གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་འབུམ་བློ་བཟང་དམ་ཆོས་ཀྱི་རྩོམ་ཡིག་བདམས་བཀོད།

2013-12-28 17:26:00 ཨ་འབུམ་བློ་བཟང་དམ་ཆོས། ཀློག་གྲངས། མཆན ཡོད།

 
  ཨ་འབུམ་བློ་བཟང་དམ་ཆོས།
  སྤྱི་ལོ༡༩༨༥ལོའི་ཟླ༩པའི་ཚེས་༣ཉིན་མདོ་སྨད་གཅན་ཚ་གསེར་ལྡན་ས་ཡི་ཐིག་ལེར་ལྟེ་ཁྲག་འཕོས་ཤིང་། རང་ཡུལ་གྱི་སློབ་ཆུང་རིམ་པ་འགྲིམས། རང་ལོ་བཅུ་གཉིས་ཐོག་ཨ་ཁུ་བཀའ་དྲིན་ཅན་སྦྱིན་པ་དར་རྒྱས་ལས་འདོན་ཆོས་སྤྱོད་སོགས་བསླབས། རོང་བོ་དགོན་ཆེན་དུ་དགེ་བའི་བཤེས་གཉེན་བློ་བཟང་དགེ་འདུན་དང་ལྕང་སྐྱ་དགེ་འདུན་བཀྲ་ཤིས་སོགས་ལས་སུམ་རྟགས། སྙན་ངག ལོ་རྒྱུས། དག་ཡིག ལམ་རིམ་དང་དཔེ་ཆོས་རིན་སྤུངས་སོགས་དང་ལྷག་པར་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་སྡེ་དགེ་འདུན་བསྟན་འཛིན་མཆོག་དང་བློ་བཟང་ཆོས་གྲགས། འཇམ་དབྱངས་ཆོས་འཕེལ། རྔ་ཡུལ་མཛོད་ཚང་བློ་བཟང་བརྩོན་འགྲུས་སོགས་ལས་ཚད་མ། ཕར་ཕྱིན། གྲུབ་མཐའ། འདུལ་བ། ལམ་རིམ་ཆེན་མོ་སོགས་གཞུང་ལུགས་ཆེ་ཁག་རྣམས་སུ་ཐོས་བསམ་བྱས།
  ༢༠༠༥ལོརམདོ་ཁམས་ལི་ཐང་གྱོང་པ་སློབ་གྲྭར་དགེ་རྒན་དང་སློབ་མ་གྲྭ་བཙུན་སོགས་ལ་བོད་ཀྱི་སྐད་ཡིག་རིག་གནས་སློབ་ཁྲིད་བྱས་ཏེ་བོད་ཡིག་སློབ་གསོའི་ལས་དོན་ལ་ནུས་པ་མི་དམན་པ་བཏོན། ༢༠༠༧ལོ་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཚད་མ་དང་ནང་དོན། སུམ་རྟགས་དང་སྙན་ངག་སོགས་༢༠༡༡ལོའི་བར་དུ་སློབ་ཁྲིད་བྱས། དེང་སྐབས་སེར་ཤུལ་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་སྒྲུབ་ཞོར་སློབ་གཉེར་གྱི་འཕྲོ་མ་བཏང་བ་ཙམ་ལགས། གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་དྲྭ་ཟིན་སོགས་སུ་རྩོམ་ཡིག་བརྒྱ་ཕྲག་ལྷག་བཀོད་ཅིང་། མ་འོངས་པའི་ཆར་ཡང་བོད་ཀྱི་རིག་གནས་སློབ་གསོར་རང་ནུས་ཅི་ཡོད་ཀྱིས་ཞབས་འདེགས་ཞུ་རྒྱུ་ཡིན།

             གཞི་རིམ་སློབ་གསོའི་ལས་རྐང་ན་བཞུགས་པའི་དགེ་གྲོགས་རྣམས་ལ་ཕུལ་བའི་སྙིང་གཏམ།

དེ་ཡང་འདིར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གཅིག་ཐིག་ལྔ་བའི་སློབ་གྲོགས་རྣམས་ཀྱིས་མཐར་ཕྱིན་ཆེད་དེབ་ཞིག་ཕུད་པའི་ནང་ཁོ་བོའི་རྩོམ་ཡིག་གཅིག་གནང་རོགས་ཀྱི་རེ་བསྐུལ་བྱུང་བ་བཞིན་ཉིན་ཤས་རིང་གང་སྟེར་འདི་སྟེར་མེད་ཅིང་གང་འབྲི་འདི་འབྲི་མེད་དུས་བསམ་བློའི་འཁོར་སྟངས་ཞིག་གིས་ཁོ་བོ་བོད་ཡུལ་ས་མཐོའི་སྒང་འདིར་དགེ་རྒན་གྱི་ལས་ཀ་བྱས་ནས་མི་ལོ་བཅུ་ཕྲག་གཅིག་ཕྱིན་པ་དང་།  ལོ་ངོ་འདི་དག་རིང་རང་ཉིད་ཀྱིས་སྐྱེད་བསྲིང་བྱས་པ་དང་།  ལྷག་པར་སི་བོད་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་མང་པོ་ཞིག་གཞི་རིམ་སློབ་གསོའི་ལས་རྐང་ན་བཞུགས་ཡོད་པ་དང་། རང་ཉིད་ཀྱང་གནས་སྐབས་བྱ་བའི་དགོས་མཁོའི་དབང་གིས་གཞི་རིམ་གྲོང་གསེབ་ནས་གྲོང་གསེབ་བརྒྱུད་དེ་སློབ་མ་གསོ་སྐྱོང་བྱས་ཏེ་འོངས་པས་གཞི་རིམ་སློབ་གསོའི་ཕྱོགས་ལ་ཉམས་མྱོང་རྒྱུས་མངའ་ཅུང་ཙམ་ཡོད་པ་དང་། སླད་མར་ཕེབས་འགྱུར་གྱི་དགེ་རྒན་གཞོན་ནུ་མང་པོ་ཞིག་ལ་སློབ་མ་གསོ་སྐྱོང་ལ་རམ་འདེགས་འེ་ཡོང་སྙམ་པའི་ཀུན་སློང་གིས་སློབ་མའི་ཀུན་སྤྱོད་སློབ་གསོའི་སྐོར་ལ་རང་གི་མྱོང་བ་དང་ལག་ལེན། བསམ་བློ། སློབ་གསོ་དང་གོམས་གཤིས་བཟང་པོའི་དཔེ་ཆར་སློབ་སྦྱོང་བྱས་པའི་གཏམ་གླེང་ཐོར་བུ་མདོར་ཙམ་བཤད་པར་སྤྲོའོ།།
            གླེང་གཞི།     
  དབྱིན་ཇིའི་བསམ་བློ་བ་ཆེན་མོ་ཕེ་ཀིན་གྱིས་དེ་སྔ་འདི་ལྟར་བཤད་མྱོང་བ་སྟེ། ཀུན་སྤྱོད་ནི་སྟོབས་དང་ལྡན་པའི་ནུས་ཤུགས་ཞིག་ཡིན་ལ། དེས་རང་གི་མི་ཚེ་ལ་བཀོད་འདོམས་དང་གདམ་ཀ་བྱེད་དུ་འཇུག་ཐུབ་ཞེས་གསུངས་པ་མ་ཟད། རང་རྒྱལ་གྱི་སློབ་གསོ་བ་ཆེན་མོ་ཡེ་ཧྲིན་ཐའོ་ཡིས་ཀྱང་དེ་སྔ་འདི་ལྟར་གསུང་མྱོང་། སློབ་གསོ་ཟེར་བ་ཅི་ཞིག་རེད་ཟེར་ན། སྟབས་བདེ་མོའི་སྒོ་ནས་བཤད་ན་སྐད་ཆ་གཅིག་སྟེ། དེ་ནི་ཀུན་སྤྱོད་ཧ་ཅང་བཟང་པོ་ཞིག་གསོ་སྐྱོང་བྱེད་རྒྱུ་དེ་རེད། བྱ་སྤྱོད་ངན་པ་ཞིག་བསྒྱུར་བཅོས་བྱས་པས་གོམས་གཤིས་བཟང་པོ་ཞིག་ཆགས་ཐུབ་པ་དང་། གོམས་གཤིས་བཟང་པོ་ཞིག་རྒྱུན་འཁྱོངས་བྱས་པས་རང་གི་མི་གཤིས་ཅིག་སྐྱེད་བསྲིང་བྱས་སོང་བ་རེད། མི་གཤིས་ཡག་པོ་ཞིག་ཆགས་པས་རང་གི་མི་ཚེ་ཡག་པོ་ཞིག་བསྐྱལ་ཐུབ་སོང་བ་རེད་ཅེས་གསུངས། དེས་ན་གོམས་གཤིས་ཡག་པོ་ཞིག་ཆགས་པས་མི་ཞིག་གི་མི་ཚེ་ལ་ནུས་པ་ཆེན་པོ་ཐོན་བཞིན་པ་ཤེས་ཐུབ། ཕ་མ་སོ་སོར་རིགས་གནས་ཀྱི་ཤེས་ཡོན་ཐོབ་ཚད་མི་འདྲ་བ་དང་། སོ་སོ་འཚར་ལོངས་བྱུང་སའི་ཁོར་ཡུག་མི་འདྲ་བས་སློབ་མ་སོ་སོར་ཤུགས་རྐྱེན་ཐེབས་ཚུལ་ཡང་མི་འདྲ་བས། གོམས་གཤིས་ཡག་པོ་ཞིག་ཆགས་སུ་འཇུག་རྒྱུ་ནི་བྱིས་པའི་ཚེ་གང་གི་ཁེ་ཕན་དང་བདེ་སྐྱིད་ལ་འབྲེལ་བ་ཡོད་པ་ཞིག་ཡིན། དེ་ལས་ལྡོག་སྟེ་ཀུན་སྤྱོད་དང་གོམས་གཤིས་ངན་པ་ཞིག་བྱིས་པའི་སྤྱོད་པ་དང་འདྲེས་ཚེ་སློབ་མའི་ཚེ་གང་བརླག་པའི་མཇུག་འབྲས་འབྱུང་སྲིད། དེ་བས་སློམ་མར་གོམས་གཤིས་བཟང་པོ་ཞིག་སྐྱེད་བསྲིང་བྱེད་རྒྱུ་ནི་དགེ་རྒན་ཞིག་ལ་མཚོན་ན་སློབ་ཁྲིད་ཡོངས་དང་། ཐ་ན་སློབ་གསོའི་དོན་སྙིང་དང་དམིགས་འབེན་ལྟ་བུར་གྱུར་ཡོད་པས་ཇི་ལྟར་བྱས་ནས་སློབ་མར་གོམས་གཤིས་བཟང་པོ་ཞིག་དང་སྤྱོད་ལམ་ཡག་པོ་ཞིག་ཆགས་སུ་འཇུག་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་རེད།
            དང་པོ། རྒྱུན་སྤྱོད་སྒྲིག་ལམ་ཤེས་པར་བྱས་ཏེ་ཀུན་སྤྱོད་ཡག་པོ་གསོ་སྐྱོང་བྱེད་པ།
  སློབ་ཆུང་ནི་མི་ཚེའི་ཆེས་རྨང་གཞིའི་དུས་སྐབས་ཡིན་པས། སྤྱོད་པ་མང་པོ་ལ་སྦྱོང་བརྡར་དང་། འདྲིས་ལོབས། གསོ་སྐྱོང་བྱེད་པའི་གནད་འགག་གི་གནས་སྐབས་ཞིག་ཡིན་ཞིང་། ལྷག་པར་ལོ་ཆུང་སློབ་མར་དྲང་བདེན་དང་ཡ་རབས་ཀྱི་བྱ་སྤྱོད་ཆགས་པའི་དུས་སྐབས་གནད་འགག་ཅན་ཞིག་ཡིན་པས་སློབ་མར་རྒྱུན་གྱི་བྱ་སྤྱོད་ལ་བརྟེན་ནས་སྤྱོད་ལམ་བཟང་པོ་སྐྱེད་བསྲིང་བྱེད་རྒྱུ་ལ་དགེ་རྒན་གྱིས་དམ་འཛིན་བྱེད་དགོས་པ་དང་། རྒྱུན་གྱི་བྱ་སྤྱོད་ཚད་གཞི་ལ་བརྟེན་ནས་གང་ཞིག་སྒྲུབ་ཆོག་པ་དང་། གང་ཞིག་སྒྲུབ་མི་འོས་པ་ཤེས་སུ་འཇུག་དགོས། སློབ་གྲྭས་ངེས་པར་དུ་སློབ་མའི་རྒྱུན་གྱི་བྱ་སྤྱོད་ཚད་གཞི་གཏན་འབེབས་བྱས་ཏེ་དགེ་སློབ་གཉིས་ཀས་དེ་ལ་བརྩི་འཇོག་དང་། སློབ་མར་ཚུལ་ལྡན་གྱི་བྱ་སྤྱོད་དང་། གུས་ལུགས་གོམས་སྲོལ་ཆགས་པ་དང་། རྒྱུན་ལྡན་གྱི་སློབ་གསོའི་ཁྲོད་གང་ཞིག་སྒྲུབ་འོས་པ་དང་། གང་ཞིག་མི་འོས་པའི་རྒྱུ་མཚན་གསལ་བོར་བཤད་པ་དང་། ཇི་ལྟར་སྒྲུབ་དགོས་པ་དང་། ཇི་ལྟར་བྱ་སྤྱོད་ངན་པ་སྤང་དགོས་ཚུལ་སློབ་སྟོན་བྱེད་དགོས། དེ་ཡང་དོན་དག་ཆུང་རིམ་ནས་འགོ་བཙུགས་ཏེ་དགེ་རྒན་གྱིས་མིག་དཔེ་གཞན་སྟོན་གྱི་སྒོ་ནས། དཔེར་ན་སློབ་འགོ་ཚུགས་ནས་དཔེ་ཆ་སློབ་མར་སྤྲོད་སྐབས་ལག་པ་གཉིས་ཀྱིས་སློབ་མའི་ལག་ལ་འཇོག་པ་དང་སློབ་མས་ཀྱང་ལག་པ་གཉིས་ཀྱིས་དཔེ་ཆ་ལེན་པ། དེ་བཞིན་དགེ་རྒན་གྱིས་སློབ་མའི་ལས་བྱ་བྲིས་པ་བཟང་ངན་གང་ཡིན་ཡང་བརྩི་འཇོག་གིས་སྤྲོད་པ་དང་། སློབ་གྲོགས་ཀྱི་དངོས་པོའམ་དཔེ་ལྟ་ཁང་སོགས་ཀྱི་དངོས་པོ་ཚུར་བླངས་གཡར་བལྟ་བྱས་རྗེས་རང་སོར་འཇོག་པ། གཞན་གྱིས་རོགས་རམ་ཆེ་ཆུང་གང་བྱས་ཀྱང་བཀའ་དྲིན་ཆེ་ཞེས་བརྗོད་པ་དང་། དགེ་རྒན་དང་ཐུག་ཚེ་སྒུར་ནས་གུས་ཞབས་བྱེད་པ་དང་། སྐུབ་སྟེགས་ལ་འདུག་ཚུལ་དང་། ཡར་ལངས་ཚུལ། དཔེ་ཆ་ཅོག་ཙེའི་སྒང་ལ་འཇོག་ཚུལ། སློབ་ཁང་དུ་དཔེ་ཁུག་བདག་གཉེར་བྱེད་ལུགས། སློབ་ཁྲིད་ལ་ཉན་སྟངས། དྲིས་ལན་འདེབས་སྟངས་སོགས་ཕྱོགས་ཡོང་ནས་སྤྱོད་ལམ་ཡག་པོ་ཞིག་ཆགས་སུ་འཇུག་པར་དམ་འཛིན་བྱེད་དགོས། སྤྱོད་པ་ཡག་པོ་ཞིག་ཆགས་རྒྱུ་ནི་རྒྱུན་གྱི་བྱ་སྤྱོད་རེ་རེ་ཡག་པོ་སྒྲུབ་པ་ལས་བྱུང་བ་སློབ་མར་ཤེས་སུ་འཇུག་དགོས། ལེ་བར་སྟོང་གི་རྒྱང་སྐྱོད་ཆེན་པོ་ཡང་མདུན་གྱི་གོམ་པ་རེ་རེ་སྤོས་ནས་སོང་བ་དང་།བརྗིད་ལྡན་ཁང་བརྩེགས་བརྒྱ་ཅན་ཡང་རྨང་གཞི་བརྟན་པོ་གཅིག་ལ་གཅིག་བརྟེན་གྱིས་འཛུགས་སྐྲུན་བྱས་པ་ཡིན་པས་ང་ཚོས་རང་གི་ཉེ་འཁོར་གྱི་རྒྱུན་ལྡན་བྱ་བ་འགའ་རེ་ལ་བརྟེན་ནས་སྤྱོད་ལམ་ཞིག་སློབ་ཐུབ་པ་དང་། བྱ་བ་ཆུང་ཆུང་ཞིག་གི་སྟེང་ནས་བྱིས་པའི་སྤྱོད་ལམ་བཟང་ངན་ཤེས་ཐུབ་པ་རེད། ད་དུང་སློབ་མ་དང་མཉམ་དུ་སོ་སོ་སློབ་མའི་རྒྱུན་གྱི་བྱ་སྤྱོད་ཚད་གཞི་གང་ལ་འགལ་བ་དང་། གང་ཞིག་སྒྲུབ་པ་བཟང་བར་ཕྱོགས་སྡོམ་བྱེད་ཐུབ་ན་ཧ་ཅང་བཟང་།
              གཉིས་པ། སྤྱོད་ལམ་ཡག་པོ་རྒྱུན་འཁྱོངས་ཀྱིས་བརྟན་ཆགས་སུ་གཏོང་དགོས།
