གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀུའུ་ཁྲེན་གྱི་སྙན་ངག་ཚན་པ་བཅུ།

2012-09-19 22:33:00 ཀུའུ་ཁྲེན། ཀློག་གྲངས། མཆན ཡོད།

 
      ༡   གལ་ཏེ།
གལ་ཏེ་ཅོང་བརྡ་གྲགས་ཚེ
ཁྱོད་ཀྱིས་བྱ་སྒྲོས
ང་རང་སར་སྤོས་དང
ངས་མཚན་མོའི་གུང་ལ
ཤིན་ཏུ་ཆེ་བའི་གཤོག་སྒྲོ
ཆ་གཅིག་བཟོས་ནས
ང་རང་ཞེན་པའི་མེས་རྒྱལ་གྱི་མཁའ་དབྱིངས་སུ
མུ་མཐུད་འཕུར་རྒྱུ་ཡིན
       ༢ ཉེ་བ་དང་རིང་བ།
ཁྱོད་ཀྱིས
ལན་རེར་ང་ལ་ལྟ་ཞིང
ལན་རེར་སྤྲིན་ལ་ལྟ
ངའི་སྣང་བར
ཁྱོད་ཀྱིས་ང་ལ་ལྟ་དུས་ཧ་ཅང་རིང་ཞིང
ཁྱོད་ཀྱིས་སྤྲིན་ལ་ལྟ་དུས་ཤིན་ཏུ་ཉེ
          ༣ རེ་བ་ཆུང་ཆུང་།
ང་དང་གྲངས་མེད་པའི
སྒོང་སྐྱེས་མི་ནུས་པའི་རྡོ་རིལ
ལྷན་ཅིག་ཏུ་སྤུངས
མཐིང་མདོག་གི་གྲམ་ཆུ་གོག་ཡོང་ནས
ང་ཚོ་ཁྱུར་མིད་བྱས་རྗེས
སླར་ཡང་དལ་བུར་སྐྱུགས
གཞན་ཅང་མེད་དེ
རེ་བ་ཉག་གཅིག་ནི་རྩྭས་རང་གི་གྲིབ་མ
རྒྱང་དུ་བསྲིང་ཐུབ་རྒྱུ་དེའོ
        ༤ ཡུན་རིང་ཞིག་ལ།
ཡུན་རིང་ཞིག་ལ
ང་ས་གཞིའི་སྟེང་ངུ་ཞིང
མཆི་མ་སྦོམ་ལ་མངར
ཡུན་རིང་ཞིག་ལ
ང་མཁའ་རུ་འཕགས་འདོད་སྐྱེས་ཤིང
རིང་བ་རིང་བུར  ལྗང་མདོག་གི་རྩི་ཤིང་དང་འདྲ་བར
ས་སྲོད་ཀྱི་འོད་ཉག་ལ་འཁྱུད་འདོད
ཡུན་རིང་ཞིག་ལ
རྒུན་འབྲུམ་མང་པོ་ཞིག་ཡོད་ཅིང
ཞོགས་འོད་ཁྲོད་ལས་བསོད་ཀྱིས་ངུ་ལ
གསེར་གྱི་ཉི་མའི་དམོད་མོར་ལན་པ་ལྡོན་མི་ནུས
ཡུན་རིང་ཞིག་ལ
ཤྭ་འོད་ཡོད་ཅིང
ཤྭ་འོད་མང་དག་གིས་བསྐྱུར་བའི་བྱིས་པ་ཡོད
          ༥ པར་ལེན།
ཉི་འོད
མཁའ་རུ་འཁྱུག་ཙམ་བྱས་མུར
སླར་ཡང་སྤྲིན་ནག་གིས་བསྒྲིབས
དྲག་ཆར་གྱིས
ངའི་བླ་སྲོག་གི་ར་ཤེལ་འཁུ
           ༦ མཆོད་པ།
ངས་ཁྱོད་ཀྱི་དམ་ཚིག་དང
བརྩེ་བ
ལྭ་སྒྲོན་དུ་བརྐོས
