གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་རིའི་སྙན་དངག་མཁན་པོ་ཝེ་ཐི་མཱན་(1819 - 1892)གྱི་སྙན་ངག་བདམས་བཀོད།

2012-11-28 10:49:00 ཝེ་ཐི་མཱན། ཀློག་གྲངས། མཆན ཡོད།

         
       གྲིབ་མ་དེ  ང་དང་ཨ་ན་མ་ན།
ང་དང་འདྲ་བའི་གྲིབ་མའང
ག་ས་ག་རུ་བཏེགས་ཤིང་འོངས་ཏེ
ཀུ་ཅོ་རེ་མུར་གྱིན་མུར་གྱིན
ཧ་ལམ་འཚོ་གནས་ཤིག་འཚོལ་བཞིན་གདའ   
 
ཉིན་རྒྱུན
གྲིབ་རིས་འགུལ་ཕྱོགས་སུ་ཅེར་ཐེངས་རེར
ཀྲོང་ངེར་འགྲེངས་པའི་རང་ཉིད་རྟོགས་ཡོང
རྟག་ཏུ
གྲིབ་གཟུགས་དེ
རང་ཉིད་ཡིན་མིན་ལ་དོགས་ཏེ
ཅོ་འདྲི་ཡང་ཡང་བྱས  
འོན་ཀྱང
ང་ཡི་མཛའ་མོ་མང་པོའི་ཁྲོད་དུ
ངའི་བསྟོད་གླུ་ཐན་ཐུན་གྱི་དབུས་སུ
གྲིབ་རིས་དེ   རང་ཉིད་ཡིན་མིན་ལ
ང་གཏན་ནས་དོགས་མ་མྱོངས།
 
          ཨ་རི་དང་གྱེས་ཁ་མར  ངས་གླུ་ཞིག་བླངས།  
གོ་ལའི་པང་དུ    
ཁྱེད་དང་སང་གི་སླད
གླུ་གཞས་ཤིག   ངས་སྐད་གསེངས་མཐོན་པོས་བཏེག་འདོད    
ངས   མི་རིགས་ཤིག་གི་ཉམས་མེད་ཀྱི་གསོན་ཤུགས་རྨོ་སེམས  
བླ་སྲོག་དང་ཕུང་པོ  
ངས་དཔེ་རིས་ཧྲིལ་པོ་ཞིག་ཏུ་བཀོད་ཀྱང་སྙམ
རྒྱང་རིང་རྒྱང་རིང་དུ    
ངས་ཆིག་སྒྲིལ་དངོས་མ་དེ་ཡུན་རིང་ངོམ་ན
ཅིས་ཀྱང   རེ་འབྲས་སྲབ་མོ་ཞིག་ཡོད་ཡོད་འདྲ  
 
(ཁང་མིག་དེ་ལ  ངས་ལམ་ཕྲན་འགའ་བཙལ་ཞིང་བསྐྲུན་མོད
ཁྱོད་ཚོའི་ཕེབས་སྒྲིག་ཏུ  གཞིས་ཀ་དེ་རང་དགར་བསྐྱུར་ཡོད)    
 
ཡིད་རྟོན་ཞིག
ངས  གླུ་རུ་ལེན་པའི་ཨང་གསར་ཡང་ཡང་བྱས
ཚེ་སྲོག་དང་རང་བྱུང་གི་སྣང་ཁམས
ད་ལྟ་ཙམ་དུ་འགྲེལ་ན                                        
མཛེས་སྡུག་ཅི་ཡང་སྟོང་མོད  
འབྱུང་ངེས་པ་གང་ཞིག  
མཚར་སྡུག་རྣམ་པར་བཀྲ
དེ་བས
ངས་ཁྱེད་ཀྱི་སླད་གླུ་ཞིག་ལེན་འདོད།
 
           དྭངས་གཙང་གི་མཚན་ཕྱེད།
བླ་སྲོག་ཨ   འདི་ནི་ཁྱེད་ཀྱི་དུས་ཚིགས་དེ
ཁྱོད   ཁ་རོག་གེར  
རང་དབང་གི་གཤོག་འགྱུར་རྩེན་གྱིན      
དཔེ་ཆ་དང་རིང་སར   སྒྱུ་རྩལ་དང་ཡང་རིང་སར  
ཉིན་མོ་བསུབས་ཤིང  སློབ་ཐུན་ཡང་མཇུག་བསྒྲིལ་རྗེས
ཁྱེད་རང   མདུན་ཕྱོགས་སུ་འཁྲེང་སྟེ  
ཁུ་སིམ་མིར   མིག་ཧུར་རེར
ཆེས་མོས་པའི་བརྗོད་གཞི་དེ་ལ   མནོ་བསམ་ཡང་ཡང་བསླངས
མཚན་མོ་དང་རྨི་ལམ  
ད་དུང་སྐར་ཚོགས་་་
 
