རྐང་ཐང་བའི་སྙན་ངག་ཉིང་བཏུས་བདུན་ཅུ།

 སྙན་ངག་གིས་ཁོ་བོའི་སྐྱོ་བར་འདུག་རོགས་བྱེད་ཅིང་།ཁོ་བོས་སྙན་ངག་ཆུང་མ་བཞིན་སེམས་ཀྱིས་གཅེས་ཀྱིན་ཡོད།འདི་ནི་སྙན་ངག་དང་དབྱེར་མེད་དུ་གྲུབ་པའི་མངོན་ཚུལ་ཞིག་གོ།།  

ད་ལོའི་ལོ་གསར་དུ།
                                                              
ད་ལོའི་ལོ་གསར་དུ
གྱང་ལྡེབས་དང་ཅ་ལག་ཡོད་ཚད་སྐྱ་མདོག་ཏུ་བསྒྱུར
དགོད་སྒྲ་གཅིག་ཀྱང་མེད
མཆོད་མེ་མཚན་མཐུད་གསུམ་གྱི་འོད་རླབས་ཀྱི་ངོགས་ནས
སྙན་ངག་དམར་པོ་ཞིག་བྲིས

ད་ལོའི་ལོ་གསར་དུ
ཉེ་མི་དང་ཟས་གོས་ཡོད་ཚད་སྐྱ་མདོག་ཏུ་གྱུར
ལེགས་སྐྱེས་གཅིག་ཀྱང་མེད
ལྷིང་འཇགས་ཀྱི་མུན་མཚན་འཇིངས་ནས
ཕྱིར་དྲན་གྱིས་ང་རང་གསོད་པར་བྱེད
                      2013.02.09ལུགས་གསར།(2013.12.29ལུགས་རྙིང་།)

2012ལོ་ལ་གྱེས་ཚིག་བསྒྲོན་པ།
                                                                                                  
2012
བོད་ལྭ་གྱོན་ཡོད་པའི་ན་གཞོན་ཞིག་ཡིན
མཛུབ་བར་ན་བསྒྲོན་བཞིན་པའི་ཐ་མག
2012ཀྱི་མཁའ་དབྱིངས་ཡིན

2012
སྐྱོ་གདུང་གིས་གཟིར་བའི་སྙན་ངག་པ་ཞིག་ཡིན
མཛུབ་བར་ན་འཁྱུག་བཞིན་པའི་ལྕགས་སྨྱུག
2012ཀྱི་མེ་ལོང་ཡིན

2012
གྲོང་ཁྱེར་གྱི་འདབ་རོལ་ན་བཞུར་བཞིན་པའི་ཆུ་བོ་ཞིག
སྣ་མི་འདྲ་བའི་བཙོག་གྲིབ་ཡོད་ཚད
2012ཀྱི་བྱང་ཁོག་གོ
                                    2013.02.09རེབ་གོང་ཁྱིམ་གཞི་ནས་བྲིས།
སྟོང་བའི་དབྱིངས་སུ་བཟེད་པའི་ལག་ཟུང་།

འོད་ཀྱི་ཀེང་རུས་ཤིག་མུན་ནག་ཏུ་འགུལ
ཁྲག་གི་སེན་མོ་ཞིག་གཞུང་ལམ་དུ་རྒྱུ
དེ་ནི་སྟོང་བའི་དབྱིངས་སུ་བཟེད་པའི་ལག་ཟུང་གི་གྲུབ་རིས་མིན་ན
རླུང་བུས་མེ་ཏོག་ལ་མཆུ་སྦྱོང་གནང་ཆོག

སའི་གོ་ལ་མཆན་བར་དུ་བཅུག
ལག་པ་དེ  སྙོམས་རྒྱུགས་རིམ་པའི་ས་ཚིགས་སུ་འབྱོར
རླུང་སྤུ་གྲི་ཁོང་དགོད་རྒྱག་གིན
ལག་པ་དེ  ཉི་མའི་ཐབ་ཏུ་གཡུགས

ཨ་ཧོ  ལག་པ་མེད་པའི་མི་རོ་ཞིག
ས་རུ་འཐིམས་ཏེ་དུར་སྒམ་ལ་བྱེའུ་སྐྱག་བཏང་འདུག
2012.12.16ལན་གྲུ་ནས།
མཛེས་མ།

ཁུར་མོང་གི་སྐྲ་ལོ་དཀར་པོ
སྤྲིན་དཀར་གྱི་འདབ་མ་མཉེན་མོ
བསིལ་རླུང་གི་ལག་མཐིལ་དུ་འདར་ལྕིག་ལྕིག

རྨ་རྙིང་གིས་ལུས་པོ་བསྣད་ཡོད་པར་མ་ཟེར
འཕུར་འདོད་ན
སྒེའུ་སྲུབ་ནས་རྒྱང་རིང་གི་ཡུལ་གྲུར་འཕུར་ཆོག

མེ་ཏོག་ནི་མིག་ཁོ་ནར་ཡག
སྲིང་བལ་ནི་ལུས་ཁོ་ནར་འཇམ
རྒྱུན་ལྡན་གྱི་ཕྲ་ཤེལ་དུ
སྐྱག་འབུ་སོབ་སོབ   ཡང་ན་དབུགས་སྟོང་གིས་གྲུབ་པའི་ལྒིང་ཞུའོ
                                       2012.12.21ལན་གྲུ་ནས་བྲིས།
ཕ་ཡུལ་གྱི་དགུན་ལྭ།

མེ་ཡི་ལྭ་བ་ཞིག་མ་གྱོན་ན
ཕ་ཡུལ་གྱི་གྲང་ངར་བཟོད་པར་དཀའ
གྲང་ངར་གྱིས
ཕ་ཡུལ་གྱི་མ་གལ་མེ་རུ་འབར་གྱིན་འདུག

མེ་ལ་རིད་པ་ཡོད་པས
མེ་ཕུང་རེའི་འགྲམ་ན་རུས་སྐྱ་འཐོར་འདུག
རུས་སྐྱ་ལ་རྣམ་ཤེས་མེད་ཀྱང
སྲབ་མཇམ་གྱི་དུ་བ་ཞིག་མཁའ་རུ་འཐེན་སོང
2012.11.10ལན་གྲུ་ནས་བྲིས།

 གཉེན་སྒྲིག་ནི་རང་བཙན་ཞིག་ཡིན

ཁྱེད་ཀྱི་གཉེན་སྟོན
དམག་འཁྲུག་ལས་རྒྱལ་ཁ་ཐོབ་པ་དང་འདྲ
ཆང་ཕོར་དུ
མ་གཡར་གྱི་མིག་ཆུ་འདྲིལ་ཡོང

སྒོར་ལྔ་བརྒྱ
མ་གཡར་གྱིས་ཁྲག་གསོག་རྣག་གསོག་གིས་གྲུབ་པའི་ལེགས་སྐྱེས་ཡིན
མི་དགོས་མ་ཟེར
གཉེན་སྒྲིག་ནི་རང་བཙན་ཞིག་ཡིན
2010.08རེབ་གོང་བྱང་ཆུབ་ནས་བྲིས།
2013.02.08རེབ་གོང་ཁྱིམ་གཞི་ནས་བཅོས།
       
 གཉེན་སྒྲིག་གི་མཚན་མོ།

གོས་དམར་པོའི་ཁུད་ནས་གཉེན་སྟོན་བྱས
གཉེན་ཆང
ནུབ་པ་མེད་པའི་ཚེམས་ཕྲེང་གིས་ལྷོད་ཀྱིས་བཞེས

ས་རུབ་སོང
ཟླ་བ་མལ་ཁྲི་རུ་ཤར
བག་ཡངས་ཀྱི་ལྷོད་འཇགས་ལ་འགྲོགས་ཕྱིར
བག་ཁང་ནས་ཕྱི་རོལ་དུ་བུད

ཆུ་ངོས་སུ་ཟླ་བ་ལྷེམ་ལྷེམ་བྱེད
འུར་བ་ཡང་རྒྱུན་མི་ཆད་པར་གྲག་གིན་འདུག
ཞི་འཇགས་ཀྱི་མཚན་ལྗོངས
ཐོབ་མ་མྱོང་བའི་དགའ་རོགས་དང་འདྲ

མཆུ་སྒྲོས
དྲོད་ཁོལ་གྱིས་མཁུར་ཚོས་སུ་ལྷུང
འདི་ནི་དམག་འཁྲུག་ལ་ཞུགས་མི་དགོས་པའི་མཐའ་མཇུག་གི་རེ་འབོད་རེད
སེམས་ལ་ཟུངས
ཀུན་གྱིས་བག་ཡངས་ངང་གཉེན་སྒྲིག་བྱ་ཆོག
2010.08རེབ་གོང་བྱང་ཆུབ་ནས་བྲིས།
2013.02.08རེབ་གོང་ཁྱིམ་གཞི་ནས་བཅོས།

   དོ་ནུབ་ང་ལ་ཅི་ཞིག་བྱུང་སོང་།
                 སྙན་ངག་འདི་ཉིད་སེམས་ལྷོད་ལ་བབས་ནས་དལ་མོར་འདོན་དགོས།
དོ་ནུབ་ང་ལ་ཅི་ཞིག་བྱུང་སོང
ངའི་ཨ་མ་འཚམ་པོ་ཡིན  ང་རང་ཁང་བཟང་དུ་བསྡད་ཡོད
ཚོད་ཚོད་དུ་སེམས་པ
སྐྱ་ཐིང་ཐིང་གི་ས་རྒོད་ཅིག་ཏུ་བབས
མི་གཅིག་ཀྱང་མི་འདུག
ཁེར་རྐྱང་གི་གདུང་བ་བྱོ་སའི་འཕྱི་ཁུང་ཞིག་ཀྱང་མི་འདུག

དོ་ནུབ་ང་ལ་ཅི་ཞིག་བྱུང་སོང
ཅི་ཡང་བྱུང་མེད་པ་དང་འདྲ་ཡང   གཅིག་ཀྱང་བྱུང་མེད་པ་དང་མ་ངེས
རེད  སེམས་པ་འདི་ལྷིང་འཇགས་ཀྱི་ཇ་ཁང་ཞིག་ཏུ་བབས་འདུག
མི་གཅིག་ཀྱང་མི་འདུག
ཤོག་སྟོང་བརྩེགས་བམ་ཞིག་དང་སྨྱུ་གུ་རོམ་པོ
ཅོག་ཙེ་རུ་བཞག་ནས་སེམས་ཀྱི་སྐྱོ་གདུང་བྲིས
རྔམ་བྲེལ་གྱིས་བྲིས

བྲིས་ཚར་རྗེས་ང་རང་གཉིད་འདུག
གཉིད་ལས་སད་རྗེས་ནང་ཁོག་གི་སྐྱོ་གདུང་ལྟག་གར་སླེབས་འདུག
མ་རེད  ཡོད་ཚད་ཤོག་ངོས་སུ་འཐིམས་འདུག
ད་ང་འགྲོ་རན་སོང   ཕྱི་རོལ་དུ་འགྲོ་རན་སོང
2013.01.31རེབ་གོང་ཁྱིམ་གཞི་ནས་བྲིས།
           
           «    »
 __ཡེ་ཤུ་འཁྲུངས་སྐར་གྱི་དུས་ཆེན་དུ་གྲོགས་པོ་ཚོ་དང་མཉམ་དུ་ཆང་རག་བཏུང་རྗེས་ཀྱི་ཕྱི་ཉིན་བྲིས་པ་ཡིན
ཤེལ་དམ་གྱིས་ཆང་མ་འཐུང་ཡང་བཟི་ནས་འདུག
ཉི་ཀུབ་དང་འགྱིག་ཤོག
སྟོན་མོ་རོལ་རྗེས་ཀྱི་མྱ་ངམ་ཐང་དུ་གྱུར

ཡོད་ཚད་ཤི་ཟིན་པ་དང་འདྲ་བའི་འཇིག་རྟེན
སྐྱོ་སྡུག་གི་ན་བུན་ཞིག་ཏུ་སྣང
ན་བུན་དེ་ལས་འདང་ནུབ་ཀྱི་དགོད་སྒྲ་བཞུར་ཡོང

ཞོགས་པའི་མཁའ་དབུགས་ངལ་དུབ་སྐྱེས་འདུག
སྣོད་ཅ་ལག་དག
གཡུལ་ས་ནས་ཤི་བའི་བེམ་པོ་དང་འདྲ
ང་ནི་བེམ་རོ་ལས་ཡར་ལངས་པའི་རྨས་མ་ཞིག་གོ
2012.12.26ལན་གྲུ་ནས།
【གསལ་བཤད།】
སྙན་ངག་འདི་བྲིས་ཚར་རྗེས་ཁ་བྱང་མེད་པ་ཚོར།ཡིན་ཡང་བསམ་གཞིགས་ཇི་ལྟར་བཏང་ཡང་སྙན་ངག་འདིར་མཚམས་པའི་ཁ་བྱང་ཞིག་རྙེད་ཐབས་མ་བྱུང་།གལ་ཏེ་ཁ་བྱང་ཞིག་བཏགས་ཀྱང་ཆོག་མོད།དེ་ནི་ཚོར་བ་དངོས་མིན་པར་བཙན་གྱིས་བཏགས་པ་ཞིག་ཏུ་གྱུར་འགྲོ་བས་ན་ངས་ནི་འདི་ལྟར་ཁ་བྱང་དུ་སྟོང་བར་འཇོག་དགོས་སོང་།

  ནངས་ཁ་ང་རེབ་གོང་དུ་འགྲོ་རྒྱུ་ཡིན།
 
ནངས་ཁ་ང་རེབ་གོང་དུ་འགྲོ་རྒྱུ་ཡིན
ཡུལ་མི་ཚོས་མིག་ཆུ་བརྣགས་ཏེ་ང་ལ་བལྟས་ཡོད
ལམ་དུ་ཆས་མ་ཐག
དཔྱིད་རླུང་གི་ལྟེབས་གཉེར་བར་གྱི་སོག་མ་དྲན་བྱུང
སོག་མ་ཨ་ཐང་ཆད་འདུག

སྙིང་བྲང་ཁོག་ཏུ་འཇུག་རོགས
འབུ་མེ་ལྕེབས་ལ་སེམས་ཁུར་མ་གནང
ངས་ཁྱེད་ཚོའི་སྐུ་ལུས་ལ་སེམས་ཁུར་བྱེད་ཀྱིན་ཡོད

སྟོན་བསྡུས་རྗེས་ཀྱི་འབྲོག་སྟོང་གི་ཞིང་ས
གཡུལ་འགྱེལ་རྗེས་ཀྱི་བེམ་རོའི་ལུང་ཁུག
ངའི་རེབ་གོང་ཡིན
ངའི་རེབ་གོང་གི་ངོ་གདོང་བསམ་ན
ང་དྭ་ཕྲུག་དང་འདྲ

ནངས་ཁ་ང་རེབ་གོང་དུ་འགྲོ་རྒྱུ་ཡིན
ཡུལ་མི་ཚོར་ལེགས་སྐྱེས་ཤིག་ཉོས་ཡོད
ལེགས་སྐྱེས་དེ་གཞུང་དྲང་གི་མི་མཐའ་དག་ལ་དབང
དཔའ་སྤོབས་ཅན་ཡང་ངོ
2012.12.26ལན་གྲུ་ནས་ནམ་གུང་ལ་བྲིས།

  ཁེར་རྐྱང་ལ་རང་དབང་གིས་འདུག་རོགས་བྱས།

གྲང་ངར་འདི་ངས་གྱོན་ཡོད་པའི་ལྭ་བ་དང་མཚུངས
འགུལ་ཙམ་རེ་བྱས་ན
གཟེར་མ་ལ་བསྣུན་པ་དང་མཚུངས

ལྕགས་ཐབ་ཏུ་མེ་ཁ་གསོས་ཀྱང་འབར་རྒྱུ་མ་བྱུང
འདང་ནུབ་ཀྱི་སྟབས་ཐུག་གི་ཁུ་བ
སྣུམ་ཞགས་དམར་གནག་གིས་ཡོངས་སུ་བཀབ་འདུག

གོ་རྒྱོང་ཞིག་སྦང་རྗེས
དྲོས་མ་རློན་གྱིས་ཇ་ཐུན་གསུམ་པོར་ཁག་ཐེག་བྱས
ང་དངོས་གནས་སྐྱིད་པ་ལ་ཨང
ང་ལ་རང་དབང་འདུག
2013.01.03རེབ་གོང་ཐེ་བུ་ནས།

  ངས་ཁྱོད་རང་དྲན།

ཁང་བ་འདི་ནི་གདོན་འདྲེ་ཞིག་དང་འདྲ
ཉིན་དཀར་ཚ་མོ་དང་མཉམ་དུ་འཁོན་རེས་བྱེད་དགོས
མཚན་མོར་བསམ་གཞིགས་ཀྱི་ཀློང་ནས་མནར་གཅོད་མྱོང་དགོས
ང་དངོས་གནས་སྨྱོ་རྒྱུ་རེད་ཨང