  རྗེ་མི་ལས་བསེ་མཁར་དགུ་ཐོག་ཉིན་གཅིག་གིས་བཞེངས་པ་མིན་ལ། ཤེས་བྱ་ལ་སྦྱར་ན་བསླབས་མ་ཐག་ནས་མཁས་པའི་གོ་འཕང་འདོད།།ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར།།ཞེས་པ་སྤྱོད་ལམ་དང་སྦྱར་ན་ཡང་ཧ་ཅང་འཚམ་པར་སྣང་། སྤྱོད་ལམ་ཡག་པོ་ཡང་ཉིན་གཅིག་གིས་ཆགས་སུ་འཇུག་མི་ཐུབ་པས་རྒྱུན་རིང་གི་སྒོ་ནས་རྒྱུན་འཁྱོལ་བྱེད་དགོས་པ་དང་། ཀུན་སྤྱོད་ཡག་པོ་ཞིག་ཆགས་སུ་འཇུག་པར་དེ་ལ་གོ་རིམ་ཞིག་བརྒྱུད་དགོས་པ་དང་། རྒྱུན་ལྡན་རང་བཞིན་གྱི་ཁྲོད་ནས་སྤྱོང་བརྡར་དང་། གསོ་སྐྱོང་། ཁ་ཏ་སློབ་གསོ། ལེགས་སྤེལ་ཉེས་འགོག ཡང་ཡང་མཛུབ་སྟོན་དང་སློབ་གསོ་བྱེད་དགོས་པ་མ་ཟད། ད་དུང་ངང་རྒྱུད་རིང་བོ་དང་། རྒྱུན་འཁྱོངས་བྱེད་རྒྱུ་གལ་ཆེན་པོ་ཡིན། རྒྱུ་མཚན་ནི་ཀུན་སྤྱོད་བཟང་པོ་རང་ཆགས་སུ་འགྲོ་བར་དུས་ཚོད་ངེས་ཅན་ཞིག་དགོས་པ་རེད། སློབ་མར་ཀུན་སྤྱོད་བཟང་པོ་ཞིག་སྐྱེད་བསྲིང་བྱེད་པར་ངང་རྒྱུད་རིང་བོ་དང་། བློ་རིག་ཡོད་པ། བསམ་བློ་དང་འཆར་གཞི་ཡོད་པ། གོ་རིམ་ཡོད་པ། མཛའ་བརྩེ་ཡོད་པ་ཞིག་གི་སྒོ་ནས་སྒྲུབ་ན་ད་གཟོད་ཕན་འབྲས་དངོས་སུ་ཐོན་ཐུབ་པ་རེད། ངེས་པར་རྒྱུན་འཁྱོངས་བྱེད་པ་དང་། དཀའ་སྡུག་ལ་མི་སྐྲག་པ་དང་། བར་ལམ་ནས་སྡུག་ནས་སྡུག་ཏུ་འགྲོ་བ་ལྟ་བུ་མི་ཉན་པར་སློབ་ཁྲིད་དང་སློབ་གསོའི་མགོ་མཇུག་བར་གསུམ་གྱི་བྱ་བ་ཆུང་ངུ་ཚུན་ཆད་ནས་དམ་འཛིན་གྱིས་སྒྲུབ་དགོས། དཔེར་ན་སློབ་ཁྲིད་ཀྱི་སྐབས་སུ་ཡང་སློབ་མའི་རྣམ་འགྱུར་དང་། ལུས་ངག་གི་འགུལ་སྐྱོད་གང་ལ་ཡང་བལྟ་དགོས་པ་དང་། སློབ་ཁང་ནང་ནས་སློབ་པ་དང་སློབ་ཁང་ཕྱི་ནས་སྦྱོང་བརྡར་བྱེད་པ། སློབ་ཁྲིད་ཀྱི་ནང་དོན་དང་འབྲེལ་ནས་གོམ་གཤིས་ལ་ཞིབ་འཇུག་གམ་བསམ་བློ་གཏོང་དུ་འཇུག་པ་དང་། དགེ་རྒན་ལ་ཇི་ལྟར་གུས་ཞབས་བྱེད་པ་དང་། སློབ་གྲོགས་ཕན་ཚུན་བར་ལ་ཇི་ལྟར་འགྲིག་མཐུན་བྱེད་པ། ཕ་མ་ལ་ཇི་ལྟར་གུས་ཞབས་བྱེད་པ་སོགས་སློབ་ཁང་ནང་སྤྱོང་བརྡར་དང་། སློབ་ཁྲིད་གྲོལ་བ་དང་། ཁྱིམ་ནང་དུ་སོང་ནས་ལག་ལེན་ཐོག་འཁེལ་བར་བྱེད་དགོས། དེ་ལྟར་བྱས་ན་སློབ་མས་ཕ་མ་དང་དགེ་རྒན་སུ་ལ་ཐུག་ན་རང་བཞིན་གྱིས་གུས་ལུགས་བྱེད་ཤེས་པ་ཞིག་ཆགས་ཐུབ།   
           གསུམ།  དགེ་རྒན་གྱི་གཏམ་དང་བྱ་སྤྱོད་ལས་སློབ་མར་སྤྱོད་པ་ཡག་པོ་ཆགས་སུ་འཇུག་དགོས།
  ངས་ནམ་རྒྱུན་རང་ཉིད་དགེ་ཞིག་བྱེད་ཐུབ་སོང་བར་སྙིང་ནས་དགའ་སྤྲོ་སྐྱེས་ཡོད་པ་དང་། རང་ཉིད་ལས་ཅན་ཞིག་རེད་བསམ་ཡོད་། རིག་གནས་སློབ་ཁྲིད་དང་སློབ་མ་གསོ་སྐྱོང་བྱ་རྒྱུ་ནི་དགེ་རྒན་གྱི་གཟི་བརྗིད་ལྡན་པའི་ལས་འགན་ཡིན་ལ། དེ་དང་མཉམ་དུ་རང་ཉིད་ཀྱི་ཕྱོགས་ཡོངས་ཀྱི་བྱང་ཚད་ཀྱང་མཐོར་འདེགས་ཡོང་བཞིན་པ་དང་། སློབ་མ་དང་མཉམ་ཏུ་འཚར་ལོངས་འབྱུང་བཞིན་འདུག་སྙམ་ཡོད། ཁ་དཔེ་ལ། དགེ་རྒན་ནི་སློབ་མའི་མེ་ལོང་ལྟ་བུ་ཡིན་བཤད་པ་ལྟར།སློབ་མའི་བརྩི་བཀུར་དང་དགའ་སྣང་ཐོབ་འདོད་པ་དང་། སློབ་མའི་ཀུན་སྤྱོད་དང་བསམ་བློ།ཡ་རབས་ཀྱི་སློབ་གསོ་བྱེད་འདོད་ན།ངེས་པར་དུ་ཐོག་མར་རང་ཉིད་ནས་འགོ་འཛུགས་དགོས་ཤིང་།དགེ་རྒན་རང་ཉིད་ནས་འགོ་བརྩམས་ཏེ་སྒྲུབ་དགོས།རེད་དེ་དེ་ཡང་ལས་སླ་མོ་སྒོ་ནས་སྒྲུབ་ཐུབ་པ་ཞིག་ག་ལ་ཡིན། རྒྱའི་གནའ་བའི་ཁ་དཔེ་ལ་སློབ་ཁྲིད་བྱེད་སླ།མི་བྱེད་དཀའ་ལྟ་བུ་རེད།ཡིན་ཡང་། ང་ཚོས་ད་དུང་མུ་མཐུད་འབད་བརྩོན་གྱིས་བླ་ན་མེད་པའི་དགེ་རྒན་གྱི་འོས་འགན་དང་དུ་བླངས་ནས་སློབ་མའི་མིག་དཔེ་ལྟ་སར་འགྱུར་བ་བྱེད་དགོས།སློབ་མ་ལ་གཞན་དཔེ་སློབ་པའི་ཚོར་བ་སྐྱེན་པོ་ཞིག་ཡོད་པས་མ་ཤེས་མ་བསམས་ས་ནས་དགེ་རྒན་གྱི་བྱ་སྤྱོད་འགའ་རེ་ཁོ་ཚོའི་ལུས་སྟེང་དུ་ལོབས་ཡོད་པ་དང་། དེ་བས་དགེ་རྒན་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་རང་ཉིད་ཀྱི་མིག་དཔེ་གཞན་སྟོན་ལ་མཉམ་འཇོག་བྱེད་དགོས་ལ། སློབ་མར་སྒྲུབ་དགོས་པའི་རེ་བ་འདོན་པར་ཐོག་མར་རང་ཉིད་ཀྱིས་སྒྲུབ་དགོས།སློབ་མར་སྒྲུབ་མི་ཆོག་པའི་རེ་བ་འདོན་པར་རང་ཉིད་ཀྱིས་གཏན་དུ་མི་སྒྲུབ།དཔེར་ན་སློབ་མར་ཁོར་ཡུག་དང་རང་གི་གཙང་སྦྲ་ལ་དོ་སྣང་བྱེད་དགོས་པའི་རེ་བ་འདོན་པར་ཐོག་མར་རང་ཉིད་ཀྱིས་རང་གི་སྡོད་ཁང་གཡས་གཡོན་དང་།ལུས་ཕུང་གཙང་སྦྲ་དང་གྱོན་ཆས་གྲལ་དག་གྱོན་དགོས་པ་ནང་བཞིན་རེད།གནའ་མིའི་དགེ་རྒན་ཞིག་གི་བཤད་སྟངས་ལ་ངས་བཤད་པ་ལ་ཉོན།ངས་སྒྲུབ་པ་ལ་མ་བལྟ་ཞེས་པ་ལྟ་བུ་མི་རུང་ངོ་།།དགེ་རྒན་གྱིས་སློབ་ཚན་གྱེར་ཀློག་བྱེད་པ།སློབ་ཁྲིད་གྲ་སྒྲིག་ཟིན་བྲིས།སྒོ་སམ་ངོས་སུ་ཡི་གེ་རེ་རེ་གཟབ་ནན་གྱིས་འབྲི་བ་སོགས་དགེ་རྒན་གྱི་རྒྱུན་གྱི་བྱ་སྤྱོད་ནི་རང་ཉིད་མིག་དཔེ་གཞན་སྟོན་གྱི་ནུས་པ་ཆེན་པོ་ཞིག་རེད།དགེ་རྒན་གྱིས་ཐོག་མར་སློབ་མའི་མིག་འདུན་ནས་རང་ཉིད་ཀྱི་ཚུལ་ལྡན་གུས་ལུགས་སྤྱོད་པ་ཡོད་པ་བྱས་ཏེ།སློབ་མའི་དྲི་བ་བཏོན་པར་དགའ་འཛུམ་དང་ཡིད་འཇོག་གིས་མགོ་སྒུར་་བྱེད་པ།ལན་འདེབས་སྐབས་བྱམས་བརྩེའི་གསལ་འདེབས་བྱེད་པ་དང་།སློབ་མའི་རོགས་རམ་སོགས་བྱས་པར་ཡང་བཀའ་དྲིན་ཞུ་དགོས།གལ་ཏེ་དགེ་རྒན་གྱིས་སློབ་མར་མ་ཉེས་ཁ་གཡོག་དང་དྲང་བདེན་ནོར་འཁྲུལ་སོགས་བྱུང་ན་སློབ་མར་དགོངས་དག་ཞུ་དགོས། འདི་ལྟར་བྱས་ན་ད་གཟོད་དགེ་སློབ་གཉིས་གཉིས་ཀྱི་བར་ལ་མཛའ་བརྩེའི་འབྲེལ་བ་ཆགས་ཐུབ་པ་དང་། གོམ་གཤིས་ཡག་པོའི་སློབ་གསོ་ཡང་སློབ་མའི་ལུས་སྟེང་རང་བཞིན་གྱིས་ཕྱིར་མངོན་ཡོང་ཐུབ་པ་རེད། དགེ་རྒན་གྱིས་སློབ་མར་སློབ་གསོ་བྱེད་སྐབས་ཕྱོགས་ལ་ཡང་གཟབ་ནན་དང་།དགོད་གཏམ་དང་།ངོ་ཚ་ཆེ་བ།ཁ་ཡག་དང་ཚིག་འཇམ་སོགས་སྨྲ་བ་སོགས་བྱེད་པ་དང་།སྐྱོན་དང་ནོར་འཁྲུལ་བྱུང་ན་ཡང་སློབ་མ་ཧ་ཅང་སྐྲག་པའི་ཉམས་ཅན་ལ་བྱམས་བརྩེའི་སྒོ་ནས་ཁ་ཏ་སློབ་གསོ་དང་།རྒྱུ་མཚན་གནས་ལུགས་བཤད་པ།སློབ་མ་སྣང་བ་རྒོད་པོ་ཅན་ལ་གཟབ་ནན་བརྗིད་པོའི་སྐད་ཆ་བཤད་པ་དང་།སློབ་ཁྲིད་སྐབས་ཧ་ཅང་ངལ་དུབ་ཆེ་བ་དང་སློབ་ཁྲིད་ལ་ཉན་མི་སྤྲོ་བའི་སློབ་མ་ཡོད་ཚེ་དགོད་བྲོའི་གཏམ་གླེང་སོགས་བྱས་ནས་སློབ་མའི་ལུས་སེམས་འཕེལ་རྒྱས་ཡོང་བར་ནུས་པ་འདོན་དགོས།
            བཞི་བ།    དགེ་རྒན་གྱི་ཀུན་སྤྱོད་ཚད་གཞིའི་སྐོར།
  ཀུན་སྤྱོད་ནི་མི་ཚེ་ནང་གི་ཕྱེད་ཀ་ཡིན་པ་ལྟར་འགྲོ་བ་མིའི་རིགས་འཕེལ་རྒྱས་སུ་འགྲོ་བར་སློབ་གསོ་ཐོག་མར་འཕེལ་རྒྱས་སུ་གཏོང་དགོས་ཤིང་།སློབ་གསོ་ལག་ལེན་མཐིལ་ཕྱིན་ཡོང་བའི་དན་རྟགས་རྨ་མེད་པ་ནི་ཀུན་སྤྱོད་རྨད་དུ་བྱུང་བ་དེ་ཉིད་ཡིན་པས་དགེ་རྒན་ཞིག་ལ་མཚོན་ན་ཀུན་སྤྱོད་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་ཡིན།དེ་ཡང་སྤྱིར་ཡོངས་སུ་གྲགས་པའི་འགྲོ་འདུག་སྤྱོད་གསུམ་ནི་འདིར་བཤད་པའི་ཀུན་སྤྱོད་ཡིན་པ་མ་ཟད།ད་དུང་དེ་ལས་ཀྱང་ཚད་གཞི་ཆེ་བ་ཆེ་བ་ཞིག་གི་སྟེང་སླེབས་ཡོད་པས་ཀུན་སྤྱོད་ནི་དགེ་རྒན་གྱི་རང་དཔེ་གཞན་སྟོན་གྱི་ལག་རྗེས་སུ་ཡང་རྩིས་ཆོག  དེས་ན་ཀུན་སྤྱོད་ཀྱི་བྱ་བ་འདི་གཙོ་ཆེར་ལུས་ངག་གཉིས་སུ་འདུ་བས་འདིར་གཙོ་ཆེར་དེ་གཉིས་ལས་བརྩམས་ཏེ་དོན་གནད་རེ་གཉིས་གླེང་ན།ཐོག་མར་ལུས་ཀྱི་སྒོ་ནས་དགེ་རྒན་ནི་གཞན་ལ་སློབ་གསོ་གཏོང་མཁན་ཞིག་དང་།མཐོ་རིམ་གྱི་སློབ་གསོ་ཐོབ་མཁན་ཞིག    རིག་གནས་ཀྱི་བྱང་ཚད་མཐོ་བ་ཞིག་གི་སྟེང་ནས་བཤད་ན།ཐོག་མར་རང་གི་ལུས་ཀྱི་བྱ་སྤྱོད་ནི་ཧ་ཅང་གལ་ཆེ་བ་ཞིག་རེད།གཞན་འདུལ་བའི་གང་ཟག་གིས་ཐོག་མར་རང་འདུལ་དགོས་ཞེས་གསུངས་པ་ལྟར་དགེ་རྒན་གྱིས་སློབ་མ་ཡ་རབས་ཞིག་དང་།སློབ་མ་ཕུལ་བྱུང་ཞིག་སྐྱེད་བསྲིང་བྱེད་དགོས་ན་རང་ཉིད་ཀྱི་བྱང་ཚད་ཕྱོགས་འགའ་ཤས་ནས་མཐོར་འདེགས་བྱེད་དགོས་པ་རེད།
       ༡  སྲོག་གཅོད་ཀྱི་ལས་ལ་འཛེམ་པ།
སྤྱིར་བཏང་དགེ་རྒན་ཡང་འགྲོ་བ་མིའི་རིགས་ཞིག་དང་། ཁྱིམ་ཚང་བུ་ཕྲུག་གི་བདག་པོ་ཡིན་པའི་ཆ་ནས་ཤ་ལ་ལོངས་སྤྱོད་པ་འདི་རང་བཞིན་ཞིག་ཡིན་ནའང་། སྲོག་ཆགས་གསོད་པའི་ལས་འདི་རང་ནུས་ཅི་ལྕོགས་ཀྱིས་སྤོང་དགོས་ཤིང་། ཐ་ན་སྲོག་ཆགས་གྲོག་སྤུར་ཚུན་ཚད་རྐང་འོག་ཏུ་མི་བརྫི་བ་དང་། སློབ་གྲྭའི་རྭ་སྐོར་ནང་སྲོག་ཆགས་རྐང་འོག་དུ་བསད་འགྲོ་བ་སོགས་ལ་འཛེམ་དོགས་སོགས་བྱས་ན་སློབ་མ་ལ་ཡང་དེ་མཐུན་གྱི་སློབ་གསོའི་ཤུགས་རྐྱེན་ཡག་པོ་ཞིག་ཐོབ་ཐུབ་དང་། སྐྱེ་འགྲོ་སྲོག་ཆགས་ཐམས་ཅད་ཀྱི་ཚེ་སྲོག་འདྲ་མཉམ་ཡིན་པའི་ལྟ་བ་དེ་ཡང་ལག་ལེན་དངོས་སྟེང་ནས་སློབ་ཁྲིད་བྱེད་བཞིན་པ་རེད།
     ༢  རྫུན་གྱིས་སློབ་ཁྲིད་མི་བྱེད་པ།
  རང་རེ་དགེ་རྒན་མང་པོས་གཏམ་རྒྱུད་དང་།  སྒྲུང་། ལོ་རྒྱུས་སོགས་འཆད་སྐབས་མི་ཤེས་ཤེས་མདོག་དང་། འུར་བསྟོད་ཀྱིས་བཤད་མི་ཉན་པ་དང་། སློབ་མ་རྣམས་ཀྱང་རིམ་གྱིས་ཤེས་ཡོན་གྱི་ཆུ་ཚད་གོང་འཕེལ་ཡོང་བ་དང་བསྟུན་དགེ་རྒན་གྱི་ཞན་ཆ་དང་། རྫུན་བསྒྲིག་གི་སློབ་ཁྲིད་ཀྱི་ནང་དོན་རྟོགས་ཡོང་ནས་དགེ་རྒན་ལ་དགའ་སྣང་བསམ་པ་ཆུང་དུ་འགྲོ་བ་དང་། སློབ་མ་ལ་ཡང་སློབ་གསོའི་ཤུགས་རྐྱེན་ངན་པ་ཞིག་ཐེབས་འགྲོའོ།
     ༣  ཆང་རག་རྩ་བ་ནས་མི་འཐུང་བའམ་ཉུང་དུ་གཏོང་བ།
