གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུག་ཞགས་ཀྱི་སྙན་ངག་ཐུང་གྲས་ཁག་བཅུ།

2012-08-30 17:56:00 དུག་ཞགས། ཀློག་གྲངས། མཆན ཡོད།


         མི་ནི་ཁེར་རྐྱང་ངོ་།
འདབ་མ་རླུང་བུ་ལ་འཁྱུད་པ་འདྲ་ཡང
མེ་ལོང་དང་དེའི་གསང་བ་ལ
སུ་ཞིག་གིས་དལ་མོ་བྱས་ནས་རེག་པ་ནི
སྒྱུ་འཕྲུལ་ལྟ་བུའི    ཡང་ན་རྨི་ལམ་འདྲ་འདྲའི

གཙང་བོ་དེ་དར་མེད་རབ་མེད
མིའི་སེམས་ཀྱི་འཇའ་ཚོན་ཡང
སྐབས་སྐབས་སུ་རང་ཉིད་ཁོ་ནའི་སྟེང་དུ་འཆར་སྲིད
དེའི་ཕྱིར་ཁེར་རྐྱང་ལ་རྫོགས་མཐའ་མེད

མིག་ལམ་དུ་བཟོད་པར་དཀའ་བའི་འོད་སྣང་རེ་ལྡོག་འཕྲོ་བྱེད་སྐབས
དེ་རིང་གི་ཁ་ཟས་ཡོད་ཚད་ཆུ་ཡི་ཐིགས་པ་གཅིག་ཡིན་ཚེ
འཇིག་རྟེན་ནི་ད་དུང་ལོ་ངོ་ག་ཚོད་ལ་ཏག་ཏག་འོད་དུ་འཚེར
འོན་ཀྱང་ཡོད་ཚད་ཧམ་སེམས་ལ་འཐིམས
ཧམ་སེམས་ཀྱིས་བསླུས་པའི་ཁེར་རྐྱང་ལ་འཐིམས
           ༢༠༡༢  ༦  ༢༣ཉིན།


      མདུན་དུ་བསྐྱོད་དགོས།
གསེར་གྱིས་ཁྱོད་རང་མི་ཁར་འཕེན་ཤས་ཆེ
དེ་ནི་དཀར་པོ་དང་ནག་པོ་ཙམ་མ་ཡིན་པར
དུས་གཏན་དུ་སད་པ་མེད་པའི་འཇིག་རྟེན་ཞིག་ཏུ

གོར་གོར་ཐམས་ཅད་ལྷ་སྒྲུང་ནང་འཐིམས་ཀྱང
དོ་ནུབ་ཟློད་འོད་འོག་ནས་རྙེད་པའི་ཚོར་བ་ནི
སུ་ཞིག་གི་ཟིན་ཏུ་མེད་པའི་བདག་གི་རང་བྱུང་ཁམས་ཆེན་པོ

རྒྱ་མཚོའི་ཕ་རོལ་ན་ཡོད་པའི་སྣང་བ་བན་བུན
ཚོན་རྩིས་བྱུག་ཡོད་པའི་ངོ་གདོང་སྨུག་པོ
ད་ལྟ་ཞིང་ཁམས་གང་དུ་མེ་ལྕེ་ཞིག་ཏུ་འཁྲུལ

གླིང་བུ་འབུད་པའི་ཁོ་བོ་རྨི་ལན་ནང་ཡོད་ལ
རྨི་ལམ་གྱི་སྒྱུ་མའི་ཁམས་ན་ད་དུང་ཁྱོད་ཀྱི་གཤོག་པར་སྤུར
འོན་ཀྱང་ལང་ཚོ་ནི་སྨུན་མ་བྲིས་མ་ཞིག་དང་འདྲ་བར
ཆོས་རྒྱལ་ཟེར་བའི་མི་ཕོ་དེའི་ལག་ན་སྐད་ཅིག་ཉིད
         ༢༠༡༢     ༦     ༢༥


