གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་གི་ལོ་ཚོད་དང་མཉམ་པའི་ནངས་བཏུས་དགོང་བཏུས་ཀྱི་མེ་ཏོག་རྐང་ཉེར་བཞི།

2012-05-30 13:35:00 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

 
                                             —དངོས་སྦྱོང་གི་སློབ་ཕྲུག་ཚོ་དང་འབྲེལ་ཏེ་བྲིས་པ།
                                         
          ཁྱོད་ལ་ཞུ་བའི་རེ་བ།
ངས་ཁྱོད་ལ་རེ་བ་ཞིག་ཞུ
རྗེས་ཕྱོགས་སློབ་གསེང་གི་སྐབས་སུ་ང་ཡི་མདུན་ནས
རྒྱ་ཡིག་དང་རྒྱ་སྐད་ཀྱི་ལམ་ནས་དགེ་རྒན་ཞེས་མ་འབོད་ལགས
རྒྱུ་མཚན་ནི  ང་དེ་ལ་སྤྲོ་བ་དང་རྒྱུ་མངའ་ཆེན་པོ་ཞིག་མེད་པས
ཁྱོད་ཀྱི་ཡིད་སེམས་གསོད་ན་ཐང
ཁྱོད་ལ་ཁ་ཡ་མི་བྱེད་ན་ཐང

        ཁྱོད་ལ་ཕུལ་བའི་ལེགས་སྐྱེས།
ང་ལ་ལེགས་སྐྱེས་རྩ་ཆེན་ཞིག་སྟེར་རྒྱུ་མེད
མི་རློམ་ན་ཁྱོད་ཀྱིས་ངའི་མགོ་ནས་མཇུག་ཏུ་ཐེངས་གཅིག་གཟིགས་དང
མེད་པོ་ཡིན་པ་གསང་ས་མེད་པ་འདི་རེད
གཞན་ཡང་དངོས་ནས་ཁྱོད་ལ་དགོས་ཟེར་ན
ངའི་རང་གི་ཀ་ཁའི་མགུལ་རྒྱན་དེ་ཁྱོད་ལ་བསྐོན་ཆོག་ལ
སྙིང་ནས་འཁྲུངས་པའི་སྙན་ངག་ཅིག་ཀྱང་ཁྱོད་ལ་འབུལ་ཆོག

          ཁྱོད་དང་ང་ཡི་སེམས་ཁུར།
ཁྱོད་ལ་སེམས་ཁུར་ཆེ་མིན་ངས་མི་ཤེས
ཡིན་ཡང  ང་ལ་སེམས་ཁུར་ཆེན་པོ་ཞིག་འདུག
ནམ་ཞིག་རང་ཉིད་ལྐུགས་ཨེ་སྙམ་པའི་སེམས་ཁུར་ཞིག
མཚམས་མཚམས་རེར  སྐད་ཆ་ལས་ཐ་སྙད་གཡར་མ་འདི་དག་ལོགས་སུ་བཀར་ནས
ཁྱོད་ལ་སློབ་ཁྲིད་རེ་བྱས་བསམ་ན
དངོས་ནས་རང་ཉིད་ལྐུགས་ཨེ་ཡོད་སྙམ་པའི་དོགས་པ་ཞིག་འཁྲུངས་འོངས

          ཁྱོད་ལ་གདམས་པ།
ཁྱོད་རང་ངུ་གིན་མ་འདུག
སློབ་གྲྭ་ན་ཀ་ཁ་མ་གཏོགས
ཁྱོད་ལ་ངུ་སྟངས་ཁྲིད་ཀྱིན་མེད་ཁ་ཡིན
ཁྱོད་རང་གཉིད་ཀྱི་མ་འདུག
སློབ་གྲྭ་ན་མི་ཅི་ལྟར་བྱས་ཚུལ་ལས
ཁྱོད་ལ་གཉིད་སྟངས་ཁྲིད་ཀྱིན་མེད་ཁ་ཡིན