དེ་ཇི་ལྟར
མཆི་མས་བསྣུབས་ཚུལ་དང
སེམས་མེས་བསྲེགས་ཚར་བ་ལ་གཟིགས
མཐའ་མའི་རེ་བཞག
ཇི་ལྟར་རྨེག་མེད་དང
ཇི་ལྟར་རླུང་གིས་གཏོར་ཚུལ་ལ་གཟིགས
          ༧ ང་ནི་མཁར་གྲོང་ཞིག་ཡིན།
ང་ཡི་སེམས་པ
མཁར་གྲོང་ཞིག་ཡིན
ཆེས་ཆུང་བའི་མཁར་གྲོང་ཞིག་ཡིན
ཟང་ཟིང་གི་ཚོང་ར་མེད
མང་མང་གི་སྡོད་དམངས་མེད
སྟོང་ཞིང་འཇམ
སྟོང་ཞིང་འཇམ
ལྷུང་པའི་འདབ་མ་ཞིག་ལས་མེད་ཅིང
ཚོམ་བུའི་མེ་ཏོག་ཅིག་ལས་མེད་ཅིང
ད་དུང་ཁ་རོག་གེར
ཆུང་དུས་ཀྱི་སྣང་བ་ཟབ་མོ་སྦས་ཡོད
ང་ཡི་རྨི་ལམ
མཁར་གྲོང་ཞིག་ཡིན
ཆེས་ཆུང་བའི་མཁར་གྲོང་ཞིག་ཡིན
བརྗིད་རྔམ་གྱི་ཕོ་བྲང་མེད
ངོ་མཚར་གྱི་བང་སོ་མེད
ལྷིང་ཞིང་འཇགས
ལྷིང་ཞིང་འཇགས
སྲབ་པའི་སྨུག་པ་ཞིག་ལས་མེད་ཅིང
ཆུང་བའི་རླུང་བོ་ཞིག་ལས་མེད་ཅིང
ད་དུང་ཁ་རོག་གེར
བྱིས་དུས་ཀྱི་ལྷད་མེད་ལ་ཆགས་ཡོད
ཨ།  ང་ནི་མཁར་གྲོང་ཞིག་ཡིན
ཆེས་ཆུང་བའི་མཁར་གྲོང་ཞིག་ཡིན
མི་གཅིག་ལས་སྡོོད་མི་ཐུབ་ཅིང
མི་གཅིག་ལས་སྡོད་མི་ཐུབ་ཅིང
ང་ཡི་རྨི་ལམ་གྱི་མི
ང་ཡི་སེམས་གཏིང་གི་མི
ང་ཡི་མཛའ་གྲོགས་ཡ
ཅིའི་ཕྱིར་མི་འོང་ངམ
ཅིའི་ཕྱིར་མི་འོང་ངམ
          ༨ ཡུལ་ལ་ལོག་པ།
ངས་ཁྱོད་ཀྱི་ལག་པས
ཉི་འོད་འོག་མིག་ཟུང་སྒྲིབ་པ་མཐོང་བྱུང
ངས་ཁྱོད་ཀྱི་སྐྲ་ལོ
ཞྭ་མོ་ཆུང་ཆུང་ཞིག་གིས་གཡོགས་པ་མཐོང་བྱུང
ངས་ཁྱོད་ཀྱི་ལག་པས་འཕངས་པའི་གྲིབ་མ
དགོད་ཅིང
ཁྱོད་ཀྱི་འཁོར་ཆུང་གཞོགས་ཤིག་ལ་བཞག་པ་མཐོང་བྱུང
som
ཁྱོད་ཀྱིས་ང་ཤེས་མི་སྲིད
ང་ཁྱོད་དང་བྲལ་ནས་ཡུན་རིང་འདས
ང་ཁྱོད་དང་བྲལ་དོན
ཁྱོད་ལ་ལྟ་མ་བཟོད་པའི་ཕྱིར
ངའི་བརྩེ་བ
ཤེལ་སྒོ་དང་འདྲ
སྐྲག་པའི་རྐྱེན་གྱིས
ཐེམ་སྐས་ལས་ཁྱོད་ཀྱིས་ལག་པ་ང་ལ་བསྲིངས་ཤིང
ན་རེ    ཕང 