  དགེ་རྒན་ཞིག་གི་ངོས་ཐད་ནས་བཤད་ན་ཆང་རག་ཚད་མེད་དུ་འཐུང་བ་ལས་རང་གི་ཀླད་རྩ་དང་སྙིང་རྩའི་ནུས་པ་ལ་གནོད་སྐྱོན་ཐེབས་ནས་སློབ་ཁྲིད་བྱེད་པའི་སྐབས་སུ་ཁྲོ་བ་སྐྱེན་པ་དང་། ངང་རྒྱུད་རིང་པོས་ཁྲིད་མི་ཐུབ་པ། སེམས་ཤུགས་ཆག་པ་སོགས་རང་གི་ལས་དོན་ལ་ཐད་ཀར་ཤུགས་རྐྱེན་ངན་པ་དང་། ལུས་དང་ཁ་ནས་ཆང་དྲི་འཐུལ་ལེ་སློབ་མ་ལ་སློབ་ཁྲིད་བྱེད་པ་དང་། ཚིག་ངན་དམའ་འབེབས་གཏོང་བ་སོགས་ངས་བཤད་པ་ལ་ཉོན་སྒྲུབ་པ་ལ་མ་བལྟ་ཞེས་པའི་དཔེ་རུ་འགྲོ་འོང་བས་དགེ་རྒན་གྱི་མཚན་སྙན་ལ་བག་ཆགས་ངན་པ་དང་། སློབ་མའི་མ་འོངས་པའི་རེ་སྟོས་དང་མིག་དཔེ་བརླག་འགྲོ་བ་རེད། དེ་བཞིན་སློབ་ཁང་ནང་དང་སློབ་མའི་མདུན་སར་ཐ་མག་མི་འཐེན་པའམ་རྩ་བ་ནས་ཐ་མག་མི་འཐེན་རྒྱུ་དེ་གལ་ཆེའོ་།
    ༤  རྒྱན་འཇོག་ཤོ་རྒྱག་གི་བྱ་ངན་སྤོང་བ།
  དེང་སྐབས་རང་རེ་བོད་ཁུལ་གྱི་དགེ་རྒན་རྣམས་ལ་ནད་ཡམས་བཞིན་སྐྱོན་ཆེན་ཞིག་ཡོད་པ་ནི་ཁོམ་པ་ཅུང་ཙམ་ཡོད་ཚེ་རྒྱན་འཇོག་ཤོ་རྒྱག་བྱེད་པ་རེད། ང་ཚོའི་མིག་གི་རིག་མཐོང་ས་ན་ཡང་དགོང་ཕྱི་དྲོ་ནས་མཚན་གུང་བར་རྒྱན་འཇོག་རྩེད་མོའི་འདའ་བར་བྱས་ནས་ཕྱི་ཉིན་ལུས་ཁམས་དང་རྣམ་རིག་གསལ་ལ་མི་གསལ་དང་། ཞོགས་ཇ་ཡང་འཐུང་ལོང་མེད་ལ། སྒྱིད་ལུག་གིས་གཞུང་ལས་ཁང་དུ་ཡོང་ནས་དཔེ་ཆ་ཞིག་མཆན་ལ་བཙིར་ནས་སློབ་ཁང་དུ་འགྲོ་བ་དེ་ལས་སློབ་ཁྲིད་ཀྱི་རྣམ་པ་ཅི་འདྲ་ཞིག་ཡིན་པ་ཚོད་དཔག་ཐུབ་པ་ཞིག་དང་། རྒྱུ་ནོར་རྒྱལ་ཕམ་གྱི་དབང་གིས་དགེ་རྒན་སྤྱིའི་བསམ་བློ་དང་ཀུན་སྤྱོད་སོགས་ལ་ཡང་གནོད་པ་ཚབས་ཆེན་ཐེབས་བཞིན་པ་འདི་སློབ་གསོ་སྡེ་ཁག་གམ། སློབ་གྲྭ་རང་གི་སློབ་གསོ་ནས་གཏན་འགོག་བྱེད་དགོས་པའི་བྱ་བ་གལ་ཆེན་ཞིག་རེད།
    ༥ རྒྱུན་དུ་དཔེ་ཀློག་མང་ཙམ་གནང་ནས་རྩོམ་པ་མཛད་རྒྱུ།
  དེ་ཡང་རང་རེའི་དགེ་རྒན་མང་ཆེ་བའི་ཡོན་ཏན་ཅུང་ཙམ་འབྱོར་ཡོད་པ་ནི་སློབ་གྲྭར་གནས་དུས་སྦྱངས་པ་བྱས་པ་ཡིན་ལ།སྤྱི་ཚོགས་ཀྱི་ལས་དོན་སྣ་སྒོ་མོར་ཞུགས་རྗེས་དཔེ་ཀློག་གི་བྱ་བ་ནི་ཧ་ཅང་དཀོན་པོ་ཡིན་པའི་ཚོད་དུ་འདུག    ལྷག་པར་དུ་རང་ཅག་དགེ་རྒན་རྣམས་ལ་མཚོན་ན་རྒྱུན་དུ་དཔེ་ཀློག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད།  ང་ཚོའི་ལས་རིགས་འདི་ནི་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ་ཡིན་ཙང་ཤེས་རིག་ལ་དོ་སྣང་དང་།ཤེས་རིག་ཁྲིད་མཁན་རྐྱང་ཡིན་པས་དུས་རབས་སྔོན་དུ་བསྐྱོད་པ་དང་ཤེས་རིག་ལ་ཡང་དེ་བཞིན་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་བཞིན་པ་དང་། ལོ་རེ་རེ་བཞིན་གྱི་སློབ་མ་སོ་སོའི་སྤུས་ཚད་ལ་ཡང་འགྱུར་བ་འགྲོ་བ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལ་ཡང་འགྱུར་ལྡོག་བྱུང་བཞིན་ཡོད་པ་འདིས་ང་ཚོ་དགེ་རྒན་རྣམས་ཀྱིས་ཀྱང་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་མུ་མཐུད་སློབ་སྦྱོང་གནང་རྒྱུ་ལས་སྔོནམར་སྦྱངས་བའི་ཤེས་བྱ་རྐྱང་རྐྱང་གིས་དེང་གི་བོད་ཀྱི་སློབ་གསོའི་འཕེལ་རྒྱས་དང་སློབ་མའི་རེ་འདོད་ཚིམས་པར་བྱེད་རྒྱུ་ཤིན་ཏུ་ཁག་པོ་ཡིན།    ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་ཞལ་ནས། དུས་ཁོར་ཡུག་དཔེ་ཆ་མང་པོ་ལ། །བློས་དཔྱོད་ཅིང་ཞིབ་ཏུ་བལྟས་པའི་མཐུས། །སྔོན་དབུས་སུ་སློབ་གཉེར་བྱས་པ་ལས། །དོན་གོ་བ་སུམ་འགྱུར་བས་ཀྱང་ལྷག །ཅེས་གསུངས་བ་དང༌།མཉམ་མེད་ཇོ་བོ་ཆེན་པོས།ཁྱེད་བོད་ན་གསུང་རབ་བལྟ་རྒྱུ་མེད་པས་ངའི་རྒྱུད་ཀྱི་དད་པ་ཉམས་སོང་གསུང་བ་རེད་ཅེས་དམ་བ་གོང་མའི་གསུང་རྒྱུན་ལ་འདུག ཇོ་བོ་ཆེན་པོ་ལྟ་བུའི་ས་ཆེན་པོ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་དད་བ་ཉམས་པ་ནི་གནས་མེད་ཅིང་གོ་སྐབས་མེད་དོ། །འོན་ཀྱང་ཕྱིས་ཀྱི་གདུལ་བྱ་ལ་དགོངས་ནས་དེ་ལྟར་གསུངས་ངེས། །བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཕུ་ཆུང་བའི་ཞལ་ནས། བཀའ་པོད་ཞལ་ཕྱེ་བ་སྔས་ལ་བཞག་ནས་ཁོ་བོ་ཅག་ནི་སློབ་པ་བྱ་བ་ཡིན་པས་བལྟ་བ་མ་བྱུང་ཡང་འདི་ཀུན་ལ་ཞེ་བསྔགས་བྱེད་པ་ལགས་ཞེས་དང༌། གངས་ཅན་གྱི་རིགས་པའི་ཤིང་རྟ་བ་ཆེན་པོ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས། ཁྱེད་རྣམས་ཀྱིས་དཔེ་ཆ་བལྟ་བ་ལ་དགེ་སྦྱོར་གྱི་ཐ་སྙད་མི་བྱེད་ཀྱང༌།ངའི་དགེ་སྦྱོར་གྱི་གཙོ་བོ་དཔེ་ཆ་བལྟ་བ་འདི་རང་ཡིན།ང་དཔེ་ཆ་བལྟ་བ་ལ་ནུས་རབ་ཡོད། གཞན་ཁ་འདོན་ཆེར་མེད་ཅེས་གསུངས་པ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་ཀྱང་བླ་མ་ཉི་ཐང་བ་ལ། ཁྱེད་ཀྱིས་ཐུགས་དམ་གང་མཛད་ཞུས་པས་བླ་མའི་ཞལ་ནས།ཐུགས་དམ་ཟེར་བ་ཟུར་བ་ཅི་ཡོད།ཞོགས་པར་ནམ་ལངས་པ་ནས་མཚན་མོ་བར་དང༌། མཚན་མོ་ཡང་གང་ལྕོགས་ཀྱི་བར་གསུང་རབ་ལ་བལྟས། དེ་ནས་འཛམ་བུ་གླིང་བ་གཉིད་ལ་ཡང་བརྟེན་དགོས་པ། ཉལ་ཁར་དེ་རིང་གསུང་རབ་ལ་ཐོས་བསམ་འདི་འདྲ་བྱས།བློ་སྐྱེད་འདི་རང་འདི་བྱུང་བས་བསོད་ནམས་ཆེའོ་སྙམ་དུ་ཡིད་ལ་དྲན་པ་བྱས།དེ་ནས་དགེ་བ་ཡང་བསྟན་འགྲོའི་དོན་དུ་བསྔོས་ནས།ང་ཡང་གཉིད་ཀྱིས་ལུས་འདི་ཅུང་ཟད་གསོས།ཕྱི་ཉིན་ཡང་དེ་ལྟར་བྱེད་པ་ཡིན་གསུངས།རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་བོས།རང་རེ་ལ་ལྟོས་ཏེ་དལ་འབྱོར་ལ་སྙིང་བོ་ལེན་པའི་མཆོག་གཞུང་ལུགས་ཆེན་མོར་བལྟ་རྟོག་དང་དཔྱད་པ་མི་འབྲལ་བ་ལས་ལྷག་པ་མེད་པས་དེ་དོན་ཐུགས་ལ་ཟུངས་ཞེས་དང༌།ཞང་སྟོན་བསྟན་པ་རྒྱ་མཚོས།ཁ་ཏོན་མག་མིག་ཅིག་འདོན་རྒྱུ་ལས་དཔེ་ཆར་བལྟ་བ་གཙོ་བོར་གྱིས།དཔེ་ཆར་བལྟ་བ་ལ་ཚོགས་གསོག་སྒྲིབ་སྦྱོང་ཐམས་ཅད་ཀྱི་གནད་འདུས་པས་གལ་ཆེན་གྱིས་གསུངས།ཡབ་རྗེ་སྐལ་ལྡན་རས་པས།ངས་ལོ་བཅུ་གཅིག་བཅུ་གཉིས་ནས་བཟུང་བདུན་ཅུའི་བར་ལོ་དྲུག་ཅུའི་རིང་ལ་སློབ་གཉེར་དང་མ་བྲལ་བར་བྱས་བས་ད་གཟོད་རྒྱལ་བའི་གསུང་རབ་ཀྱི་དོན་གོ་བ་བྱུང༌།ཚེ་སྟོད་ལ་སློབ་གཉེར་གྱི་བག་ཆགས་དང་འགྲོགས་ནས་སོང་ན་ཕྱི་མའི་སློབ་གཉེར་དང་བསྲེ་ཐུབ་པ་འབྱུང༌། གསུངས་པ་དང༌། ས་སྐྱ་པཎྜི་ཏས། བླུན་པོ་སློབ་པ་ངོ་ཚར་འཛིན། །དེས་ན་མཁས་རྣམས་རྒས་གྱུར་ཀྱང༌། །ཕྱི་མའི་དོན་དུ་རིག་པ་སློབ་ཞེས་གསུངས་པ་ལྟར་མི་ཚེ་སྟོད་ལ་སློབ་སྦྱོང་བྱས་པ་གཅིག་པུས་མི་ཆོག་པར་ཚེ་སྨད་ལ་ཡང་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཞིང་།    དེ་སྔོན་བདག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་དགེ་རྒན་བྱེད་སྐབས་སུ་དགེ་གྲོགས་རྒན་ཡེ་ཤེས་ལགས་དང་།    རྒན་ཀུན་དགའ་ལགས།རྒན་འགྱུར་མེད་ཚེ་དབང་ལགས།རྒན་བསོད་ནམས་སྟོབས་རྒྱལ་ལགས་སོགས་དགེ་རྒན་རྣམས་ནི་དུས་ནམ་ཁོམ་ལ་རྒྱུན་དུ་དཔེ་གཟིགས་གནང་བ་དང་།    རྒན་དཔལ་ལེགས་མཆོག་དང་རྒན་ཡེ་ཤེས་ལགས་གཉིས་ནི་དཔེ་ཆ་ཕལ་ཆེ་བར་མ་གཟིགས་པ་མེད་པ་ལྟ་བུས་མང་དུ་ཐོས་པའི་ཚད་ལྟ་བུར་འཛིན་བཞིན་ཡོད།    བདག་གིས་སི་བོད་སློབ་གྲྭ་ནས་ཡོང་བའི་སློབ་མ་དག་ལ་ཁྱེད་ཚོར་དགེ་རྒན་ཚོའི་རྒྱུད་ཀྱི་ཡོན་ཏན་གཞན་གང་ཡང་སློབ་མ་ཐུབ་ཀྱང་ལོ་ན་རྒས་འཁོར་བའི་བཙན་སར་གནས་ཀྱང་རྒྱུན་དུ་དཔེ་གཟིགས་གནང་བ་མཚམས་མི་ཆད་པའི་སྙིང་སྟོབས་འདི་ལ་སློབ་སྦྱོང་བྱ་འོས་ཞེས་ནམ་རྒྱུན་བཤད་པ་ཡིན།    དཔེ་ཆེར་མང་ཙམ་བལྟ་ཀློག་བྱེད་རྒྱུའི་ཕན་ཆད་ནས་དེ་མཚུངས་ཕྱག་རྩོམ་གནང་རྒྱུ་གལ་ཆེན་པོ་ཡིན།ཕྱག་རྩོམ་གནང་རྒྱུ་ནི་གཞན་ལ་ངོམ་སོ་བྱེད་པ་མ་ཡིན་པར་དེ་ནི་རང་གི་ནུས་པ་རྒྱུན་བསྲིང་དང་རིག་གནས་པས་དོར་མི་རུང་བའི་ལས་གལ་ཆེན་ཞིག་རེད།    དགེ་རྒན་རང་གིས་ཚིགས་བཅད་གཅིག་ཙམ་ཡང་མི་འཁྱོངས་པར་སློབ་མའི་དེ་འགྲིག་དང་དེ་མི་འགྲིག་ཞེས་ཁ་ཚོམ་གཅོད་རྒྱུ་སྔ་དྲགས་ན་ཕག་ཏུ་སློབ་མ་ཚོས་དགེ་རྒན་ལ་ལྐོག་ལབ་དར་དིར་ཡོང་བ་ཡོད།    ཁྱོད་ལ་མེད་པར་ང་ལ་སྦྱིན་རྒྱུ་གང་ན་ཡོད་ཟེར་བ་ལྟར་རིག་གནས་གང་སློབ་ཀྱང་འདྲིས་ཆ་ཡོད་རྒྱུ་འདི་གལ་ཆེན་པོ་རེད།    ལྷག་པར་སུམ་རྟགས་དང་སྙན་ངག་གི་རྒྱན་དག་ལ་གཟབ་གཟབ་བྱེད་དགོས་ཡོད་ལ་དུས་གསུམ་གྱི་ལག་ལེན་ཐོག་ནས་ཤེས་དགོས་པ་ཡོད།    ཁོ་བོ་གནས་ཚུལ་འདི་འདྲ་ཞིག་ལ་ཐུག་མྱོང་།བོད་ཡིག་དགེ་རྒན་བྱས་ནས་ལོ་ངོ་བཅུ་ཕྲག་འགོར་བ་ཞིག་གིས་ཡིག་ནོར་བྲིས་པར་ཁོ་བོ་ཁ་བདག་མེད་ཀྱིས་ནོར་འདུག་ཞེས་བཤད་པས་རྩ་བ་ནས་ཁས་མི་ལེན།    འདིར་དུས་གསུམ་ལྟར་ན་ཡང་འདི་མ་གཏོགས་མི་འབྲི་ཅེས་བཤད་པས་དུས་གསུམ་གྱི་ཁྱད་པར་ཡིན་ན་ཅི་ཤེས།    དུས་གསུམ་མི་ཤེས། འདི་ང་རང་གི་འདོད་པ་ཡིན་ཞེས་ཟེར་ནས་སྔོན་གྱི་མཁས་པའི་ཚིག་གཞན་དུ་བསྒྱུར་པར་ཅི་མི་སྙམ་མོ།།    དཔེ་འདི་ལྟ་བུས་ང་ཚོས་རིག་གནས་སྣ་མང་ཤེས་མི་ཤེས་དེ་རེ་ཞིག་བཏང་སྙོམས་སུ་བཞག་ནས་རང་གི་ཆེད་ལས་ཁྲོད་ཀྱི་ཁྲིད་བྱ་ཁག་ལ་ཏན་ཏན་བྱང་ཆ་ཡོད་ན་དགའ་སྙམ།    མདོར་ན་འཆད་རྩོད་རྩོམ་གསུམ་ནི་རང་རེ་དགེ་རྒན་དག་གི་རྒྱན་གྱི་དྭངས་མར་གྱུར་ཡོད་པས་ཅི་འཇོན་གྱིས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་གལ་ཆེའོ།། འདི་དང་འདི་ལ་སོགས་པའི་གླེང་བྱ་མང་དུ་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱའོ།། ཞེས་པ་འདི་ནི་ཡུལ་གངས་ཅན་གྱི་ལྷོ་ཡི་མཐར་སྐྱེས་པ་ཨ་འབུམ་བློ་བཟང་དམ་ཆོས་སུ་འབོད་པས་མདོ་ཁམས་བྱང་སྡེ་ཉི་མར་བྲིས་པ་དགེ་ལེགས་འཕེལ།