           དྲག་རླུང་འཁྱུག་ན།
བུ་ཡུག་འཚུབ་སྟངས་ཤིག་གིས
འདབ་ལྡན་གྱི་ཚོགས
ངུད་མོ་དི་རེར་སྐྱོམ་འགྲོ་བ  
ལྗོན་ཤིང་ལན་ནམ
རླུང་བུ་དེའི་རྐྱེན
ཚེ་སྲོག་འཕོས་སོང

ཁྱེད་ཀྱི་གཉིད་གོང་དུ
ཁོ་ཚོ་འཇབ་ཀྱིན་འཇབ་ཀྱིན
བསྒུགས་བསྒུགས་ནས   བལྟས་བལྟས་རྗེས
འཆར་གཞི་ཡོད་པའི་ངང   ཁྱེད་ཀྱི་རྣམ་ཤེས་ཁྲིད་དེ
ཁོ་ཚོའི་གཅིག་ཏུ་བརྫུས་སོང
དྲག་རླུང་གཡོས་ན་་་
 
           དུས་ཚོད་ཀྱིས   མཚན་མོ་བྲུས་ན།
དུས་ཚོད་ཀྱིས   ན་བུན་འཐོར་བའི་མཚན་དུས་ཤིག་བྲུས་ཙ་ན
 
ཆ་མ་འཚལ་བའི་འཇིགས་སྐྲག་གང་རུང་གིས  
ང་རང   སྨག་རིམ་དུ་ཁྱུར་མིད་བཏང    
 
ང  མདུན་ནས་མདུན་དུ་སྐྱོད་ཨང་སྙམ
ངས   ཀྱ་ཀྱུའི་བཞུད་ལམ་འཕྲེད་དུ་བརྒལ་ཡང་སེམས
 
ཡུལ་ལུང་རེ་རེ་ཡི་ལམ་ཐག   དཔག་དཀའ་མོད    
ཉིན་དང་མཚན  གཅིག་ཐོག་གཉིས་བརྩེགས་ཀྱི་ཁུགས་སོ་ནས
ང་སླེབས་ཀྱང་སྲིད་ལ
ངའི་སྙིང་ཁོང་གི་གླུ་སྒྲ་གྱེར་ན  
ངག་གི་འགྱུར་ཁུག   འཕྲལ་དུ་བརྣང་ཡང་ངེས    
 
དཔེ་དེབ  འདོན་དབྱངས
ཡོད་ཚད་མཇུག་སྡོམ་པའི་གོ་རིམ་དུ  
འདི་ཀོ་ཅི་ཡིན
ཐོག་མ་ཉིད་ནས
ང་ཚོ   དམར་ཧྲེང་དུ་སླེབས་སམ
 
བླ་སྲོག་ཨ   
ད་ནི   དེ་ཀ་ཙམ་ཀྱིས་ཚིམ་ན་འོས
མི་ཡུལ་དུ
ང་ཚོ   ཡིད་རྟོན་ངང་སླེབས་པས
དེ་ཀ་རང་འགྲིག་ཨང་།
 
          མིག་ཆུ་ཁྲོམ་ཁྲོམ་གྱི་ངོ་གདོང་དེ་ཅི་ཞིག།
སྒེའུ་ཁུང་དེ་རུ   ཁ་རོག་གེར  
མིག་ཆུ་ལུད་པའི་ངོ་གདོང་དེ་སུ་ཞིག
སྐྱོ་གདུང་གི་མཆི་ཞག་ཆར་དུ་ཉིལ་དོན་ཡང་ཅི
བོངས་ཆེ་བའི   དུར་ཐང་སྐམ་པོ་དེའི་སླད་དུ་ཡིན་ནམ
དུར་ཁྲོད་ཀྱི་ས་རྒྱུ་ལ་བརླན་རྩིས་ཡོད་དམ། 
 