ཁང་བ་འདིའི་ནང་དུ་ངའི་ཨ་མ་གྲང་བཞིན་ཡོད
ཨ་མས་སེམས་ཆུང་གིས་གློ་ལུད་རྒྱག་ལ
ལག་པ་སྡེར་མ་རུ་བསྲིངས་དུས་ཀྱང་ཧ་ཅང་སེམས་ཆུང་གིས་བསྲིངས

མཚམས་རེར་རང་སྐྲ་རང་གིས་འཐེན་པ་ཡིན
ལན་རེར་རང་མགོ་རང་གིས་གཡོགས་པ་ཡིན
སྐབས་འདིར་ངས་ཁྱོད་ཤིན་ཏུ་དྲན
རང་དབང་གི་ཁོར་ཡུག་ཅིག་ཏུ་ཨ་མ་ལ་ཞབས་ཞུ་བསྒྲུབ་ཀྱིན་པ་དྲན

ད་བར་ང་ལྷོད་ལ་བབས་ཡོད
ཉེ་ཆར་ངས་བསམ་ཤེས་ཐུབ་ཡོད
ང་ཁྱོད་ཀྱི་ཕྱི་གསལ་ནང་གསལ་ལས་བཞུར་བའི་སེམས་གསོ་མཁོ
ཁྱོད་ཡོད་ཚེ་ངའི་རང་དབང་ལ་གདེང་ཚོད་བྱ་ཐུབ
2013.1.3རེབ་གོང་ཐེ་བུ་ནས།

རྨི་ལམ་གྱི་ཡལ་གར་ཁྱོད་རང་བབས།

འདང་དགོང་ཁྱོད་རང་དྲན་པའི་སྙན་ངག་ཅིག་བྲིས
སྙན་ངག་ཏུ་དགུ་ཆུ་ཡོད
དགུ་ཆུ་འགྲམ་དར་གྱིས་གཡོགས་ནས་ཁ་རོག་གེར་བཞུར

དོ་ནུབ་ཀྱང་ཁྱོད་རང་དྲན་པའི་སྙན་ངག་ཅིག་བྲིས
སྙན་ངག་ཏུ་རྨི་ལམ་ཡོད
རྨི་ལམ་ནུ་འབུར་གྱིས་རུམ་སྟེ་བཟི་ནས་འདུག

དཔྱིད་ཀ་སླེབས་ཚེ
ས་ཞིང་དུ་རྒྱ་སེ་མེ་ཏོག་གདབ་རྒྱུ་ཡིན
རྒྱ་སེ་མེ་ཏོག་གི་རང་མདངས་ཁྱོད་གཅིག་པུས་ལོངས་སུ་སྤྱད་ཆོག
2013.1.4རེབ་གོང་ཁྱིམ་གཞི་ནས།
རང་བྱུང་ཁམས་ཆེན་མོ།

རང་བྱུང་ཁམས་ཆེན་མོ
ས་སྐྱ་བོའི་སྙན་འཇེབས་ཀྱི་གླུ་སྐད
ཁྱེད་ཀྱི་ལེགས་སྐྱེས་སུ་སེམས་ཡོད
ཁྱེད་ཀྱི་ལེགས་སྐྱེས་ངའི་སྙིང་ལ་འབྱར་འདུག

རང་བྱུང་ཁམས་ཆེན་མོ
ཆུང་མས་ངའི་འདོད་པ་དང་དུ་བླངས
ཉི་འོད་དང་སྦྲང་ཆར་གྱིས
རི་སྐྱེས་མེ་ཏོག་གཉོར་བར་འདོད

རྒྱ་སྲང་ཆོམ་སྒྲ་ཡིས་ནད་པར་བཏང
མཚན་ལྗོངས་ཁེར་རྐྱང་གིས་དུབ་པར་བགྱིས
ངའི་ལྷིང་འཇགས་ཀྱི་གྲུ་ཟུར་འདི་ནས
རང་བྱུང་ཁམས་ཆེན་མོའི་འདོད་ཡོན་སྤྱོད་ཀྱིན་ཡོད

ཉི་མ་ལ་གུར་ཁྱིམ་མེད
གླེང་མོལ་ལ་དྲོད་ཁོལ་མེད་ཀྱང
རང་བྱུང་ཁམས་ཆེན་མོའི་མཆུ་སྦྱོར་དེ་ཡིས
ངའི་མིག་ཟུང་གིས་བྱིས་དུས་ཀྱི་ལོ་སར་རོལ
2013.1.13རེབ་གོང་དབྱི་ཧྥུ་མི་རིགས་སློབ་འབྲིང་ནས།
ཕ་ཁྱིམ།
   
ཕ་ཁྱིམ་ལ་གཉེར་མ་བབས
གཉེར་མ་ནི་ཤེལ་གྱི་མེ་ལོང་ཞིག་ཏུ་གྱུར
ཤེལ་གྱི་མེ་ལོང་དེའི་ནང་དུ
འདས་སོང་བའི་ཨ་ཡེའི་སྒོར་མོ་བརྐུས་པ་འཆར
མ་སྤུན་ཨ་ཆེའི་བུ་དང་རྡུང་རེས་བྱས་པར་འཆར

མང་པོ་ཞིག་འཆར་རྗེས
ས་མཐར་སྤྱུགས་པའི་ལྕགས་སྒྲོག་གི་ངུ་སྐད
ཕྱི་དྲོའི་ཉི་ཟེར་ནང་ནས་རྒྱུ

ཁྱིམ་ཕྱི་ནང་ལ་ཞིབ་བཤེར་ཞིག་བྱས
སྣོད་ཅ་ལག་དག
ལོ་ངོ་བཅུའི་ཡར་སྔོན་གྱི་ལྷན་འཛོམས་དང་མཚུངས
ངོ་བོ་ཉིད་ཁེར་རྐྱང་གིས་བཟི་ཐག་ཆོད་འདུག

ཅུང་ཙམ་ལ་སྒུག་རོགས
ངས་རི་སྐྱེས་མེ་ཏོག་ཅིག་དཔུང་ཡ་བཙལ་ཡོད
སྐབས་དེར་ཁྱོད་ཀྱི་སྐྲ་ལོ་བཀྲུས་ནས
རྣ་མཇོག་ཏུ་མེ་ཏོག་སྣུམ་པོ་ཞིག་འདོགས་ངེས

ད་ང་འགྲོ་རན་སོང
མིག་ཆུ་འདིས་ཁྱེད་ཀྱི་ལག་པ་བཀྲུ་རོགས
མི་གང་ཡིན་ལ་ལག་འཇུ་མ་བྱེད
ངས་ནམ་ཡང་ཁྱེད་རང་སེམས་ཀྱིས་བརྣགས་ཡོད
2013.1.16རེབ་གོང་བྱང་ཆུབ་ནས།
ད་ལོར་ཕ་ཡུལ་དུ་ལོག་ན་ང་ལ་ཅི་ཡང་མི་འདུག

ངའི་ཕ་ཡུལ་ལ་མུ་གེ་བྱུང་བ་དང་འདྲ
བྱིས་པ་འཐར་འཐོར་ཞིག
ཁྱིམ་མཚེས་ཚང་གི་གོར་ཁང་དུ་འཛུལ་ཏེ་འབར་ཞུན་བརྐུ་བཞིན་འདུག

གློ་བུར་དུ
ངས་ཀྱང་ཁྱིམ་མཚེས་ཚང་གི་འབར་ཞུན་བརྐུས་པ་དྲན
རྩི་ཐོ་སོགས་མེ་རུ་བསྒྲོན་པ་དྲན
ཁྱིམ་བདག་མས་ཤེས་ཏེ་འགྲམ་ལྕགས་གཞུས་པ་དྲན

ངས་བྱིས་དུས་ཀྱི་འཇིག་རྟེན་གྱི་དྲན
བ་ཅུ་བཀོལ་བ  བོང་བུར་ཞོན་པ  འཇོལ་མོ་འཛིན་པ  བྱེའུ་སྒོང་གཅོག་པ
ནམ་ལངས་པ་ནས་སེམས་ཀྱིས་འཆར་གཞི་འཐེན
ས་རུབ་པ་ནས་རྨི་ལམ་གྱི་ཞིང་དུ་འཁོར

ད་ནི་རྒས་སོང
ཕ་ཡུལ་དུ་ཅི་ཡང་ལྷག་མི་འདུག
སྔོན་ཆད་ཀྱི་རྟ་ལྟར་བཅིབས་མྱོང་བའི་གྱང་ཆགས་མཐུག་པོ
སྤོ་འགུལ་ལྕགས་གདུང་ཞིག་གིས་ས་ནང་དུ་བརྡབས་འདུག
ང་གང་ནས་རྩེད་དམ  རྩེད་རོགས་སུ་ཞིག་ཡོད

ཀྱེ་ཀྱེ
སྦྲང་མའི་སུག་ཏི་ལ་རས་སྐུད་དཀྲི་བ་དེ་ཨེ་དྲན་ནམ
འཕྱི་བ་ལ་གཅར་རྡུང་བྱས་ཏེ་ཕྱག་འཚལ་དུ་བཅུག་པ་དེ་ཨེ་དྲན་ནམ
ས་ཁུང་བརྐོས་ཏེ་རིག་ཤ་བཙོས་པ་དེ་ཨེ་དྲན་ནམ
ཕ་ཡུལ་ཡ   ཁྱེད་འདི་འདྲའི་སྟོང་འཇགས་ཤིག་ཡིན་དོན་ཅི་ཡིན

“ཨ་རོགས  བྱིས་པ་ཚོ་ཚུར་ལ་ཤོག་དང
སྐྲག་མི་དགོས་ང་ཁོ་ཚང་གི་མིན
འབར་ཞུན་གྱིས་ཅི་བྱེད”ཅེས་ང་ཁོ་ཚོའི་ཉེ་སར་ཕྱོགས་པ་ན
“མེ་སྒོང་བའི་ཆེད
དྲོད་རྒྱས་པའི་ཆེད
སེམས་སྐྱིད་པའི་ཆེད”ཅེས་གླུ་དབྱངས་ཤིག་ལེན་ཞོར་ང་དང་རིང་དུ་བྲོས

བྱིས་པ་ཚོར་འབར་ཞུན་འདུག
འོན་ཀྱང   ང་ལ་ང་ལ་ཅི་ཡང་ལྷག་མི་འདུག
2013.1.16རེབ་གོང་བྱང་ཆུབ་ནས།
དཔའ་ལུང་དང་ཉི་མ།

དཔའ་ལུང་གྲང་གིན་འདུག
ཉི་མ་མཛེས་པོ་ཞིག་དཔའ་ལུང་གི་ཞིང་ཚིགས་སུ་འཕྲོས
ལྗང་མྱུག   རི་ཆུ   ཁང་བ
ལོ་རྒྱུས་ཀྱི་སྣེ་མོར་འཐུད་ཀྱིན་འདུག

དཔའ་ལུང་ནི་ཉི་མའི་མིག་ཆུ་རེད
ཉི་མ་ནི་དཔའ་ལུང་གི་ཐོར་ལྕོག་རེད

ངས་ཉི་མ་དྲན་ཚེ
དཔའ་ལུང་གི་སྲོད་ཁའི་ཁང་སྐྱ་ལེབ་མོ་དག་དྲན
དཔའ་ལུང་དྲན་ཚེ
ཉི་མ་བགྲོད་ཤུལ་གྱི་མུན་པའི་རིད་པ་དྲན

དཔའ་ལུང་ནི་ཉི་མའི་མིག་ཆུ་རེད
ཉི་མ་ནི་དཔའ་ལུང་གི་ཐོར་ལྕོག་རེད
2010.08.14རེབ་གོང་བྱང་ཆུབ་ནས་བྲིས།
                     2013.02.04རེབ་གོང་ཁྱིམ་གཞི་ནས་བཅོས།
དཔའ་ལུང་གི་ས་སྲོད།

དཔའ་ལུང་ནི་ཡོང་རིལ་ཞིག་ཡིན
རྩད་པ     ས་འོག་ཏུ་བྱི་ལོང་གིས་འཆའ་བཞིན་ཡོད
ལྗང་ནེམ་ནེམ་གྱི་ལོ་མ
སྔོ་སྐམ་དུ་གྱུར་ཏེ་ཐང་ལ་འགྱེལ་འདུག

དཔའ་ལུང་ནི་ནད་པ་ཞིག་ཡིན
མཆིན་ནད     སྨན་ཁང་དུ་གསོ་བཅོས་བྱེད་ཀྱིན་ཡོད
འོད་ལམ་ལམ་གྱི་ལང་ཚོ
གསོམ་ཤིང་གི་ཤུན་ལྤགས་སུ་གྱུར
                     2010.08.14རེབ་གོང་བྱང་ཆུབ་ནས་བྲིས།
                       2013.02.04རེབ་གོང་ཁྱིམ་གཞི་ནས་བཅོས།
【གསལ་བཤད།】དགའ་མ་དཔའ་ལུང་དུ་གསབ་སྦྱོང་དུ་སོང་བའི་ཉིན་ཞིག་ལ་ཁོ་བོར་ཁ་པར་ཡོང་སྟེ།དཔའ་ལུང་གི་བོད་སྐད་ཡིག་གི་གནས་ཚུལ་སོགས་བཤད་པས་གློ་བུར་བའི་སེམས་ཚོར་ཞིག་བྱུང་བར་བརྟེན་སྙན་ངག་འདི་བྲིས་པ་ཡིན།
   ཉི་འོད་ནི་ཚེ་གང་གི་སྐྱིད་དུ་བསམ་ཡོད།

ཁང་བ་དེའི་བ་དན་མདུང་རིང་ལོག་སོང
ཤུལ་དུ་གུ་གེ་གནའ་ཤུལ་དང་འདྲ་བའི་མཁར་གྱང་ཞིག་ཡོད
རྩིག་པ་དང་ལྕི་བ
ཁྱིམ་མཚེས་སུ་གྱུར་བའི་ཆར་རླུང་གིས་ཟ་བཞིན་འདུག

ཁང་བ་དེའི་སྒོ་ཁྱི་གཡུང་མོ་ཞིག་ཡིན
ས་རུབ་རྗེས
གྲོག་མས་ཀུ་ཤུ་ལ་སོ་ཤད་རྒྱག་གིན་འདུག

ང་ནི་བ་དན་མདུང་རིང་ཞིག་ཡིན
ངས་འབུ་ཆ་གའི་བའི་ཨོང་ཤ་བཙུར་ཏེ་གཡུས་བཙགས་མི་འདོད
ཉི་འོད་ནི་ཚེ་གང་གི་སྐྱིད་དུ་བསམ་ཡོད
2010.08.06རེབ་གོང་བྱང་ཆུབ་སློབ་ཆུང་ནས་བྲིས།
2013.01.30རེབ་གོང་ཁྱིམ་གཞི་ནས་བཅོས།
དབུལ་བོ་དང་རི་གྲོང་།

དབུལ་བོ
རི་གྲོང་ནས་འཚར་ལོངས་བྱུང
རི་གྲོང་ནི་དབུལ་བོའི་ཡོད་ཚད་ཡིན

རི་གྲོང
དབུལ་བོ་ཡི་དཔྱད་བརྗོད་པ་ཡིན
དབུལ་བོས་རི་གྲོང་ལ་ཅེར་ནས་བསྡད་ཡོད
2010.08.12རེབ་གོབ་བྱང་ཆུབ་ནས་བྲིས།
2013.01.30རེབ་གོང་ཁྱིམ་གཞི་ནས་བཅོས།

ཕྱི་དྲོ་དེར།

ཕྱི་དྲོ་དེར
རླུང་འཚུབ་ཀྱིས་ཆར་བ་བན་ཤིང་ནས་བཞུར
འབྲུག་སྒྲ་ཡིས་དཀར་ཡོལ་ཆ་ག་ནས་འདར
ཨ་མའི་འཇིགས་པ་ལས་ལྡོག་དགོས་པའི་གསོལ་འདེབས
ཅལ་ཅལ་དུ་འབབ་པའི་བན་ཆུའི་བཞུར་སྒྲ་ལས་གྲག་འོང

ཕྱི་དྲོ་དེར
ལྷས་དཀྱིལ་དུ་ཆར་སྒང་གི་མེ་ཏོག་བཞད
ཁང་ཁ་ན་སྨུག་ལོང་གི་མེ་སྟག་མཆེད
རྐང་ཐང་བའི་ཁེར་རྐྱང་གི་སྙན་ངག
ལྷས་འཁྱམས་ཀྱི་ཆར་སྒང་སྟོག་ཕྲག་གི་ངོས་སུ་འཚེར

ཕྱི་དྲོ་དེར
ལོ་ངོ་སྟོང་གི་གཞི་ཁྱིམ
གློག་དམར་གྱི་འགྱུར་ཁུག་བར་ན་ལྷེམ་ལྷེམ་བྱེད་ཀྱིན་འདུག
2010.07.1རེབ་གོབ་བྱང་ཆུབ་ནས་བྲིས།
2013.01.30རེབ་གོང་ཁྱིམ་གཞི་ནས་བཅོས།
ང་ནི་དབྱར་ཁའི་ལོ་མ་ཞིག་ཡིན

