གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆོ་ངེ་།

2012-10-15 10:10:00 ཅིན་ཟི་པོ།༼ཨ་རི༽ ཀློག་གྲངས། མཆན ཡོད།


ངས་དུས་རབས་འདིའི་ཆེས་ཕུལ་དུ་བྱུང་བའི་དྲན་འཕྲུལ་རྒོད་པོ་དག
སྨྱོ་ཧམ་གྱིས་ཁྱུར་མིད་དུ་གཏོང་གིན་པ་མཐོང་གི
ཁོ་ཚོ་གྲོད་ཁོག་ལྟོགས་བཞིན་ཞེ་ཟི་ཏི་རུ་ལུས་བོངས་གཅེར་རྗེན་ལ་བསྡད
སྐྱ་མདའ་གཏོང་སྐབས་ཁོ་ཚོས་གོམ་སྟབས་མི་ནག་སྲང་ལམ་ལ་བསྒྱུར་ནས
དེ་རུ་ཐེག་དཀའ་བའི་དུག་རྫས་ཀྱི་ཁབ་སྐུད་འཚོལ་ལ་བྲེལ
བཞད་གད་ཐག་ཐག་སློང་ཞིང་དྲན་རིག་རྒོད་པོ་ཚོའི་རེ་འདོད་ཉག་གཅིག་པུ་ནི
མཚན་མོ་འདིའི་གྲུ་ཟུར་གང་རུང་ན་མཆེད་ཀྱིན་པའི་འཕྲུལ་འཁོར་གྱི་ཆོམ་སྒྲར
མ་བཅོས་རང་བྱུང་གི་གདོད་མའི་འབྲེལ་ཟམ་གཟུག་འདོད་པ་ཙམ
ཁོ་ཚོའི་གོན་པ་ཧྲལ་ཧྲུལ    མིག་མདངས་སྟོང་ལྷང་ངེ
ཆུ་འཁྱགས་ལས་ཅི་ཡང་མེད་པའི་འགྲུལ་ཁང་གི
རང་བྱུང་ཆོས་ཉིད་ཀྱིས་བདས་པའི་མུན་ཁྲོད་དུ་ཙོག་ནས
དུག་རྫས་འཇིབ་དུས་ཀྱི་བཟི་སྣང་ཟ་ཟི་དེ
གྲོང་ཁྱེར་མཁའ་དབྱིངས་ན་མཆེད་པའི་རྗེ་སི་རོལ་མོ་དང་འདྲེས་ནས་འཕྱོ
ཁོ་ཚོ་གདང་མཐོ་བའི་ལྕགས་ལམ་འོག་འཚང་ནས་བར་སྣང་ཁམས་སུ་ནང་སེམས་སྟོན་དུས
དབྱི་སི་ལན་ཆོས་ལུགས་ཀྱི་སྟོན་པའི་རྗེས་འཇུག་པ་དག
འོད་ཀྱིས་གསལ་བའི་འགྲུལ་ཁང་ཡང་སྟེང་ན་འཁྱར་འཁྱོར་ངང་འགྲོ་བཞིན་པ་མཐོང
ཁོ་ཚོའི་མིག་ཟུང་རྣོ་ཡང་ཉོབ་མདངས་མངོན
ད་ལྟ་སློབ་ཆེན་གྱི་འཚོ་བ་དང་གྱེས་ཡོད་ནའང     
འཕྲུལ་སྣང་ཁྲོད་ཁོ་ཚོ་ཨ་ཁིན་ཟི་དང་འཕྲད་ལ  
དམག་དོན་ཆེད་མཁས་པ་ཚོའི་གཟབ་ནན་མ་ཡིན་པའི་སྤྲེལ་ལད་སེམས་ཀྱིས་མྱངས
ཁོ་ཚོ་སློབ་ཆེན་ལས་ཕུད་དོན་ཐུན་མིན་གྱི་རང་གཤིས་ཡོད་པས་རེད་ལ
དྲ་ཡོལ་ཡོད་ཚད་ཀྱི་ངོས་སུ་ལོག་གཡེམ་ལ་བསྟོད་པའི་སྙན་ཚིག་བྲིས་པས་རེད
ཁོ་ཚོ་གདོང་གི་བ་སྤུ་མ་བཞར་བའི་ཁང་མིག་ཁྲོད་བསྐུངས་ནས
གད་སྙིགས་སྣོད་ཀྱི་ནང་དུ་ཤོག་དངུལ་ཧམ་སེམས་ཀྱིས་མེ་ལ་སྲེག་གིན
