་ལུས།།
རྩོམ་མཁན་ཕེབས་སོང་ཉམས་མེད་དཔལ་གྱི་སྙན་ངག་རྟེན་དུ་ཕུལ།།
བཤེས་གཉེན་ལོག་སོང་བློ་ལྡན་གཞོན་ནུའི་དཔུང་རྡང་ཡུལ་དུ་བཞག།
གྲོགས་པོར་གྱེས་སོང་ལྷད་མེད་་བརྩེ་བའི་ནོམ་ཆེན་སེམས་ལ་ལྟེམས།།
ཀླུ་ཆབ་སྔོན་མོས་ལྷོག་ལྷོག་གདུ་བའི་སྙིང་ཁམས་མ་ཚོར་ཐལ།།
ཡུལ་སྡེ་ཤོག་པས་སྐྱོ་སྡུག་འཚོ་བའི་རྒྱབ་ལྗོངས་མ་མཐོང་ཐལ།།
མཁྱེན་ལྡན་དཔོན་པོས་ལྷབ་ལྷུབ་འབར་བའི་འོད་ཀོར་མ་གཟིགས་ཐལ།།
རིན་ཐང་མ་རྟོགས་སྐྱེ་བུ་ཞིག་གི་མི་ཚེ་རྫོགས་འདི་སྐྱོ།།
མཉམ་དུ་འགྲོ་དང་རེ་བ་ཡོད་ཅེས་ཕྱག་འཇུ་དྲོན་མོ་གནང་བ་དྲན །།
གཏམ་བཤད་དེ་དག་མིད་ཐག་ཡན་གྱི་མིན་པར་སྨོན་ཞེས་སྒྲོག་པ་ཐོས།།
བསང་ཆུའི་འགྲམ་ནས་གནམ་ལོ་གསར་བའི་ཡོ་ལང་མ་བཟོད་གཏན་དུ་གཤེགས།།
བསམ་ཞིང་བསམ་ན་སྐྱོ་ཞིང་སྨྲེང་བའི་རྨ་ཁ་ལག་པས་སྐྱོར་དགོས་བྱུང་།།
བདེ་བར་བཞུད་ཅིག་ཡུན་ཐུང་མི་ཚེའི་རླབས་ཆེན་མཛད་པ་འོད་དུ་འབར།།
ག་ལེར་ཕེབས་ཤིག་ལྷག་བསམ་དྲོན་མོའི་མེ་ཏོག་སྔོན་པོར་བཀྲག་མདངསའཚེར།།
བརྗེད་པར་གྱིས་ཤིག་གཏིང་མེད་འཁོར་བའི་ན་ཟུག་མང་པོ་རིམ་པར་བརྩེགས།།
དོར་བར་གྱིས་ཤིག་མི་རྟག་བརྩེ་བའི་ངོ་གདོང་རལ་བོར་ཁ་དོག་མང་།།

          དུར་མཆོད་ཀྱི་ཁ་བ།         
                     —དབུས་སུ་འདས་མ་ཐག་པའི་ངོ་མ་ཐུག་པའི་སྙན་ངག་པ་གཉའ་གོང་ལྷ་བྷེ་དྲན་པ།                                      
                                         སྨྲེང་བུ།
སྐབས་དེ་དུས  བསང་ཆུ་སྔ་མོ་ནས་འཁྱག་པས་བསྡམས་ཡོད་སྲིད         
སྐབས་དེ་དུས  ལོ་སར་གྱི་ཤོག་སྦག་ད་དུང་གྲགས་ཀྱིན་པའི་སྒང་ཡིན་སྲིད         
སྐབས་དེ་དུས  སྙན་ངག་པ་ཚོའང་ཆང་གིས་རབ་རིབ་སྦྲིད་ཡོད་སྲིད         
ཏག་ཏག     སྐབས་དེ་དུས           ཁྱོད་ཁ་རོག་གེར     ཁུ་སིམ་མེར          
གཞི་ནས་ཐང་ཆད་པའི་ལོ་ཟླ་ལ་འཐབ་མཚམས་བཞག་སྟེ          
སྙན་ངག་གི་རྡོག་ཁྲེས་ལྷག་མ་དེ་འཁུར་ནས          
ཆང་དང་རྨི་ལམ་གྱི་གཤོག་པར་འཁེན་ཏེ          
ཁེར་རྐྱང་གི་དྲོད་ཐིག་ཅིག་སྒོམ་བཞིན          
སུ་ཡང་འགྲོ་མི་འདོད་པའི      སུ་ཡང་འགྲོ་ཆོག་པའི          
ཡང་ན་འགྲོ་མ་རན་པའི     སུས་ཀྱང་ཉན་མི་འདོད་པའི          
ཕྱི་མ་བར་དོའི་ཕྲང་ལ་ཆས་སྐད                     