           གལ་ཏེ་ཁྱོད་ཀྱི་མིག་ཆུ་དེ།
གལ་ཏེ་ཁྱོད་ཀྱི་མིག་ཆུ་དེ
མུ་ཏིག་གི་ཕྲེང་ཐག་སྙིང་རྗེ་ཞིག་ཡིན་ཚེ
ཁྱོད་ཀྱིས་སྔ་མོ་ནས་ཕྲེང་ཐག་དེ་གཏོར་ཚར་སོང
ཕྲེང་རྡོག་དག་ཀྱང་རྙེད་ས་ཞིག་ན་མི་འདུག་ཁོ་ཐག་རེད
གལ་ཏེ་ཁྱོད་ཀྱི་ངོ་གདོང་དེ
བྱུར་ཆུང་དམར་བོ་རྡོག་ཅིག་ཡིན་ཚེ
ཁྱོད་ཀྱིས་སྔ་མོ་ནས་བྱུ་རུ་དེ་དམར་མདངས་ཡལ་དུ་བཅུག་སོང
དམར་མདངས་དེ་ཡང་རྙེད་ས་ཞིག་ན་མི་འདུག་ཁོ་ཐག་རེད

      ཁྱོད་ཚོ་ལ་ཡང་གསལ་དང་བསྐྱར་གསལ་ཞིག་བྱས་ན།
ཁྱོད་ཚོ་ལ་གསལ་བཤད་བྱ་རྒྱུ་མ་གཞི་ནས་ཁག་པོ་ཞིག་རེད
དེའི་ཐོག་ཁྱོད་ཚོ་འདི་ལྟར་ཟུར་དུ་བཀར་སྟེ
དེ་རིང་ཡང་ཡང་གསལ་དང་བསྐྱར་གསལ་ཞིག་བྱས་ན
ཁྱོད་ཀྱིས་འོ་མ་ཞེས་ངའི་གདོང་ལ་མ་གཟིགས
ཁྱོད་ཀྱིས་སྒོང་ང་ཞེས་ངའི་གཞུག་ལ་མ་བལྟ
འོ་མ་དང་སྒོང་ང་ང་ཡི་མིན་ལགས
འོ་མ་དང་སྒོང་ང་ང་ལའང་མི་དབང་ལགས
ངས་ཁྱོད་ཀྱི་རྣ་རྩར་ཀུ་རེ་འདྲེས་མའི་གཏམ་ཞིག་བཤད་ན
ཁྱོད་ཀྱིས་འོ་མ་དང་སྒོང་ངའི་དོན་དུ་ཤུ་རེ་བྱོས་དང
དེ་དང་དེའི་དོན་དུ་ནར་སོན་རོགས

          དྲུག་གཅིག་ཁྱོད་ཚོའི་ལོས་ཡིན།
སེམས་བདེ་མོ་བྱོས
དྲུག་གཅིག་ཁྱོད་ཚོའི་ལོས་ཡིན
དེ་རིང་དགེ་རྒན་གྱིས་འདི་ལྟར་སྐྲག་ཅིག་སྐུལ་བ་ནི
ཁྱོད་ཚོ་དང་བྲལ་ཐབས་ག་ནས་ཡོད
དྲུག་གཅིག་ཁྱོད་ཚོ་ལ་དབང་བའི་དགོད་སྒྲ་དེ་ལོས་ཡིན
ཁྱོད་ཚོ་དགེ་རྒན་གྱི་སེམས་ན་འཛུམ་པའི་དྲུག་གཅིག་དེ་ལོས་ཡིན

         ཤུ་རེ་བྱོས་ཟེར་དོན་ཁྱོད་ཀྱིས་ཨེ་ཤེས།
ནམ་རྒྱུན
ངས་ཁྱོད་ལ་ཤུ་རེ་བྱོས་ཟེར་དོན་ཁྱོད་ཀྱིས་ཨེ་ཤེས
དེ་ནི་ང་ཡང་ཁྱོད་ཚོ་འདྲ་བར་ནར་སོན་འོངས་པས་རེད
འདི་ལྟར་དེ་རིང་ནས་མགོ་མ་བརྩམ་ན
སང་ཉིན་དང་སང་ཉིན་ན་འགྱོད་པ་ཞིག་དང་ལྟད་མོ་ཞིག་ཡོད་པས་རེད

         ཁྱོད་ཀྱི་ལས་བྱ་དེ་ཁྲལ་ཡིན་ནམ།
ཁྱོད་ཀྱིས་འདི་ལྟར་དྲན་ཨེ་མྱོང
ལས་བྱ་དེ་ཁྲལ་ཡིན་ནམ
གལ་ཏེ་ལས་བྱ་དེ་ཁྲལ་ཡིན་ན
ཁྲལ་དེའི་ཁྲལ་བདག་སུ་ཡིན་ནམ