ང་ནི་དབྱར་ཁའི་ལོ་མ་ཞིག་ཡིན
ལོ་མ་ཡལ་གས་དམ་དུ་བཟུང་ཡོད
མཚམས་ཤིག་ལ་བསིལ་རླུང་ཞིག་ལྡིང་བྱུང
བསིལ་རླུང་དེས་ང་རང་རྒྱང་དུ་ཁྲིད་གྲབས་བྱས

ང་ནི་དབྱར་ཁའི་ལོ་མ་ཞིག་ཡིན
ལོ་མ་ཉི་འོད་ཀྱིས་མཆུ་སྦྱོར་བྱེད་ཀྱིན་ཡོད
མཚམས་ཤིག་ལ་བུ་མོ་ཞིག་སླེབས་བྱུང
བུ་མོ་དེས་ང་རང་བཏོག་རྩིས་བྱས

ཡལ་ག་ནས་ཤག་ཤག་ཏུ་གཡོ་བ
བཙོན་ཁང་ཞིག་གི་སིལ་སྒྲ་དང་འདྲ་ཡང
ཡལ་ག་ནི་ངའི་ཨ་མ་ཡིན་པར་ཤེས་ཚེ
ང་གང་དུའང་འགྲོ་མི་ཆོག
འདི་ནི་ཡལ་ག་ལ་བསམ་པའི་མི་ཚེའི་དམ་བཅའ་འོ  
2010.08.16རེབ་གོང་ཁྱིམ་གཞི་ནས་བྲིས།
                       2013.01.29རེབ་གོང་ཁྱིམ་གཞི་ནས་བཅོས།
རོགས་ཆུང་ལོ།
   
རོགས་ཆུང་ལོ་ཉ་མོ་ཞིག་དང་འདྲ
ཚོང་རའི་ཤེལ་སྒམ་དུ
བག་ཡངས་ཀྱི་རྒྱ་མཚོ་ཞིག་བློ་བཟོ་བྱེད་ཀྱིན་ཡོད

རོགས་ཆུང་ལོ་འབུ་མེ་ལྕེབས་ཤིག་དང་འདྲ
མར་མེའི་མཐའ་སྐོར་དུ
བདེ་སྐྱིད་ཀྱི་སྒོ་མོ་ཞིག་འཚོལ་ཞིབ་བྱེད་ཀྱིན་ཡོད

རོགས་ཆུང་ལོ་བླུན་པོ་ཞིག་དང་འདྲ
ལོ་འདབ་མེད་པའི་སྡོང་རྒན་ཞིག་དྲོད་ཀྱིས་བསྐྱངས
སྟོན་ཁ་སླེབས་ན
སྙིང་རྗེ་བའི་འབྲས་བུ་ཞིག་ལ་རེ་སྒུག་བྱས་ཡོད
2010.08.16རེབ་གོང་ཁྱིམ་གཞི་ནས་བྲིས།
                       2013.01.29རེབ་གོང་ཁྱིམ་གཞི་ནས་བཅོས།
 གདོད་མའི་འཚོ་བ།

ང་རང་རྩྭའི་སྤྱིབས་བུ་ཞིག་གི་འོག་ན་ཙོག་ཡོད
སྤྲིན་ནག་རེ་འཁྲུགས་ན
ངའི་འབྲི་ཤོག་ཏུ་གནམ་རྒན་མའི་མིག་ཆུ་ལྷུང་སྲིད

ང་རང་ཐབ་རྡོ་གསུམ་གྱི་འགྲམ་ན་ཙོག་ཡོད
གྲང་ངར་རེ་འབར་ན
ངའི་ལྕགས་སྨྱུག་ཏུ་དར་གྱི་ཡུ་བ་ཞིག་འཛུལ་ངེས

ཡིན་ཡང
ངས་ཉི་མ་ཞིག་མངལ་དུ་སྦྲུམ་ཡོད
ཉི་མ་དེས་སྲིད་གསུམ་ལ་འོད་སྣང་སྦྱིན་ནུས
                 2010.08.16རེབ་གོང་ཁྱིམ་གཞི་ནས་བྲིས།
                       2013.01.29རེབ་གོང་ཁྱིམ་གཞི་ནས་བཅོས།

ངེད་ཚང་མེད་པོ་ཡིན།

དགའ་ལོ  ངེད་ཚང་མེད་པོ་ཡིན
གནས་ལ་ཡོང་ཁར་སློག་པ་དྲོན་པོ་ཞིག་འཁྱེར་ཤོག
དགུན་ཁར
ཙག་བསེར་བུ་ཡིས་རྩིག་པ་གཏོར་སྲིད

དགའ་ལོ  ངེད་ཚང་མེད་པོ་ཡིན
གནས་ལ་ཡོང་ཁར་དགུན་ལྷམ་དྲོན་པ་ཞིག་འཁྱེར་ཤོག
དབྱར་ཁར
ཁ་བ་བུ་ཡུག་གིས་རྩྭ་ལྗང་མེ་རུ་བསྒྲོན་ངེས
2010.8.16རེབ་གོང་ཁྱིམ་གཞི་ནས་བྲིས།
2012.1.27རེབ་གོང་ཁྱིམ་གཞི་ནས་བཅོས།
ཁྱོད་ཡོང་ན་མེ་ཏོག་གིས་བསུ་མ་བྱ།

ཁྱོད་ཀྱི་བྲང་གཞུང་ན་མེ་རོ་གསོས་ཡོད
མེ་རོ་དེ    
དྲོད་ལམ་ལམ་གྱིས་ངའི་སར་བཞུར་ཡོང
ངས་མེ་ཏོག་ཅིག་ལ་ཆུ་ལྡིག་ཞོར
མཛེས་སྡུག་གི་མེ་ཏོག་ར་བ་ཞིག་བློས་བསླངས་བྱེད་ཀྱིན་ཡོད

ང་ལ་ཉི་མ་ཞིག་ཡོད
ཉི་མ་དེའི་མིང་ལ་ངའི་ཨ་མ་ཟེར
ངའི་ཨ་མས་དྲོད་ཁོལ་གྱི་ཀློང་ནས་ཚ་བོ་ཞིག་ལ་རེ་སྒུག་བྱས་ཡོད

ངས་མེ་ཏོག་གི་བསུ་མ་བྱེད་པར་གྲ་སྒྲིག་བྱས་ཡོད
2010.8.16རེབ་གོབ་ཁྱིམ་གཞི་ནས་བྲིས།
2012.1.27རེབ་གོང་ཁྱིམ་གཞི་ནས་བཅོས།
འབུ་ཏོ་ལོ་དང་སྙན་ངག་པ།

ལུང་བ་དེ་རུ་རྩྭ་དང་བསིལ་རླུང་མི་འདུག
ཚ་རྡུང་གིས་མནར་བའི་འབུ་ཏོ་ལོས
ལུང་མཐིལ་ནས་སྙན་ངག་པའི་ཅི་གསུངས་ལ་བལྟས

ལུང་བ་དེ་རུ་ཉི་འོད་དང་ནམ་མཁའ་མི་འདུག
ཚོར་འདུས་བརྟས་པའི་སྙན་ངག་པས
ལུང་ཁ་ནས་འབུ་ཏོ་ལོའི་འཕག་འཚག་ལ་བལྟས

འབུ་ཏོ་ལོའི་ལུས་པོ་ཡང་ཡང་སྟེང་འོག་བརྗེས
སྙན་ངག་པའི་ཚོར་བ་ཡང་ཡང་ལྕི་ལོག་བརྒྱབས
འབུ་ཏོ་ལོ་འཆི་ལ་ཉེ་ཡང་སྙན་ངག་པའི་གསུངས་སྐད་མ་གོ
སྙན་ངག་པ་སྨྱོ་ལ་ཉེ་ཡང་འབུ་ཏོ་ལོར་སེམས་གཏམ་མ་བཤད

ལུང་མཐིལ་ནས་འབུ་ཏོ་ལོ་ཤི
ལུང་ཁ་ནས་སྙན་ངག་པ་སྨྱོན་པར་གྱུར
ད་ལྟ་ལུང་བ་ནི་ཅི་ཡང་མི་འདུག
2012.12.02ལན་གྲུ་ནས་བྲིས།
ང་འཆུགས་མེད།

ཁ་པར་གྱིས་ཁ་སེམས་སྐྱིད་པར་བྱེད་མོད
ཁེ་ཉིན་གྱི་མོ་གྲངས་ལས
སང་ཉིན་གྱི་གདོང་ལ་བད་མོ་མ་བརྐུ

མལ་ཐུལ་གྱི་ནང་ནས་མིག་ཆུ་བཞུར་ཡང་ཆོག་མོད
མ་འཐད་པའི་ཁེར་རྐྱང་ལས
ཁ་གཏད་ཀྱི་ཁྱོ་གར་དོགས་པ་མ་ཟ

ཞིམ་མངར་གྱི་མཆུ་སྒྲོས་ཁྱེད་ཀྱི་རྣ་རྩར་ཐོན་ཡོད
མཉེན་འཇམ་གྱི་སེམས་པ་ཁྱོད་ཀྱི་ལང་ཚོར་ཕུལ་ཡོད
མགོ་རུམ་ནས་མ་འདུག་ཕྱི་ལ་བལྟ་རོགས
ཕྱི་རོལ་ནི་སྒོག་དྲིས་ཁྱབ་པའི་ཞིང་གྲོང་ཞིག་ཡིན
ར་མ ཁུ་བྱུག དྲས་མའི་མེ་ཏོག
ཞིང་གྲོང་གི་ལང་ཚོ་ཡིན ཁྱོད་ཀྱི་ལང་ཚོའང་ཡིན
དེ་བས་ང་འཆུགས་མེད

དེ་རིང་ནི་ཚེས12རེད

དེ་རིང་ནི་ཚེས12རེད
2012ལོའི་ཟླ12བའི་ཚེས12རེད
འཇིགས་ཟིལ་གྱི་གཡོ་སྐྱོམས་ལོངས་སུ་སྤྱད་དེ
སྙན་ངག་དང་མཉམ་དུ་ཤི་བར་འདོད་ཀྱང
སའི་གོ་ལ་འཕག་རྒྱུ་མ་བྱུང

སའི་གོ་ལ་ལ་ངོ་ཚ་མི་འདུག
ཕྱེད་ལྷོ་མའི་ལོ་མ་ཞིག་ཀྱང་ས་རུ་མ་བབས
དེ་རིང་ནི་ཚེསརེད
2012ལོའི་ཟླ12བའི་ཚེས12རེད
ངས་དགུན་ཉི་ལྡོག་གི་ལྡིང་ཁང་ནས
ཁ་ཆེམས་ཀྱི་སྙན་ངག་འབྲི་གིན་ཡོད

སའི་གོ་ལ་སྐྱོམས་ཡ
ངས་གྲ་སྒྲིག་བྱས་ཡོད
ཚེས12ཀྱི་ཉིན་འདིར་ཤོག་བུ་དང་ལྕགས་སྨྱུག་གྲ་སྒྲིག་བྱས་ཡོད
འཛེམ་དོགས་མེད་པར་སྐྱོམས་དང
ངས་ཁྱོད་ཀྱི་འཕག་འཚག་གི་སྟངས་སྟབས་མྱོང་བར་འདོད
2012.12.12ལན་གྲུ་ནས།
དགའ་མ།

དཔེ་ཆ་ཁྱོ་ག་འདྲ་བར་རུམ་ནས་འདུག
ལག་པས་ངའི་མཇེ་བསྐྱོར
ངས་མོ་ཡའན་གྱི«སྦལ་བ»བལྟ་ཡི་ཡོད

གཉིད་ཟིན་པའི་ལག་པ
ངའི་འདོམ་དུ་ཡང་ཡང་སླེབས རླིག་རིལ་ལ་འདུག་རོགས་བྱས
དཔེ་ཆ་ལ་དགའ་རོགས་མེད་ཀྱང
རུམ་ཁུང་ནས་ལེན་དུས་དྲོལ་ཁོལ་ཞིག

ཆེས་དགའ་ས་དང་མཉམ་དུ་བསྡད་ཚེ
དགའ་མའི་དཀར་ཡོལ་དུ
ཙོང་སྲེག་བྱས་པའི་ཞིང་གྲོང་གི་བྲོ་བཅུད་འཛོམས

དུས་ཚོད་ཀྱིས་དགའ་མ་གྲི་ཁར་བཞག
ངའི་མིག་མེད་པའི་ལྕགས་སྨྱུག
མུན་ནག་གི་ཅོག་ཙེ་རུ་མཆུ་ཏོ་བརྡར
དགའ་མ་ཡ འཕྱི་བ་དགུན་རྩ་བཏུ་རུ་ཕྱིན
2012.12.3 00:06ལན་གྲུ་ནས།
འབུ་ཕྱེ་ལེབ།

འབུ་ཕྱེ་ལེབ་དཔེ་ཆ་རུ་འགུལ་གྱིན་འདུག
གཤོག་སྒྲོ་ལ་རླུང་ཤུགས་མེད་ཀྱང
ལུས་པོས་གཤོག་ཟུང་དྲུད་ནས་མདུན་དུ་བསྐྱོད་པར་བྱེད

ར་ཅོ་གཉིས་མཚམས་མེད་དུ་འགུལ་ཚུལ་ལ་བལྟས་ན
འཆི་མི་འདོད་པའི་མཐའ་མཇུག་གི་འཕག་འཚག་བྱེད་པ་དང་འདྲ
དཔེ་ཆ་མཐོན་པོ་དེའི་སྣེ་ཁར་ཐོན་དུས
མིག་ལམ་ནི་ཁོད་ཡངས་པའི་རང་དབང་གི་ནམ་མཁའ་ཡིན་གཤིས
ཁྱོད་ལ་དབང་མེད་དུ་སྤོབས་པ་ཞིག་རྒྱས
 
རང་ཉིད་ཀྱི་བཤུད་ལམ་ལ་ཕྱིར་བལྟ་མེད་པར
སྐད་ཅིག་མར   མལ་ཁང་གི་མཁའ་དབྱིངས་སུ་བསྙེགས
མིག་མདུན་གྱི་མདོག་སྔོན་པོ་དེ་ནི
ཁྱོད་ཀྱིས་གནམ་སྔོན་པོ་ཡིན་པར་འཁྲུལ་བས
བུད་མེད་ཚོའི་ཁྲུས་སྣོད་སྔོན་པོ་དེའི་ནང་ནས་རང་ཤི་རྒྱག་དགོས་སོང
ཁྱོད་ཀྱི་འཕག་འཚག་དེས
རླབས་གཉེར་གྱི་རི་མོ་ཞིག་ཀྱང་འབྲི་མ་ཐུབ
2012.11.15ལན་གྲུ་ནས།
ད་ནངས་ཁ་བ་བབས་འདུག

ད་ནངས་ཁ་བ་བབས་འདུག
ངས་ལམ་འགྲམ་གྱི་སྡོང་བོའི་ཡལ་ག་ཞིག་བཅགས་ཏེ
སང་ཉིན་ད་དུང་ཁ་བ་འབབ་སྲིད་དམ་ཞེས་ཁངས་ནང་དུ་ཡི་གེ་ཞིག་བྲིས་མོད
བོངས་ཆེ་བའི་ཟོང་སྐྱེལ་རླངས་འཁོར་གྱིས
སྐད་ཅིག་མར་གསུབ་པར་བྱས

ཡི་གེ་འབྲི་སྤྱད་ཀྱི་ཡལ་ག་འདི་ཕར་ལ་གཡུགས་ནས
ཁ་བ་ལྷབ་ལྷུབ་འབབ་པའི་སྨུག་ཀློང་ལ་རྒྱང་བལྟ་བྱས
གློ་བུར་དུ་མིག་ལྕིབས་སུ་ཁ་བ་ཞིག་བབས་པ
ཐོག་མར་དཀར་པོར་འཁྲུལ་ཡང
རུས་རྐང་ལ་ཟུག་གཟེར་གྱི་འཛེར་མ་བརྡབས་པས་ན
ངས་དེ་ནི་ད་གཟོད་དམར་པོ་ཡིན་པར་ཚོར

ཨ་ཙི ངའི་མིག་མདུན་གྱི་བྱ་དངོས་མཐའ་དག
མིག་འབྱེད་ཙམ་དུ་ཁ་བའི་འཇིག་རྟེན་དུ་གྱུར
མ་རེད དམར་མདོག་གི་ཁ་བའི་འཇིག་རྟེན་དུ་གྱུར་འདུག

མནོམ་དང གསུར་དྲི་ཞིག་མཆེད་ཀྱིན་འདུག
ཁ་བ་ཡིས་འགོག་མ་ཐུབ་པའི་གསུར་དྲི་ཞིག་མཆེད་ཀྱིན་འདུག
གློ་བུར་དུ་ཁ་བ་ཞུ་སྟེ
ཁྲོམ་སྲང་དུ་ཆུ་རུལ་བཞུར་གྱིན་འདུག
ཆུ་རུལ་དུ་མེས་མ་འཚིགས་པའི་གསེར་གྱི་རྣ་ལུང་ཡོད་ལ
རླུང་གིས་མ་གསུབ་པའི་རྐང་རྗེས་འཁོལ་མ་ཡང་འདུག