         རྨི་ལམ་དུ  ངས་རྨི་ལམ་རྨིས།
རྨི་ལྗོངས་ཤིག་ཏུ   ངས་རྨི་ལམ་བཏང་བྱུང
རྨི་ལམ་དུ  
གོ་ལ་ཧྲིལ་བོས་ཀྱང་གཞོམ་མ་ནུས་པའི་གྲོང་སྡེ་ཞིག
ངས་མཐོང་བྱུང     
 
རྨི་ལམ་དུ  
ངས  མཛའ་བརྩེའི་གྲོང་ཁྱེར་གསར་བ་ཞིག་རྨིས་སོང   
དེ་ཀར   མི་སེམས་གཅིག་ཏུ་སྦྲེལ་བའི  
བརྩེ་འདང་གི་སྟོབས་ཤུགས་ལས་ལྷག་པའི་ཡག་ཉེས་གཞན
གང་ཡང་མ་སྣང  
 
གྲོང་ཁྱེར་དེའི
མི་ཕོ་ཚོའི་མིག་མདངས་སུ
གསུང་སྒྲོས་སུ  
ཡང་ན་བྱ་སྤྱོད་ཁྲོད
བརྩེ་བ་ཁོ་ན་ཉིད་མཐོང་ཡོང་།
 
         མེ་ལོང་།
མེ་ལོང་དེ  ནན་མ་བརྣན་མར
མཐོ་རུ་བཏེགས་ཤིང  
ལྡོག་འཕྲོས་སུ་གཟིགས་ན  
མི་དེ་སུ་རེད   རང་ཉིད་ཡིན་ནམ  
 
ཕྱིའི་གཟུགས་སུ  མཆོར་གོས་སྤྲས་ཤིང  
ནང་སེམས་པར   བཙོག་སྙིགས་དང་རུས་ཐལ་འཚུབ་ལེར    
མིག་གི་མདངས་ཉམས    གོམ་པའི་འགྲོས་འཁྱོར  
མིད་པའི་སྦུག་ལམ་ཡང་འཁེགས          
 
ད་ནི   སྐད་སྒྲ་དང་རྡོག་སྒྲ
ལག་ཟུང་ནས་མིག་ཟུང
ཡོད་ཚད་ཀྱི་ཀུན   སུ་ཞིག་གི་བྲན་གཡོག་ཡིན་སོང
 
ར་བཟི་བའི་དབུགས་དབྱངས    
ཤ་བཟའི་ངོ་གདོང  
སེ་མོག་གི་ཤ་གྲུམ  
 
གློ་མཆིན་གཉིས་རུལ་ཞིང་མྱགས་ཏེ    
གྲོད་པ་ནས་སྐྱུར་དྲི་འཐུལ་ལེར
 
ལྷུ་ཚིགས་རེ་རེ་ན   གྲུམ་ནད་ཀྱི་གཤེར་ཁུ་འཛར  
ལྷུང་བཟེད་དུ  ཡི་ག་འཆུས
དུག་ཁུའི་ཆུ་ཀླུང་བྲུག་ཏེ   ཁྲག་རྒྱུན་ནག་པོ་རྒྱུ
 
སྨྲ་ལྕེ་ལྐུགས  རྣ་བ་འོན    
ཚོར་ཤེས་ཉམས    བླ་སྲོག་འཁྱར  
འདོམས་ཀྱི་སྦ་བའི་ཟུངས་ཤུགས་ཟད  
 
མེ་ལོང་དུ་འཕྲོས་པའི་མི་དེ་ནང་བཞིན    
ཁྱེད་ལའང   སླད་མར  
མགོ་བརྩམས་མ་ཐག་པ་ལྟ་བུའི  མཇུག་འབྲས་དེ་ཉིད་ཅིག
ལ་མོར་ལ་མོར   བདོག་ངེས་ཨང་།
 
         གཡུལ་སའི་དྲི་ཆབ་ཀྱི་ཁྲུས་ལ་རོལ་བ།
ཆག་ལ་ཉེ་བའི་དར་ཆ   གཡུལ་སའི་དྲི་ཆབ་ཀྱི་ཁྲུས་ལ་ཞུགས    
(ཉིན་འདི་ཚོར   སླར་ཡང་རྐང་དམག་ལ་ཧྲག་སྒྲིག་དགོས་སམ
གྲུ་ཁའི་མཚོ་དམག་མཁོ་འམ)  
 