         ཁྱོད་ཀྱིས་དགེ་རྒན་ལུག་རྫི་རུ་འཁྲུལ་འདུག
ཀུ་རེ་འདྲེས་མའི་ཁྱོད་ལ་དྲང་གཏམ་ཞིག་བཤད་ན
ཁྱོད་ཀྱིས་དགེ་རྒན་ལུག་རྫི་རུ་འཁྲུལ་འདུག
རྒྱུ་མཚན་ནི
ཀློག་ཁུལ་ཀློག་ཁུལ་རེ་བྱས་ཏེ
འབྲི་ཁུལ་འབྲི་ཁུལ་རེ་བྱས་ནས
མིག་ཟུར་གྱིས་ལྟ་བ་དེའི་རྒྱུ་མཚན་གྱིས་རེད
ཡིན་ཡང  ཁྱོད་ཀྱིས་རང་ཉིད་ལུ་གུ་ཞིག་ཏུ་འཁྲུལ་ཨེ་ཡོད་དམ

          ཁྱོད་ཀྱི་འོ་དེ་ངའི་འགྲམ་པར་དཔར་འདུག
ཁྱོད་ཀྱི་འོ་དེ་ངའི་འགྲམ་པར་དཔར་འདུག
ངའི་སེམས་སུའང་དཔར་འདུག
ངས་ཁྱོད་ཀྱི་འཛུམ་མདངས་དེ་རིག་སོང
ངས་ཁྱོད་ཀྱི་སེམས་པ་དེ་མཐོང་སོང
ཁྱོད་ཀྱི་འོ་དེས་ངས་འགྲམ་པ་བརྟོལ་ནས་སེམས་ཀྱི་དྲོད་ཐིགས་སུ་གྱུར་འདུག

         ངའི་ཁ་པར་ན་ཁྱོད་ཀྱི་འདྲ་པར་ཡོད་དགོས་དོན།
ངའི་ཁ་པར་ན་ཁྱོད་ཀྱི་འདྲ་པར་ཡོད་དགོས་དོན
ཁྱོད་ཀྱིས་མི་ཤེས་ན་ཐང
ངས་ཁྱོད་ལ་བཤད་ཆོག
དེ་ནི་ང་ཁྱོད་ལ་དགའ་བས་ཡིན་ལ
ངས་ཁྱོད་ཚོ་རང་གི་གཅེས་ཕྲུག་ཏུ་རློམ་ཡོད་པས་ཀྱང་ཡིན
གཞན་ཡང་ཁྱོད་ཚོ་ང་ལ་དགའ་བས་ཀྱང་ཡིན་ནོ

         ཁྱོད་ཀྱི་རྒྱུགས་ཤོག
རྒྱུགས་ཤོག་དེ་སྒོར་མོ་རེད་ཟེར
དེའི་ཐོག་ཁྱོད་ཀྱི་ཕ་མས་བྱིན་པའི་སྒོར་མོ་དེ་རེད་ཟེར
ཁྱོད་ཀྱིས་རྒྱུགས་ཤོག་དེ་དགེ་རྒན་ལ་རྩིས་སྤྲོད་བྱེད་ཅིག་དང
རང་གི་རྒྱལ་ཁ་མངོན་སྤྱད་དང་ཕམ་ཁ་སྟོན་བྱེད་ཅིག་ཏུ་བསམ་ཨེ་ཡོད

        ཁྱོད་ཀྱི་རྒྱུགས་འབྲས།
ཁྱོད་ཀྱིས་རང་གི་རྒྱུགས་འབྲས་དེ
རང་གི་ལོ་ཚོད་དང་འདྲ་བ་ཞིག་ལེན་མི་རུང
རྒྱུགས་འབྲས་ཡོད་ཚད་མིན་རུང
རྒྱུགས་འབྲས་ཡོད་ཚད་དུ་གྱུར་འདུག
ཁྱོད་ཀྱིས་རང་གི་རྒྱུགས་འབྲས་དེ
རང་གི་ཨ་ཡེས་དང་ཨ་མྱེས་ཀྱི་ལོ་གྲངས་དང་མཉམ་པ་ཞིག་ལེན་དགོས
ཨ་ཡེས་དང་ཨ་མྱེས་ཀྱི་ལོ་ཚོད་དང་མཉམ་པ་ཞིག་ལོན་ཞིང
དེ་དང་འདྲ་བར་གོང་དུ་འཕེལ་ན
ཕ་མ་དགའ་ཞིང་དགེ་རྒན་ཡང་ཁྱོད་ལ་འདང
ད་དུང་ཁྱོད་ལ་མཐེབ་བོང་མང་བོ་ཞིག་ཀྱང་ཐོབ་འོངས