             ཐང་ཆད་པ།
སྐྲ་ལོའི་རྩེ་མོ་ནས་ལྷུང་བའི་རྔུལ་ཆུ
ཡང་ན་སེམས་ཀྱི་ངལ་དུབ་ལས་རྙེད་པའི་ཚོར་སྣང་རབ་རིབ
རི་ཡི་ཡང་རྩེ་དང་ཉི་འོད་ཀྱི་བར་ཐག
གཞོན་ནུ་མ་ཞིག་གནས་ལ་སོང་བའི་ཕྱིར་ཉིན
སྒོ་དང་སྒེའུ་ཁུང་ནས་འབུས་པའི་རོལ་མོ
དེ་དག་གི་ཕྱི་ནང་ནི་དབུ་བ་སོབ་སོབ་རེར་གྱུར་རྗེས
འཇིག་རྟེན་ཟེར་བའི་གྲུ་གཟིངས་ལེབ་མོ་དེ་ཡང
གློ་བུར་ཏུ་མཚན་མོ་དང
གློ་བུར་ཏུ་ཉིན་མོའོ
འོན་ཀྱང་རང་ཉིད་ཀྱི་གྲིབ་གཟུགས་ནི
སུ་ཞིག་གིས་གསོད་པར་ཐེ་ཚོམ་མེད་ཀྱང
མི་རྣམས་ཀྱིས་རང་རང་གི་མེ་ལོང་བཅག་ནས
ཁབ་དང་སྐུད་པའི་བཟོས་པའི་གྱོན་ཆས་དག་ཉི་མར་སྐམ་ལ
གཅེར་བུར་ཡིན་པའི་སྨད་ཚོང་མ་དག་ཀྱང་གཉིད་དུ་ཡུར
ད་དུང་རྒྱ་མཚོའི་ནང་གི་རུས་སྦལ་དེ་ཡང་གཉིད་དུ་ཡུར
ཡོད་ཚད་ནས་ཡོད་ཚད་གཉིད་དུ་ཡུར
      ༢༠༡༢    ༦   ༢༦ཉིན།


           སྟོང་བསམ།
གཙང་བོ་ད་དུང་གཙང་བོ་གཞན་གང་དང་འདྲེས་དགོས་སམ
མི་ལ་ཡོད་པའི་ལེ་ལོ་དང་གཡོ་སྒྱུ་འདོད་འདོད་དུ་བླངས་ཆོག་གམ

རྒྱ་མཚོ་དེ་ནི་བདག་གི་ས་གཞི་དང་མཉམ་དུ་འགུལ་བ་ན
ཉི་འོད་ཀྱིས་ཁྱོད་ཀྱི་སེམས་པ་དམར་པོ་བསྲོ་ལ
རེ་སྙེག་བྱེད་ཀྱིན་པའི་འཚོ་བ་ཞིག་ཀྱང་སྩོལ

དབྱར་དགུན་སྟོན་དཔྱིད
མེས་པོ་དག་གི་ཕོ་བྲང་ཅིག་ཡིན་སྲིད་ལ
རྔུལ་ཆུ་ལ་མིག་ཆུ་འདྲེས་པའི་སྐྱོ་གཞས་ཤིག་ག་ལ་མིན

འགོ་མཇུག་གང་ཡང་མེད་པར
ཡང་ན་བར་སྣང་ན་འཕུར་གྱིན་པའི་དར་ལྕོག་ཟད་པོ

ཆར་བའམ་ཁ་བ་རེ་གནམ་ནས་ས་རུ་ལྷུང
རླུང་བུ་ཟེར་བའི་རྟ་ཕོ་ཞིག་གིས་དེ་དག་གང་དུ་ཁུར་འགྲོ
         ༢༠༡༢     ༦     ༢༧ཉིན།


          མིང་མེད།
ས་གཞི་ནི་ནད་པའི་ངོ་གདོང་གི་སྐྱོ་བ་ལ་ཐིམ
རྡུལ་ཕྲན་དང་རྣམ་ཤེས་ཁྲི་ཕྲག་གི་ཚང་ཁ་ལ་བལྟས་ན
ཆུ་བོ་དེ་ནི་སླར་ཡང་རྒྱ་མཚོའི་ནང་བཞུར་ནས
རྒྱ་མཚོས་དེ་ནི་རྩ་བ་ཉིད་ནས་མེད་པར་བཏང
དེའི་ཕྱིར་མཁའ་དབྱིངས་ཀྱི་སྤྲིན་དཀར་ལ་ལག་ཟུང་སྲིང་པ་དང་མཉམ་དུ
མི་ཡི་མིག་ཆུ་ལ་ཁ་དོག་དཀར་སེར་དམར་ལྗང

དེ་རིང་མེ་ཡི་ཚིག་རོ་དག་ཕྱེ་མ་ལེབ་ཀྱི་གཤོག་ཁུང་ལ་ལྷུང
མཚན་མོའི་གསང་བ་རེ་རེ་མེ་ལོང་གི་ལྟག་རྒྱབ་ནས་ཤར
འོན་ཀྱང་རླུང་བུ་ནི་དེ་ཡི་གཤོག་ཁུག་དང་ཁྱོད་ཀྱི་སྣ་སྒོ་ན་ཡོད་ལ
བདག་གི་འཇིག་རྟེན་ལ་གནང་བའི་མེ་ཏོག་སེར་ཆེན་དེ་ཡང
ལྷག་ཏུ་བ་སྤུ་མང་པའི་མིའི་ངོ་གདོང་ཅིག་གིས་དམྱལ་བའི་འཕྲང་ལ་བསྐྱལ
དེ་དུས་ང་ལ་བྱ་ཐབས་ཅི་ཞིག་ཡོད
སྐྱེས་པ་དང་བུ་མོ      ཁྱོད་ཚོས་ཏག་ཏག་སུ་ཞིག་ངོ་ཤེས་སམ
       ༢༠༡༢   ༦   ༢༨ཉིན།