རྐང་དམག་དང་མཚོ་དམག་ལ་བཏབ་པའི
ཁྱེད་ཀྱི་ཀི་སྒྲ་ཐོས་ཤིང    
དར་ཆ་དེའང  མཛེས་མ་ཞིག་གཉིས་སུ་མེད་ཨང
ཨ་ལན་དུ  འཛིང་དམག་ཁྲི་ཕྲག་གི་གོམ་སྒྲ
ཐོས་འཛིན་གྱི་བུ་གུར་འཚུབ་འོངས        
 
བགྲང་མེད་ཀྱི་དམག་གྲུ  དྲག་ཆས་ཉིལ་ལིར  
གྲུ་གཟིངས་ཀྱི་ཁྱམས་རར   ཁྱེད་ཀྱི་བྲེལ་ཟིང་གི་འགུལ་སྐྱོད་བདོག་ཅིང
གྲུ་གཅལ་དུ  ཁྱེད་ཀྱི་བྱ་རའི་སྣང་གཟུགས་མཐོང  
དར་ཆ་དེའང  དྲེགས་ལྡན་མའི་མིག་མདངས་དང་འདྲ་ཨང་།
 
           ཨ་་་་བླ་སྲོག  ད་ནི་ཁྱེད་ཀྱིས་གང་ཡང་ཕོད།
བླ་སྲོག་ཨ་བླ་སྲོག                               
གང་ཡང་ཕོད་ལ་ནུས་པའི་ཁྱེད    
ད་ནི  རྒྱུས་མེད་ཀྱི་ཡུལ་གྲུ་དེའི་ཕྱོགས་སུ
བདག་དང་ལྷན་ཅིག   ལམ་དུ་དེངས
དེ་ཀར   རྐང་འོག་ཏུ་ས་གཞི་མེད་དམ་ཅི  
སྙེག་འགྲོ་སའི་ལམ་ཕྲན་མི་བདོག  
ཡུལ་དེ་རུ  
ས་དཔྱད་ཁག་ལ   སྣེ་ཤན་པའང་མེད  
མྱི་སྐད་ལྷིང་ཤིང  འགྲོ་མིའི་ལག་འཇུ་ཉུང  
ངོ་གདོང་དུ   ཤ་སྐྱིའི་མེ་ཏོག་མི་བཞད་ཅིང  
མཆུ་སྒྲོས་དང་མིག་ཟུང་ཡང་སྟོང་སོང
ཨ་ཨ་་་བླ་སྲོག
ངས་གང་ཡང་མ་རྟོགས
ཁྱེད་ཀྱིས་ཀྱང  ཅི་ཡང་མ་ཚོར
འུ་གཉིས་ཀྱི་མདུན་ལྗོངས  སྟོང་ཡུག་ཡུག   
ཡོད་ཚད་རེ་བས་ཕངས
རྨི་ལམ་མ་འཁོར་བའི་ཡུལ་ལུང་དེ  
བགྲོད་ཀྱང་མི་ནུས་པའི་ཡུལ་གྲུ་ཞིག་ཏུ་གདའ
འཇུ་ཐག་དེ་ལྷོད་རག་བར་དུ  
དུས་ཚོད་དང་བར་སྣང་གི་དམུ་ཐག་སྲ་ཞིང་མཁྲེགས  
ན་བུན་སྲབ་སྲབ    གོ་ལའི་འཐེན་ཤུགས་ཀྱང་གཉོམ་གཉོམ
ཚོར་ཤེས་མོག་མོག  ང་ཚོ་ལྷན་ཏུ་འཆིང་བའི་གཟུང་ཐག་དཀོན
དེ་དུས་ཀྱི་ང་ཚོ  
འབར་མདུལ་ནང་བཞིན་འཐོར་ཞིང་རྩེན་ལ
དུས་ཚོད་དང་བར་སྣང་ནས
བླ་སྲོག་ཨ  
ཁོ་ཚོར  བསུ་མ་གྱིས་དང
འདྲ་ཉམས་དང་མཐར་ཐུག་གི་མཁོ་དངོས་བསྒྲིག་དང
(ཤིང་འབྲས་ལོང་སྤྱོད་ཀྱི་ཚུལ་ཏུ)  
ཁོང་ཚོ་ཡོངས་སུ་ཚིམ་པར་གྱིས་ཤིག།
         24/10/2012 ནས 30 དབར་འཛིན་གྲྭའི་བར་གསེང་དུ་སྦྱར།
              
༼ན་བུན་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།