          ཁྱོད་ཀྱིས་སྨྱུང་གནས་སྲུང་མི་དགོས།
ཁྱོད་ཀྱིས་སྨྱུང་གནས་སྲུང་མི་དགོས
དེ་རིང་ནི་ཚེས་བཅོ་ལྔ་མིན་ལ
ནམ་གང་ཡང་མིན
ཚེས་བརྒྱད་ནི་དེ་བས་ཀྱང་མིན
ཁྱོད་ཀྱིས་ཁ་གྲགས་ཆོག
སྐད་གསེང་མཐོན་པས་ཁ་གྲགས་ཆོག
སློབ་གསེང་གི་ཀུ་ཅོ་དང་འདྲ་བའི་ཁ་ཞིག་གྲགས་ཆོག
མིག་ཟུང་མདུན་ལ་བལྟས་ཏེ་ཁ་ཞིག་གྲགས་ཆོག

          ཁྱོད་ཀྱིས་རྐང་བ་དེ་གཡུག་རོགས།
ཁྱོད་ཀྱིས་རྐང་བ་དེ་གཡུག་རོགས
ཁྱོད་ཀྱིས་ལག་པ་དེ་ཡང་རྐང་བ་དང་འདྲ་བར་གཡུག་རོགས
རྐང་བ་དེ་ཁྱོད་ཀྱི་ཡིན
ལག་པ་དེ་ཡང་ཁྱོད་ཀྱི་ཡིན
ཁྱོད་ཀྱིས་རྐང་ལག་དེ་རྒན་རྒོན་ཞིག་གི་རྐང་ལག་ལ་འཁྲུལ་མི་རུང
ཁྱོད་ཀྱིས་རྐང་ལག་དེ་ཕ་མ་དང་དགེ་རྒན་གྱི་རྐང་ལག་ཞིག་ལ་རློམ་མི་རུང
རྐང་ལག་ཁྱོད་ཀྱི་འགྲོ་རོགས་ཡིན་ལ
འདུག་རོགས་ཀྱང་ཡིན                                                         

           ཁྱོད་ལ་སྨོན་པ།
ངས་ཁྱོད་ལ་སྨོན་གྱིན་ཡོད
ཁྱོད་ཀྱིས་ནམ་ཡང་ང་སྐྱིད་གིན་འདོད་པ་བཞིན
ངས་ཀྱང་ཁྱོད་དང་ཁྱོད་ཀྱི་ལང་ཚོ་དེར་སྨོན་གྱིན་ཡོད
ད་དུང་དེ་དང་འདྲ་བར
ཁྱོད་དང་ཁྱོད་འདྲ་བའི་དུས་སྐབས་ཤིག་དང་དུས་རབས་ཤིག་ལའང་སྨོན་གྱིན་ཡོད

          ཁྱོད་ལ་གཏམ་དྲང་བོ་མདའ་འདྲ་འདྲ་རེ་བཤད་ན།
ཁྱོད་ཀྱིས་བོད་ཡིག་མི་ཤེས་གི་མ་གསུང
དེ་ནི་ངོ་ཚ་ཞིག་རེད
ཁྱོད་ཀྱིས་རྒྱ་ཡིག་སླ་མོ་འདུག་མ་གསུང
དེ་ཡང་རྒྱན་ཆ་ཞིག་མ་རེད
ཁྱོད་ཀྱིས་རང་ཉིད་མི་སྐྱིད་གི་མ་བསམ
དེ་ལ་ཡང་གོ་རིམ་ཞིག་ཡོད
ཁྱོད་ཀྱིས་ཡོད་ཚད་སྣང་མེད་དུ་མ་བསྐྱུར
འདི་ཡང་གྲ་སྒྲིག་ཅིག་ཡིན
ཁྱོད་ཀྱིས་རང་ཉིད་བྱིས་པ་ཞིག་ཏུ་མ་བསམ
ཡོད་ཚད་ད་ལྟ་དང་བྲལ་ཐབས་ག་ནས་ཡོད

          ཁྱོད་ཀྱི་ལུས་ཕུང་བདེ་དགོས།
ཁྱོད་ཀྱི་ལུས་ཕུང་བདེ་དགོས
ཁྱོད་ནི་བོད་ཡིག་ཡིན
ཁྱོད་ཀྱི་ལུས་ངག་གཙང་དགོས
ཁྱོད་ནི་བོད་སྐད་ཡིན
ཁྱོད་ཀྱི་ཕུགས་མདུན་བརྟན་དགོས
ཁྱོད་ནི་བོད་པ་ཡིན