གྱང་ཕྱིའི་འཇིགས་སྐུལ་བ་དག་གི་སྐད་སྒྲར་གཟབ་ཉན་བྱེད
ཁོ་ཚོ་དམར་ཧྲེང་ཧྲེང་དུ་བསྡད་ཡོད་དུས་འཛིན་བཟུང་བྱས་ལ
སྦྲིད་སྨན་ཧེབ་ཀྱིས་མིད་རྗེས་ཁོ་ཚོ་ལྰ་ལི་ཏོ་ནས་ནིག་ཡོ་གྲོང་ཁྱེར་དུ་སོང
ཚོན་མདངས་རྣམ་པར་བཀྲ་བའི་མགྲོན་ཁང་དུ
ཁོ་ཚོས་ལྷ་ཡུལ་གྱི་སྲང་ལམ་ན་འབར་གྱིན་པའི་མེ་ལྕེ་དང་རྡོ་སྣུམ་མིད་དེ་ཤི
ཡང་ན་ཉིན་ནས་ཉིན་མཐུད་དེ་རྨི་ལམ་དང་དུད་ནག འཇིགས་ཡེར་བའི་རྨི་ལྟས་ངན་པ
ཨ་རག       ཕོ་མཚན      ཚར་རྒྱུ་མེད་པའི་འདུ་ཚོགས་བཅས་ཀྱིས
ཁོ་ཚོའི་ལུས་པོ་བཙོན་དོང་ལས་འབུད་པར་ཨ་འཐས་བྱེད་མོད
ཁོ་ཚོའི་མཐོང་ལམ་ན་གསལ་བའི་རྟག་བརྟན་གྱི་སྲང་ལམ་སྐྱ་བོ
ལང་ལོང་འཕྱུར་བའི་སྤྲིན་ནག་དང་གློག་དམར་བཅས་ཀྱིས
ཧྥེ་ཐི་སིན་དང་ཁ་ན་ཏའི་མཁའ་དབྱིངས་གཤགས་ཏེ
འཇགས་རྣམ་ཁྲོད་ལུས་པའི་རྒྱལ་ཁོངས་དེ་གཉིས་ཀྱི་འཇིག་རྟེན་གསལ་ལེར་བཏང
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཁོ་ཚོའི་བསྟན་བཤིག་ཚ་བའི་རྒོལ་གཏམ་གྱིས་མགོ་རྟིང་སློག་ནུས་པ་ནི
མཚོན་དོན་རང་བཞིན་གྱི་ཕིང་ཕང་སྤོ་ལོའི་སྟེགས་བུ་དེ་ཁོ་ན
དབང་རྩ་འཁྲུག་པ་ན་གཞི་ནས་ངལ་གསོ་བར་བྱེད
ལོ་ངོ་འགའི་རྗེས་སུ་ཁོ་ཚོ་ཚང་མ་མགོ་རྗེན་དུ་བཏང་མཐར
ཤུལ་དུ་ལྷག་ཡོད་པ་ནི་ཁྲག་གིས་ནོག་པའི་སྐྲ་རྫུན་གྱི་ཚོམ
མིག་ཆུ་ཐིགས་པ་འགའ     ཆ་མི་ཚང་བའི་ལག་མཛུབ་རེ་ཟུང
ཁོ་ཚོ་ཤར་ཕྱོགས་སྨྱོ་ནད་ཁང་དུ་ལོག་ནས
སྨྱོན་པ་ཚོར་མངོན་སུམ་མཐོང་ཆོས་ཀྱི་འཆི་ཁ་མའི་ཚོར་བ་འཆད
ལོ་ཁུ་ལན་གྱིས་འཐུས་པའི་གྲོང་ཁྱེར་གང་རུང་གི་རྫོབ་དྲི་འཁྱིལ་སའི་བར་ཁྱམས་ན
ལས་དབང་གཅིག་པའི་རྣམ་ཤེས་ལྡོམ་པོ་ཚོ་འཁོན་འཛིང་ལ་བྲེལ
ནམ་ཕྱེད་དུ་ཁོ་ཚོ་བརྩེ་དུང་ཀྱི་དུར་མདུན་ན་བསླངས་པའི་རྐུབ་སྟེགས་སྟེང་བསྡད་དེ
དེང་རབས་རོལ་མོ་དཀྲོལ  འཚོ་གནས་ཀྱི་རྨི་ལམ་ཀུན་ནས་འཁྲུག
ཁེར་རྐྱང་གི་ལུས་པོ་རྡོ་བར་གྱུར  དེ་ནི་ཟླ་བ་ནང་བཞིན་ཤིན་ཏུ་ལྕི
མཇུག་མཐར་མ་ཡུམ་གྱི་པང་བར་ལོག