ཁྱོད་འཇིག་རྟེན་དཀར་ངོགས་སུ་འཚོ་དུས          
ཁྱོད་ཀྱིས་གཞུང་རྒྱུ་ལྐོག་ཟ་བྱས་མེད          
ཁྱོད་ཀྱིས་རྒྱུ་འབྲས་གོ་ལྡོག་བྱས་མེད          
ཁྱོད་ཀྱིས་སྔར་བཞིན་ཁ་རོག་གེར    ཁུ་སིམ་མེར          
ཆང་དང་རྨི་ལམ་གྱི་གཤོག་པའི་གསེབ་ཏུ          
སློབ་བུ་རྣམས་ལ་དཔྱིད་ཀའི་སློབ་ཚན་ཁྲིད་ཀྱིན  
རང་གི་ལུས་རྟེན་ཙམ་ཞིག་ཤོང་བའི་ཁང་མིག་ཏུ་བསྡད་སྐད          

དོ་ནུབ    ལྷ་སའི་བུམ་པ་རི་ལ་ཁ་བ་ལྷབ་ལྷུབ་འབབ་ཀྱིན་འདུག
སྨྲེང་བུས་གཞན་གྱི་དུར་མཆོད་ཀྱི་དུས་ཚོད་དེ་གཡར་ནས
ངོ་མ་ཐུག་པའི་ཁྱོད་ལ་ནས་ཆང་ཕོར་གང་འདྲེན་གྱིན་ཡོད

སྙན་ངག་པ   སེམས་པ་མ་སྐྱོ    སྙན་ངག་པའི་ལམ་བུ་དཀར་པོ་ཡིན
ལམ་བུ་དཀར་པོ་དེད་དེ་སོང་དང གྲོགས་མེད་ཁེར་རྐྱང་ཡིན་པར་མ་སྐྱོ་དང
རང་གྲོལ་ཁོང་ཡང་གཞོན་པའི་སྒང་ལ་བུད་སོང་བ་མིན་ནམ
ཧེ་ཙི་ལགས་ཀྱང་གཞོན་པའི་སྒང་ལ་བུད་སོང་བ་མིན་ནམ

དུར་མཆོད་དུས་སུ་ཆར་བ་ཟིམ་ཟིམ་འཇོ།
ལམ་གྱི་འགྲུལ་བའི་གདུང་བ་དྲག་ཏུ་འཕེལ།
ཆང་ཁང་གར་ཡོད་གཏམ་དུ་དྲིས་པའི་ཚེ།
ཤིན་ཧྭ་གྲོང་ཚོར་ཡོད་ཅེས་ན་ཆུང་སྨྲ།

ཚིགས་བཅད་འདི་ནི་ཐང་གི་སྙན་ངག་པ་ཏུའུ་མོས་བྲིས་པའི
དུར་མཆོད་ཀྱི་སྙན་ངག་ཅིག་ཡིན
སྙན་ངག་འདི་ནི་ཉི་མ་ལྷ་སའི་ཕྱོགས་ནས
ཁྱོད་ལ་བཏེགས་པའི་འཕྱིས་དྲགས་པའི་སྐྱེལ་ཆུང་ཙམ་མོ
ཉི་མ་ལྷ་སའི་ཕྱོགས་ནས
ཁྱོད་ལ་ནས་ཆང་ཕོར་གང་འདྲེན་དུས
ཕྱི་རོལ་དུ་ལྷབ་ལྷུབ་འབབ་པ་དེ
ཟིམ་ཟིམ་ཆར་བ་མ་རེད་ཁ་བ་རེད                 

         ༢༠༡༣ལོའི་ཟླ༤ཚེས༦—༩ཤག་ཏུ་སྦྱར།

   ༼རྩོམ་སྒྲིག་པའི་གཏམ། འདི་ནི་ངེད་དྲ་བས་བཟོས་པའི་ནང་དོན་ཆེས་མང་ཞིང་པར་ངོས་ཆེས་ཆེ་བའི་ཆེད་བསྒྲིགས་དེ་ཡིན། རྩོམ་གྱི་གོ་རིམ་ནི་དམིགས་བསལ་གྱི་རྩོམ་འགའ་ཞིག་ཕུད་རྩོམ་འབྱོར་བའི་སྔ་ཕྱི་ལྟར་བཀོད་པ་ཡིན། ཆེད་བསྒྲིགས་འདིར་ད་དུང་བཟོ་བཅོས་དང་ཁ་སྣོན་བྱ་ངེས་པས་ད་དུང་ཡང་ཁོང་ལ་རྗེས་དྲན་སྙན་ངག་ཕུལ་འདོད་མཁན་ཚོས་སྔར་བཞིན་ངེད་དྲ་བའི་ཡིག་ཟམ་དུ་བསྐུར་གནང་འཚལ།
  འདིའང་འདས་པོ་སྙན་ངག་པ་ཁོང་དང་། ཁོང་དང་སྐལ་བ་མཉམ་པའི་སྙན་ངག་པ་དག་གི་རིན་ཐང་ཀུན་གྱིས་ཤེས་ཤིང་སྙན་ངག་དམ་པ་བསྐལ་བརྒྱར་གནས་པའི་རྒྱུ་རུ་གྱུར་ཅིག་གུ༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེ་མཆོག་ལ་རྗེས་དྲན་ཞུ་བའི་རྩོམ་ཡིག་ཕྱོགས་བསྒྲིགས།

2013-04-16 རི་སྔོན་བླ་མ་ཐར་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།