           ཁྱོད་ཚོ་དང་འདྲ་བའི་སྙན་ངག་ཅིག་བྲིས་ན།
ངས་ནམ་རྒྱུན་ཁྱོད་ཚོ་རེ་བ་ཞིག་ཏུ་རློམ་ཡོད
ངས་ནམ་རྒྱུན་ཁྱོད་ཚོ་སྙན་ངག་ཅིག་ཏུ་འཁྲུལ་ཡོད
ཁྱོད་ཚོ་མ་གཞི་ནས་སྙན་ངག་ཅིག་ཡིན
ཁྱོད་ཚོ་མ་གཞི་ནས་རེ་བ་ཞིག་ཡིན

           ཁྱོད་ཀྱིས་ང་ལ་མ་སློབ།
ཁྱོད་ཀྱིས་ང་ལ་མ་སློབ
ངའི་ཐོག་ན་ཁྱོད་ལ་འཚམ་ནོ་གཅིག་ལས་མི་འདུག
དེ་ནི་ཀ་ཁའི་མགུལ་རྒྱན་དེ་ཡིན
དེ་ཁྱོད་ལ་དགོས་ན་ངས་བསྐོན་ཆོག
གཞན་ཡང་ནན་གྱིས་སློབ་འདོད་ཟེར་ན
ངའི་ཉམས་མྱོང་གི་ཞྭ་མོ་ཐེད་པོ་འདི
ཁྱོད་ལ་འཚམ་མིན་མི་ཤེས་ཀྱང
ངས་ཁྱོད་ལ་བྱིན་ཆོག

          ངའི་རྡོག་མཐུས་འདི།
ངའི་རྡོག་མཐུས་འདི
ཁྱོད་ཀྱི་སྙིང་ལ་མི་ཕོག་པར་སྨོན
ངའི་དབྱུག་པ་འདིས
ཁྱོད་ཀྱི་སེམས་ལ་མི་ཁེད་པར་སྨོན
ངའི་བཀའ་བཀྱོན་འདི
ཁྱོད་ཀྱི་སྙིང་ལ་མི་ཟུག་པར་སྨོན

          ཁྱོད་ཀྱི་མིག་ཆུ་དེས།
ཁྱོད་ཀྱི་མིག་ཆུ་དེས
ང་ལ་ཟུར་མིག་གིས་བལྟས་འདུག
ཁྱོད་ཀྱི་འབྲི་སྟངས་དེས
ང་ལ་དོགས་ཟོན་བྱས་འདུག
ཁྱོད་ཀྱི་ཀློག་འདོན་དེས
ང་ལ་ཉམས་ཚོད་བྱས་འདུག

           ཁྱོད་ལ་བཀྲ་ཤིས་འཇོག
ངས་ཁྱོད་ལ་བཀྲ་ཤིས་འཇོག
ལུས་ལ་ན་ཚ་མེད་པའི་བཀྲ་ཤིས་འཇོག
སློབ་ལ་སྤྲོ་བ་རྙེད་པའི་བཀྲ་ཤིས་འཇོག
བསླབ་གཞི་ཁོང་དུ་ཆུད་པའི་བཀྲ་ཤིས་འཇོག
ཡོད་ཚད་འདོད་ལ་འོངས་པའི་བཀྲ་ཤིས་འཇོག
         ༢༠༡༢ ༥ ༢༣སློབ་གྲྭ་ནས་ཤར་མར་སྦྱར།
   གསལ་བཤད།སྙན་ངག་འདི་ནི་རང་ཉིད་དངོས་སྦྱོང་གི་དགེ་རྒན་བྱས་པའི་གོ་རིམ་ཁྲོད་བྲིས་ཤིང་།རང་གི་སློབ་མ་ཚོའི་རྣམ་འགྱུར་དག་གཞི་བཟུང་སྟེ་ཁོ་ཚོ་ལ་དུངས་པ་དེ་གནོན་མ་ཐུབ་པར་འདི་ལྟར་ལེགས་སྐྱེས་ཤིག་གི་ཚབ་ཏུ་ཤོག་ངོར་ཕབ་ཅིང་ཀུན་གྱི་སྤྱན་སྔར་དྲངས་པ་དགེའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།