           བོད་ཀྱི་འདས་མ་ད་གསུམ།
                     ༧ མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེར་རྗེས་དྲན་དང་བོད་རིགས་གཞོན་ནུ་རྣམས་ལ་དྲན་སྐུལ་དུ་ཕུལ་བ།

         བོད་ཀྱི་འདས་པར་བལྟ་བ།
  གནའ་སྔ་མོར་བོད་ཀྱི་མེས་པོ་ཚོས་རང་གི་རྔུལ་ཆུ་དང་ཟུངས་ཁྲག་ལ་བརྟེན་ནས་མི་རིགས་ཀྱི་ལོ་རྒྱུས་གསར་བསྐྲུན་བྱས་ཤིང་།དེ་ནི་བདག་པས་གཞན་གཅེས་ཀྱི་སྙིང་སྟོབས་བླ་ན་མེད་པ་ཞིག་གིས་རང་གི་ཆོས་དང་རིག་གནས་ལ་སྲུང་སྐྱོབ་བྱས་པ་དང་།ས་སྒང་རིལ་བོར་གནས་འཆའ་བའི་མི་རིགས་འདིའི་མགོ་བོ་གཞན་གྱི་རྐང་འོག་ཏུ་མ་ཤོར་བ་དང་།རང་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་བའི་བསྔགས་འོས་ཀྱི་མཛད་རྗེས་ཤིག་ཡིན་པ་རེད།ལྷག་པར་རང་རིགས་མཐུན་སྒྲིལ་གྱི་དཔུང་བ་བརྟན་པོས་ཆེན་པོ་རྒྱ་ནག་དང་བཙན་པོའི་ཡུ་གུར་ཚུན་ཆད་ཀྱིས་རང་ཅག་གི་རྗེ་བོའི་བཀའ་སྲུང་སྤྱི་བོར་བླངས་མྱོང་བ་དང་།ས་སྟེང་གི་རྒྱལ་བསྟན་ཆ་ཚང་ལ་མ་ནོར་བ་རང་རེ་གངས་ཅན་པས་རྒྱུད་འཛིན་དར་སྤེལ་དང་ཉམས་ལེན་གནང་བཞིན་པ་སོགས་ལོ་རྒྱུས་ཀྱི་གནས་སྐབས་གང་འདྲར་ཡང་བོད་རིགས་ནི་འཛམ་གླིང་གི་མི་རིགས་འདྲ་འདྲའི་ནང་ནས་མི་འདྲ་བའི་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་།ཤེས་རིག་ལྡན་ལ་བློ་གྲོས་འབར་བའི་མི་རིགས་ཅིག་ཡིན་པར་ཀུན་ལ་བསྙོན་དུ་མེད།བར་སྐབས་རང་རེའི་མི་རིགས་ནང་དུ་འང་ས་ཁུལ་དང་ས་ཁུལ་བར་ཕྱོགས་རིས་འཐེན་འཁྱེར་བྱས་པས་འཁྲུག་རྩོད་རྒྱུན་མ་ཆད་པར་བྱུང་བ་དང་།གྲུབ་མཐའ་དང་གྲུབ་མཐའི་ཆགས་སྡང་སོགས་ཀྱིས་དམ་པས་སྨད་པའི་ལས་ལ་ཞུགས་མྱོང་བ་དང་།བསམ་བློ་གུ་དོག་དང་རང་ལྟ་འཁྲེགས་འཛིན་སོགས་ཀྱིས་འཛམ་གླིིང་གི་འགྱུར་ལྡོག་དང་ཐ་ན་གཡས་གཡོན་ལ་བལྟ་ལོང་ཙམ་ཡང་མ་བྱས་པ་དང་།དུས་སྐབས་དེ་དག་ལ་བསམ་ཞིབ་དང་བསླབ་བྱ་མ་བླངས་པའི་མཇུག་འབྲས་ད་ལྟ་རང་ཅག་མི་རིགས་སྤྱིའི་ལས་དབང་གཅིག་མཚུངས་སུ་མྱོང་བ་འདིས་ཀུན་གྱི་ཐུགས་ལ་འཆར་ངེས།
          བོད་ཀྱི་ད་ལྟ་བར་བལྟ་བ།
  དུས་རབས་ཉེར་གཅིག་པ་འདི་ནི་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཐམས་ཅད་ཀྱིས་འདས་པའི་དམག་འཁྲུག་དང་འཐབ་རྩོད།གསར་བརྗེ་མང་པོ་ལས་ཉམས་མྱོང་བསགས་ཤིང་།ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ།ལྷག་པར་གཞན་ཕན་དང་རོགས་རེས་ཀྱིས་འཛམ་གླིང་འདི་ཞི་བདེའི་ཁོར་ཡུག་ཅིག་ཏུ་འབད་བརྩོན་བསྟེན་བཞིན་པ་དང་།རང་རེའི་བོད་རིགས་བྱིངས་རྣམས་ཀྱང་སྐྱབས་མགོན་རྒྱལ་བའི་དབང་པོའི་བཀའ་སློབ་དང་བླང་དོར་ལམ་སྟོན་འོག་ཤེས་རིག་ལ་འབད་བརྩོན་དང་།ནང་ཁུལ་གྱི་མཐུན་སྒྲིལ་ལ་དམ་ཟབ་གནང་སྟེ་རྐུ་ཇག་གཡོ་སྒྱུ་ཁྲམ་གསུམ་དང་།ངན་གཡོ་བརྩེ་བྲལ་གྱི་ལས་མཐའ་དག་ཅི་ནུས་ཀྱིས་དོར་བས་འཛམ་གླིང་ཚིག་མཛོད་ཆེན་མོར་ཡང་།ཡ་རབས་ཞེས་པའི་དཔེར་འགོད་སྐབས་བོད་རིགས་ལྟ་བུ་ཞེས་བཀོད་པ་སོགས་འཛམ་གླིང་མི་དམངས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་རིགས་ནི་འཛམ་གླིང་ནང་ཀུན་སྤྱོད་བཟང་པོ་ཅན་གྱི་མི་རིགས་ཞིག་དང་།བོད་ཀྱི་རིག་གནས་ནི་མ་འོངས་པའི་འཛམ་གླིང་གི་རིག་གནས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།ཡིན་ཡང་རང་རེ་ཁོག་ན་སྙིང་དང་སྙིང་ལ་རུས་པ་ཡོད་མཁན་ཞིག་ཡིན་ཚེ་གཞན་དག་གིས་བསྟོད་དང་སྙན་པ་ཅི་ལྟར་བྱས་ཀྱང་གཅིག་མཐུན་གྱི་ལས་དབང་འདི་ལ་བསམ་ནས་རུས་པ་སྲ་མོ་ཅན་གྱི་མི་ཞིག་བྱས་ཏེ་སོ་སོ་སོ་སོའི་ས་ནས་ཅི་འཇོན་གང་འཇོན་གྱིས་རང་གི་རིགས་ལ་སྲི་ཞུ་དང་གང་ཅིར་ཡར་རྒྱས་ཀྱི་འབད་བརྩོན་བསྟེན་པ་ལྷག་པར་གལ་ཆེན་པོར་སོང་ཡོད་པ་བསམ་ཡོད་ཅན་དག་གི་ཤ་དང་རུས་པའི་གསེང་ན་ཡོད་ངེས།
  ཨ་དཀོན་རིན་པོ་ཆེ། སྐབས་འདི་འདྲར་རང་རེ་བོད་རིགས་ནང་ཁུལ་དུ་རང་ཤ་རང་གིས་བཅད་དེ་ཟ་བའི་ངང་ཚུལ་སྟེ།བྱམས་པ་དང་སྙིང་རྗེ་ཆེན་པོས་མགོན་མེད་ཉམ་ཐག་དྭ་ཕྲུག་སྟོང་ཕྲག་མང་པོའི་ཕ་མར་གྱུར་བ་མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེ་ལྐོག་གསོད་ཀྱི་སྦྱོར་ངན་ལག་ཏུ་བསྟར་བའི་གདུག་རྩུབ་ཀྱི་བྱ་ངན་སྒྲུབ་སོང་བ་དང་།རང་རེ་མ་ཟད་མི་རིགས་གཞན་རྣམས་ཀྱི་མདུན་ནས་ངོ་ཚ་དང་ལ་རྒྱ་བོར་སོང་བ་སྟེ།རང་གི་བླ་མ་རང་གིས་བཀྲོངས་པའི་གསར་བརྗེ་ཆེན་མོར་གྲགས་པའི་དུས་སྐབས་ཀྱི་བྱ་ངན་ང་ཚོ་རང་གིས་ལག་ཏུ་བསྟར་སོང་། ཕྱོགས་གཞན་ཞིག་ནས་དོན་རྐྱེན་འདིའི་དངོས་ཤུགས་བརྒྱུད་གསུམ་ལ་ད་ལྟ་དཔྱད་པ་བཏང་ནས་ཁ་ཚོན་བཅད་དེ་སྨྲ་བར་མི་ནུས་མོད། འདི་ནི་ནམ་རྒྱུན་ཁ་མ་ཎི་དང་ལག་ཕྲེང་བ་འཛིན་མཁན་གྱི་མི་རིགས་དང་། ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་ཕོངས་ལ་སྦྱིན་པ།བླ་མ་སངས་རྒྱས་དངོས་ལྟར་མཐོང་བའི་མི་རིགས་ཅིག་གིས་བྱེད་འགྲོ་ཟེར་ན་ཧ་ལས་འགྲོ་ངེས་པ་ཞིག་དང་།ལྷག་པར་རང་ས་རང་ཡུལ་གཅིག་གི་མིས་འདི་ལྟར་རང་ཡུལ་བླ་མ་བསད་པ་ནི་ཅི་འདྲའི་ཁྲེལ་དང་ངོ་ཚ་བོར་ཞིང་ཕྲག་དོག་དང་ངན་གཡོའི་བྱ་སྤྱོད་འཇིགས་སུ་རུང་བ་ཞིག་རེད་འང་།མ་གཞིར་མར་གྱུར་སེམས་ཅན་ཟེར་ཡང་དོན་དངོས་ནས་ལ་སེམས་ཅན་གཅིག་གི་ཕྱིར་དུ་ཡང་ཕྱི་མའི་མུ་མཐར་གནས་ནས་སེམས་ཅན་གཅིག་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྟེར་བ་མཆོག་ཏུ་གསུང་ཤིང་།དབང་ཕྱུག་བརྒྱད་ལྡན་དང་ཡོན་ཏན་བདུན་ལྡན་ལྟ་བུ་ནི་རང་ཅག་རྣམས་ལ་དཀོན་པའི་ཚོད་དུ་སོང་ཞིང་།ཇོ་བོ་ཆེན་པོས་བོད་ཡི་དྭགས་ཀྱི་གླིང་ཞེས་སྙིང་རྗེའི་སྐད་འབོད་གནང་བ་ལྟར།མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེ་བྱང་སེམས་གང་གི་ངོ་བོར་མིའི་རྣམ་པར་བྱོན་ཏེ་སྐུ་ཚེ་གང་པོར་འཛམ་གླིང་རོགས་སྐྱོར་ཚོགས་པའི་དབུར་བཞུགས་ཏེ་བོད་ཡུལ་ལུང་བར་རོགས་སྐྱོར་ཟམ་མི་ཆད་པར་བསྩལ་བ་འདིས་སྙིང་རྗེའི་བཙན་པོ་མུ་ནེ་བཙན་པོ་སླར་ཡང་བྱོན་པ་དང་མཚུངས་ཤིང་།གང་ན་སྡུག་བསྔལ་གྱི་སྨྲེ་ངག་ཡོད་ས་ན།ཨ་དཀོན་གྱི་ཐུགས་རྗེའི་ཕྱག་ཟུང་བརྐྱངས་ཡོད།ཁྱད་པར་དུ་མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེས་བོད་རིགས་དགེ་རྒན་དང་སློབ་མ་སྟོང་ཕྲག་མང་པོ་གསོ་སྐྱོང་བྱེད་པ་འདི་ནི་རོགས་སྐྱོར་ནང་ནས་རོགས་སྐྱོར་རླབས་ཆེན་པོར་མཐོང་གི་ཡོད། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་ཉིད་ཀྱིས་བློན་པོ་ཨ་ནུའི་བུ་ལ་གསེར་མང་པོའི་རྫོངས་པ་དང་བཅས་རྒྱ་གར་དུ་ཡི་གེ་སློབ་དུ་བཏང་བའི་དགེས་བོད་ཡུལ་མུན་པའི་གླིང་དུ་ཤེས་རིག་གི་སྒྲོན་མེ་སྦར་བ་དང་།ལྷ་བླ་མ་ཆེན་པོས་གསེར་མི་ལུས་ཙམ་བཏང་ནས་མཉམ་མེད་ཇོ་བོ་ཆེན་པོ་སྤྱན་དྲངས་ནས་གངས་ལྗོངས་རྒྱལ་བསྟན་དྲི་མ་ངན་པས་ཁྱབ་པ་ཡོངས་སུ་སེལ་བར་བྱས་པ་དང་།ལོ་ཙཱ་བ་རིན་ཆེན་བཟང་པོར་ལོ་ཙཱ་མཐར་ཕྱིན་པར་སྐུལ་བས་གངས་ལྗོངས་ཆོས་རིག་ཉི་ཟླ་མཁའ་ལ་བཀྲ་བའི་མཛད་རྗེས་དེ་དག་དང་ཆ་མཚུངས་པར།དམ་པ་འདིས་ཀྱང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སློབ་གསོ་འཕེལ་རྒྱས་དང་།བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ། འོད་སྟོང་འབར་བའི་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ལ་བཞག་པའི་བྱས་རྗེས་མཐའ་དག་འདིར་འབྲི་བར་རྔོ་མི་ཐོགས་ཤིང་།ཆོལ་གསུམ་བོད་མི་རྣམས་ཀྱིས་རང་གི་མྱོང་བ་དངོས་ཀྱི་ལམ་ནས་ཁོང་གི་མཛད་རྗེས་རིམ་པས་འགོད་ཡོང་བའི་ཡིད་ཆེས་ཡོད།དེས་ན་འདིར་རངགི་མྱོང་བ་དངོས་ལས་དམ་པ་ཁོང་དང་མཇལ་བའི་སྔ་ཕྱིའི་གནས་ཚུལ་རིམ་པས་མདོར་ཙམ་ཞུ། དེང་སྐབས་བོད་རིགས་ས་ཁུལ་ལུང་ཀྱོག་མང་པོར་བོད་སྐད་ཡིག་གི་དགེ་རྒན་མང་པོ་སླེབས་པའི་ནང་ཨ་དཀོན་རོགས་སྐྱོར་དང་ཨ་དཀོན་འཛིན་གྲྭ་ཁག་ནས་ཕེབས་པ་ཤིན་ཏུ་མང་པོ་ཡོད་པ་དང་།གང་ན་ཤེས་རིག་གི་དྲི་ཞིམ་འཐུལ་ས་ན།དེ་རུ་ཨ་དཀོན་གྱི་འཛུམ་ཞལ་བཞད་ཡོད།དེ་སྔོན་ཁོ་བོ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་དགེ་རྒན་གྱི་ལས་ཀ་བྱེད་སྐབས་མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེ་དང་དངོས་མཇལ་གྱི་སྐལ་བ་བྱུང་ནས་རྩོམ་རིག་སྐོར་གྱི་ཞུས་ལན་ཕུལ་མྱོང་ཞིང་།རང་གི་སློབ་བུ་བཅུ་ཕྲག་གཉིས་ཙམ་ལ་མི་དམངས་ཤོག་སྒོར་ཉིས་སྟོང་དང་སུམ་སྟོང་།བཞི་སྟོང་རིམ་པས་ལོ་གསུམ་གྱི་སློབ་སྦྱོང་མཐར་ཕྱིན་བར་གནང་སྦྱིན་མཛད་པ་མིག་མཐོང་ལག་ཟིན་བྱུང་བ་དང་།དུས་དང་དུས་སུ་སློབ་མའི་སྦྱངས་འབྲས་ཁག་ལ་ཞིབ་བཤེར་གྱིས་བཀའ་སློབ་ལམ་སྟོན་ཕེབས་པ་དང་།ད་ལྟ་རོགས་སྐྱོར་ཐོབ་པའི་སློབ་ཕྲུག་དེ་དག་སློབ་མཐར་ཕྱིན་ཏེ་ཚང་མ་དགེ་རྒན་གྱི་ལས་གནས་སྟེང་ཕེབས་ཡོད་པ་རེད།ད་དུང་བདག་གིས་ངོ་ཤེས་པའི་ལས་གྲོགས་མང་པོ་ཡང་མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེའི་རོགས་སྐྱོར་ལས་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་། ཐ་ན་སློབ་ཆེན་རིམ་པའི་སློབ་སྦྱོང་མཐར་ཕྱིན་གནང་ནས་ད་ལྟ་དགེ་རྒན་གྱི་ལས་གནས་སྟེང་མི་རིགས་སློབ་གསོའི་ལས་དོན་དང་བོད་ཀྱི་སྐད་ཡིག་འཛིན་སྐྱོང་ཐད་རང་ནུས་གང་ཡོད་འབུལ་བཞིན་ཡོད་པ་རེད། དེ་ལྟར་འཕྲིན་ལས་ཀྱི་གདུགས་དཀར་པོས་གངས་རིའི་ཞིང་འདི་ཡོངས་སུ་བརྒྱན་པའི་སྐབས་འདིར་དམ་པ་ཁོང་ཞིང་གཞན་དུ་གཤེགས་པ་ནི་བདག་ཅག་རྣམས་ལ་ཤིན་ཏུ་ཕངས་ཤིང་མི་རིགས་སྤྱིའི་གྱོང་ཆེན་པོར་སོང་བ་དང་།སློབ་ཕྲུག་སྟོང་ཕྲག་མང་པོ་མགོན་མེད་སྐྱབས་མེད་ཀྱི་གནས་སུ་གྱུར།དམ་པ་ཁོང་བཀྲོངས་སོང་བར་བློ་ཕམ་དང་ཡིད་ཆད། སྐྱོ་གདུང་ནི་བོད་རིགས་བསམ་ཡོད་སུ་ཡིན་ཚང་མར་ཡོད་ངེས་པ་དང་། ཉེས་ཅན་དེ་དག་གིས་སྐྱེས་ཆེན་ཁོང་ལྐོག་གསོད་ཀྱི་སྡིག་ཉེས་ལས་གཞན་མི་རིགས་སྤྱིའི་བརླ་རྐང་བརྡུང་མཁན་དང་མི་རིགས་ཀྱི་ཉེས་ཅན་ཡིན་པ་རེད། མདོར་ན། སྤྲུལ་སྐུ་བསྟན་དོན་དུ་བྱོན་ན།། བསྟན་ལ་ལག་རྗེས་ཤིག་འཇོག་དགོས།།གསུང་པ་ལྟར་མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེ་ནི་རང་རེ་བོད་རིགས་རྣམས་ལ་དུས་སུ་ཕེབས་པའི་སྤྲུལ་སྐུ་བཀའ་དྲིན་ཅན་དང་།དུས་ཐོག་ཆར་བ་ལྟ་བུར་གྱུར་ཡོད་པས་བོད་རིགས་མི་དམངས་ཀྱིས་ཚེ་ཚེ་རབས་རབས་སུ་ནམ་ཡང་སྙིང་ཁོང་ནས་ཡལ་མི་སྲིད་དོ།།
         བོད་ཀྱི་མ་འོངས་པར་བལྟ་བ།
  སླད་མར།རང་རེ་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་གི་བྱ་སྤྱོད་ཐད་དུ་གཟབ་གཟབ་གནང་དགོས་པ་དང་། འདི་ལྟ་བུའི་གདུག་རྩུབ་ཀྱི་སྦྱོར་བ་དང་མི་རིགས་སྤྱི་ལ་གནོད་པའི་རང་གཞན་གཉིས་ཕུང་གི་བྱ་ངན་ལས་བསླབ་བྱ་ཟབ་མོ་ཐོབ་དགོས་པ་དང་།ལྷག་པར་བོད་མི་ནང་ཕན་ཚུན་ཕྲག་དོག་གིས་བདག་གཞན་གཉིས་གནོད་ཀྱི་སྦྱོར་ངན་དེ་ཚོ་རིམ་པས་བསྒྱུར་བཅོས་མ་བཏང་ཚེ།ང་ཚོ་བོད་རིགས་ཀྱི་སྟེང་དུ་དམ་པ་ལྷ་ཆོས་ཀྱི་ཉེས་པ་ཕར་ཞོགའཇིག་རྟེན་མི་ཆོས་ཀྱི་ཉེས་པས་ཀྱང་མི་རིགས་གཞན་གྱི་མདུན་ནས་ངོ་ཚ་ནམ་ལངས་པ་རེ་ཉོ་ངེས་སོ།།    ཞེས་པ་འདི་ཡང་སྙོམ་ལས་པ་ཨ་འབུམ་བློ་བཟང་དམ་ཆོས་སུ་འབོད་པས་མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེར་རྗེས་དྲན་དང་བོད་རིགས་གཞོན་ནུ་རྣམས་ལ་དྲན་སྐུལ་གྱི་ཚུལ་དུ་སྤྱི་ལོ་༢༠༡༣ཟླ༡༠ཚེས་༡༠ཉིན་བྲིས་པ་དགེ་གྱུར་ཅིག

          བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཚེ་སྲོག་གི་རིན་ཐང་ལྟ་ཚུལ།

 
          གླེང་གཞི།
  བོད་ཀྱི་རིག་གནས་ནི་དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་པོར་གསར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པ་དང་།མི་རིགས་སྟོང་ཕྲག་མང་པོ་མི་འདྲ་བ་འདིའི་ནང་བོད་ཀྱི་རིག་གནས་ཁོ་ན་དེང་སྐབས་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་ངོམ་རིན་ཡོད་པ་ཞིག་ཆགས་འདུག་པ་རེད།དེས་ན་བོད་ཀྱི་རིག་གནས་ཞེས་འཛམ་བུ་གླིང་ལ་ངོམ་རིན་ཡོད་པ་ཞིག་འདུག་པ་འདི་ནི་སྔོན་བྱོན་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་སྐུ་སྲོག་ལ་མ་འཛེམ་ཞིང་།སྐྱེས་བུ་རྣམ་དཔྱོད་ཅན་དག་གི་བློ་གྲོས་དང་བོད་རིགས་མི་དམངས་ཀྱིས་དཔལ་འབྱོར་གྱི་འགྲོ་སོང་དང་དཀའ་ངལ་བློས་མི་འཆུན་པ་གནང་ནས་ཕྱི་ནང་རྒྱལ་ཁབ་དག་གི་རིག་གནས་ནང་འདྲེན་དང་བསྲེགས་བཅད་བརྡར་གསུམ་གྱི་ལོ་རྒྱུས་དུས་ཡུན་རིང་མོ་ཞིག་བརྒྱུད་དེ་འཕེལ་རྒྱས་བྱུང་བ་ཞིག་རེད།སྤྱིར་རིག་གནས་གང་དང་གང་ཞིག་ཡིན་ཡང་ཐོག་མར་རང་ཡུལ་ནས་བྱུང་ན་འང་གཞན་ཡུལ་ན་འཚེར་སྡུག་གི་འོད་སྟོང་འབར་བཞིན་པ་དང་།གཞན་ཡུལ་གྱི་རིག་གནས་ཟབ་མོར་གྲགས་ཀྱང་རང་ཅག་ལ་དོན་གོ་ཆུང་བར་སོང་བ་ཡང་མང་པོ་ཞིག་སྣང་།དེ་ལྟ་ནའང་།བོད་རིག་པ་ནི་འཛམ་གླིང་གི་རིག་པའི་ཉིང་བཅུད་སངས་རྒྱས་ཆོས་ལུགས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དང་།བདག་གཞན་མཉམ་བརྗེའི་བསམ་བློ་འགྲན་ཟླ་དང་བྲལ་བ།ལུང་དང་རིགས་པའི་རྣམ་དཔྱོད་ཀྱི་དཔལ་དང་ལྡན་པས་ད་ལྟ་ལ་ཐུག་གི་བར་དུ་འཛམ་གླིང་རིག་གནས་བང་མཛོད་ཁྲོད་དུ་འོད་སྟོང་ལྡན་པའི་ངང་གནས་ཡོད་པ་དང་། ད་ལྟ་དུས་རབས་ཉེར་གཅིག་པ་ཞེས་འཛམ་གླིང་འཕུར་བསྐྱོད་ཆེན་མོའི་ནང་ལ་ཡང་ཞིབ་འཇུག་བྱེད་མཁན་ཇེ་མང་ནས་ཇེ་མང་དང་།བོད་ཀྱི་དུས་རབས་ཞེས་འཛམ་གླིང་གི་ཤེས་རིག་རྩེ་གྲར་བོད་ཀྱི་རིག་གནས་དེ་འཇོག་བཞིན་པ་རེད། དེ་བས་འདིར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཚེ་སྲོག་ལྟ་ཚུལ་མདོར་ཙམ་གླེང་བར་སྤྲོའོ།།
            དང་པོ།སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་འདྲ་མཉམ་དུ་བལྟ་བའི་བསམ་བློའི་རིན་ཐང་།
  འཛམ་གླིང་གི་སྲོལ་རྒྱུན་རིག་པ་སྨྲ་བ་མེས་པོ་ལིའི་ཡིས།སྲོལ་རྒྱུན་མེད་པའི་མི་རིགས་ནི་འདུ་ཤེས་མེད་པའི་མི་རིགས་རེད་ལ།མི་རིགས་དེ་ལ་ཕུགས་བསམ་ཡང་མེད་དོ།།ཞེས་བརྗོད་པ་དང་། སློབ་དཔོན་དབྱིག་གཉེན་གྱིས། བག་ཆགས་ནི་ལས་ཐམས་ཅད་ཀྱི་རྩ་བའོ།།ཞེས་གསུངས་པ་ལྟར།ང་ཚོ་བོད་མི་རིགས་ལ་རང་ཉིད་ཀྱི་བྱུང་བ་བརྗོད་པའི་ལོ་རྒྱུས་ཡོད་ལ།མི་རིགས་རང་ཉིད་ཀྱི་གོམས་གཤིས་དང་འཚོ་བ།བསམ་བློའི་ལྟ་ཚུལ།འཇིག་རྟེན་གྱི་རིན་ཐང་ལྟ་ཚུལ། མི་ཚེའི་ལྟ་ཚུལ། མཛེས་དཔྱོད་དང་དད་མོས་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་དང་། དེ་དག་ནི་འདས་པའི་ལོ་ངོ་ཁྲི་ཕྲག་དུ་མ་བརྒྱུད་ནས་ཡོང་བ་ཞིག་ཡིན་ཞིང་།དེ་དག་གི་ཁྲོད་དུ་ལ་ལ་ནི་ཚན་རིག་དང་མཐུན་པ་དང་། ལ་ལ་ནི་དུས་རབས་ཀྱིས་རྗེས་སུ་བསྐྱུར་བ་ཡང་མང་པོ་ཞིག་ཡོད་པ་དང་། དེ་ནི་མིའི་རིགས་སོ་སོའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་།འཕེལ་རྒྱས་ཀྱི་གོ་རིམ་ཞིག་ཡིན་པ་ལས་ཀླ་ཀློ་དང་རྨོངས་དད་ཀྱི་རིག་གནས་ཞེས་གླེང་བརྗོད་དང་ཞིབ་འཇུག་ཙམ་ཡང་མེད་པར་ཐལ་རྡུལ་དུ་གཡུགས་པ་ནི་ཕ་མེས་ལ་དུངས་བསམ་ཡང་ཡབ་མེས་ཀྱི་བརླ་རྐང་བརྡུང་བར་མི་འགྱུར་འང་།དེས་ན་བོད་མི་རིགས་ཀྱི་སྲོལ་རྒྱུན་བསམ་བློ་དང་འདུ་ཤེས་འཛིན་ཚུལ་དེ་དག་ནི་བོད་མི་རིགས་ཀྱི་མཚོན་རྟགས་གཙོ་བོ་ཞིག་དང་།དེ་ལ་དེང་རབས་རིག་གནས་ཀྱི་ཚོན་རིས་བྱུགས་ཚེ་ཆར་བ་ཆུ་གྲོགས་ཀྱི་ཚུལ་ལྟར་སྔར་ལས་ལྷག་པའི་ཁྱད་ཆོས་མངོན་ཐུབ་པ་རེད། དེང་སྐབས་མི་མང་པོ་ཞིག་གི་བློ་ངོར་སྲོག་མི་གཅོད་པ་སོགས་མི་དགེ་བཅུ་སྤོང་བའི་ལས་འདི་ནི་ཆོས་ལུགས་ཀྱི་བྱ་སྤྱོད་ཞིག་ཏུ་འདོད་ཀྱི་ཡོད་རུང་དེ་ནི་ནོར་བ་རང་ཡིན་ཏེ། སེམས་ཅན་རྣམས་ལ་སྲོག་ནི་ཤིན་ཏུ་ཕངས།། ཞེས་དང་། རང་གི་ལུས་ལ་དཔེ་ལོངས་ལ།། གཞན་ལ་གནོད་པ་མ་བྱེད་ཅིག། ཅེས་གསུངས་པ་ལྟར། འཛམ་བུ་གླིང་བའི་སྒང་འདིར་སོ་སོའི་ལུས་སྲོག་ལ་མི་གཅེས་པའི་སྲོག་ལྡན་གཅིག་ཀྱང་མེད་པ་དང་། ཐུབ་པའི་རིང་ལུགས་འཛིན་པ་ཐམས་ཅད་ཀྱིས་ཉམས་ལེན་གྱི་སྙིང་བོ་སྙིང་རྗེ་ཆེན་པོའི་བློ་ཡང་གཞན་གྱི་སྲོག་མི་གཅོད་པ་འདིའི་སྟེང་ནས་ཡོང་དགོས་པ་རེད།ཆོས་དང་འཇིག་རྟེན་གང་ནས་བལྟས་ཀྱང་སྲོག་མི་གཅོད་པ་ནི་རང་ལ་ཕན་པའི་བྱ་བ་ཞིག་ཡིན་པ་རེད། དཔེར་ན་མིའི་སྤྱི་ཚོགས་ནང་གནས་སྐབས་དེང་སྐབས་སྔོན་ཐོན་རྒྱལ་ཁབ་དེ་འདྲའི་ནང་མི་དང་སྲོག་ཆགས་ལ་འཚེ་བ་བྱས་པས་ཁྲིམས་ཀྱིས་ཚར་གཅོད་པ་དང་།སྲོག་གཅོད་ནི་མི་ཆོས་ཀུན་སྤྱོད་ནང་གི་ཐ་ཤལ་བ་ཞིག་ཏུ་བརྩི་བཞིན་པ་རེད།ལམ་ཉམས་སུ་ལེན་པའི་གང་ཟག་དག་གིས་ཀྱང་ཐོག་མར་མིའི་ལུས་རྟེན་རྙེད་དཀའ་བ་ལ་བསམ་བློ་གཏོང་བ་འདིས་མིའི་ལུས་རྟེན་གྱི་རིན་ཐང་ཞིག་རྟོགས་དགོས་ཀྱི་ཡོད་པ་དང་། ལུས་རྟེན་འདིའི་ཚེ་སྲོག་འཕྲོག་པ་ནི་ཕར་ཞོགརང་བཞིན་གྱིས་འཆི་བའི་དབང་དུ་སོང་ན་ཡང་ཤིན་ཏུ་ཕངས་པས་ལུས་རྟེན་འདི་ལ་སྙིང་བོ་ཞིག་བཙལ་སྙམ་པ་དང་།དེ་དང་མཉམ་དུ་ཐ་ན་སྲིན་འབུ་ཚུན་ཆད་ཀྱི་ལུས་རྟེན་གཞན་ལའང་སྙིང་རྗེའི་བློས་དྲངས་ཏེ་རང་དང་གཞན་གྱི་དོན་དུ་དམ་ཆོས་རྣལ་མ་ཞིག་བསྒྲུབ་པར་བྱ་འདོད་པ་ཡང་རང་གཞན་གྱི་ཚེ་སྲོག་ལ་གཅེས་པ་འདི་གཞི་ལ་བཞག་ནས་ཡོང་གི་ཡོད་པ་རེད།དེ་ལ་ཡང་གཞན་གནོད་གཞི་དང་བཅས་པ་ལས་བཟློག་པ་ཞེས་ཐོག་མ་ནས་དམ་བཅའ་བཞིན་པ་དང་།གསང་སྔགས་ཉམས་སུ་ལེན་མཁན་དག་ལ་རང་སྲོག་རང་གིས་བཅད་ན་ཡང་དེ་བཞིན་སྲོག་གཅོད་ཀྱི་ཉེས་པ་འབྱུང་བར་གསུངས་ཏེ། ལུས་འདི་ལ་གནས་བཅས་པའི་སྲིན་འབུའི་རིགས་སྟོང་ཕྲག་བརྒྱད་བཅུ་ཡང་དེ་དང་དུས་མཉམ་དུ་འཆི་བས་སྲོག་གཅོད་ཀྱི་ཉེས་པར་འགྱུར་རོོ།། དེས་ན་སྲོག་མི་གཅོད་པ་འདི་ནི་མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་དང་ཐིག་ཤིང་། བདེ་སྐྱིད་ཀྱི་འབྱུང་གནས་འབའ་ཞིག་ཡིན་པར་གཟིགས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་མི་ཆོས་བཅུ་འདི་ནི་དམ་པ་ལྷ་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་ཞིང་།འཇིག་རྟེན་ལ་བདེ་ལེགས་འབྱུང་བ་ཡང་འདི་ཉིད་ཡིན་པར་དགོངས་ཤིང་མདོ་ལས་རྣམ་གྲངས་དུ་མར་གསུངས་སོ།།