ལྟོས་དང་ད་ཅི་མར་ལ་གཡུགས་པའི་ཡལ་ག་ཡང
ཆུ་རུལ་དང་མཉམ་དུ་ཆུ་རུལ་གཞན་ཞིག་ལ་འདྲེས་ཀྱིན་འདུག
གྲང་ངར་འཁོལ་བྱུང
ཡོད་ཚད་སྲ་གཟུགས་སུ་གྲུབ་ཚར་བས
ངས་ཨ་མ་ལ་བདེ་འཚམས་འདྲི་མ་ཐུབ
ཕུ་བོ་བླ་བྲང་ལ་ཚོང་དུ་འགྲོ་མ་ཐུབ
 
ཀྱེ་ཀྱེ
མགོ་བོ་ནམ་མཁའི་དར་གྱིས་གཡོགས་འདུག
རྐང་བ་ས་གཞིའི་རགས་ཀྱིས་བཅད་འདུག
སྙིང་ཉེ་བའི་ཕ་ཡུལ་གྱི་མིང་སྲིང་ཚོ
ཞེ་སྡང་དེ་དྲོད་དུ་སྒྱུར་ཅིག
འུ་ཐུག་དེ་སྤོབས་པར་སྒྱུར་དང
སང་ཉིན་གྱི་ཁྱུང་སྔོན་སྐྱེས་ཁྲག་དམར་གྱིས་བསུ་ཡ
2012.11.22ལན་གྲུ་ནས།
ཕ་ཡུལ་གྱི་ནམ་མཁའ།

ཕ་ཡུལ་གྱི་ནམ་མཁའ
དགུན་ཁའི་ལག་གི་དཀར་ཡོལ་དང་འདྲ
ངའི་སེམས་པ
དེའི་ནང་རོལ་གྱི་འཁྱག་དར་རོ

ཕ་ཡུལ་གྱི་ནམ་མཁའ
སྨུག་རྒྱུའི་གྲོང་གི་མེ་ཐབ་དང་འདྲ
ངའི་སེམས་པ
དེའི་ནང་རོལ་གྱི་མེ་ལྕེའོ
2012.11.12ལན་གྲུ
འདྲ་པར་ཞིག་མཐོང་རྗེས།

བཤས་ར་ནས་ལུ་གུ་ཞིག་ཤོར་སོང་བ་དང་འདྲ་ལ
ལུ་གུས་རང་ཉིད་ཀྱི་ཨ་མར་འཐམས་ཏེ
ངུ་ཤུམ་ལས་གསང་བ་ཞིག་ཞུ་བཞིན་ཡོད་པ་དང་འདྲ

ལུ་གུའི་ཨ་མས་ཚིག་གཅིག་ཀྱང་མི་བཤད་པར
ལུ་གུའི་མགོ་བོར་འཐམས་ནས
ཁ་རླངས་འཐུལ་འཐུལ་གྱིས་མིག་ཆུ་ཞིག་བཞུར་ཚུལ་ལ་བལྟས་ན
ཤུ་རེ་བྱོས་དང་རེ་བ་ཡོད་ཐག་ཆོད་ཡིན་ཞེས་བཤད་པ་དང་འདྲ་གི

རྒྱ་མཚོའི་ཕར་ངོགས་ནས་ཕྱིར་གྱེན་དུ་བལྟས་ཚེ
སྤྲིན་པ་དང་ཉི་འོད་ཀྱིས་རུམ་པའི་ལུ་གུ་གྲངས་མེད་ཅིག
བཤས་ར་ན་དངངས་འདར་རྒྱག་གིན་ཡོད
བཤས་ར་ནས་ཐར་ཨེ་ཐུབ་ལ་བལྟ་ཡི་ཡོད

གསིར་དྲི་དམར་པོ་ཞིག་གིས
རྒྱལ་དར་མང་བའི་སྒོ་ཆེན་ལ་ཚོས་ཁ་ཡང་ཡང་བགོས་ཀྱང
སྒོ་གླེགས་ལ་གཅི་གཟེར་མེད་པས
གསིར་དྲི་དེ་གསིར་དྲི་ཁོ་ནར་གྱུར

ཨ འདྲ་པར་དུ་ཐིགས་པ་འཛར་གྱིན་འདུག
ཐིགས་པས་འདྲ་པར་དེ་རྒྱང་རིང་དུ་འཁུར་གྱིན་འདུག
འདྲ་པར།

འདྲ་པར་དུ་སྨུག་པ་འཁྱིལ་འདུག
སྨུག་པས་འདྲ་པར་གྱི་རྒྱབ་ལྗོངས་མཐོང་མ་ཐུབ
གློ་བུར་དུ་ལག་པ་ནག་པོ་ཞིག་ཕྱི་རུ་བསྲིངས་ཏེ
ང་ལ་རྐུབ་སྟེགས་ཤིག་འཁྱེར་ཤོག་ཟེར

འདྲ་པར་དུ་ཆུ་ཁོལ་གདུ་བཞིན་འདུག
ཆུ་ཁོལ་གྱིས་འདྲ་པར་གྱི་ཉེ་སར་བཅར་མ་ཐུབ
གློ་བུར་དུ་གསིར་དྲི་དམར་པོ་ཞིག་ཕྱི་རུ་བརྐྱངས་ཏེ
ང་ལ་ནམ་མཁའ་ཞིག་འཁྱེར་ཤོག་ཟེར
2012.11.09ལན་གྲུ་ནས།
འདྲ་པར། (ཁག་གཉིས་པ།)
རེབ་གོང་གི་ལྷ་རིས་པས།
འདྲ་པར་དུ་མེ་དཔུང་ཆེན་པོ་ཞིག་བྲིས་ཡོད
དེ་ནི་ཕ་ཡུལ་གྱིས་ཁ་རོག་གེར་ང་ལ་བསྐུར་བྱུང

རེབ་གོང་གི་བོན་ཆོས་པས
འདྲ་པར་དུ་དམར་བསང་ཆེན་པོ་ཞིག་ཕུལ་ཡོད
དེ་ནི་ཕ་ཡུལ་གྱིས་ཁ་རོག་གེར་ང་ལ་བསྐུར་བྱུང

འདྲ་པར་གྱི་འོད་ཀྱི་ལྡོག་འཕྲོ་དེས
ངའི་སེམས་ཀྱི་ཤེལ་ལེབ་ནས་མེ་དཔུང་ཞིག་འཆར
ངའི་ཡིད་ཀྱི་བུ་ག་ནས་གསིར་དྲི་ཞིག་འཕྱུར

ངའི་ལག་ན་ཡོད་པའི་འདྲ་པར་དུ
ཆར་བ་འབབ་ཀྱིན་འདུག
མ་རེད ངའི་གློ་སྙིང་བར་གྱི་གཤེར་ཁུ་འབབ་ཀྱིན་འདུག
དྲོད་ལམ་ལམ་གྱིས་འབབ་ཀྱིན་འདུག

ངའི་སེམས་སུ་འབྱར་བའི་འདྲ་པར་དུ
རོ་དྲི་འཐུལ་གྱིན་འདུག
མ་རེད ངའི་གློ་སྙིང་འཚིགས་པའི་གསིར་དྲི་འཐུལ་གྱིན་འདུག
དྲོད་ལམ་ལམ་གྱིས་འཐུལ་གྱིན་འདུག

ཀྱེ འདྲ་པར་ཡ
དུ་བ་ཡལ་བའི་སོ་བ་ལ་འགུལ་རྒྱུ་ཡོད་པ་ཅི་ཡིན
ཚོན་རུས་ཡལ་བའི་འདྲ་པར་ལ་གསོན་ཤུགས་ཡོད་པ་ཅི་ཡིན
2012.11.16ལན་གྲུ་ནས།
ཚེག་དང་ཤད།

ཨ་ལན་སྤྲོད་ཤེས་པའི་མི་འདི་འདྲ་མང་ཡང
ཁྱེད་ཀྱིས   ང་གཅིག་པུ་ལ་མེ་བཙའ་ཞིག་བཞག་པས
གཅིག་གཉིས་བཞི་ཡི་སྒོ་མོ་ལས་བརྒལ་འདོད་མ་སྐྱེས
 
མ་ཡིག་གི་རུམ་ཁུང་ནས་ནུ་ཞོ་བསྣུན་ལ
ཟ་ཡིག་གི་འཚོ་བ་ལས་བཟའ་བཏུང་རོལ་རྗེས
ཤྭ་དང་ཝ་སོགས་ཀྱི་སྲོག་ཆགས་ཀྱི་འཇིག་རྟེན་དུའང་ཁྱེད་རང་ཞུགས་པར་བྲེལ

ཅ་ཡིག་དང་ཕ་ཡིག་གི་རྐུབ་ཤ་ལྡག་ཅིང
ད་ཡིག་དང་ན་ཡིག་གི་སྐེད་པར་འཁྱུད་དུས
ཤད་ཀྱིས་ངོ་ཚ་མདོག་གིས་ཁྱེད་རང་སྦས་པར་བྱེད
 
ཀ་ག་ཤ་གསུམ་ལ་ཁྱེད་རང་མི་མཁོ་བ་བདེན་ཡང
ཁོ་ཚོས་གཟབ་མཆོར་སྤྲས་ཏེ་འཇིགས་འཇིགས་བྱེད་དུས
ཁྱེད     ཁོ་ཚོའི་རྗེས་ནས་འགྲེངས་ཏེ་གཟི་བྱིན་ངོམ་དགོས

ཁ་ཆག་སྣ་རལ་དུ་གྱུར་དུས་ཁྱེད་ཀྱིས་འཚེམ་བཟོ་གནང
དོན་མེད་གང་བྱུང་དུ་ལབ་དུས་ཁྱེད་ཀྱིས་མཁར་གྱང་རྡུང
སོང་ཚར་བ་དག་ཁྱེད་ཀྱིས་སྐྱེལ་མ་བྱེད་ཅིང
སོང་མ་ཚར་བ་དག་ཁྱེད་ཀྱིས་སྣེ་ཁྲིད་བྱེད
ཚག་གི་ཚ་ཁུ   ཤད་ཀྱི་ཤ
ཁྱེད་གཉིས་མེད་ན་ཧུབ་ཐུག་ཅི་ལྟར་ཞིམ
2011.11.01.12:36ལན་གྲུ་ནས།
ང་ལྷོད་ལ་བབས་ནས་སྙན་ངག་ཅིག་བྲིས་ན།

རི་ཁུད་ཀྱི་ཞོགས་པས་དུད་ཞགས་རུམ
ནངས་ཇ་ད་དུང་མ་འཁོལ་ཡང   ལྕི་བས
གོམ་བྱང་ལྟར་ཇ་དེམ་གྱི་འོག་ན་གློ་སྙིང་སྲེག་གིན
ཝ་ཐེ་ཡིས་མཐོང་བའི་ཁ་ལེབ་ལ་ངང་སྒུག་མཛད

ཁྱིམ་ཐབ་ཀྱི་རྫ་མས་སློག་པ་གྱོན
ཆབ་རོམ་གྱི་མེ་ཏོག་ལས་དབྱར་ལྗོངས་ཤིག་ཏུ་འཁྲུལ་ཏེ
ཆུ་གཉེར་དུ་འཁྱིལ་བའི་རྩེད་འཇོ
ཐབ་འགྲམ་གཡས་གཡོན་ནས་ཕྱིར་དྲན་བྱེད་པར་འདོད

དགུ་བདུན་པ་གློ་རྡེག་ཏུ་ཟུག་པས
ཐེ་ཚོམ་གྱིས་དཔྱངས་པའི་སྙུང་རྡོ་དེ་ཉིད
སྙིང་རྗེ་བའི་ངང་ས་རྡུལ་དང་ཁ་ཤ་གླན་ནའང  
འཁང་ར་དང་ཁོང་ཁྲོ་ཅི་ཡང་མེད་པར
རང་ཉིད་ཀྱི་རྒྱལ་ཁམས་ལས་འགྲུལ་བཞུད་བྱེད་དགོས
2011.11.01  00:33ལན་གྲུ་ནས།
 ཁེར་ཧྲང་བའི་དྲན་འགྱུ།

ཁྱོད་ཀྱི་ས་སྲོད་ཀྱིས་སྒེག་ཉམས་གཏོད་ཚུལ་ལྟར
ངའི་ས་སྲོད་ཀྱིས་ཀྱང་སྒེག་ཉམས་གཏོད་ཀྱིན་ཡོད་མོད
ཁྱོད་དྲན་པའི་མར་ཞགས་ཡོད་མེད་ཀྱིས
ས་རུབ་སྟངས་ཀྱི་རོ་མངར་ལ་ཁྱད་པར་བྱུང་འདུག

དགོང་ཇ་འཁོལ་མ་ཞིག་རོལ་བར་འདོད་ཀྱང
དཀར་ཡོལ་གྱི་མཐའ་ན་འཕྱུར་བའི་རླངས་པ་དེ་ལྟར
ཁྱོད་ནི་ངའི་སེམས་ཀྱི་མཁའ་དབྱིངས་སུ་གཟུགས་ཀྱིས་རྒྱུ་བས
ཧུབ་ཐུག་འཁོལ་མ་དེ་ཡང་བསྐྱར་བསྲོ་དགོས་བྱུང

སློབ་གྲོགས་ཚོས་ཕྱོགས་ཡར་མར་གྱི་རྩེད་མཚར་གླེང་དུས
ངས་ཁྱོད་ཀྱི་གཅེས་མིང་དེ་བཟུང་ནས
ཡུན་རིང་དུ་བརྣགས་པའི་གདུང་དབྱངས་བྱོ་རྩིས་བྱེད་དུས
ཁོ་ཚོས་སུན་མདོག་གིས   ང་རང་སུན་པར་བཟོས་སོང

བདེ་དྲོད་མེད་པའི་མལ་སའི་ཁུངས་སུ་འཛུལ་ཏེ
མིག་གིས་གློག་འོད་ལ་ཅེར་ནས་སྟོང་འདང་རེ་བགྱིས་ན
ཁྱོད་ང་ལ་མི་དབང་བའི་འཇིགས་སྐྲག་ཅིག་སྐྱེས་ཡོང
ང་ཁྱོད་ལ་འཐམས་པའི་ལན་ཆགས་ཤིག་རྟོགས་ཡོང

རྨི་ལམ་ལ་རྨི་བྱ་ཅི་ཡང་མེད་པར་གཉིད་དུ་རོལ་འདོད་ན
ཁྱོད་ནི་ཞེ་ནག་པའི་ཐེའུ་རང་ལྟར
ངའི་རྨི་ལམ་གྱི་འབྲུ་རྡོག་བདག་ཏུ་ཉར

རྒྱ་ནག་ལྷ་ཁང་གི་ཅོང་བརྡ་དེས
སྐྱབས་འགྲོ་འདོན་དགོས་པའི་རེ་སྐུལ་བྱས་ཀྱང
ད་ནངས་སྐྱབས་འགྲོ་འདོན་མི་འདོད
ངས་ཁྱོད་རང་སྐྱབས་འགྲོ་ལྟར་འདོན་ན་འདོད

སློབ་ཆེན་པ་ཚོ་སློབ་ཆུང་སློབ་མ་ཞིག་ལྟར
དགེ་ཆོས་ཀྱི་སྙན་ངག་བློར་འཛིན་དུ་བུད་སོང
ང    སྙན་ངག་བློར་འཛིན་དུ་མ་སོང་ཡང
ཁྱོད་དྲན་པའི་ལྕེབས་ཐག་གི་ཁུགས་པ་ནས
དགེ་ཆོས་ཀྱི་སྙན་ངག་ལས་ལྷག་པའི་སྙན་ངག་བབས་བྱུང

ཕྱི་དྲོ་ལ་ཐོན་བྱུང
སྲང་མདོ་ན་མ་དབྱངས་བཟློ་བའི་སྤྲང་བོ་ཚོགས་ཀྱང
གང་ཞིག་ཏུ་ཡིབས་པར་ཚེས་ན
ང་གཅིག་པུ་འཁྱག་རླུང་དང་མཉམ་དུ་ཟད་ཀྱིན་འདུག
ཟད་ཀྱིན་འདུག
                   2011.10.01ལན་གྲུ་ནས་བྲིས།
འབུ་ཞེང་ལེབ།

གློག་གཟིམས་ཏེ་ངལ་ཞིག་གསོ་བསམ་ཚེ
འབུ་ཞེང་ལེབ  མལ་ཁྲི་ཡི་མགོ་རྔ་གང་རུང་ན
ཅི་ཞིག་ཡིན་མདོག་གིས་ང་ལ་འཇིགས་སྣང་སྟེར

ལྭ་བ་མ་གྱོན་པར་གཅེར་བུར་མལ་ས་ནས་མཆོངས་ཏེ
གློག་སྒྲོན་བཀར་བ་ན  འབུ་ཞེང་ལེབ
སྐྱ་ཐལ་ཐལ་གྱི་རང་མདོག་ཅིག་མངོན་ནས
ཀོག་ནུར་ནུར་གྱི་བཟོ་ལྟ་ཞིག་ཉར་ནས
དཔུང་འཇུག་གི་ཇུས་གཞི་ལྡོག་འགྱུར་བྱས་སོང