           ནམ་གུང་།
ཟླ་བ་ཐང་ཆད་ཡོད་དམ
ཟླ་བའི་གམ་གྱི་སྐར་མདའ་དེ་ནི་གང་དུ་ཡལ་སོང
ང་རང་ཟླ་བའི་འོད་སྣང་ལ་ཧད་ནས
ཡང་ན་དེའི་བསིལ་རླུང་ལ་རེག་གིན
སེམས་ཀྱི་ཁོ་མོ་གཅིག་པུ་དྲན་ཞོར
འཇིག་རྟེན་གྱི་དཀར་པོ་དང་ནག་པོ
འཛམ་གླིང་གི་གླིང་ཕྲན་དག་ན་ཡོད་པའི་ཆ་དང་ཆ
ངས་ཀྱང་ཁྱོད་ཀྱི་མཛུབ་དཀྲིས་དེ་རྨི་ལམ་ནང་བརྡུང་དགོས་པ་བརྗེད་མེད
འོན་ཀྱང་ཁེར་རྐྱང་གི་ལོ་ཟླ་ནི་དམར་པོ་མེ་དང་འདྲ
ཡང་ན་ཡང་མོ་རླུང་ལ་ཐིམ
ས་གཞི་དང་ནམ་མཁའ
ཡོད་ཚད་སྟོང་བའི་ཁམས་ཤིག་གོ


          ལྟད་མོ་བ།
གཙང་བོ་དེ་ནི་བཞུད་ལམ་རིང་བ་ལ
ཟླ་བ་དེ་ནི་བསིལ་གྲིབ་ཆེ་བ་ལ
ཁྱོད་ཀྱི་ལག་ན་ཡོད་པའི་ཁ་ཕྱོགས་མཐའ་དག
ངས་ཀྱང་རང་ཉིད་ཀྱི་མེད་མུག་ལ་སྦྱར་ནས
རྒྱལ་ཁ་ལེན་འདོད་ཡོད་ལ
གཙང་བོ་དང་ཟླ་བའི་གཏམ་རྒྱུད་མཐའ་དག
རྨི་ལམ་ཁམས་སུ་འཇིག་རྟེན་གྱི་ཡང་རྩེར་སོན་པ་ན
མི་རྣམས    མི་རྣམས   མི་རྣམས་ཅི་བྱ

ཕྱི་དྲོའི་གྲིབ་མས་ཁེབས་པའི་བདག་གི་ལུས་ཟུངས
ཡང་ན་ངལ་དུབ་ཀྱིས་བཟུང་པའི་ང་ཡི་རྣམ་རིག
རྒྱུན་འཇགས་སུ་འགྲོ་ཐབས་མེད་པའི་འབྱུང་བ་ལྔའི་འཐབ་འཁྲུག
ཏག་ཏག་ཁྱོད་ཀྱིས་ང་ལ་བལྟས་ནས་ཡོད
ང་ཡིས་ཁྱོད་ལ་བལྟས་ནས་ཡོད
དེའི་ཕྱིར་ཆུ་ཡི་ཐིགས་པ་གཅིག་སུ་ཞིག་གི་སྙིང་དམར་པོ་དང་འདྲའམ



         མེ་ལོང་གིས་ང་རང་གང་དུ་ཁྲིད།
ཉི་མ་དང་མཉམ་དུ་ལེན་དགོས་པའི་གླུ་དབྱངས
དེ་རིང་གི་རླུང་བུ་ནི་འཇམ་ལ
དེ་རིང་གི་སྨུག་པ་ཡང་མཚམས་སྤྲིན་ལ་འདྲེས་ནས
གཟེབ་ནང་དུ་ཡོད་པའི་ཕོ་མོ་ཡོད་ཚད་འཇའ་ཚོན་ལ་འཐིམས