  བོད་གངས་ཅན་གྱི་ལྗོངས་འདིར་ནི་སྔོན་ཆོས་རྒྱལ་ཆེན་པོའི་དུས་སྐབས་ནས་བཟུང་སྟེ་སྲོག་ལྡན་མཐའ་དག་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་དང་སྲོལ་བཟང་ཐུན་མོང་མ་ཡིན་པ་ཡོད་པ་དང་།དེ་སྔའི་བོད་ཀྱི་ལོ་རྒྱུས་སྟེང་མི་གསོད་ཁྲག་སྦྱོར་སྤེལ་བའི་ཉེས་ཅན་དང་།ལས་ངན་ཤན་པའི་ལས་བྱེད་མཁན་མང་པོ་བྱུང་ཡོད་ཀྱང་དེ་དག་ལ་སྲོག་ཁྲིམས་བཅད་པའི་གཏམ་ནི་གཡུལ་ལ་ཞུགས་ནས་ཤི་བ་མིན་ན་ནི་ཟུར་ཙམ་ཡང་མི་སྣང་ཞིང་།དམངས་གཙོའི་བཅོས་བསྒྱུར་སྐབས་སུ་སྐབས་དེའི་བོད་ས་གནས་སྲིད་གཞུང་གི་བཙོན་ཁང་དུ་བཙོན་པ་ཉིས་བརྒྱ་ལྷག་ལས་མེད་པ་དང་།སྡིག་ཉེས་ཆེས་ལྕི་བ་ལ་ཡང་ཁ་མིང་སྣ་མིང་རེ་བཏགས་ནས་སོ་སོའི་བྱས་ཉེས་ལ་འགྱོད་འཚངས་བྱེད་པར་སྐུལ་མ་བྱེད་པ་འདིས་ཚེ་སྲོག་ལ་གལ་ཆེན་དུ་འཛིན་པའི་རྣམ་འགྱུར་གསལ་པོར་མཐོང་ཡོང་བ་དང་། སྲིད་གཞུང་ཞིག་ལ་བཙོན་པ་ཉིས་བརྒྱ་ལས་མེད་པ་ནི་ཧ་ལས་པའི་ཉུང་བའི་ཉུང་བ་ཞིག་ཡིན་ཏེ། འཁྲུག་ཆེན་གཉིས་པའི་སྐབས་སུ་འཇར་མན་དུ་ཡི་ཐེ་བའི་བཙོན་མ་ཁྲི་ཉིས་བརྒྱ་ལྷག་ཡོད་པའི་ནང་དུ་ཉེ་ལམ་གཅིག་གཉིས་ལས་མ་གཏོགས་ལྷག་མེད་པ་དང་།ཨ་རིར་གྲོང་ཁྱེར་རེའི་བཙོན་ཁང་དུ་བཙོན་པ་དྲུག་སྟོང་ལྷག་རེ་ཡོད་པ་དང་།རང་རེའི་རྒྱལ་ནང་དུ་རྫོང་དང་ཁུལ་རེ་ལ་ཡང་བཙོན་པ་སྟོང་ཕྲག་བརྒལ་བ་ཡོད་པ་ཤེས་གསལ་ལྟར་རེད།མ་གཞིར་བོད་པའི་ཁ་དཔེར།རིགས་ངན་ཤན་པ་ཞེས་བརྗོད་པ་ཡང་སྲོག་གཅོད་ལ་མི་འཛེམས་པའི་གང་ཟག་ལ་ཆེད་དུ་དམིགས་ནས་བརྗོད་ཀྱིན་པ་འདིས་བོད་རིགས་ནི་སྲོག་གཅོད་ལ་དགའ་བའི་མི་རིགས་ཞིག་ཡིན་མིན་གསལ་བོར་རྟོགས་ཡོང་བ་ཞིག་རེད།
  དེང་སྐབས་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་ཨ་རི་དང་ཁཱ་ན་ཏ་སོགས་ཀྱིས་ལོ་བཅུ་ཕྲག་འགའི་སྔོན་ནས་བཙོན་པ་ཉེས་པ་ལྗིད་མོ་ཅན་དག་ལ་སྲོག་ཁྲིམས་གཅོད་པ་ཁྲིམས་ཀྱི་ཐོག་ནས་གཏན་མེད་དུ་བྱས་པ་དང་། མི་གསོད་ཉེས་ཅན་ལ་ཡང་ཚེ་བཙོན་དུ་བཞག་ནས་ཚེ་གང་ལ་བསམ་པའི་སློབ་གསོ་དང་རང་གི་བྱས་ཉེས་ལུས་འདིའི་སྟེང་ནས་མྱོང་བར་བྱེད་པ་ནི་ལས་ངན་འབྲས་བུ་ཟད་པའི་རྒྱུ་རུ་འགྱུར་བ་ཞིག་དང་།བླ་ན་མེད་པའི་མི་ཆོས་ཀུན་སྤྱོད་ཀྱི་རྩེ་མོར་གྱུར་བ་ཞིག་རེད།
            གཉིས་པ། ཚེ་སྲོག་འདྲ་མཉམ་ལས་བརྒལ་བའི་བོད་མིའི་བྱ་སྤྱོད།
  སྤྱི་ཚོགས་འཕེལ་རྒྱས་དང་ཚོང་ལས་འཁོར་རྒྱུགས་ཀྱི་རྒྱ་ཇེ་ཆེར་ཕྱིན་པ་དང་བསྟུན།ཉེ་བའི་དུས་རབས་སྔོན་མ་འདིའི་ནང་བོད་ཡུལ་ཀུན་ཏུ་ཕྱུགས་ཟོག་མཚམས་མེད་བཙོང་ནས་སྒོར་མོ་བཙལ་བའི་ལས་འགུལ་བྱུང་བ་དང་། བོད་ཡུལ་མང་པོར་བཤས་རྭ་གཅིག་ལས་གཅིག་ལྷག་བཙུགས་ཏེ་བོད་ཡུལ་བཤས་རྭའི་རྫོང་དང་མི་ཡུལ་གྱི་དམྱལ་བ་ལྟ་བུར་འགྱུར་བཞིན་པའི་སྐབས་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་ལགས་བྱོན་ནས་ཤ་ཚའི་འབོད་སྐུལ་གནང་བས་སྲོག་གཅོད་ཀྱི་སྒོ་མོ་ཆེན་མོ་ཡོངས་སུ་ཁེགས།ཉེ་བའི་ལོ་འགའི་སྔོན་ནས་ཀྱང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་བླ་སྤྲུལ་མཁན་ཆེན་མང་པོས་སྲོག་གཅོད་སྤོང་བ་དང་ཚེ་ཐར་སྲོག་བསླུའི་བསླབ་བྱ་མང་པོར་གནང་བས་བོད་མིའི་མང་པོ་ཞིག་གི་ཁ་ལ་ཤ་རྡོག་གཅིག་ཀྱང་མི་རག་པའི་ཚོད་དུ་སོང་ཡོད། འདི་ནི་གཅིག་བྱས་ན་ཧ་ཅང་ཐལ་ཆེས་པ་ཡིན་ཡང་ལས་བཟང་ཞིག་ཏུ་ཡང་མཐོང་ངོ་།།དེ་དང་འབྲེལ་བར་ཁམས་ཀྱི་ཡུལ་གྲུ་མང་པོར་ཕྱུགས་ཟོག་ཐམས་ཅད་ཚེ་ཐར་གྱིས་རི་ལ་བཏང་བ་དང་།ལག་རྐུན་མ་མང་པོ་ཡང་རིམ་བཞིན་དར་བས་ཕྱུགས་ཀྱི་དོན་དུ་མི་གསོད་ཁྲག་སྦྱོར་མང་པོ་བྱུང་བ་འདི་ཧ་ཅང་ཐ་ཞན་ནོ།། མི་དང་དུད་འགྲོའི་སྲོག་བརྗེ་བའི་བྱ་སྤྱོད་འདི་ཡང་ཤིན་ཏུ་ཐལ་ཆེས་པ་དང་།གཞན་མི་རིགས་མང་པོས་བོད་རིགས་ཀྱིས་ཕྱུགས་གསོད་པ་སྡིག་ཆེར་བརྩི་ཡང་།མི་གསོད་རྒྱུ་རྩྭ་གཅོད་པ་ལས་སླ་མོར་བརྩི་ཞེས་འཕྱ་སྨོད་དང་ཟུར་ཟ་བྱེད་བཞིན་འདུག་པས།སྡིག་པའི་ནང་ན་སྲོག་གཅོད་ལྕི།།སྲོག་གཅོད་ནང་ན་མི་གསོད་ལྕི་ཞེས་གསུངས་པ་ལྟར།དགེ་སྡིག་གཉིས་དང་མིའི་འཚོ་བ།རབ་བྱུང་བ་དང་འཇིག་རྟེན་པ།ཡ་རབས་དང་མ་རབས།མི་ཆོས་དང་ལྷ་ཆོས་ཀྱི་ས་མཚམས་གསལ་བོ་ངོས་ཟིན་རྒྱུ་ཡང་གལ་ཆེན་པོ་ཡིན།འཇིག་རྟེན་ཁྱིམ་པའི་འཚོ་ཆས་འདི་སྔོན་ཆོས་རྒྱལ་ཆེན་པོ་དག་དང་།ས་དགེ་ཀར་རྙིང་གི་བྱང་སེམས་ཆེན་པོ་དག་གིས་ཀྱང་ཆེད་དུ་བཀག་པ་མེད་པས་འཇིག་རྟེན་པ་ལ་འཇིག་རྟེན་པའི་འཚོ་བ་ཡོད་པ་དང་།གང་ཟག་དང་གང་ཟག་ལ་ཚོད་མི་བཏུབ་པས་དགེ་སྦྱོར་ཁམས་ཀྱིས་ཐུབ་ཚོད་ཟེར་བ་ལྟར་ལེགས་ཉེས་བླང་དོར་ཤེས་པ་དག་གིས་རང་བཞིན་སྒྲུབ་ངེས་པ་ཞིག་ཡིན་པས་མཁན་ཆེན་དག་གིས་བོད་རིགས་མི་དམངས་ཀྱི་ཁ་ལ་ཆེད་དུ་ཤ་གཅོད་པའི་མངགས་བྱ་མ་བྱས་ཀྱང་ཆོག་གོ།
  བོད་མིའི་ཁ་དཔེར།མགོ་ནག་མིའི་རིགས་བརྟེན་ས་ཕྱུགས་རིགས།།རྐང་བཞི་ཕྱུགས་རིགས་བརྟེན་ས་རྩྭ་རིགས་ཟེར་བས་བོད་མི་རོང་འབྲོག་རྣམས་ཕྱུགས་ལ་མ་བརྟེན་པར་ནང་ལོག་བཞིན་འཚོ་ཐབས་དཀའ་མོ་ཡིན་པ་དང་། ཕྱུགས་ཟོག་མེད་པར་བྱས་པ་འདིས་མགོ་སྦྲ་དང་པགས་ཚགས།མར་ཕྱུར།ཐ་ན་འབུད་རྫས་ཚུན་ལ་གྱོང་གུན་མང་པོ་ཞིག་ཐེབས་བཞིན་པ་དང་།བོད་མིས་གནའ་ནས་ནོར་ལ་ནོར་ལྟར་འཛིན་པ་དེ་ད་ལྟ་བདག་མེད་རི་ལ་བཏང་བ་ནི་བསམ་བཞིན་རང་གི་ཁ་ལ་ཐལ་བ་དཀྲིས་པ་དང་།སྔོན་མཛངས་བློན་ཆེན་པོས་རི་དྭགས་གཡུང་དུ་ཕབ་ནས་སྒོ་ཕྱུགས་སུ་བཏུལ་ཞིང་།སྒོ་ཕྱུགས་བཏུལ་ནས་ཞིང་ལས་གཉེར་ཞིང་འབྲོག་ལས་གཉེར།སྤྲུལ་བའི་ཆོས་རྒྱལ་ཆེན་པོ་དེས་ཀྱང་ཞིང་འབྲོག་ལམ་ལུགས་ཐོན་སྐྱེད་ལག་ཏུ་བསྟར་ཏེ་བོད་མིའི་དཔལ་འབྱོར་གོང་འཕེལ་དུ་བཏང་ནས་སྟོབས་འབྱོར་ཆེན་པོ་རྒྱ་ནག་ཐང་གུར་དང་མཉམ་པ་བྱུང་བ་ལ་གཟིགས་རོགས་ཞུ།
  བོད་ཡུལ་འདི་དམིགས་བསལ་གྱི་ས་བབ་ཏུ་སོང་གཤིས་ཤ་རིགས་དང་པགས་རིགས་ཀྱི་རིག་གནས་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་པས་ཐུབ་པ་ཆེན་པོའི་ལུགས་ཀྱང་ཡུལ་ལུགས་དང་བསྟུན་པས་ཉམས་སུ་བླངས་ཤིང་། གནས་དང་བསྟུན་པ། སྲོལ་དང་བསྟུན་པའི་བཅས་པ་མཛད་པ་སངས་རྒྱས་ཀྱི་དགོངས་པར་སོང་། དེས་ན་གསར་བར་གྲགས་པའི་དགེ་བཅུ་དང་དེའི་ཕྱོགས་གཏོགས་ཀྱིས་བོད་མིའི་འཚོ་བ་དང་དངོས་ཡོད་གནས་ཚུལ།དཔལ་འབྱོར་སོགས་ཕྱོགས་གང་ཐད་ལ་གནོད་ལས་ཕན་མི་འདུག་པས་ཆོས་པ་ཆོས་པའི་སར་བསྡད་ནས་ཚེ་གཅིག་ཐར་བ་སྒྲུབ་རྒྱུ་དང་།ཁྱིམ་པ་ཁྱིམ་པའི་སར་གནས་ནས་རང་གི་འཚོ་བ་རང་གིས་སྤྱོད་པ་འདི་ཧ་ཅང་བཟང་ངོ་།། གཞན་དག་སྤྱིར་བཏང་གི་དམངས་ཚོགས་རྣམས་ལ་དམ་ཆོས་ཟབ་མོར་གྲགས་པ་དག་ལས་སྐྱབས་འགྲོ་དང་དགེ་བསྙེན་ལས་དོན་གོ་ཆེ་བ་མི་འདུག   སྔོན་མཉམ་མེད་ཇོ་བོ་ཆེན་པོས་བོད་རྣམས་ཚེ་གཅིག་ལུས་གཅིག་སངས་རྒྱད་སུ་འགོད་པའི་གདམས་ངག་སྐད་པོ་ཆེ་མ་གསུང་བར་སྐྱབས་འགྲོ་དང་ལས་འབྲས།དགེ་བསྙེན་གྱི་སྡོམ་པ་ལ་བཀོད་པ་དེ་ཀ་རང་རེད།ལྷག་པར་རང་རེའི་པཎ་ཆེན་དག་གིས་མཛད་པའི་ས་སྐྱ་ལེགས་བཤད།དགེ་ལྡན་ལེགས་བཤད།ཆུ་ཤིང་བསྟན་བཅོས།རྒྱལ་པོ་ལུགས་ཀྱི་བསྟན་བཅོས་རྣམས་ནི་དེང་སང་གསེར་ལ་གསེར་ངོ་མ་ཤེས་པར་བཞག་འདུག་པ་ཤིན་ཏུ་ཕངས།ལེགས་བཤད་བསྟན་བཅོས་ཆེན་མོ་བཞི་འདི་ནི་དོན་དངོས་ནས་མང་ཚོགས་ལ་ཁྲིད་ན་ཕན་ཐོགས་ཆེན་པོ་ཡོད་པ་དང་།ལེགས་བཤད་འདི་དག་གིས་མི་ཆོས་ཀུན་སྤྱོད་ཀྱི་ལམ་ནས་དམ་པ་ལྷ་ཆོས་སུ་རང་ཤུགས་ཀྱིས་ཁྲིད་ངེས་པས་འདི་ནི་རྩ་ཆེ་བའི་སློབ་གསོ་ཞིག་ཏུ་ཁོ་བོས་འདོད། རྒྱ་གར་གྱི་འཕགས་ཆེན་དེ་དག་གིས་ཀྱང་ལུགས་ཀྱི་བསྟན་བཅོས་གྲངས་མེད་མཛད་པ་དེས་མཚོན་དགེ་མཚན་ཁྱད་པར་ཅན་ཡོད་པར་མཐོང་ངོ་།།
            གསུམ་པ།བོད་མིའི་སྲོལ་རྒྱུན་ཁྲོད་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་ཚུལ།
  བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ལ་འགྲོ་བ་མིའི་རིགས་མ་ཟད།རི་སྐྱེས་སྲོག་ཆགས་དང་འདབ་ཆགས་སོགས་སྲུང་སྐྱོབ་ཀྱི་སློབ་གསོ་ཡག་པོ་ཞིག་ཡོད་པ་འདིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ཞིག་མངོན་བཞིན་ཡོད།ང་ཚོ་ཚང་མས་ཤེས་གསལ་ལྟར་ཆུང་བྱིས་པའི་དུས་སུ་དྲིན་ཕ་མ་དང་།གཉེན་ཉེ།ཡུལ་མི་རྒན་རབས་རྣམས་ཀྱི་ངག་ལས་ཁྱིམ་གྱི་གཡས་གཡོན་མཐའ་སྐོར་དུ་གནས་པའི་བྱིའུ་དང་། སྐྱ་ཀ ཕུག་རོན། དེ་ཕོ། གོང་མོ། བྱི་ལ། ཁྱི་ཕྲུག ཉ་དང་སྦལ་གཅོང་སོགས་སྲོག་ཆགས་ཆེ་ཆུང་སྣ་ཚོགས་པ་དེ་དག་གསོད་མི་རུང་བ་གོ་མྱོང་བ་དང་། གལ་ཏེ་སུ་ཞིག་གིས་ཁྱིམ་གྱི་བྱིའུ་བསད་ན་རྗེས་མར་རང་ཉིད་གཞན་གྱིས་གསོད་པར་འགྱུར་བ་དང་། ཁྱིམ་སྟོངས་ནས་བྱིའུ་གང་བར་འགྱུར་བ་དང་།སྐྱ་ཀ་ནི་གསོད་པ་ཕར་ཞོགསྐྱ་ཀ་ཁྲ་མོ་གླིང་གི་བྱ་ཞེས་ཁྱིམ་ལ་འགྲུལ་བ་ཡག་པོ་ཐོན་པའི་བཀྲ་ཤིས་སྔོན་བརྡ་སྐྱེལ་མཁན་དང་།སྐྱུང་ཀ་བསད་ན་སྐྱུང་ཀ་དམར་མོ་འབྲུ་ལེན་མ་ཟེར་བས་རང་ཁྱིམ་གྱི་འབྲི་མོ་ཡང་ཤི་འགྲོ་བ་དང་།ཕུག་རོན་དང་དེ་ཕོ།གོང་མོ་གསུམ་ནི་རྗེ་བཙུན་སྒྲོལ་མའི་ལྷ་བྱ་ཡིན་པས་འབུ་སྲིན་སོགས་གཏན་ནས་མི་ཟ་བར་རྡོ་དང་གསེག་མ་ཁ་ཟས་སུ་བྱེད་པ་དང་།དེ་དག་ལ་གནོད་འཚེ་བཏང་ན་རང་ལ་རྐྱེན་ངན་དེ་མ་ཐག་འབྱུང་བ་དང་།བྱི་ལ་ནི་ལྷ་དབང་པོས་མི་ཡུལ་གྱི་ལེགས་ཉེས་ཤན་འབྱེད་དུ་མངགས་པ་ཡིན་པས།ཁྱིམ་ཚང་སུ་ཞིག་གི་ནང་བྱམས་པོ་དང་མཐུན་པོ།ནང་མི་ཕན་ཚུན་བརྩེ་བ་ཡོད་ན་བྱི་ལ་ཁྱིམ་དེའི་ཚ་ཐབ་དང་ཉལ་ཐབ་སྟེང་སྒྲོལ་མ་འདོན་པ་ཡིན་ཞེས་ཁ་ནས་འུར་འུར་ཟེར་ཞིང་སྙིང་རྗེ་རྗེ་ལྟར་འདུག་པ་དང་།དེ་ལས་ལྡོག་སྟེ་ཁྱིམ་དེར་ཆེ་བཀུར་ཆུང་བྱམས་མེད་པ་དང་།ཞེ་སྡང་དང་ཁོང་ཁྲོས་ཚིག་རྩུབ་སྣ་ཚོགས་བརྗོད་ན་བྱི་ལ་ཡང་ཁྱིམ་དེར་མི་གནས་པར་བྱི་ལ་ལྡོམ་པོ་ཞེས་འཁྱམས་མྱུལ་དུ་སོང་ནས་ཁྱིམ་དེར་གཏན་ནས་མི་ལོག་པ་དང་།གལ་ཏེ་བྱི་ལ་བསད་ན་ཕྱི་མར་བྱི་ལའི་ལུས་དང་འདྲ་བའི་གསེར་གྱི་བུ་ལོན་འཇལ་དགོས་པས་དབུལ་པོར་སྐྱེས་པར་ཐེ་ཚོམ་མེད་པ་དང་།ཉ་ལྕེ་མེད་སྡིག་པ་འདག་མེད་ཅེས་ཆུ་གནས་སྲོག་ཆགས་མང་པོ་ཟ་སྲོལ་མེད་པ་དང་།རི་བོང་ནི་བྱང་ཆུབ་སེམས་དཔའི་སྤྲུལ་བ་ཡིན་པས་ཤ་དང་ཁྲག་འཁོལ་མ་ཞེས་བཟའ་བ་མེད་ལ། སྤལ་བ་བསད་ན་ལུས་ལ་མཛེ་ནད་འབྱུང་བ་དང་། བཞོན་མ་ནི་གསོད་པ་ཕར་ཞོགཤ་ཡང་ཟ་སྲོལ་མེད་པ་སྟེ། ཇ་དཀར་པོ་འཐུང་གི་གཞི་མ།འབྲི་མར་སེར་པོའི་མཆོད་པ།མགོ་ནག་བོད་ཀྱི་སྦྲ་ལེན་ཞེས་ཁ་གཡང་རྟེན་འབྲེལ་བོས་ཏེ་ཚེ་ཐར་ལ་གཏོང་བ་སོགས་ཀྱི་སྲོལ་རྒྱུན་འདིས།བོད་མི་རིགས་ཀྱིས་གནའ་སྔ་མོ་ནས་སྐྱེ་འགྲོ་སྲོག་ཆགས་ཐམས་ཅད་ལ་འདྲ་མཉམ་དང་རང་དབང་སྤྲད་ཡོད་པ་དང་།རང་བྱུང་ཁམས་ཆེན་མོའི་ནང་འཆམ་མཐུན་དང་བདེ་སྐྱིད་ངང་གནས་པའི་དན་རྟགས་རྨ་མེད་པ་ཞིག་རེད།མི་རིགས་གང་དང་གང་ཡིན་ཡང་རང་རང་གི་སེམས་ངོ་ན་རང་གི་མི་རིགས་གང་ཡིན་པ་དེའི་གོམས་གཤིས་ཤིག་ཡོད་པ་དང་།རང་ཉིད་ཐེ་བའི་བོད་རིགས་གཞོན་ནུ་མང་པོ་ཞིག་གིས་ཀྱང་ཡབ་མེས་ཀྱི་སྐད་ཆ་དག་རྒྱུ་མཚན་དང་གནས་ལུགས་ཡོད་མེད་གང་བྱས་ཀྱང་ནམ་ཡང་སེམས་ངོ་ན་གསོན་པོར་གནས་པས།ཆུང་བྱིས་པའི་དུས་ནས་བྱིའུ་མི་གསོད་ཅིང་།སྐྱ་ཀ་དང་གོང་མོ་སོགས་དེ་བས་ཀྱང་མི་གསོད་པར་རིམ་བཞིན་འཚར་ལོངས་བྱུང་བ་དང་།དེང་རབས་སྤྱི་ཚོགས་ཀྱི་སྣེ་ཟུར་གང་ལ་ཐོན་ན་ཡང་བསམ་བློའི་འདུ་ཤེས་དང་རིན་ཐང་ལྟ་ཚུལ་འགའ་ཤས་ཐད་མི་རིགས་གཞན་ལ་མི་མཐུན་པ་ཡོད་ཀྱང་། འཛམ་གླིང་གི་སྔོན་ཐོན་དུ་གྲགས་བསམ་བློ་དེ་དག་དང་དཔུང་བ་མཉམ་གཤིབ་ཀྱིས་གནས་ཐུབ་ཡོད་པ་དང་། གཅིག་བྱས་ན་སྲོག་ཆགས་བསད་པའི་ཉེས་པ་ཡོད་མེད་དེ་གཙོ་བོ་མིན་པར་སློབ་གསོ་དེའི་ཕན་འབྲས་ནི་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་པ་རེད།
མི་ནི་མ་གཞི་ནས་སྲོག་ཆགས་ཀྱི་རིགས་སུ་སོང་གཤིས་འདབ་ཆགས་དང་རི་སྐྱེས་སྲོག་ཆགས་ནི་ལྷན་སྐྱེས་སུ་མིའི་རིགས་ཀྱི་གྲོགས་པོ་ཡིན་པ་དང་།རང་བྱུང་ཁམས་ཆེན་མོའི་བདག་དབང་འདྲ་མཉམ་ཡིན་པའི་བསམ་བློ་འདི་འདྲ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་བསམ་བློའི་ཁྲོད་ན་མ་གཏོགས་མཐོང་རྒྱུ་མེད་དོ།། དེ་བཞིན་བྱིས་པ་རྣམས་མེ་འཁྱེར་གྱི་རྩེད་མོ་བྱེད་མི་ཉན་པ་དང་།མེ་འཁྱེར་ནས་རྩེད་མོ་སོགས་བྱས་ན་རང་གི་ཁྱིམ་གྱི་ཅ་ལག་བོར་སྟོར་འབྱུང་བར་བཤད་པ་འདིས་མེ་དགྲ་སྔོན་འགོག་གི་སློབ་གསོའི་ནུས་པ་ཐོན་བཞིན་པ་དང་།ཆུ་མགོ་དང་ཆུ་ནང་དུ་མི་གཙང་གཅིན་སྐྱག་ཁ་ཆུ་སོགས་འདོར་མི་རུང་བ་དང་།ཆུ་ནི་ཀླུའི་ཕོ་བྲང་ཡིན་པས་རང་ལུས་ལ་རྨ་འབྲུམ་འབྱུང་བར་བཤད་པ་འདིས་རང་བྱུང་ཁམས་དང་ཁོར་ཡུག་ལ་སྦག་བཙོག་བཟོ་བ་སྔོན་འགོག་བྱེད་པ་དང་།ཙནྡན་ནི་ཀླུ་ཤིང་ཡིན་པས་ལྷ་དཀོན་མཆོག་མཆོད་པའི་རྫས་ལ་ཤིང་བཅོས་ཀྱི་ཚུལ་དུ་ཡལ་ག་དང་ལོ་མ་སོགས་ནས་བཏོག་པ་མ་གཏོགས་གཅོད་བསྲེག་མི་ཉན་པར་བཤད་པ་འདིས་ནགས་ཚལ་སྲུང་སྐྱོབ་བྱེད་པ་དང་།རི་བདག་དང་ས་བདག་ལ་ཕོག་ཐུག་བཟོ་བས་གང་སར་བ་བརྐོ་རྡོ་སློག་མི་བྱེད་པ་འདིས་ས་ཤུན་གཏོར་བརླག་དང་ཐོན་ཁུངས་སྲུང་སྐྱོབ་ཀྱི་ནུས་པ་ཐོན་པ་སོགས་ཀྱི་བསམ་བློའི་སློབ་གསོ་འདིས་མདོ་དབུས་མཐོ་སྒང་འདི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གནས་པར་སྲུང་སྐྱོབ་ཀྱི་དགེ་མཚན་བླ་ན་མེད་པ་ཞིག་ཐོན་ཡོད་པ་རེད། མདོར་ན་བོད་ཀྱི་སྲོལ་རྒྱུན་སློབ་གསོ་དེས་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། འཛམ་གླིང་གི་སྐྱེ་འགྲོ་ཐམས་ཅད་འཆམ་མཐུན་ཞི་བདེ་ཡོང་བར་ཕན་ནུས་བླ་ན་མེད་པ་ཐོན་ཡོད་པ་དང་། སླད་མར་རང་གི་མི་རིགས་ཀྱི་སྲོལ་རྒྱུན་གྱི་བསམ་བློ་དང་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་ལ་འདོར་ལེན་སོགས་བྱས་ཏེ་རང་གི་མི་རིགས་ཀྱི་བསམ་བློའི་སྙིང་སྟོབས་དང་གོམས་གཤིས་རྒྱུན་འཛིན།བརྩི་བཀུར་བཅས་བྱེད་དགོས་པ་ཡིན་ནོ།།ཅེས་ཨ་འབུམ་བློ་བཟང་དམ་ཆོས་དུ་འབོད་པས་དེང་སྐབས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཚེ་ཐར་དང་སྲོག་བསླུའི་རླབས་རྒྱུན་ཞིག་དང་།དགེ་བཅུའི་ཁྲིམས་ཞེས་པ་ཞིག་གསར་དུ་བཟོས་ནས་བོད་མི་འབྲོག་ཚང་མང་པོས་སྒོ་ཕྱུགས་ཚུན་ཆད་མེད་པར་བྱེད་པ་དང་།དགེ་བཅུའི་ཁྲིམས་འགལ་ཉེས་ཅན་ཟེར་བའི་ལས་འགུལ་འདྲ་མིན་མཐོང་བ་རྐྱེན་བྱས་ཏེ།བོད་མིས་ཆེད་དུ་ཚེ་ཐར་སྲོག་བསླུ་མ་བྱས་ཀྱང་ཆོག་ལ་སྔོན་གྱི་སྲོལ་དང་མཐུན་པར་འཚོ་བ་སྐྱེལ་ཚུལ་གཟུ་བོར་གནས་པའི་བློས་དཔྱད་དེ་ཆེད་དུ་བྲིས་པ་ཡིན།དེས་ན་འདིར་རང་གི་རིགས་ལ་སྙིང་ནས་བསམ་པའི་ཚུལ་དུ་བྲིས་པར་ཆེན་པོ་སུ་དང་གང་གི་ཐུགས་དང་འགལ་བ་ཡོད་ན་འཐོལ་ལོ་བཤགས་ཞིང་།ཁྱེད་ཚོས་ཀྱང་བོད་མི་སེམས་ཅན་དམྱལ་བར་ལྷུང་བར་མ་བཟོད་ནས་དེ་ལྟར་བཤད་པ་ཡིན་ན།ཁོ་བོས་ཀྱང་བོད་མི་སེམས་ཅན་རྣམས་སྡུག་བསྔལ་དུ་གྱུར་ཞིང་འཚོ་བས་ཕོངས་ཤིང་ལམ་དང་བྲལ་བ་མཐོང་བ་མ་བཟོད་ནས་བྲིས་པ་ཡིན། མཐར་མར་གྱུར་འགྲོ་བའི་ཚོགས་རྣམས་བདེ་བ་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་ཤོག

            བོད་ཡིག་སློབ་ཚན་ལ་བཤད་ཁྲིད་བྱེད་སྟངས་ཅུང་ཙམ་གླེང་བ་ཤེས་རབ་སྒྲོན་མེ།

  འདིར་བོད་ཡིག་བཤད་ཁྲིད་ཀྱི་རྩ་བའི་རེ་འདུན་མདོར་བསྡུས་ལག་ཏུ་ལེན་བདེ་ཞིག་བཤད་པ་ལ།
        དང་པོ།   བཤད་ཁྲིད་ངོས་འཛིན།
  བཤད་ཁྲིད་ཟེར་བ་ནི་རྒྱ་ཡིག་གི་说课ཟེར་བ་འདི་ཐད་བསྒྱུར་བྱས་པ་ཞིག་ཡིན་ཞིང་།  འདི་ནི་དགེ་རྒན་གྱིས་སློབ་ཚན་ཞིག་སློབ་མར་ཇི་ལྟར་སློབ་ཁྲིད་བྱེད་རྒྱུའི་དགེ་རྒན་གྱི་སློབ་ཁྲིད་ནུས་པར་བལྟ་སྟངས་ཅིག་ཡིན།
       གཉིས་པ། བཤད་ཁྲིད་ཀྱི་གལ་ཆེན་རང་བཞིན།
  སློབ་ཚན་ཅིག་སློབ་ཁྲིད་བྱེད་པ་ལ་སློབ་ཚན་དེ་ཇི་ལྟར་ཁྲིད་པ་ནི་དགེ་རྒན་གྱིས་རྩ་བའི་ཐད་ནས་བསམ་གཞིགས་ནན་ཏན་བྱེད་དགོས་པ་ཞིག་ཡིན་ཞིང་།བཤད་ཁྲིད་ཀྱི་ཁ་གཏད་ས་ནི་དགེ་རྒན་དང་དགེ་རྒན་བར་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་།ཆེད་ལས་པས་དགེ་རྒན་གྱི་སློབ་ཁྲིད་སྤུས་ཚད་ལ་ཚད་འཇལ་གྱི་གཞི་ལྟ་བུ་ཞིག་ཡིན།དེ་བས་བཤད་ཁྲིད་ཇི་ལྟར་བྱེད་ཤེས་ན་དགེ་རྒན་དེའི་སློབ་ཁྲིད་ཀྱི་ནུས་པ་དང་ཕན་འབྲས་ཀྱང་དེ་བཞིན་ཐོན་ཐུབ་པ་རེད།                 སྤྱིར་བཏང་བཤད་ཁྲིད་བྱེད་སྟངས་རང་རྒྱལ་དུ་ལག་ལེན་བཏབ་པའི་དུས་ཚོད་ཧ་ཅང་མང་པོ་འགོར་མེད་ན་ཡང་།  ང་ཚོ་བོད་སྐད་ཡིག་ལ་བཤད་ཁྲིད་ཀྱི་རྣམ་པ་འདི་དུས་ཡུན་ཧ་ཅང་ཐུང་ཐུང་ཞིག་སྟེ།  ཉིས་སྟོང་བཞི་ལོར་མཚོ་སྔོན་ནས་ལག་བསྟར་བྱས་ཤིང་།རང་རེ་དཀར་མཛེས་ཁུལ་ལ་ཉིས་སྟོང་ལྔ་ནས་རིམ་གྱིས་ལས་བྱེད་རྒྱུགས་ལེན་གྱི་ཁ་རྒྱུགས་ནས་སློབ་གྲྭའི་སློབ་གསོ་ལ་ཕྱོགས་ནས་ཡོང་བ་དང་།  ད་ལྟ་རང་རེའི་བོད་ཡིག་དགེ་རྒན་རྒན་རབས་པ་མང་པོས་མཐོང་ཐོས་མ་བྱུང་ཟེར་མཁན་ཡང་འདུག དེས་ན་དེང་རབས་ཀྱི་ཁྱད་ཆོས་ལྡན་ལ་སློབ་གསོའི་ཆོས་ཉིད་དང་རིག་པའི་འགྲོས་དང་མཐུན་པའི་སློབ་ཚན་བཤད་ཁྲིད་འདི་ནི་བོད་ཡིག་དགེ་རྒན་རྣམས་ཀྱིས་དང་དོད་བྱེད་དགོས་རྒྱུའི་གནད་ཞིག་རེད།
  གསུམ་པ།  བཤད་ཁྲིད་ལ་ཚང་དགོས་པའི་རྩ་བའི་དོན་ཚན།
དང་པོ།  སློབ་དེབ་ལ་དབྱེ་ཞིབ་བྱེད་པ།༼སློབ་དེབ་ཀྱི་གོ་གནས་དང་ཕན་ནུས་སྐོར༽
གཉིས་པ།  སློབ་ཁྲིད་ཀྱི་དམིགས་ཚད་བཤད་པ།
དེ་ལ་ཡང་དོན་ཆུང་གསུམ་གྱིས་བཤད་དགོས་པ་སྟེ།
༡ ཤེས་བྱ་དང་ནུས་པའི་དམིགས་ཚད།