ཆེས་མཇུག་མཐའི་སྣང་བ་རྒྱ་ཡན་གྱི་དཔེ་དེབ་དེ
ཉལ་ཁང་གི་སྒེའུ་ཁུང་ལས་ཕྱི་རོལ་ལ་དོར
ཆེས་འཕྱི་བའི་ནང་སྒོ་ཞོགས་པའི་དུས་ཚོད་བཞིའི་སྟེང་བརྒྱབས
ཆེས་མཐའ་མའི་ཁ་པར་ཕ་རོལ་བོར་ཡ་ལན་སྤྲོད་ཕྱིར་གྱང་ལ་བརྡབས
ཁང་མིག་ནང་གི་ཁྱིམ་ཆས་དག་སྐྱེལ་འདྲེན་བྱས་རྗེས
ཤུལ་དུ་ལུས་ཡོད་པ་ནི་ཆེས་མཐའ་མཇུག་གི་བསམ་བློ་འཁྱིལ་སའི་ཆ་སྒམ་དང
ཤོག་བུ་ལས་བཟོས་པའི་སེར་མདོག་གི་རྒྱ་སེ་མེ་ཏོག
རྒྱ་སེ་མེ་ཏོག་དེ་ཆ་སྒམ་གྱི་ཡང་སྟེང་ན་མར་དཔྱངས་འདུག་མོད
དངོས་པོ་དེ་གཅིག་པུ་ཡང་རྟོག་སྣང་གིས་བཞེངས་པ་ལས་གུད་དུ་ཅི་ཡང་མེད
ཅི་ཡང་མེད་ཤུལ་ན་ལྷག་ཡོད་པ་ནི་ཕུགས་བསམ་གྱི་འཁྲུལ་སྣང་མག་མོག
ཨ་ཁ་ཁ                                                 ཁྰ་ཨར   
ཁྱོད་རང་བདེ་འཇགས་མིན་ས་ནས་ངས་ཀྱང་བདེ་སྣང་ཚོར་ཐབས་བྲལ
ད་ལྟ་ཁྱོད་རང་དངོས་གནས་དུས་རབས་ཀྱི་ཁྲོ་སླང་ཁྲོད་འཐིམས་ཚར་འདུག
དེའི་ཕྱིར་ཁོ་ཚོ་འཁྱགས་ལ་འབྱར་བའི་ཁྲོམ་སྲང་གང་སར་འདུར་ལ
འཁྲུལ་སྣང་གི་ཁྲོད་ནས་གསེར་འོད་ལམ་ལམ་མཐོང་བར་རེ
འཁྲུལ་སྣང་གི་ཁྲོད་ནས་ཕུགས་བསམ་གྱི་གཤོག་པ་བརྐྱངས
ཁོ་ཚོས་རྨི་ལམ་རྨི་བཞིན་འདུག
དུས་ཚོད་དང་བར་སྟོང་གཉིས་ཀྱི་དབར་ལ་སྣང་བརྙན་གྱི་འོབས་དོང་བསྐྲུན
འོབས་དོང་གི་ནང་དུ་རྣམ་ཤེས་ཀྱི་ལྷ་མོར་གཤོག་པ་སྐྱེས་ཏེ
དཀོན་ཅོག་ཡིན་པའི་འདུ་ཤེས་བཟུང་ནས་འཕུར་ལྡིང་བྱེད
བྱ་ཚིག་དང་མིང་ཚིག
ད་དུང་འདུ་ཤེས་ཁྲོད་བསྐྱུར་མི་རུང་བའི་ཚེག་བཅས་གཅིག་དུ་བསྡོམས་ནས
ཐ་སྙད་དེ་དག་གིས་མིའི་རིགས་ཀྱི་སྙིང་རྗེ་ཡུལ་དུ་གྱུར་བའི
ལྷུག་རྩོམ་གྱི་རྣམ་པར་གཏོར་བཤིག་བཏང་ཐོག
ཚིག་གི་གྲུབ་གྲོལ་དང་སྡེབ་སྦྱོར་གསར་བ་ཞིག་གི་འབྲི་སྟངས་བསྐྱར་དུ་བཟོས
ཁོ་ཚོ་ཁྱོད་ཀྱི་ཁ་གཏད་དུ་འགྲེང་དུས་སྨྲ་བ་ཉུང་མོད
ཅི་ཡིན་མི་ཤེས་པར་ཁྱོད་ཀྱི་ཤེས་པ་འཁུམས་ནས་སིག་འདར་རྒྱག་ངེས
ཁོ་ཚོ་གཅེར་བུར་བུད་རུང
འབྱམས་ཀླས་པའི་ཁོ་ཚོའི་ཀླད་པའི་ནང་གི