ང    གྲང་འདར་ཞིག་བརྒྱབས་བྱུང
གློག་གཟིམས་ཏེ་ཡང་བསྐྱར་ངལ་ཞིག་གསོ་བསམ་ཚེ
འབུ་ཞེང་ལེབ  ངའི་མཆན་དང་རླིག་འབྲས་སུ་སྐུང་བར་རྩོམ
ལྕགས་སྨྱུག་གིས་རེ་རེ་བཞིན་བསྣུར་བར་འདོད་ཀྱང
ཚང་མ་སྲོག་ཆགས་ཤིན་ཡིན་པར་བསམ་ན
ངས་འབུ་ཞེང་ལེབ་ལ་སྙན་ངག་ཅིག་ལོས་འབྲི

འབུ་ཞེང་ལེབ  འུག་པ་བཞིན་མཚན་མོར་རྒྱུ་ཡང
མཚན་མོ་ཡི་གློག་འོད་ལ་ཧ་ཅང་སྐྲག་པས
ངས་དགོང་རེ་རེར་གློག་སྒྲོན་བཀར་ནས་བཞག    
2011.10.13        20:50ལན་གྲུ་ནས།
བུད་མེད་འདི་ཚོ།

ཤོག་བྱ་རུ་གྱུར་བའི་བུད་མེད་འདི་ཚོ
བསིལ་རླུང་ག་གེ་མོའི་རྡེབ་སྟངས་བར་ནས
རང་འཇོག་མི་ཐུབ་པའི་འགྱུར་ཁུགས་ངོམས་ཀྱིན་འདུག

སྐྱེས་པ་ཚོས་བསྣབས་པའི་བརླན་གཤེར་ཅི་འཛོམས་ཀྱིས
ལམ་ཁ་གང་ཞིག་ནས་འཕྲད་པའི་ཤ་མོ་ཁེར་སྐྱེས་ལ
ཕྱི་ཚུལ་མ་ཡིན་པའི་མཐུན་རྐྱེན་བསྐྲུན་གྱིན་ཡོད་ཀྱང
ཤ་མོ་དེས  མགོ་བོ་ཆེ་ཆེར་ངང
ཡལ་མི་སྲིད་པའི་འོད་ཐིགས་རྡོག་པས་བརྫིས་བྱུང

སྣ་འདྲེན་དུ་གྱུར་བའི་བུད་མེད་འདི་ཚོས
རང་ཉིད་ཀྱི་འོད་སྣང་ཉི་མའི་ཡིན་པ་བརྗེད་གྱུར་ཏེ
འུག་པའི་མཚམས་ཁང་ལ་གསང་སྟབས་ཀྱིས་འཛུལ་ཀྱང
འུག་པས   དགོད་ལྷུག་ལྷུག་གིས
སེ་གོལ་གཏོགས་ཀྱི་ན་ཟུག་དེ་སེལ་རྗེས
སྐྱ་རེངས་གྲགས་པ་དང་མཉམ་དུ་གང་ཞིག་ཏུ་ཡིབས་པར་བྱེད

རང་ཁོ་ན་ལས་བསམ་མི་ཤེས་པའི་བུད་མེད་འདི་ཚོས
རང་ཁོ་ནའང་བསམ་ཐུབ་ཀྱིན་མེད་པར
འཕོངས་ཚོས་ཀྱི་ཕྱོགས་སྟོན་འཁོར་ལོ་གང་སར་བསྐོར་བས
ཚོང་མི་བྲིན་པའི་སྨད་འཚོང་མ་སྙ་རུལ་ཞིག་ཏུ་གྱུར་སོང
2011.09.23  15/44 ལན་གྲུ་ནས།
 ཙོང་ཁ་བ།

གངས་རི་དང་མ་བྲལ་བའི་ཡར་སྔོན་དེར
ཙོང་ཁ་བ     སེམས་ཀྱི་ལོངས་སྤྱོད་དུ་ཞུགས་ཏེ
རྣ་བ་གང་མང་གི་དགའ་མར་གྱུར

ཙོང་ཁ་བ  དུས་སྐལ་གྱིས་ཕར་ལ་དེད་ཀྱང
སྐུ་འབུམ་དུ་སིམ་པའི་བྱིན་རླབས་ཀྱིས
ཁ་ལོ་བ་དང  མུ་ཏོ་བ  ཚོང་བ་སོགས་ཀྱི་འཛུམ་གོང་དུ
འོད་ལམ་ལམ་གྱི་སྣུམ་ཞག་ཅིག་བཞུར་ཐུབ་སོང

རང་ཁེ་དོན་གཉེར་གྱི་ལག་ཆ་རུ་ཟད་པའི
ཙོང་ཁ་བ   དངོས་གནས་ལག་ཆ་ཞིག
པར་ཆས་འཛིན་མཁན་གྱི་ཨམ་ཕྲག་ཏུ་ཅི་ཞིག་སྦས་ཡོད་སྙམ་སྟེ
སྐུ་འབུམ་གྱི་སྐྲ་ལོ    ནག་པོ་ནས་སེར་བོ་རུ་བསྒྱུར
སྐབས་འདིར་ཁ་ཕྱོགས་མི་རྙེད་པའི་ལམ་མདོ་ཞིག་ཏུ་འགྲེང་སྟེ
གཞན་ཡུལ་དུ་འཁྱམས་པའི་ཁེར་རྐྱང་གི་སྣང་བ་སྐྱེས
 
དབང་བོ་སྐྱོན་ཅན་གྱི་བོད་ཡིག་དེ་དག་གིས
བོད་ཡུལ་དུ་ཡོད་པའི་སྣང་བ་སྟེར་ཡང
མདེའུ་ཡིས་ཟིན་པའི་རི་འདབས་ཀྱི་ཡུ་མོ་ནང་བཞིན
ན་ཟུག་གིས་མཆོང་ལྡིང་བྱས་ཏེ་རྒྱུས་མེད་ཀྱི་ས་མཐར་འཁྱམས

ཙོང་ཁ་བ  ཁྱེད་བུད་སོང་ཡང
ཁྱེད་ཀྱིས་སྤྲུམས་པའི་རང་ཉིད་ཀྱི་སྐུ་གདུང་དེ
ནམ་ཡང་ཞི་འཇགས་མེད་པར
ཟང་ཟིང་གི་འདམ་དུ་འཐིམས་ཏེ་ངལ་དུབ་སྐྱེས
ཡིན་ཡང  ཁྱེད་ཀྱི་བྱིན་རླབས་ཀྱིས
སྲང་མདོ་ནི་སྒོམ་ཁང་དུ་སྒོམ་པའི་མུ་ཏོ་བའང
ལྷུང་བཟེད་ཀྱི་གསོག་ཚད་ལས་འཛུམ་ཞིག་བྱུང་སྟེ
མགོ་བོ་དགྱེ་དགྱེ་ཡི་ཉམས་སྣང་ཅི་དགར་སྟོན་ཐུབ་པར་གྱུར
2011.09.15.21:45ལན་གྲུ་ནས་བྲིས།
ཨ་མྱེས་རྐྱང་དཀར།

ཁྱོད་ཀྱིས་ལོ་རེ་རེར
གཡང་དཀར་ལུག་གི་ཤ་ཁྲག་བཞེས་ནི་རེད་ཟེར
ཕར་བལྟས་ཚོད་ཀྱིས་ཁྱོད་ནི
མི་ཡུལ་གྱི་སྲིན་པོ་ཞིག་རེད་བསམ་གི

ཁྱོད་ཀྱིས་ལོ་རེ་རེར
རྒྱ་རྫོང་ནགས་ཀྱི་གསར་ཤིང་གཅོད་ནི་རེད་ཟེར
ཕར་བལྟས་ཚོད་ཀྱིས་ཁྱོད་ནི
སའི་གོ་ལ་ཡི་དགྲ་བོ་རེད་འདོད་ཀི

ཁྱོད་ཀྱིས་ལོ་རེ་རེར
མིའི་རིགས་ཀྱི་ཟ་མགོ་འཐུང་མགོ་འཕྲོག་ནི་རེད་ཟེར
ཕར་བལྟས་ཚོད་ཀྱིས་ཁྱོད་ནི
མིའི་རིགས་ཀྱི་ལན་ཆགས་ཤིག་ཡིན་པར་སྣང་གི
2011.04.21ལན་གྲུ་ནས་བྲིས།
ཆར་བ

ཆར་བ་འབབ་ཀྱིན་པའི་སྐབས་སུ
ཚོད་ཚོད་དུ   འཚུབ་ཆ་ཞིག་ལངས

མཚན་གང་བོར་ཆང་ལ་འཐབ་རེས་བྱས་པའི་གྲོགས་པོ་འདི་གཉིས
གཡས་འཕག་གཡོན་འཕག་གི་འགྲེ་ལོག་བར་ནས
སོས་དལ་བའི་སྔུར་གླུ་ཡང་མོ་ཞིག་གཏོར་གྱིན་འདུག

གང་ཞིག་ལ་འགྲོ་དགོས་པའི་དྲན་ཚོད་ཀྱིས
ཚོད་ཚོད་ལ་ལམ་ཆས་རེ་བརྒྱབས་ཏེ་སྒེའུ་ཁུང་ལ་བལྟས
སྒེའུ་ཁུང   སྐྱོ་བའི་མཆི་མ་བཞུར་བ་ཡིན་ནམ
ཚ་བའི་རྔུལ་ཆུ་ཟེགས་པ་ཡིན་ནམ
ངོ་གདོང་དུ་མིག་ཆུ་སྤར་མོ་གང

སྲང་ལམ་དྲན་ན་དངངས་སྐྲག་ཅིག་ཡིན་ཡང
མཁའ་དབྱིངས་དྲན་ན་སྐྱོ་བོ་ཞིག་ཡིན་ཡང
གཉའ་གོང་གི་ཟོ་བར་ཆར་ཆུ་རེ་བཟེད་དེ
གང་ཞིག་ཏུ་བགྲོད་དགོས་པ་ཁོ་ཐག་རེད
                   2011.9.16ལན་གྲུ་ནས།
ང་དེ་དགོང་སེམས་ཁུར་ཡོང་གི
 
ཁ་སང་བོད་ཁྱིམ་གྲུ་བཞི་ཞིག་གི་ནང་རོལ་ནས
ཨ་མྱེས་དང་ཨ་ནེ་ལ་གུས་ཕྱག་འཚལ་གྱིན
ལོ་སྐལ་སྟེར་བ་ལ་རེ་སྒུག་བྱས

དེ་རིང་རྒྱ་ཁང་ཆུང་ཆུང་ཞིག་གི་ལྷས་འདབས་ནས
འབུ་སྲིན་དང་ཉ་སྲིན་ལ་ཐུར་མས་བཙགས་ཀྱིན
ལོ་དངུལ་སྟེར་བ་ལ་རེ་སྒུག་བྱས

སང་ཉིན་གང་ཡང་མ་ཡིན་པའི་གང་རུང་ཞིག་ཏུ
འགྱུར་ལྡོག་དང་འགྱུར་ལྡོག་ལ་ཡིད་ཆེས་གནང་གིན
འགྱུར་ལྡོག་གང་ཞིག་གི་ཐོན་འབྲས་ལ་རེ་སྒུག་བྱེད་དགོས་བསམ་ཚེ
དོ་ནུབ་ཀྱི་ང    སེམས་ཁུར་ཡོང་གི
ང་ཅི་ཞིག་གི་དོན་དུ་སེམས་ཁུར་དུ་བྱེད་དགོས་པ་མི་ཤེས་ཀྱང
ང་ལྷག་ཏུ་སེམས་ཁུར་ཡོང་གི  
2010.12.30 རེབ་གོང་ཁྱིམ་གཞི་ནས།
ཉི་མ་ནུབ་ཐལ།

ཉི་མ་ནུབ་ཐལ
སློབ་གྲོགས་ཚོ་སྔར་བཞིན་རྩེད་ནས་འདུག

དུས་ཚོད་ཀྱིས་སྨག་རུམ་གྱི་གཟབ་འཆོར་སྤྲས་ནས
སང་ཉིན་གྱི་སྤྲོ་ཚོགས་ལ་སྟ་གོན་བྱས་ཀྱང
སློབ་གྲོགས་ཚོས་གཟེབ་ཁུང་མ་མཐོང་བར
གང་འདོད་དུ་ལག་སྙོབས་བྱས་ཏེ
མཚམས་ཆད་མེད་པའི་འུར་ཟིང་གི་ཀློང་དུ་འཁོར

ཁོ་ཚོའི་འུར་ཟིང་གི་ཀློང་འདི
ངའི་སེམས་ཀྱི་འུར་ཟིང་གི་ཀློང་དང་མི་འདྲ་བར
སེམས་སུ་ཕྲག་དོག་གི་མདེའུ་མེད་ལ
ཁ་ན་རེ་དོགས་ཀྱི་ཞབས་རྗེས་མེད

ཨ་ཤུ  ང་འདི་ཇི་འདྲའི་ལས་ངན་ཞིག
ཁོ་ཚོ་བཞིན་ཏུ་སྨག་རུམ་གྱི་འཇིག་རྟེན་ནས
རྩེད་ཀྱང་རྩེད་མ་ཐུབ་ལ
དགོད་ཀྱང་དགོད་མ་ཐུབ

ཁོ་ཚོའི་ཆིལ་ཆིལ་ཏུ་སྒྲོགས་པའི་དགོད་སྒྲ
ཁོ་ཚོའི་འུར་འུར་དུ་གྱེར་བའི་རྩེད་འཇོ
སང་ཉིན་སུ་ཞིག་གིས་དེབ་ཐེར་དུ་འགོད་དམ
ཡང་ན་ཅི་ཞིག་ ་ ་ ་ ་ ་      
    2011.04.24   ལན་གྲུ་ནས
ང་།

རྒྱབ་རྟེན་གྱི་གངས་དཀར་ལྷུན་པོ་རིང་དུ་གྱེས
བྱམས་བརྩེ་ཡི་ཉིན་བྱེད་དབང་བོ་གཟའ་ཡིས་བཟུང
རལ་ཧྲུལ་གྱི་བར་གསེང་དུ་བ་སྤུའི་ཚེར་མ་ཡེགས
མི་ཚོགས་སུ་གསལ་ལེར་མངོན་པའི་ང་ནི
མཐའ་ཡས་རྒྱ་མཚོར་བགྲོད་པའི་ཕྱོགས་སྟོན་འཁོར་ལོ་མེད་ནའང
གང་ཞིག་ནས་མགོ་བོ་འབུས་པ་དང
གང་ཞིག་ནས་བཞི་ཤད་འབྲི་དགོས་པར
ངའི་ན་ཟུག་གི་སེམས་ཁོངས་སུ་གསལ་གྱི་ལེར་གནས་ཡོད
2010.04ལན་གྲུ་ནས
རླུང་འཚུབ།

གཡར་བའི་རྒྱན་གོས་ཀྱི་གཟི་བྱིན་ངོམས་པའམ
རྐང་དམག་སུམ་ཅུའི་ཐག་སྒྲའི་རོལ་དབྱངས་སུ
སྙིང་རྗེའི་རས་གཞི་ཁྲག་གིས་བསྒྱུར་ཡོད་ཨང

རྣོ་མྱུར་གྱི་གཤོག་རླབས་ལྡེམ་ལྡེམ་འགུལ
སྲ་མཁྲེགས་ཀྱི་རྐང་ལག་ལྡེམ་ལྡེམ་འགུལ
མིག་མེད་པའི་གྲོག་མའང
རྩྭ་གསེབ་ཏུ་ལྡེམ་ལྡེམ་འགུལ་ཤུལ་ན
རང་རློམ་ཆེ་བའི་སྲིན་བུ་མེ་འཁྱེར
གང་ཞིག་ན་ཧམ་སེམས་ཀྱིས་རབ་ཏུ་སྐྱོམས

དྲོད་ཁོལ་མ་ཡལ་བའི་ཁྲག་དམར་ཞེ་སྡང་གིས་འཛུམ
མངལ་ནས་མ་སྐྱེ་བའི་ཁྱེའུ་ཡང་ཞེ་སྡང་གིས་འཛུམ
འཛུམ་པ་ཐམས་ཅད་ཞེ་སྡང་གིས་བསླངས་པ་ཡིན་ན
སེམས་པ་ཐམས་ཅད་ལ་དགའ་བ་མ་སྦྱིན་པ་ལོས་ཡིན
2010.10 ལན་གྲུ་ནས
སྒྲ་དབྱངས།

རྣ་བར་དུ་སིམ་གྱིན་པའི་རོལ་དབྱངས་འདི་ལས
བྱང་ཐང་གི་ཤུག་གླུ་རུས་རྐང་དུ་ལྡང་ཞིང
གནོན་ཤུགས་ཀྱི་རྡོ་ལོག་གཉའ་གོང་དུ་ལྷུང

ཁྱོད་ཀྱི་གོམ་འགྲོས་ལ་དབྱངས་སྙན་བྱུགས་ཏེ
རི་ལུང་ཐང་གསུམ་ནས་རེ་འབོད་བྱས་ན་ཡང
གུ་དོག་པའི་སྲང་ལམ་དང་ཉམ་ང་བའི་ཁོག་ཡུག་ཏུ་འཚོ་དུས
མ་ཎི་ཕྲེང་སྐོར་ཞིག་གསོག་རོགས་མི་བྱེད་ཀྱང
སེམས་ཀྱི་རས་གཞི་འདི་དྲ་རེས་སུ་གཏོང་དོན་ཡེ་ནས་མེད
    
ཁྱོད་ཀྱིས་འདོད་བཞིན་པའི་རི་སྒང་གི་དར་ལྕོག་ཉིད
ས་མཐོ་ཡང་རླུང་གི་མགྲོན་པོ་མ་ཕེབས་ན
རྣམ་ཤེས་བྲལ་བའི་ཆུ་འཁྱག་གི་རྡོ་བ་སྟེ
འཛུམ་བསུ་ཡི་དར་ལྕེ་ལྷུག་པོར་གཡོ་ག་ལ་ཐུབ

ང་ཁོ་ནས་བསྐྲུན་ནུས་པའི་འཇིག་རྟེན་ཞིག་ཡིན་ཚེ
ཁྱོད་ནི་མགྲོན་པོ་རུ་འགྱུར་མི་དགོས་པར
ངའི་རོ་སྟོད་ཀྱི་ཤིག་དང་སྲོ་མང་བཞིན་ཉུག་ཉུག་གིས་རྒྱུ་ཆོག
ཡིན་ན་ཡང་གཟེབ་ནང་དུ་ཚུད་པའི་བྱེའུ་ཞིག་གིས
རང་འདོད་ལྟར་གཤོག་འགྱུར་ངོམས་ག་ལ་ནུས

ཆང་རག་ཅིག་གི་གྲོས་ཚོགས་ལ་ཟུར་ཞུགས་བྱེད་དགོས་པར་བསམ་ན
སང་ཉིན་གྱི་ཉི་འོད་ཨོང་གདོང་དུ་མ་འཁྱིལ་བའི་སྔོན་ལ
གཉིས་ཆ་ཡི་གཅིག་གི་ལེགས་སྐྱེས་འཁྱེར་ཡོང་བསམ་ཡོད
འོན་ཀྱང་ལམ་གང་ལ་ཞུགས་ཀྱང་ལམ་སྣེ་མེད་པས
ངའི་ལམ་ཆེན་གྱི་སྒོ་མོ་ཆེ་རུ་ཕྱེས་ནས་ཡོད
2011.09.10   22:10

རྒྱུ་ལྷག

རྒྱུ་ལྷག     མི་རྐྱང་ལྷག་མ་ཞིག་ལ་བྱུང་བའི
ནད་རོ་ལྷག་མ་ཞིག
རྒྱུ་ལྷག      རྒྱུ་མ་ལྷག་མ་ཞིག་ལ་བྱུང་བའི
ན་ཟུག་ལྷག་མ་ཞིག
ཁྱོད་ཀྱིས    གཉིད་ལྷག་མ་ལ་བཙན་འཛུལ་བྱེད་ཅིང
རྒྱུ་ལྷག་མ་ལ་བཙན་འཕྲོག་བྱེད་ཀི
ཁྱོད་ཀྱིས    མི་ལྷག་མ་ལ་དཀའ་ལས་གཏད་ཅིང
སྐྱིད་ལྷག་མ་ཧམ་འཕྲོག་བྱེད་ཀི

ཁྱོད་ཡོད་ན  སེམས་ཁུར་ལྷག་མ་ཞིག
ཁྱོད་མེད་ན   བདེ་སྐྱིད་ལྷག་ཞིག
2011.01.25རྨ་ལྷོ་ཁུལ་སྨན་ཁང་ནས
 
བ་བྱེའུ་ཁུག་གི་འགྲེལ་བཤད།

ཚེར་མ་ཡི་ཕྲ་རགས་བརྒྱན་པའི་སྐྱེར་བ
གྲོག་མ་ཡི་ཁམས་གསེང་བྱེད་སའི་མེ་ཏོག
རྡོ་བར་དུ་འཛིངས་པའི་འཇག་མ་དག་ནི
སུས་ཀྱང་ཚོར་མི་སྲིད་པའི་བ་བྱེའུ་ཁུག་གི་སེམས་པ་ལོས་ཡིན

སྡེ་འདབས་བཞུར་བའི་ལྷུང་ལྷུང་གི་ཆུ་ཕྲན
སྤང་ཁུག་ཏུ་མཆེད་པའི་བུང་བུ་མགྲིན་དབྱངས
བྱིས་པ་ཚོས་བ་ཅུ་བཀོལ་བའི་ལྷོག་ལྷོག་གི་དུ་བ་དག་ནི
སུ་ལའང་གྱེར་མི་སྲིད་པའི་བ་བྱེའུ་ཁུག་གི་སྙན་ངག་ལོས་ཡིན
2010.08.22རེབ་གོང་ཁྱིམ་གཞི་ནས།
  མཚོ་སྔོན་ཟིན་བྲིས་མེད་ན་ཉི་མ་མི་ཆོད་ཀི

ཉིན་དེར་དཔེ་ཁུག་ཆུང་ཆུང་ཞིག་འཁུར་ཏེ
རང་ཁྱིམ་གྱི་སྒོ་མོ་རྡུང   ཕལ་ཆེར་སུ་མེད་པ་འདྲ
བོང་རྒན་དང་མཉམ་དུ་གྲང་ངར་གྱི་མཚན་མོ་རོལ

སྒོ་བརྒྱབས་འདུག  ཨ་མ་ད་རུང་ཡང་མ་ཐོན་ཐལ  
ས་ཡོམ་གྱིས་བྱེ་ཟེགས་ཀྱི་ཤུ་སྒྲ་བཀྲོལ་བ་ནང་བཞིན
སྔོ་ལྗང་གི་རི་ཀླུང་དག་མྱ་ངན་གྱི་ཁུད་དུ་ལྷུང

བོང་རྒན་མའི་རྣ་མཇོག་ལྷོད་ལ་བབས་ཏེ
ང་ལ་བལྟས་ནས་འདུག   ངས་ཨ་མ་ཡོང་ནི་རེད་ཅེས་བཤད་པ་ན
བོང་རྒན་མས་སྣ་ཧུར་ཞིག་བརྒྱབས་བྱུང
2011.12.05ལན་གྲུ་ནས།
དགའ་དུངས།

དྲོད་ཁོལ་སྟེར་བའི་མཛེས་སྡུག་གི་ལྷམ་སྟན
ནངས་མོ་དེར   ང་ཡི་ལྷམ་དུ་འཇོག་དོན
རྐང་བ་ལ་དྲོད་སྐྱིད་ཀྱི་ཁྱིམ་གཞིས་ཤིག་བསྐྲུན་པ་ལོས་ཡིན
འོན་ཀྱང   ལྷམ་སྟན་དེ་ཉིད
ལྷམ་གྱི་ནང་དང་རྐང་བའི་མཐིལ་ན་ཡོད་པས
སུ་ཞིག་གིས་ཀྱང་དེ་ཉིད་མཐོང་ཐུབ་མ་བྱུང
2011.12.01ལན་གྲུ་ནས།
ཕྱིར་མིག་མི་འཕེན་རོགས།

བརྩེ་འདང་གི་སྤར་མོས་སའི་གོ་ལ་ཧྲུག་ཐུབ་ཀྱང
ལི་ཤི་ཡི་མཛེས་ཉམས་གཞན་ཞིག་མེད་ན
ཕྱེ་མ་ལེབ་བྱང་ཕྱོགས་ནས་ཆས་པ་སྟོང་བའི་གཞི

བརྩེ་འདང་བསམ་པ་ནི་རང་དོན་ཡིན་ལ
རང་དོན་བསམ་པ་ནི་བརྩེ་འདང་ཡིན་པའི་ངེས་པ་མེད་པས
ཁྱོད་ཀྱིས  ཕྱེ་མ་ལེབ་ཀྱི་གཤོག་འགྱུར་ལ་ཞིབ་བལྟ་ཞིག་བྱོས་དང
གང་དུ་ཕྱོགས་མིན་གྱི་འཆར་བཀོད་ཤེས་པར་ནུས

རྐང་ཤག་གིས་རུས་ཐུར་ཞིག་རུམ་གྱིན་ཡོད་པ་ཤེས་ཀྱང
རྣོ་སྦྲེང་གི་རྒྱུད་ལས་འཁྲེང་ཞེན་མ་བཀྲོལ་དང
ཁྱོད་བཞིན་དུ་བརྩེ་འདང་གི་རོ་དྲི་གཞན་ཞིག་མཁོ་བས
རེ་བ་ལ་དོན་མེད་དུ་ཁ་རྡུང་མ་གཏོང་ལགས

འདས་ཟིན་པ་ལོ་རྒྱུས་ཀྱི་སྒམ་ལ་ཆུགས
ཆགས་ཟིན་པ་བརྗེད་ངེས་ཀྱི་རླུང་ལ་བསྐུརད
ཨ་སྔོན་ནི་སྔར་བཞིན་སྔོ་སིང་སིང

རྐང་བ་རེ་ལ་སྙིང་སྡུག་གི་རྐང་ལྷམ་རེ
རྐང་ལྷམ་རེ་ལ་ཚེ་གཅིག་གི་རྐང་བ་རེ
ངལ་ཞིག་གསོས་དང  དུས་ཚོད་ཀྱིས་ཁྱོད་ལ་བསྐྲུན་ངེས་ཡིན
2011.12.06ལན་གྲུ་ནས།
             གཅིན་དམ་བུ་རུ་བཏང་བ།

ཆབ་གསང་རེ་ལ་ཟུར་ལྔ་རེ་འབུལ་དགོས་ན
ཇ་ཐུན་གཅིག་གི་ལོངས་སྤྱོད་ཤོར་འགྲོ་བས
ངས   སྲང་ལམ་གྱི་ཤེལ་དམ་དང་འགྱིག་དམ་དག་བཏུས་ནས
སྒོ་འགྲམ་དུ་གཅིན་པ་ཡི་རྒུན་ཆང་བསྙལ་གྱིན་ཡོད

འདོམས་སྐྱོར་ནས་ལྷེམ་ལྷེམ་ཅི་འདྲ་བྱས་རུང
ཁྱོད་ཀྱི་ཁ་ནང་དུ་མར་རྡོག་ཅིག་མ་བསྐུས་ན
ལྟོ་བ་ཡི་ལྒང་བུ་གས་སུ་འཇུག་རྩིས་རེད
ཡང་ན་རྐང་ཤག་སྤྱོད་ཁང་དུ་གཏོང་རྩིས་རེད
2011.12.01 ལན་གྲུ་ནས།
གླེང་མོལ་གྱི་མགོ་བརྙན།

ཁྱོད་ཀྱི་མགོ་བརྙན་དེ་ང་ཡི་གླེང་མོལ་དུ་འདུག
ནག་རོག་གེར་གྱུར་དུས   ང་ཡི་ཕམ་ཁ་ཞིག
དམར་ལམ་མེར་གྱུར་དུས  ང་ཡི་དགའ་སྣང་ཞིག

ཁྱོད་ཀྱི་མགོ་བརྙན་དེ་ང་ཡི་པར་ཁྱིམ་དུ་འདུག
དཔྱད་གཏམ་རེ་ཡོད་དུས   ངའི་འདྲ་པར་ལ་རིན་ཐང་ཞིག
སྐད་བཞག་རེ་ཡོད་དུས   ངའི་རེ་བ་ལ་འོད་སྣང་ཞིག

ཁྱོད་ཀྱི་མགོ་བརྙན་དེ་ང་ཡི་ཕྱུགས་ར་ན་འདུག
སྨན་བཅོས་རེ་བྱེད་དུས   ང་ཡི་དབུགས་དབྱུངས་ཤིག
ཆུ་ལུད་རེ་གཏོར་དུས   ང་ཡི་སྐྱིད་སྣང་ཞིག
   2011.12.01 ལན་གྲུ་ནས།
            བོད་ཡིག་ལགས།ད་བདེ་མོ་བྱོས།

བོད་ཡིག་གིས་ཤོག་སྒོར་ལས་མི་ཤེས
བོད་ཡིག་གིས་ཨ་ཚ་ཟེར་མི་ཤེས
བོད་ཡིག་གིས་བརྡ་འཕྲིན་བསྐུར་མི་ཤེས
འོན་ཀྱང་བོད་ཡིག་གིས་རིམ་གྲོ་ཞིག་བསྒྲུབ་ཤེས་པས
བོད་ཡིག  ཁ་བཏོན་གྱི་ངོགས་སུ་འབྱར

ངས་ཐབ་ཁུང་གི་མེ་རོ་ལ་དྲོད་སྣང་ཞིག་ལོས་ཡོད་འདོད་དེ
ཁྱེད་ལ་ཞིམ་མངར་གྱི་འོ་ཇ་བསྐོལ་བར་འདོད་ཀྱང
མེ་རོ་འདི་སྐད་ཅིག་སྐད་ཅིག་ལ་འཁྱག་པོར་གྱུར་བས
བོད་ཡུལ་འདི་མ་གཞི་ནས་འཁྱག་ཤི་ཐེབས
2011.12.01 ལན་གྲུ་ནས།
ང་འདི་གླེན་པ་ཞིག་མིན་ན།

ང་འདི་གླེན་པ་ཞིག་མིན་ན
བུ་མོ་དེས་དང་ལེན་མི་བགྱི་བ་ཤེས་བཞིན་དུ
དུངས་ཞེན་གྱི་མཚན་ལྗོངས་སུ་ཤོག་བུ་བཤམས་ཏེ
གསོན་ཉམས་ཀྱི་སྙན་ཚིག་ལ་ངང་སྒུག་མཛད

ང་འདི་གླེན་པ་ཞིག་མིན་ན
བོད་ཡིག་གིས་བགྲོད་ལམ་མི་བརྟོལ་བ་ཤེས་བཞིན་དུ
གྲང་ངར་གྱི་ས་སྲོད་དུ་ལ་སྒྲོན་བཀར་ཏེ
གླེགས་བམ་གྱི་རྨིག་རྗེས་ལ་བསྐྱར་བལྟ་བྱས

དགུན་ཁ་མ་ཐོན་ཀྱང
ཁྱིམ་ཐབ་ཀྱི་རྫ་མས་སློག་པ་སུམ་བརྩེགས་གྱོན
2011.12.01 ལན་གྲུ་ནས།
འཚོ་བ་དང་བརྩེ་བ།

ལྭ་བ་ཞིག་གྱོན་ཏེ་མི་ཚོགས་སུ་ཞུགས
ཟ་མ་ཞིག་བཟོས་ཏེ་སྤྱོད་ཁང་དུ་སོང
འཚོ་བ་ཡི་འདོད་པའི་ཕྱིར་དུ
མཚམས་རེར་ངུ་དགོས་ལ་དགོད་ཀྱང་དགོས

མ་ཐོབ་པའི་དུས་སུ་སྡུག་བསྔལ་ཞིག
ཐོབ་པའི་དུས་སུ་ཡང་སྡུག་བསྔལ་ཞིག
བལྟས་ཚོད་ཀྱིས་མེད་པར་བྱས་ཆོག་མོད
འཇིག་རྟེན་ལ་ཤིན་ཏུ་མཁོ་བས
སུ་ཞིག་གིས་ཀྱང་དེ་ཉིད་དོར་བ་བྱས་མི་འདུག

འཚོ་བ་ནི་བརྩེ་བ་ཡི་སྒྲོམ་གཞི་དང
བརྩེ་བ་ནི་འཚོ་བ་ཡི་སྣང་བརྙན་ཞིག
2011.12.01 ལན་གྲུ་ནས།

གལ་ཏེ་ང་ཤི་སོང་ན

གལ་ཏེ་ང་ཤི་སོང་ན
ཤི་ཆོས་སུ་ནོར་ལུག་མི་དགོས
མྱ་ངན་དུ་མིག་ཆུ་མི་དགོས
རྣམ་དག་གི་སྙན་ངག་ཞིག་བྲིས་ཀྱང་ཆོག

གལ་ཏེ་ང་ཤི་སོང་ན
བེམ་པོ་ལ་བདག་པོ་རྒྱག་མི་དགོས
བླ་མ་ལ་བསྔོ་གཞིས་འབུལ་མི་དགོས
དོན་མེད་ཀྱིས་བེམ་རོ་མ་རུལ་པས་ཆོག

གལ་ཏེ་ང་ཤི་སོང་ན
ཁེར་རྐྱང་གི་འཚོ་བ་རོལ་མི་དགོས
ཉམ་ཆུང་གི་ངོ་གདོང་སྟོན་མི་དགོས
བསྐྱར་འཛོམས་ཀྱི་སྣང་གླུ་ཞིག་གྱེར་བས་ཆོག

གལ་ཏེ་ང་ཤི་སོང་ན
ངའི་རྩོམ་ཆས་དག་བདག་བྱེད་རྒྱུ་མི་བརྗེད་པར་གྱིས
2011.12.01 ལན་གྲུ་ནས།