༢ བརྒྱུད་རིམ་དང་ཐབས་ཤེས།
༣ བརྩེ་སེམས་དང་རིན་ཐང་ལྟ་ཚུལ།
གསུམ་པ།   སློབ་ཁྲིད་ཀྱི་དཀའ་གཙོ་གནད།
བཞི་བ།   དགེ་རྒན་གྱིས་ཁྲིད་ཐབས།
༡ ཐད་ཁྲིད་ཀྱི་རྣམ་པ་སྤྱོད་པ།
༢ ཞིབ་བསྡུར་གྱི་བྱེད་ཐབས་སྤྱོད་པ།
༣ ཚན་ཆུང་དགར་བའི་བྱ་འགུལ།
ལྔ་བ།    སློབ་མས་སྦྱོང་ཐབས།
དྲུག་པ།    སློབ་ཁྲིད་ཀྱི་གོ་རིམ།
༡ སློབཁྲིད་གསར་བར་འདྲེན་པ།
༢ སློབ་ཁྲིད་གསར་བར་ཞུགས་པ།
༣  སློབ་ཚན་ངོ་སྤྲོད།
༤ སློབ་ཚན་གྱི་བརྗོད་བྱ་གཙོ་བོ།
༥ ཤེས་བྱ་ཕྱོགས་བསྡུས།
༦  སློབ་ཐུན་ཕྱོགས་བསྡུས།
༧  ལས་བྱ་བཀོད་སྒྲིག
༨  སྒོ་སམ་ཇུས་འགོད།
  བདུན་པ།   བཀོད་སྒྲིག་གི་བསམ་ཚུལ།
འདི་དག་ནི་རྩ་བའི་རེ་འདུན་དང་ཚང་དགོས་པའི་དོན་ཚན་ཡིན་པ་དང་།ལས་དང་པོ་བས་བྱེ་བྲག་གི་དོན་ཚན་སོ་སོར་བཤད་མ་ཐུབ་ན་ཡང་སྐྱོན་ཆེན་པོ་མེད།  ཡིན་ན་ཡང་།  སློབ་ཁྲིད་ཀྱི་དམིགས་ཚད།   སློབ་ཚན་གྱི་དཀའ་གཙོ་གནད།སློབ་མས་སྦྱོང་ཐབས་དང་དགེ་རྒན་གྱིས་ཁྲིད་ཐབས་བཅས་ནི་ངེས་པར་དུ་མ་བཤད་ཐུ་མེད་ཡིན་པས་བཤད་ཁྲིད་དགེ་རྒན་ལས་དང་པོ་བས་གོ་རིམ་མ་འཆོལ་བ་བྱེད་རྒྱུ་གལ་ཆེ།
  བཞི་བ།  བཤད་ཁྲིད་སྐབས་ཀྱི་བླང་བྱ།
སྤྱིར་བཏང་བཤད་ཁྲིད་བཤད་སྟངས་རྒྱས་བསྡུས་དུ་མར་མཐོང་ཡང་གཙོ་ཆེར་གོང་དུ་མ་འདུས་པ་ཕལ་ཆེར་མེད་པ་དང་།གཞན་བཤད་ཁྲིད་དགེ་རྒན་གྱིས་བཤད་ཁྲིད་བྱེད་སྐབས་སྨྲ་བརྗོད་དག་ཅིང་ཚིག་འགྲོས་ལེགས་པའི་སྐད་ཀྱིས་བཤད་རྒྱུ་གལ་ཆེ་ཞིང་།  བཤད་ཁྲིད་ཀྱི་གོ་རིམ་ཁྲོད་དགེ་རྒན་རང་གི་ཕྱོགས་འདུས་ནུས་པ་སྟེ།  ཤེས་བྱ་དང་ལག་ལེན།  བྱ་བྱེད་དང་ཀུན་སྤྱོད།  རྣམ་འགྱུར་དང་སྤུས་ཚད་བཅས་ཐོན་གྱི་ཡོད་པས་སྔ་ཕྱིའི་གོ་རིམ་འཕྲོད་ཅིང་རིག་ལམ་གྱི་འགྲོས་དང་མཐུན་པར་བྱེད་པ་དང་།སྤྱིར་བཏང་སྐར་མ་བཞི་བཅུ་ནང་ཁྲིད་རྒྱུ་དེ་སྐར་བཅོ་ལྔའི་ནང་བཤད་ཚར་དགོས་པས་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱེད་དགོས།  ལྷག་པར་སེམས་ཁམས་སྙོམས་སྒྲིག་ལེགས་པོ་བྱེད་པ་དང་།  འདིས་དགེ་རྒན་ཞིག་གི་ས྄ེམས་ཁམས་བདེ་ཐང་རིག་ལམ་གསལ་པོ་ཡིན་པ་མངོན་ཐུབ་པས་འཚབ་འཚུབ་མེད་པ་གྱིས་ཤིག      

         བོད་ཀྱི་རྩོམ་པ་པོ། 

  སྨྱུ་གུ་འཛིན་ཤེས་ཙམ་ནས་ཆེ་ཆུང་ཁྱད་མེད་ལ་ངན་སྨྲས་དང་མཚང་འདྲུ་རེས་བྱེད་པ་ནི་ལུགས་སྲོལ་ཉམས་བྱེད་རེད། བོད་པའི་མི་རིགས་ཚོས་གཅིག་གིས་གཅིག་ལ་ཕྲག་དོག་དང་སྨད་རེས་གཏོང་བ་འདི་ཤིན་ཏུ་ཐ་ཞན།  ཚང་མས་སྤྱིའི་དོན་དང་ཕན་ཆེ་ས་ལ་མི་བལྟ་བར་ཚིག་གི་མདུང་ཐུང་གང་དུ་འཕྱར་བ་ནི་ཧ་ཅང་ཡིད་ཕམ།  རྩོམ་པ་བཟང་པོའི་ཡོན་ཏན་ནི་ཉོན་མོངས་ཕྲག་དོག་སོགས་ཀྱི་ཁ་སྣོན་མ་ཡིན་པར་ཐུན་མོང་ཡར་སྐུལ་གྱི་ལས་རླབས་པོ་ཆེ་དེ་རེད།སྤྱིར་བཏང་སྤྱི་ཚོགས་སྟེང་གི་བྱ་བར་ལེགས་ཉེས་དགེ་སྐྱོན་བརྗོད་པ་འདི་ནི་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་སྟངས་ཅིག་དང་སྤྱི་ཚོགས་ཀྱི་སྣང་ཚུལ་མཚོན་པའི་རྩོམ་རིག་ཆོས་ཉིད་དང་མཐུན་ན་ཡང་།  ཡར་མཐའ་དང་མར་མཐའ།  ཕན་ལས་གནོད།  དགེ་ལས་སྡིག་འཕེལ་བའི་བསྟན་བཅོས་དྲུག་བྲལ་གསུམ་དུ་བཤད་པའི་དྲུག་ནི་རྣམ་པ་ཀུན་ཏུ་འཇིག་རྟེན་དུ་མ་དར་ན་ཕུན་སུམ་ཚོགས་པ་དང་།  སྔོན་གྱི་ཆེན་པོ་དག་གིས་ཀྱང་དེ་བཞིན་ལུང་དུ་བསྟན་པ་མ་ཟད།  གཞན་སྡེ་དག་གིས་ཀྱང་ལོག་པའི་ལམ་དུ་སྟོན་པ་ཞེས་དངོས་ཤུགས་གང་རུང་ནས་ངན་པའི་ཕྱོགས་སྟོན་དུ་འགྲོ་བའི་བསྟན་བཅོས་ལ་མིག་ཟུར་གྱིས་ཀྱང་མི་བལྟ་ཞེས་ཧ་ཅང་གིས་འཛེམ་དོག་བྱེད།  
  དུས་ཡུན་ལོ་སྔོན་མ་ཙམ་ཞིག་ནས་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་ལ་མ་ཉེས་ཁ་གཏོང་བ་ལ་སོགས་མང་པོ་བྱུང་བ་དང་།  དེ་དག་ནི་ཕན་པ་མེད་པའི་ཚིག་སྟོང་དང་།  སྐུར་འདེབས་བློར་མ་ཤོང་བའི་ལས་ཚབས་ཆེན་ཡིན་པ་ཤེས་པར་བྱོས་ལ།  འདིས་མཚོན་གང་མཐོ་མཐོ་དག་ལ་ཚིག་བཏབ་ནས་རང་གི་མིང་ཇེ་མཐོར་འེ་འགྲོ་ལ་བལྟ་མཁན་དག་གིས་དོན་གྱིས་རྩོམ་པ་མཛད་པར་མོས་ན་ཁམས་གསུམ་ན་བརྗོད་བྱ་ཟད་མི་ཤེས་པ་ཡོད་པས་རྩྭ་འཇག་མར་འཁྲིལ་ནས་མ་འདུག་ཅིག
  ལྷག་པར་ཉེ་ལམ་བོད་ཀྱི་སྤྱི་ཚོགས་འདིར་དགོད་བྲོ་བའི་དོན་མང་པོ་བྱུང་།   མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བོད་ཡུལ་སྟོད་སྨད་བར་གསུམ་ལ་མཛད་འཕྲིན་རྣམ་པར་རྒྱས་ཙམ་ན་ཐམས་ཅད་ཀྱིས་དད་པ་ལྷུར་ལེན།  དགའ་བ་མངོན་དུ་བྱེད།   ཐ་ན་ས་དགེ་ཀར་རྙིང་རིས་མེད་ཀྱིས་དམ་པ་མཆོག་གི་བླང་དོར་སྟོན་པའི་གསུང་རྩོམ་དག་མིག་གི་རྒྱན་དུ་བཟུང་ནས་བལྟ་ཞིང་ཀློག  ཡིན་ན་འང་།  བར་ལམ་ཚ་བ་མདའ་སྨྱུག་གློ་བུར་དུ་གནམ་ནས་བབ་པ་མ་ཤེས་ལ་ས་ནས་ཐོན་པ་མ་ཤེས་པར་སྐུ་འབུམ་ཉི་འོད་དུས་དེབ་སྟེང་མངོན་པའི་ལུགས་ཀྱི་སྣོད་བཅུད་ཀྱི་རྣམ་བཞག་ལ་དཔྱད་པ་ཞེས་པ་ཅིག་སྤེལ་བའི་ནང་མངོན་སུམ་དུ་མཁས་དབང་མཆོག་ལ་མ་རངས་མ་དགའ་བ་དང་རྩོད་པའི་ཚིག་ཐོག་མར་བྱུང་།མ་ཟད་མདའ་སྨྱུག་གིས་བོད་ན་གང་ཆེ་ཆེ་དང་།  ཕྱག་རྗེས་གང་ལས་ཟབ་པ་དག་ལ་ཚིག་གི་མདུང་ཐུང་འཕྱར་བ་མ་ཟད།  རྗེ་བླ་མས་འཇམ་དཔལ་དབྱངས་ཞལ་གཟིགས་པར་བཤད་པ་ཡང་སྣང་མེད་ཐལ་བར་བཏང་ཞིང་།  གོང་ས་མཆོག་རང་དང་ལྟ་ཚུལ་གཅིག་པའི་རྒྱབ་སྣོན་ཙམ་དུ་ཨེ་ལོན་བལྟ། མ་གཞིར་མདའ་སྨྱུག་མཆོག་རྣམ་དཔྱོད་ཀྱི་རྩལ་དང་ལྡན་ཞིང་གཞུང་ལུགས་ལ་རྟོག་དཔྱོད་ཀྱི་མིག་དང་ལྡན་པ་ཞིག་ཡིན་པར་ཁོང་གི་གསུང་རྩོམ་གཞན་དག་ལ་བལྟས་པས་ཤེས།  ཡིན་ན་འང་།  བོད་ཁམས་ཡོངས་འུར་ཟིང་ལེར་བཟོས་ཞིང་ཐོག་དང་པོར་བོད་ཀྱི་ཕྱག་རྗེས་ཅན་དག་ལ་ཁ་སྨྲས་བཏང་་བ་ཙམ་ལས་ལོག་རྟོག་སྙིང་སྟོབས་ན་བཤད་པ་དག་ནི་རང་རེ་རྣམས་ལ་གནའ་ནས་རྩོད་གྲྭར་ཀུ་རེ་རྩེད་མོའི་ཤགས་འགྱེད་བཏང་བ་དེ་ཡིག་ངོར་བསྒྲིགས་པས་ཆོས་གྲྭ་མ་འགྲིམས་པའི་གསར་སྐྱེས་དང་།བཀའ་པོད་ལྔ་བརྩི་ཤེས་མཁན་དག་ལ་བཀའ་པོད་ལྔ་མ་ཤེས་ཀྱང་ཆོག་པའི་ཀླན་ཀ་མང་པོ་ཞར་ལ་དྲུད་ཡོང་བ་དང་།  མཁས་པ་དང་བླ་ཆེན་དག་ལ་ཅི་མི་སྙམ་པར་མཚན་སྨད་གཏོང་བ།  ནང་ཆོས་ཀྱི་འབག་གྱོན་ནས་ནང་ཆོས་ལ་ཐད་ཀར་ཉེས་པ་འདོན་མཁན་སེང་རྡོར་སོགས་དང་།  སྟོན་པ་ཤཀྱཱ་ཐུབ་པ་ནི་ཉེས་ཅན་ཞིག་རེད་སོགས་དུས་ཡུན་ལོ་མང་པོ་ཞིག་ལ་དེ་ལྟའི་རྩོམ་པ་ཞིག་གི་ཆུ་ལྷོག་ལྷོག་དུ་འཁོལ་མྱོང་།ད་དུང་སློབ་འབྲིང་དང་མཐོ་འབྲིང་གི་སློབ་མའི་སྦྱང་གཞི་རྩིས་དངོས་རྫས་གསུམ་བོད་འགྱུར་མ་དག་ཡར་སློག་མར་སློག་བྱས་ཏེ་དེང་རབས་རིག་གནས་དང་ཚན་རིག་བཤད་པ་ནི་ངོ་མ་དགོད་བྲོ་ཞིང་།  ཤེས་མཁན་དག་གིས་བལྟས་པ་ཙམ་གྱིས་གང་གཞིར་བཟུང་ནས་བཤད་ཀྱིན་པ་ཤེས་པས་ཧ་ལས་དགོས་དོན་ཅང་མེད་དོ།།
  ཉེ་ལམ་ནི་སྒོ་ཤེར་ས་བསྟོད་གནམ་བསྟོད་བྱས་ཏེ་ཕ་བླ་བརྡུང་ཞིང་མ་ཤ་ཟ་བའི་ཚུལ་ལས་བརྒལ་ཏེ་རིང་ནས་བཀའ་དྲིན་ཆེན་པོས་བསྐྱངས་པའི་སྐྱབས་མགོན་ཀིརྟི་རིན་པོ་ཆེ་ཚང་ལ་ཡང་རང་གནམ་ཆེན་པོའི་ཚབ་ཏུ་ལངས་ནས་ཚིག་འཆལ་གཏོང་བ་དང་། སངས་རྒྱས་ལ་ཀ་ཁའི་དཔེ་བཞིན་རང་དབང་དང་དམངས་གཙོའི་རྫུ་བག་གྱོན་ནས་མཐའ་མེད་གཡང་ལ་མཆོང་མཁན་མང་པོ་འདུག དེ་ལྟར་བོད་ཀྱི་གཞོན་ནུ་རྣམས་ནི་རྩོམ་པ་ལ་དགའ་ཡང་ཕྱོགས་སྟོན་མཁན་ཡག་པོ་མེད་པས་ད་ལམ་
  རང་རེའི་རྩོམ་རིག་དེ་མཚང་འདྲུ་དང་ངན་སྨྲས།ཕྲག་དོག་གིས་ཚིག་མཚོན་འདེབས་པ། ཐོས་པ་རྒྱ་ཁབ་ཙམ་གྱིས་གཞུང་ལུགས་རི་བོ་ལྟ་བུ་ས་བཤད་ཆུ་བཤད་འདོད་ཀྱིན་པ་ནི་དངོས་ནས་ལོག་པའི་ལམ་དུ་འཕྱན་པ་ཚབས་ཆེན་ཞིག་རེད།  འདི་ཡང་རང་བཞིན་ཞིག་མ་ཡིན་པར་མཐོ་བ་བླ་མ་ཡིས་བླ་མར་དམོད་པ་དང་།དགོན་སེར་གོས་ཅན་གྱིས་སེར་གོས་ཅན་ལ་སྨོད་པ།  དེ་བཞིན་མཁས་པ་ཡིན་ཟེར་མཁན་དང་།  དགེ་རྒན་ཡིན་ཟེར་མཁན།  ཞིབ་འཇུག་པ་ཡིན་ཟེར་མཁན།  སློབ་མ་ཡིན་ཟེར་མཁན།  ཐ་ན་ཕྱུགས་རྫི་ཡིན་ཟེར་མཁན་ཚོས་ཀྱང་ཚིག་འཆལ་མང་པོ་གུང་བསྒྲིགས་ཏེ་རང་འདོད་ཅིག་སྤེལ་བཞིན་པ་འདིས་རང་རེ་བོད་མི་རིགས་ཀྱི་མི་ཆོས་ཀུན་སྤྱོད་དང་ཡ་རབས་སྲོལ་བཟང་ཉམས་པའི་རྒྱུ་བྱེད་ཅིང་།  སྤྱི་ཚོགས་ཡོངས་ལ་མིག་བལྟོས་ངན་པ་ཞིག་སྟེར་བཞིན་འདུག  དེས་ན་འདིར་ཁོ་བོས་ནི་བདེན་པ་ལ་དགའ་ཞིང་དབུ་མར་གནས་པའི་བློས་དཔྱད་ཅིང་སེམས་ཀྱི་དྭངས་མོའི་སྐད་ཆ་འདི་གཞོན་སྐྱེས་རྩོམ་པ་པོ་རྣམས་ལ་ཕུལ་བ་མ་ཟད།ཁ་རང་འདོད་ནས་ཚིག་བདག་མེད་བཤད་པ་ལས་ཆེ་ས་ཆུང་ས་གང་ནས་ཀྱང་རང་རེའི་མི་རིགས་འདིའི་ཀློག་པ་པོ་རྣམས་ལ་ཡ་རབས་དང་བཟང་སྤྱོད་དུ་འགྲོ་བའི་ལེགས་བཤད་མཛད་ན་དོན་དམ་པས་རང་གི་ནུས་པས་རང་གི་རིགས་ལ་སྲི་ཞུ་སྒྲུབ་པ་དེ་ཡིན་ནོ།།  མདོར་ན་ཚིག་ལ་རྩོད་པ་དང་དོན་ལ་རྩོད་པ་དག་འཇུ་མི་ཕམ་དང་དཔའ་རིས་རབ་གསལ་ལྟ་བུར་དམིགས་ཡུལ་གཅིག་གི་དོན་ལ་བསམ་ཞིང་རྩོད་པ་ཆོས་ཕྱོགས་སུ་ཞི་བ་ཞེས་པ་ལྟར་ལྟ་ཚུལ་གུ་ཡངས་དགོངས་བཞེས་དང་བརྩི་བཀུར། གཞན་ཕན་དང་ལྷག་བསམ་གྱི་ཀློང་དུ་འཇགས་པར་ཞུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།