བར་སྣང་ཁམས་ཀྱི་བྱ་དང་བྱེའུ
ངའི་སྐྲ་ལོ་ཡང་རྒས་གཉེར་ཤིག་ཤིག་གི་དར་ལྕོག་ལ་རེག་དུས
རི་སྒང་གི་རླུང་རྟ་སྤར་མོ་གང་ནི་འཕུར་གྱིན་ཡོད་དམ
ཡིན་རྒྱུ་ནི་སྨིག་རྒྱུའི་ཀློང་གི་ལྟད་མོ་སྣ་ཚོགས་དང
སེམས་ཁམས་རིག་པ་བ་ཞིག་གིས་མ་རྙེད་པའི་ནད་རྙིང་དེ
ག་ལེར་ག་ལེར་མཁའ་དབྱིངས་ཀྱི་ཟིལ་བ་ལ་འདྲེས་འགྲོ

ང་རང་འཆི་བ་ཟེར་བའི་ཐ་སྙད་ལ་ཁ་ཐག་ཉེ
ཀུ་ཅོ་ནི་གཉིད་ལབ་ཐེངས་ཤིག་དང་འདྲ་བར
སྐྱ་རེངས་ཀྱིས་སླར་ཡང་ང་རང་མེ་ལོང་གི་གམ་ལ་བསྐྱལ
          ༢༠༡༢   ༨   ༦


        དེ་རིང་གང་ལ་ཡང་སྙིང་བོ་མི་འདུག
མི་རྣམས་གཉིད་ཡོད་པ་བདེན་ནམ
ང་ཡི་ནམ་མཁའ་ནི་ཁེར་རྐྱང་ཁོ་ན་སྟེ
མཚན་མོ་སྐར་མ་ཟེར་བའི་བྱིས་པ་དག་གི་གནའ་གཏམ་མེད་ལ
ཟླ་བ་ཡང་སྤྲིན་པའི་འཐབ་འཁྲུག་གི་ཁྲོད་དུ
ངུ་མ་དགོད་ཀྱི་ངའི་ངོ་གདོང་ལ་གཅེར

དེ་རིང་གི་དུས་ཚོད་འདི་ལ་ང་རང་ཐང་ཆད་ཡོད
ངའི་གམ་གྱི་ཤོག་བུ་དང་སྨྱུ་གུ་ཡང་ཐང་ཆད་ཡོད་པ་འདྲ
རྒྱུ་མཚན་ནི་ཡིག་འབྲུ་གང་སྤྱད་ནས་བྲིས་ཀྱང
སྙན་ངག་ཅིག་གྲུབ་ཐབས་མ་བྱུང་ལ
ཚེར་མའི་མེ་ཏོག་ཅིག་གིས་སུ་ཞིག་གི་སྙིང་ཁར་བཙེགས་པ་དང་འདྲ་བྱུང

ཆར་བ་ཟིམ་ཟིམ་བབས་པ་ལ
རྟ་ཕོ་ནི་རྩྭ་རའི་ནང་དུ་ལྕགས་སྒྲོག་གིས་དམ་པོར་བཅངས
ཏག་ཏག་གང་ལ་ཡང་སྙིང་བོ་མི་འདུག


          མཚན་མོ་འདི།
དོ་ནུབ་མིའི་རིགས་ཟེར་བའི་གཅན་གཟན་དེ་ཚོ
ཡང་ན་གོ་ལ་སྒུལ་བྱེད་ཀྱི་ལག་ཆ་རྣོན་པོ
ང་ལ་དགྲ་བོ་དང་གཉེན་ཉེ་མི་དགོས
ཡིན་རྒྱུ་ནི་མཚོན་མདོག་གིས་བྲིས་པའི་ཟླ་བ་དང་སྐར་མའི་ཚོགས
ང་ལ་ཆེས་ལྷིང་འཇགས་ཀྱི་འཇིག་རྟེན་དེའོ

ཟླ་བས་སྐར་མ་ལ་བཙན་གཡེམ་བྱས་པའི་ལོ་ཟླ
སྤྲིན་པས་ཟླ་བར་གཉའ་གནོན་བྱས་པའི་མཚན་མོ
སྐར་མ་དང་སྐར་མ་གདོང་གཏུགས་བྱས་པའི་འཇིག་ཉེན
སུ་ཞིག་གི་ལག་པ་སུ་ཞིག་གི་སྙིང་ཁར་རེག་ནས
ང་རང་རྨི་ལམ་ཁམས་ནས་སད་པར་རྫོགས་ཚིག་བྲིས

གློག་འོད་ཀྱིས་ཁྱོད་ཀྱི་ཁེར་རྐྱང་ལ་གྲིབ་མ་ཞིག་བཙལ་ཡང
ནམ་ལངས་པ་ན་སྨུག་པས་ད་དུང་མིག་ཟུང་ཁམས་སུ
རབ་རིབ་ནས་རབ་རིབ་ཡིན་པའི་འཇིག་རྟེན་ཞིག་ལ
ས་ཆུ་མེ་རླུང་གིས་མེད་མུག་བཏོན་པ་ཐོས་སམ


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།