སེམས་ཀྱི་ཆགས་ས།

བསིལ་རླུང་གིས་ང་ལ་ཨ་ཕ་ཞིག་ཡོད་ནི་རེད་ཟེར
ངས་ལོ་ངོ་བཅུ་བདུན་ལ་ཅི་ལྟར་བཙལ་ཡང
ཨ་ཕ་དང་འཕྲད་པར་ད་དུང་རྒྱང་ཐག་རིང་བ་འདྲ

ཨ་མ་ཁུར་མོང་བགྲེས་པོ་ཞིག་ལྟར
བསིལ་རླུང་གི་རྒྱུ་ཕྱོགས་བར་ན་སྐྲ་ལོ་ཟགས་ཀྱིན་འདུག

གསོན་པ་ནི་འཆི་བ་ལ་སྒུག་པ་ཡིན་ན
འཆི་བ་ཡིས་ཨ་མ་ལ་གཡབ་འབོད་བྱེད་ཀྱིན་འདུག
འོན་ཀྱང་ཞེན་ཆགས་ཀྱིས
ཨ་མ་དང་མཉམ་དུ་གང་དུ་ཡང་འགྲོ་བར་འདོད
2011.12.01 ལན་གྲུ་ནས།
སྟོན་དགུན་གཉིས་ཀྱི་ས་མཚམས།

ཡལ་གས་སྡོང་ལོ་དག་མ་གཅེས་པ་ཡིན་ནམ
སྡོང་ལོ་བར་སྣང་ནས་ས་རུ་འབབ་བཞིན་འདུག
སྡོང་ལོ་ལ་མི་ཆུ་མི་འདུག་ཀྱང
གཙང་བོའི་ངོས་དང་སྲང་ལམ་གྱི་འགྲམ་དུ
སུས་ཀྱང་མི་ཤེས་པའི་སྐྱོ་གླུ་ཞིག་འཐེན་གྱིན་ཡོད

སྡོང་ལོ་དག་ཡལ་ག་ལ་སུན་པ་ཡོད་པ་ཡིན་ནམ
ཚེ་སྲོག་གི་གཟུངས་ཐག་གཅོད་རག་བར་དུ
ཤག་སྒྲ་དང་ལྷན་དུ་འཕག་འཚག་ལན་བརྒྱར་བྱས་པས
གྲང་རླུང་ལྡོམ་པོ་ཞིག་གི་ཁ་ཟས་སུ་གྱུར་ན
སྟོན་དགུན་གཉིས་ཀྱི་ས་མཚམས་ནས་འཁང་ར་མ་བྱེད
2011.12.01 ལན་གྲུ་ནས།
ས་ཡོམ།
                              —ཚོད་ཚོད་དུ་ཡུལ་ཤུལ་ས་འགུལ་དྲན་པ།
ས་ཡོམ་གྱིས་ཡུལ་ཤུལ་དུ་སྙན་ངག་ཅིག་བྲིས་འདུག
དེ་ནི་སུས་བལྟས་ཀྱང་མིག་ཆུ་མི་བཞུར་བ་ཞིག་ཡོད་མི་སྲིད
ས་ཡོམ་གྱིས་ཡུལ་ཤུལ་དུ་རི་མོ་ཞིག་བྲིས་འདུག
དེ་ནི་སུས་བལྟས་ཀྱང་དངངས་སྐྲག་མི་སྐྱེས་པ་ཞིག་ཡོད་མི་སྲིད

ས་ཡོམ་གྱིས་བཀོད་འདོམས་བྱེད་མི་ཤེས་ཀྱང
འདི་ཕྱི་གཉིས་ལ་བརྒྱ་རེ་མངགས་ཏེ
མི་གྲངས་སྙོམས་སྒྲིགས་ཤིག་བྱས་ནས་འདུག་སྐད
འོན་ཀྱང་རང་ཉིད་ཀྱི་ནག་ཉེས
ལོ་རྒྱུས་ཀྱི་ཤོག་ངོས་ནས་དཀར་བོ་རུ་བསྒྱུར་མ་ཐུབ
2011.12.01 ལན་གྲུ་ནས།                                                                                                                            

དམའ་གསུམ་འཛིན་གཅིག
—སྐབས་གཉིས་པའི་དགེ་ཆོས་སློབ་འབྲིང་གི་མཐར་ཕྱིན་འཛིན་གྲྭ
ཁྱེད་ནི   རྩིབས་མ་སྟོང་གིས་གྲུབ་པའི་འཁོར་ལོ་ཡིན་པས
ལྗིད་ཏིག་ཏིག་གི་རྡོག་ཁྲེས་འཁུར་བཞིན
གསེར་ཐུར་གྱིས་བརྒྱན་པའི་གུར་ཁྱིམ་དུ་འཛུལ་དང
ངས   ཁྱེད་ལ་འཁྲེང་སེམས་ཀྱི་རྒྱང་བལྟ་བྱེད་ཀྱིན་ཡོད

ཁྱེད་ནི   འོད་གསལ་ལྷ་ལས་མཆེད་བྱེད་ཀྱི་རྨུ་ཐག་ཡིན་པས
མི་ཕྱེད་པའི་སྙིང་གིས་རྟག་པར་སྤར་འཛིན་བྱེད་བཞིན
དགྱེས་འཛོམས་ཆང་གི་རོ་དྲི་ལ་རེ་བ་སྦྲུམས་དང
ངས    ཁྱེད་ལ་ཡུན་རིང་དུ་བརྣགས་པའི་རྣག་ཁྲག་བྱོ་ཡ

ཁྱེད་ནི   འོ་མ་བཞོ་མཁན་གྱི་སྐྱ་རེངས་ཡིན་པས
དཀར་ནག་གི་དབྱེ་མཚམས་ནས་བཞོ་གླུ་ལེན་གྱིན
ཀེང་རུས་ཀྱི་མེ་ཏོག་གཅེས་འཛིན་མེད་པར་གནོངས་དང
ངས   ཁྱེད་ལ་རྡོ་རིང་རྟགས་ཅན་གྱིས་འདྲ་པར་བརྒྱབ་ཆོག
2011.10.30ལན་གྲུ་ནས།

སྙན་ངག་ལ་སྐ་རགས་མི་དགོས

སྙན་ངག་ནི་མི་ཞིག་གིས་བོད་ལྭ་གྱོན་པ་དང་འདྲ་ན
ཁྱེད་ཀྱིས་ངེས་པར་དུ་སྐ་རགས་བཅིངས་དགོས་པའི་རེ་བ་འདོན་ངེས
ངས་བསམ་ན   སྐ་རགས་བཅིངས་པ་དེ་ནི
སྙན་ངག་གི་མིད་ཐག་བསྡམས་པ་དང་ཇི་འདྲའི་མཚུངས་ཨང

སྙན་ངག་ལ་དམར་ལྷེམ་ལྷེམ་གྱི་སྐ་རགས་ཤིག་མེད་ཀྱང་ཆོག
ཕུ་རོང་གིས་སྲང་ལམ་གྱི་གད་སྙིགས་འཐུ་ཞིང
འདབས་ཁ་ཡིས་ཤེལ་ངོས་ཀྱི་ས་རྡུལ་ཕྱི་འཇོག་པས
སྐ་རགས་མ་བཅིངས་ཀྱང་སྙན་ངག་ལ་ལྷོད་ཤ་ཞིག་འདུག་གི

རྩ་བ་འཕགས་ཡུལ་ནས་འབུས་པའི་སྡོང་གོག་དེར
ཁེ་གྲི་ཡིས་གཞོམས་མི་ནུས་པའི་སྐ་རགས་ཤིག་འདུག་སྐད
སྐ་རགས་དེས   ཉིན་དཀར་ཡང་སྒྲེན་གཟུགས་སུ་སྤྲུལ་ཏེ
ཁྱེད་ཀྱི་སྨྲ་འདོད་ཀྱི་དབང་རྩར་ཟ་འཕྲུག་སློང་ངེས

ངས་སྐ་རགས་མི་དགོས་པའི་བོད་ལྭ་ཞིག་གྱོན་ཚེ
གཡུལ་དུ་མ་ཆས་ཀྱང  མདེའུ་གང་མང་གིས
ངའི་ལྷིང་འཇགས་ཀྱི་བྱེའུ་ཆུང་གསོད་པར་བྱེད

སྙན་ངག་གིས་སྐ་རགས་ལ་མི་རེ་བར
སྙན་ངག་རང་རྐྱང་འཕེར་བའི་ངང་གང་དུ་ཡང་བགྲོད་ཆོག་པར་བྱ
འདི་ནི་སྙན་ངག་གི་རང་བཙན་ཞིག་ཡིན
2011.10.27.23:37ལན་དྲུག་ནས།
 
སེར་ཐོ་སྒང་།

སུ་ལ་འགྲན་མ་མྱོང་བའི་ཁྱོད་ཀྱིས
རླུང་བསེར་བུའི་སྒལ་གཞུང་ནས་འགྲེང་སྟེ
ཁྲོ་བའི་ཨམ་གཙིགས་བསྡམས་ནས་ཇི་ལྟར་འཇིགས་སྣང་སྐུལ་ཀྱང
ཐོག་ཆར་དང་འཐོར་རླུང་སོགས་ཀྱིས
སྔར་བཞིན་ཁྱོད་ཀྱི་མགོ་ཐོག་ན་སྐྱག་པ་གཏོང་གིན་འདུག

སུ་ལ་འགྲོགས་མ་མྱོང་བའི་ཁྱོད་རང
ལྷིང་ཞིང་འཇགས་པའི་མཚན་མོའི་གཞིས་ཁྱིམ་དུ
ཞེ་དུངས་ཀྱི་ལག་པ་མཐའ་རུ་བརྐྱངས་ནའང
བརླ་བར་ན་གྲོང་ངེར་འགྱིང་བའི་མཇེ་རིང
སྔར་བཞིན་བརླ་བར་ན་རུལ་གྱིན་འདུག་དགོས་བྱུང

འོན་ཀྱང་ཏང་ཁང་ཞིག་ཁྱོད་ཀྱི་ཉེ་འགྲོན་དུ་གྱུར་ཡོད་པས
སང་ཉིན་ནས་བཟུང་ཁྱོད་རང་ཚོགས་འདུར་ཞུགས་དགོས
ཞོར་དུ་བོད་མོ་རྒྱ་མོར་ལོག་པའི་མཛེས་མ་སོགས་ལ
ཝུ་ཆང་རེ་བླུད་དང་ལྷིང་འཇགས་ཀྱི་མཚན་མོ་འཁྱོལ་ངེས་ཡིན

སྐབས་ལེགས་པ་ཞིག་ལ      ཁ་སང
ཁྱོད་ཀྱི་གམ་ནས་སྤོ་འགུལ་ཀུང་ཟི་ཞིག་བཙུགས་པས
སང་ཉིན་ནས་བཟུང་ཁྱོད་ཀྱིས་ཀྱང་ཁ་པར་ཞིག་སྐག་ལ་བཅིངས་ཏེ
གསར་བུ་ཚོའི་གྲས་སུ་ཞུགས་ཆོག་ལ
བརྗིད་ཉམས་ཀྱིས་གཏམ་བཤད་ཀྱང་གནང་ཆོག
2011.08.20  01:44  རེབ་གོང་བྱང་ཆུབ་ནས།
ཡང་མིན་ན་ངའི་མིག་ཟུང་དམུས་ལོང་རེད

མི་ཚོས་དབྱར་ཁ་སླེབས་འདུག་ཟེར
ལོ་མ་དང་ཆར་བ་ནེམ་ཤ་ཡོད་པས
མལ་དོང་དུ་ལྷུང་ཡོད་པའི་ཨ་མྱེས་ཀྱིས་ཀྱང
འཁྱམས་ར་ནས་དགེ་བ་ཡོད་རབས་བཤད

མཛེས་མའི་བརླ་ཤ་དཀར་པོ
དགེ་སློང་གི་སྡོམ་པ་བཞེས་པའི་བླ་རྒན་ཚོས་ཀྱང
ཁ་བཏོན་གྱི་ཐིག་ཕྲེང་དང་མཉམ་དུ་གྱེར

བརྩེ་འདང་ནི་ལྷན་སྐྱེས་ཀྱི་ཐོན་འབྲས་མིན་ཡང
སྤྱི་ཚོགས་ཀྱི་སློབ་སྲོལ་ཞིག་གིས
ངའི་ལུས་པོ མོ་མཚན་གྱིས་གཅིར་མྱོང་བའི་སྐྱེས་དམན་དེ་ལ
ཆེས་ཐོག་མ་ནས་ཨ་མ་ཨ་མ་ཞེས་འབོད་དགོས་བྱུང

ནོར་ལུག་ནི་རང་བྱུང་ཁམས་ཆེན་མོའི་སྒོ་ཟོག་ཡིན་པས
དེ་ནི་སུས་ཀྱང་བདག་པོ་བརྒྱབས་ཆོག་པའི་དབང་ཆ
རང་བྱུང་ཁམས་ཆེན་མོའི་རྩ་ཁྲིམས་སུ་ཡེ་ནས་མེད་ཀྱང
རྐང་གཉིས་སུ་འབོད་པའི་མཆེ་བ་ཅན་དེས
ནོར་ལུག་གི་མཆུ་ཏོ་སྒྱེ་མོའི་ཁ་ཐིག་ལྟར་བསྡམས

ཨ་བྲའི་ཕ་ཡུལ་རྩྭ་ཐང་ཡིན
རྩྭ་ཐང་གི་རྩི་བཅུད་ལ་རོལ་རྒྱུ་ནི་ཨ་བྲའི་ཁེ་དབང་ཤ་སྟག་ཏུ་གྱུར་མོད
མགོ་ནག་མི་ཡི་དབང་ཤུགས་ཆེ་སོང་བ་མ་གཏོགས
སྙིང་རྗེ་བའི་ཨ་བྲ་འདི་ཚོ
ས་ཆེན་པོའི་ཐོང་ག་ནས་གསོན་ཆོག་ཆོག་གི་རྒྱུ་མཚན་སྟོང་གིས་ཕྱུག

སྔོ་དྭངས་ཀྱི་མཚེའུ་རུ་གཟེངས་སུ་མཐོ་བའི
མེ་ཏོག་པདྨ སྒེག་ལྡན་མའི་མཚོན་བྱེད་དུ་བཀོད་དེ
འཇིག་རྟེན་པའི་སྣང་བ ཟ་ཟུ་རུ་བཏང་ཡང་རུང
གོ་ལ་གཞན་ཞིག་གི་མཐོང་སྣང་དུ་སྐྱག་པ་སྐམ་པོ་ཞིག

ཁང་བརྩེགས་ཀྱི་སྦྲང་ཁང་སྙོམས་རྒྱུགས་རིམ་པར་སླེབས
དྲ་མིག་ཁྲི་སྟོང་གི་ཤེལ་ངོས་སུ
འཁྲིག་སྤྱོད་ཀྱི་འཕོངས་ཚོས་དུས་གཅིག་ཏུ་དཀར་བོང་བོང་བྱེད

བསིལ་རླུང་གིས་རྔུལ་ཆུ་འཇུབས་ཏེ
སོ་ནམ་པར་གཟིགས་མེད་ཀྱི་ལས་གྲོགས་སུ་སླེབས
དུས་རླུང་གི་གནམ་གཤིས་ཧེ་བག་རྒོད་པས
དཔྲལ་གཉེར་དུ་འཐིམས་པའི་སྡུག་བསྔལ་གཡབ་གཡུག་བྱས

ཁ་ནང་དུ་འཁོར་ཏེ་ལྷན་འཛོམས་བྱུང་ཚེ
འགྱུར་མེད་ཀྱི་སྤུན་ཟླ་ཡིན་ཞེས ཞབས་དག་ཡང་ཡང་བརྒྱབས
དུས་ཚོད་ཀྱིས་ཁ་ཕྱིར་འཁོར་དུ་བཅུག་ནས་བཟུང
ངས་ཁྱོད་ཟ་རྒྱུ་ཡིན་ཞེས་མཆེ་སྡེར་བགྲད་ནས་ཡོད

དངུལ་སྒོར་གྱི་རྒྱན་ཆ་ཙ་ར་ཙོ་རེ་བཞིན
གང་ཞིག་ནས་རྐང་ལྷམ་གྱི་ཞལ་འབག་རྫོབ་པར་བྱས་ཚེ
སྔ་མ་གཡུག་གཡུག་གིས ལྕེ་ལྡག་ལན་མང་བྱེད

རྒྱུ་ནོར་ལ་འཐམས་པའི་ལམ་བུ་མཚུངས་ཆོས་སུ་གྲུབ་ཀྱང
མོ་མཚན་ལ་བརྟེན་པའི་ཁང་བ་དམར་པོར
ཕྱི་འཛུལ་ནང་འཛུལ་གྱིས་མཆི་ཞགས་འཕེན་པའི་ཁར
ཀྲུང་ཧའི་རྩ་ཁྲིམས་ཀྱིས་ཀྱང་རྒྱབ་སྐྱོར་ཡོད་མ་བྱུང