གདུ་བཞིན་པའི་བསམ་བློའི་ང་རོ་ནམ་ཡང་དབྱངས་འགྲོས་གཅིག་ལ་བརྒྱུས་ཡོད
སྨྱོ་ཧམ་ཚ་བའི་ཡུལ་གྱར་བ་དང་ལྷ་མོས་མཉམ་དུ་ལག་པས་ཅོག་ཙེ་རྡུང
རྡུང་གིན་པའི་དབྱངས་རྟ་དེའི་མཚོན་དོན་ཅི་ཞིག་ཡིན་པ
མི་སུས་ཀྱང་ཤེས་ཐབས་བྲལ་ནའང
དེ་ནི་དོན་གྱིས་ཁོ་ཚོ་ཤི་རྗེས་ཀྱི
དུས་སྐབས་ཁ་ཤས་ལ་འཆད་འདོད་པ་དག་བྲིས་ནས་གྱེར་འདོན་བྱས་པ་ཙམ
རྗེ་སི་རོལ་མོའི་གདོན་འདྲེ་ལྟ་བུའི་གོན་པ་གྱོན་ཏེ
རོལ་ཆའི་རུ་ཁག་གི་མདངས་བཀྲ་བའི་གྲིབ་ཡོལ་གསེབ་ནས
དམར་ཧྲེང་ཧྲེང་གི་ལུས་པོ་ཡང་བསྐྱར་མངོན
ཨ་རིའི་བརྩེ་དུང་འཐོབ་འདོད་ཀྱི་བསམ་བློ་གཅེར་རྗེན་དེས
གྲོང་ཁྱེར་ཡོད་ཚད་ཀྱི་ཆོ་ངེ་དཀྲོལ་གྱིན
སྒྲ་སྡུད་འཕྲུལ་ཆས་རེ་རེ་ཡོམ་ཡོམ་སྒུལ
ཁོ་ཚོའི་བྲང་ཁོག་ལས་བཀོག་སྟེ་གྲུབ་པའི
མངར་སྐྱུར་ཁ་གསུམ་དང་ལྡན་པའི་འཚོ་བ་ཡི་སྙན་ངག
སྙན་ངག་གི་ཀློང་ན་ལུས་པའི་གློ་སྙིང་མཆིན་གསུམ
མི་ལོ་སྟོང་ཕྲག་གི་ཡུན་ལ་སྤྱད་ཀྱང་འཛད་མེད་དུ་ཟོས་ཆོག་ཆོག་ཡིན་ཨང

གསལ་བཤད།ཅིན་ཟི་པོ(1926_1997)ཨ་རིའི་དེང་རབས་སྙན་ངག་པ་གྲགས་ཅན་ཞིག་ཡིན།ཁོ་ནི་དུས་རབས་ཉི་ཤུ་བའི་ལོ་རབས50ནང་ཨ་རི་ནས་བྱུང་བའི༼རྒུད་པའི་མི་རབས་གཅིག༽སྙན་ངག་གི་ལས་འགུལ་དེའི་སྣེ་ཁྲིད་པ་དང་།ལོ་རབས་60ནང་གི་རིག་གནས་ལ་རྒོལ་བའི་ལས་འགུལ་དང་ལོ་རབས70ནང་བྱུང་ཟིན་གྱི་ཉིང་རྡུལ་རྒྱ་ཁྱབ་དུ་སྤེལ་བར་ངོ་རྒོལ་བྱེད་མཁན་གཏེ་བོ་ཡིན།ལོ་རབས50ནང་གི<<མྱ་ངམ་ཐང་>>ཅེས་བསྔགས་པའི་སྙན་ངག་རིང་མོ་འདིའི་ཀློག་འགྲེལ་སྤེལ་ཐེངས་རྗེས་མར་གཟུར་གནས་ཀློག་མཁན་དག་གི་སྤྱན་ལམ་ལ་བསྟར་རྩིས་ཡོད།འདིར་སྒྱུར་བའི་སྙན་ངག་ནི་ཨ་རིའི་སྙན་ངག་པ་ཅིན་ཟི་པོ༼金斯堡༽ཡི་སྙན་ངག་ཆོ་ངེ༼嚎叫༽ཞེས་པ་དེ་ཡིན།
                  2012-09-29ཉིན།སྒྲེན་པོར་འབོད་པས་ཡུལ་རེབ་གོང་ནས་སྒྱུར་སྒྲིག་བྱས་པ་འདི་ཡང་བོད་ཀྱི་སྙན་ངག་འཕེལ་བའི་རྒྱུ་རུ་གྱུར་ཅིག་གུ


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།