ཁྱོད་ཀྱིས་ང་ཡུལ་ཁྲིད་ཅིག
ཁྱོད་གཉིད་པའི་སྐབས་སུ
ངས་ཁྱོད་ཀྱི་མིག་ཆུ་དང
ཁྱོད་ཀྱིས་བཟུང་བའི་དཀར་མདོག་གི་མེ་ཏོག་མཐོང་བྱུང
ངས་ཁྱོད་ལ་གཅར་རྡུང་བྱས་མྱོང
ཁྱོད་ཀྱིས་དེ་ནི་པྲ་ཚགས་ཀྱི་ཕ་ཡིན་ཟེར
ཁྱོད་ན་རེ། ཕང་ང་ལ་དགའ
ཁྱོད་ཀྱིས་ཅི་ཡང་ཤེས་འདུག
som
ཁྱོད་ཀྱིས་ངས་ད་ལྟ་ཁྱོད་ཇི་འདྲ་བསམ་པ་ཤེས་བྱུང
འུ་གཉིས་རྒྱ་མཚོས་ཆོད་ཅིང
མཚོ་ཆུས་ཁྱོད་ཀྱི་གླིང་ཕྲན་པང་ལ
གླིང་ཕྲན་ན་རྨོ་མོ་སྡོང་བོ་དང
ཁྱོད་ཀྱི་རྩེད་ཆས་ཡོད
ངས་ཁྱོད་ཇི་འདྲའི་པང་འདོད་ཨང
མཚན་མོ་འོང་ལ་ཉེ་བའི་སྐབས་སུ
som
ངས་ཁྱོད་ལ་ཚིག་གཅིག་བཤད་དགོས
som    ང་ཁྱོད་ལ་དགའ
ཚིག་འདི་ཁྱོད་ཁོ་ནར་བཤད་པ་ཡིན
གཞན་སུས་ཀྱང་གོ་མི་སྲིད
ཁྱོད་ལ་དགའ   som
ང་ཡུལ་ལ་ལོག་དགོས
ཁྱོད་ཀྱིས་ང་ཡུལ་ལ་ཁྲིད་ཅིག
ཁྱོད་ནི་དེ་འདྲ་ཆུང་ཡང
ང་ཡུལ་ལ་ལོག་ནས
ཁྱོད་ལ་ལྟ་ཞིང
ཁྱོད་ཅུང་ཙམ་ཅུང་ཙམ་འདེགས་ངེས་པ
སྔར་ནས་ཤེས་འདུག
som   ཁྱོད་ཉི་འོད་འོག་ན་ཡོད
ང་ཡང་ཉི་འོད་འོག་ན་ཡོད                  
                        འགྲེལ།  somནི་རྩོམ་པ་པོའི་བུའི་མིང་།
                      ཕང་ནི་རྩོམ་པ་པོའི་ཆུང་མའི་མིང་།

          ༩  སྲང་ལམ་ཆུང་ངུ་།
སྲང་ལམ་ཆུང་ངུ
ཀྱག་ཀྱོག་ཡིན་ལ་རིང་ཡང་རིང
སྒོ་མོ་མེད
སྒེའུ་ཁུང་མེད
ཁྱོད་ཀྱིས་ལྡེ་མིག་རྙིང་བ་ཞིག་བཟུང་ནས
མཐུག་ཅིང་མཐུག་པའི་གྱང་ལ་རྡེག
          ༡༠  རྟོགས་སད།
ཐང་ཆུ་བཞིན
དལ་བུར་བསིལ་བའི་མཆི་མས
སེམས་ཀྱི་སིལ་བུ་ལྷན་དུ་སྦྱར
ངེད་གཉིས་མཛའ་བས་གཅུགས་བྱེད
ཐུན་མོང་གི་སྐྱོ་སྡུག་ལས
སྨྱོ་དགའ་མིན
           ༼གཅན་ལུང་ངམ་ཚེ་རིང་རྡོ་རྗེས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།