གྲུ་ཁར་འཚངས་པའི་ཞིང་ལས་པ་ཚོས
ཉ་གསེར་མིག་གི་ལྗིད་ཚད་འགྲན་བསྡུར་བྱས་ཏེ
གསར་འགོད་པར་ཉ་གསོན་པོ་ཟ་རུ་བཅུག
གསར་འགོད་པས་བོང་མཇེ་ལྟ་བུའི་སྐད་སྦུག་བཟུང་ནས
ཁ་ཤ་དེ་ཡར་འགུལ་མར་འགུལ་ལན་མང་ཞིག་བྱས

རླངས་འཁོར་དག་སྲིན་བུ་ལྟར་འགུལ
མདོ་འཛིན་པ་མེད་པའི་བཞི་མདོ་གང་རུང་དུ
རང་སྣང་གིས་ཕྱི་མའི་ཡུལ་དུ་ཆས་པས
གཤིན་རྗེ་ཆོས་རྒྱལ་གཉིད་རྫོགས་ཐེངས་མང་བྱས

ཆེས་མཛེས་སྡུག་ལྡན་པའི་དངོས་པོ་མི་ཁོ་ན་རེད
མི་ཡི་ཕྱིར་དུ
མི་ཆུ་ལ་ལྕེབས མི་གནམ་མཁར་འཕུར
རླུང་གིས་མ་འཁུར་བའི་བཤུད་ལམ
ཁྲག་འཁོལ་མས་ཡོངས་སུ་བརླན་པར་བྱས

དབང་བོ་ཡིས་ཟིན་ཚད་ཇི་སྙེད
སྐྱག་པ་སྣ་རུ་ཡོད་པ དམྱལ་བ་ལུས་སུ་འབྱར་བ
རྣག་ཁྲག་ཏུ་རྐྱལ་རྫལ་རྫོགས་པའི་འབུ་ཏོ་ལོ་བཞིན

ད་ནི་སའི་གོ་ལའི་གློག་སྒོ་ཐག་སེ་མནན་ཏེ
དགུང་ཉི་མའི་བཀར་ཏོ་ཕུ་ཞིག་མ་བཏབ་ན
གསོན་བསྲེགས་འཁྲུགས་ལོང་གི་འཇིག་རྟེན་ཞི་བར་མི་གྱུར་བས
མཆིས་སོ་ཅོག་སྙིང་བོ་དབུལ་བར་གྱུར
ཡང་མིན་ན་ངའི་མིག་ཟུང་དམུས་ལོང་རེད
2012.09.12

ང་ཤི་རེག་བར་དུ་ངས་སྙན་ངག་དུང་ཕྱིར་གཅིག་འབྲི་རྒྱུ་ཡིན།

དཀར་ཆ་དང་སྒེའུ་ཁུང་མེད་པའི་ཁང་མིག་ཅིག་ཏུ
གསོ་རིག་རྒྱུ་བཞིའི་ཤོག་བུ་ཡང་ཡང་བཀླགས་ནའང
འབུ་ཟེ་བོའི①རྒྱུ་ལྷག་ཀྱང་ལེགས་འགྲུབ་མ་བྱུང

ལུས་སྟེང་ནས་འབུས་ཡོང་བའི་ལོ་མ་ལྗང་ཁུ
གོ་ལའི་འཐེན་ཤུགས་ཀྱིས་རུམ་དུ་ཉར་མོད
ཟླུམ་པོར་གྱུར་བའི་རླུང་བུ་དང་མཉམ་དུ་ཁུར

རྐང་ལག་སྐྱེས་པའི་བཤན་གྲིི
སུག་བཞི་བསྣོལ་བའི་ནུ་མའིོ་འོག་ཏུ་ཡིབས་ཏེ
དམར་དྲི་ཁ་བའི་ཆུ་ལྷམ་གྱི་ཧྲོམ་སྒྲར་ཉན

འབུ་སྦྲང་གིས་བདག་གིར་བཞེས་པའི་བེམ་པོའི་དྲི་ཡིས
སྐྱུགས་མེར་བྱེད་ཆོག་པའི་ཐམ་ག་སྙིང་ལ་བྲིམས་ན
ང་ཤི་རེག་བར་དུ་ངས་སྙན་ངག་དུང་ཕྱིར་གཅིག་ལོས་འབྲི
2012ལན་གྲུ་ནས།
མཚོ་སྔོན་པོ།

བཞུར་མ་མྱོང་བའི་མཚོ་སྔོན་པོ
ཅོག་ཙེ་འཁོར་ལོ་མ་ཞིག་དང་འདྲ་བར
ངོ་ཤེས་ཤིང་མི་ཤེས་པའི་མགྲོན་པོ་ཚོ་མཐའ་རུ་རུབ་ཏུ་བཅུག

གླིང་ཆེན་མཆེ་བའི་སྣེ་ཟུར་དེ་ནས
ང་ཡོང་ཡོད་ཅེས་ཨག་འབོད་ཐེངས་གསུམ་ཙམ་བྱས་ཀྱང
མཚོ་སྔོན་པོས་ང་མི་ཤེས་ཁུལ་བགྱིས་ཏེ
ཉེ་གམ་གྱི་ཕྱི་གླིང་བར་སྤྲོ་འཛུམ་གྱི་རླབས་རུས་བསྟན

དུངས་སེམས་ཀྱི་དཔང་རྟགས་སུ་གཏེར་ཞིག་ཕུལ་ཡང
མངགས་གཞུགས་པའི་ཐོབ་ཐང་མཆིས་པའི་མཚོ་རླབས་ཀྱིས
མཚོ་སྙིང་རིན་པོ་ཆེ་ལ་འདི་ལྟའི་དངོས་པོ་ལ་སུན་པོ་ཡོད་པས
དགོས་པ་མི་འདུག་ཅེས་ཕྱིར་མཚོ་ངོགས་སུ་དེད་བྱུང
2012.9.15ལན་གྲུ་ནས།
ཁ་དོག་མེད་པའི་རྐང་རྗེན།

ལག་པས་ས་ངོས་ལ་བྱིལ་བྱིལ་མ་གནང་བས
སེམས་ཁོངས་སུ་བབས་པའི་མྱོང་རྟོགས་དབེན་པར་གྱུར
སྣོ་ཐག་མ་ཆོད་པའི་འདམ་བག
གྱང་ངོས་ཀྱི་ལྟེ་ཁུང་ལ་སྦྱོར་ཐབས་མ་བྱུང་བས
འདོད་ཡོན་རྣམ་ལྔར་དཀོན་མཆོག་གིས་ཚོན་རྩི་སྐྱ་བོ་བསྐུས

གཡོ་འཛུམ་གྱིས་ཁེངས་པའི་ཉི་འོད་དེས
ཉི་དགའ་མེ་ཏོག་གི་འཛུམ་ཞལ་འཁྱེར་ནས་རྒྱང་རིང་དུ་འཕུར
འཕུར་ཁར མྱོང་འདྲིས་ཀྱི་གྲུབ་གཟུགས་ཙམ་ཡང་མེད་པར
རྒྱུ་ནོར་ཐམས་ཅད་པང་ནས་དགའ་དཀྲོག་དཀྲོག་གིས་བཞུད

སློབ་གྲྭ་རུ་འཁྱག་སིབ་སིབ་ཀྱི་རླུང་བུ་ཞིག་ལྡིང
སྣུམ་གོར་བསྲེགས་ཁང་གི་སྒོ་འདུན་ན་འདར་བའི་མི་ཚོགས་ཀྱང
སྟོན་བལ་གྱིས་དེད་པའི་འབུ་ཆ་ག་བ་བཞིན
བེམ་རོ་སྐམ་པོའི་རྐང་རྗེན་ལས་ཅི་ཡང་མི་འདུག

སྣང་ཡུལ་ཅན་གྱི་ལམ་འདྲེན་པ་ཚོས
ལམ་ལ་མ་ཞུགས་ཀྱང རྐང་བ་ལ་ཨ་ཐང་ཆད་པའི་ཁར
ཁ་སྐྱི་རལ་བོ་དེའང་ཉོབ་མདངས་ཤིག་ཆགས་ནས
དགུན་ཁ་མ་སླེབས་ཀྱང་འཁྱགས་པས་བསྡམས་ལ་ཉེ

ལས་དབང་གི་རྐང་རྗེས་ཁ་སང་ནས་རླུང་གིས་འཁུར
དེ་རིང་གི་ལྕང་མའི་ལོ་མའང
ནག་པོ་ནས་ཁ་དོག་མེད་པར་གྱུར

བོངས་ཆུང་ཞིང་ཉག་ཕྲ་བའི་གྲུ་གཟིངས་སུ
སྡུག་ལས་ལ་རོལ་དྲག་པའི་རྣམ་ཤེས་འདི་དག
རྒྱ་མཚོ་ཆེན་པོ་འདིའི་ཕ་རོལ་དུ་འདྲེན་པར་འདོད་མོད
གྲུ་ཁེམ་ཆུང་ཆུང་ཞིག་གི་འཐེན་ཤུགས་ལས་མེད་པས
མང་པོ་ཞིག་དམྱལ་བ་ནས་དམྱལ་བའི་ལམ་དུ་ཕྱིན

ཉི་མས་མགོ་དཀྲིས་སེར་བོ་ཞིག་གྱོན་ཏེ
རི་བོ་ཉིས་ཚེབ་ཀྱི་ཧྲག་བར་ནས་མཐའ་མཇུག་གི་བདེ་མོ་བཞག་པས
མ་མེད་ཀྱི་ཡུ་མོ་དངངས་འདར་ཞིག་བརྒྱབས་ཏེ
ཕྱོགས་བཞི་ལ་སོ་བལྟ་ཡང་ཡང་བྱས

དམིགས་པ་ན་འཁྱིལ་བའི་རི་བོ་རྨང་ནས་ཉིལ
སེམས་ཤུགས་སུ་འཚེར་བའི་འོད་ཞགས་རྩ་ནས་ཆད
གསེར་ནག་གིས་བླུ་བར་དཀའ་བའི་ལང་ཚོའི་གཟི་བྱིན
ཆང་ཁང་དང་དྲ་ཁང་གིས་དྲ་རེས་སུ་བཏང
2012.09.11ལན་གྲུ་ནས།
བྱེའུ་མ་ཚོན་པོ།
—དགེ་རྒན་དུས་ཆེན་དུ་སློབ་ཆེན་ག་གེ་མོ་ཞིག་གི་དགེ་རྒན་ཆེ་གེ་མོ་ཞིག་ལ་བལྟས་པ།
གཤོག་སྒྲོ་ཡོད་ཀྱང་འཕུར་མི་ཐུབ་པའི་བྱེའུ་མ་ཚོན་པོ
སྤྲོ་སྐྱིད་ཀྱི་ནང་མ་ཁང་གང་ཞིག་ཏུ
ལྟོ་བ་ལ་སྦུ་རག་གི་ཆིང་རླུང་རྒྱག་གིན་ཡོད
 
ནག་པང་དེ་འཛུམ་རྒྱུ་ཅི་ཡང་མི་འདུག
ཁྲ་རིལ་རིལ་གྱི་མིག་ཟུང་སྣ་ཚོགས
ཅོག་ཙེ་སྣར་མོ་རུ་གྲོག་མ་ལྟར་འགུལ

ཅོང་བརྡས་ཨོང་ཤ་སྤྲུགས་ཞོར་ཡར་ལངས་བྱུང
ད་ཅིའི་འབུ་ཆ་ག་བའི་འུར་ཟིང་དེ་ཞི་བར་གྱུར་བས
རྐུབ་སྟེགས་ལེབ་མོ་དག་འཁྱགས་ཤི་ཐེབས

ཀྱེ—བྱེའུ་མ་ཚོན་པོ
ལྷག་བསམ་ལག་ཏུ་བསྟར་བ
སངས་ཆས་ཀྱི་གཞི་རྩའོ
2012.09.11ལན་གྲུ་ནས་བྲིས།
ང་ནི་ཐུན་མོང་གི་དར་ཆ་ཞིག་ཏུ་འགྱུར་ཐུབ་བམ

འོད་ཀྱི་སྐུད་པས
སྲང་ལམ་གྱི་སྒྲ་སྐད་གཟན་པོ་མལ་ཁྲི་རུ་གཏོར
ཆ་མི་སྙོམས་པའི་ཟླ་བ
ལྷོད་འཇམ་གྱིས་སྒེའུ་ཤེལ་དུ་དམ་འཁྱུད་བྱས་ཀྱང
ཞིམ་མངར་གྱི་རྨི་ལམ་ཞིག་ཅིས་ཀྱང་རྨིས་མ་ཐུབ

དུས་ཀྱི་ཐག་པས
དམིགས་ཡུལ་གྱི་རླུང་བུས་འཁུར་འོང་བའི
གོམ་པ་སྙི་མོ་ཅན་དག
ཤེལ་དམ་ཞིག་གི་མཐའ་ནས་དབྱེར་མེད་དུ་གྲུབ་པར་བྱས་མོད
གནམ་ནས་ལྷུང་བའི་ཐོག་ཆ་ཞིག་གིས
རྒྱ་གླ་བ་བཞིན་མལ་གདན་སོགས་འཁུར་ནས་ཁྲོམ་དུ་འཁྱམས

ཆུ་བོ་ལ་ཟམ་པ་ཤིང་ཐུར་ཙམ་ཡང་མེད
བྲག་རི་ལ་ཐེམ་སྐས་ལག་མཐིལ་ཙམ་ཡང་མེད
ཕྱིར་འཐེན་ཡང་བྱ་མི་ཆོག་པའི་ཁང་སྐྱ་ལེབ་མོ་ཞིག་ཏུ
སྙན་ངག་གིས་སྒེའུ་ཁུང་ལ་བལྟས་ཏེ་དབུགས་རིང་སྣར་མོ་འཐེན

ཐ་མག་གི་མཆུ་ཏོས་མཛུབ་གུ་ལ་ཟུག་རེག་སྟེར་རག་བར
འཇིག་རྟེན་ཤོང་ཐུབ་པའི་སྒེའུ་ཁུང་ལ་བལྟས
སྒེའུ་ཁུང་གི་ཕྱི་རོལ་ན་ཅི་ཡང་ལྷག་མི་འདུག་ཀྱང
སྟོན་མཇུག་གི་ཆར་བ་སྨུག་སྤྲིན་དང་འགྲོགས་ཏེ་ཟད་མེད་དུ་བབས

ཝུ་ཆང་དང་འཚུབ་ཆ་ཡིས་བཙེམས་པའི་ཟླ་ངོ་དག
དུས་ཚོད་ཀྱི་སྣེ་ཐིག་ནས་བཙན་གྱིས་བསྐོར་ཏེ
ཁོད་ཡངས་པའི་རྒྱ་མཚོ་ཞིག་ལ་ངང་སྒུག་མཛད

ཕྱེད་ཀ་ལས་ལྷག་མེད་པའི་ཀུ་ཤུ་དམར་པོ
གཟུགས་གཞི་མི་འདྲ་བའི་ཡིག་ཕྲེང་གིས་མྱུར་སྟབས་ཀྱིས་འཆས་ཏེ
རྒྱགས་ལ་མ་རྒྱགས་ངང སློབ་སྐབས་གཅིག་གི་མཇུག་བྱང་བཀླགས་པ་ཡིན

བཀས་བཀོད་རྒྱུད་འཛིན་གྱི་ཁྲལ་བསྡུའི་འོག་ཏུ
མུ་ཏོ་བའང་ཡིབས་ས་གཅིག་ཀྱང་མེད་པར
ནས་རྡོག་རྙིད་པའང་གསོལ་རེས་སུ་འབུལ་དགོས་ན
ཉི་མ་ཁྱེད རེས་ཤར་རེས་ནུབ་ཀྱི་གཡོ་ཇུས་མི་བཤམ་པར་མཁྱེན

ལུད་རྫས་དང་ས་ཞིང་གཅིག་འདྲ་ཡིན་ནའང
ལོ་ཏོག་ལ་འཁོར་བའི་ཉི་ཟེར་དྲོན་མོ
སྟོན་ལངས་རྗེས་ཀྱི་སྒྱེ་མོས་གསལ་བོར་ཤེས་སོང་བས
ལོ་མ་སེར་བོ་དག་ཤག་ཤག་གིས་གང་སར་འཕུར

འཇིག་རྟེན་འདི་རྩེ་མོ་མེད་པའི་ཟླུམ་ཟླུམ་ཞིག་རེད
རྒྱུ་འབྲས་འདི་ཁ་མྱིག་མེད་པའི་མདའ་མོ་ཞིག་རེད
རྡོག་བརྫིས་ཀྱི་རླུང་ཁ་ན
ཁུར་མོང་གི་སྐྲ་ལོ་ཟད་དེ་རྩ་བ་འགྱེལ
དབུགས་ཀྱི་གཏོང་ལེན་དུ
དམྱལ་ཟངས་ཀྱི་སྒྲ་དབྱངས་སྣ་ཚོགས་ཤིག་མཆིས་ན
ང་ནི་ཐུན་མོང་གི་དར་ཆ་ཞིག་ཏུ་འགྱུར་ཐུབ་བམ
              2012.09.11ལན་གྲུ་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྐང་ཐང་བའི་སྙན་ངག་ཉིང་བཏུས་བདུན་ཅུ།

2013-02-23 རྐང་ཐང་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།