གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་སྐྱ་བོའི་སྙན་ངག་བདམས་བཀོད།

2013-11-15 05:21:00 འབྲོག་སྐྱ་བོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

 

           རྡོ་ཕ་བོང་ཞིག་གི་ངོས་སུ་འདི་བྲིས།
                                            

ཉི་འོད་འོག་ན་སྐམ་ཙེད་དེ།  །
ཆར་བའི་ནང་ན་རློན་ཙར་རེ།   །
སུ་ཞིག་གཡབ་ན་སུ་ཞིག་ཡིན།   །
ཕ་བོང་འདི་ལ་མེ་ཏོག་མེད།   །

ཕར་ཕར་དེད་ན་འགྲོ་མི་གདའ།   །
ཚུར་ཚུར་དྲུད་ཀྱང་ཡོང་མི་གདའ།   །
དབུ་མའི་ལམ་དུ་སྐྱིལ་ཀྲུང་སྡོད།   །
ཕ་བོང་འདི་ལ་བརྩེ་དུང་མེད།   །

གོང་ལ་ཞོན་ནས་ཐུར་ལ་སྤྱོད།   །
ཟུར་དུ་ཉལ་ནས་ཐད་དུ་གཏད།   །  
མཚན་མའི་ནང་དུ་ཅི་ཡང་བྱེད།   །
ཕ་བོང་འདི་ལ་བསོར་རྒྱུ་མེད།  །

ཞབས་ནས་གྲོག་མས་ས་ཁུང་རྐོ   །
ཟུར་ནས་མེ་ཏོག་སྐྱེས་ཤིང་འཆི།   །
ཕ་བོང་དེང་མའི་ཕ་བོང་ཡིན།   །  
ཕ་བོང་འདི་ལ་ཟླ་མཚན་མེད།   །

ཁ་བ་བབས་ན་སྐྱ་སྒོང་ངེ་།  །
མུན་པ་འཐིབ་ན་ནག་ལོག་གེ   །
ཕྱི་ལྭ་བརྗེ་བ་ནང་ལྭ་ཡིན།   །
ཕ་བོང་འདི་ལ་རང་ཚུགས་མེད།  །

སྤྲིན་པ་འགྲོ་ཞོར་གྲིབ་མ་སྐོན།   །
རླུང་བུ་གཡུག་གིན་འགྲམ་ལྕག་ཞུ།    །
བྱ་བྱེའུས་ཐོག་ཏུ་རྟུག་པ་གཏོང་།   །
ཕ་བོང་འདི་ལ་གྱེན་ལངས་མེད།   །

ཆུ་འགྲམ་བཞག་ན་རི་མི་ལོ།   །
ཆུ་ནང་སྐྱུར་ན་ཟམ་མི་ཡོང་།  །
ཡོད་པའི་ནང་གི་མེད་པ་ཡིན།    །
ཕ་བོང་འདི་ལ་བྱེད་ནུས་མེད།   །

ནམ་ཟླ་དཔྱིད་ཀ་དགུན་ཁ་ཡིན།  །
ནམ་ཟླ་དབྱར་ཁ་དགུན་ཁ་ཡིན།   །
ནམ་ཟླ་སྟོན་ཡང་དགུན་ཁ་ཡིན།   །
ཕ་བོང་འདི་ལ་ལང་ཚོ་མེད།   །

ཕ་བོང་འདི་ནི་འཆི་བ་བསྒུག    །
ཕ་བོང་འདི་ལ་སང་ཉིན་མེད།    །
ཕ་བོང་འདི་ནི་ཉོན་རྨོངས་སྤངས།   །
ཕ་བོང་འདི་ལ་སངས་རྒྱས་འབོད།   །

   2013/6/5ཉིན་ལ་རི་མགོ་ཞིག་ཏུ་སྦྱར། 
 
           མགོ་འཁོར་བའི་མཚན་མོ།

           ཟླ་འོད་བསིལ་བ་འཐོར།   །
          དགུ་ཚིགས་འདབ་མ་ལྷུང་།    །
          ནམ་མཁའ་སྟོང་བ་ཞིག   །
          ང་ཡི་མདུན་དུ་ལྷགས།     །
         
          ཆུ་ཡི་ཁ་རུ་གཡེང་།   །
          རླུང་གི་ངོགས་སུ་འཕྱོ།   །
          སྒྲོ་གཤོག་ལེབ་མོ་ཞིག    །
          ཉེ་ནས་ཉེ་རུ་བཅར།   །  
         
          ལམ་ནི་མག་མོག་འགྲོ   །
          སྨུག་རྒྱུའི་གསེང་ན་འགུལ།   །
          སེམས་པ་ཡ་ཡོ་ཞིག    །
          སྨག་རིམ་ཀློང་ན་འདར།   །
         
          སྐར་མའི་ཆག་རོ་དག   །
          མུན་པའི་གཏིང་ལ་ཟགས།    །
          ཡོལ་བའི་རྟག་རྒྱབ་ནས།    །  
          ང་ཡི་སྐྱོ་བ་ལྡག    །

          སྟོང་བའི་སྒལ་གཞུང་ལ།   །
          ཁེན་ཙམ་ཁེན་ཙམ་གྱིས།   །
          གྲིབ་གཟུགས་འཁྱར་འཁྱོར་ཞིག   །
          སེམས་ཆུང་ངང་དུ་འགྲོ   །
       
          ཚོར་བ་ཟ་ཟི་ཙམ།   །  
          རྨི་ལམ་རྗེས་སུ་ཡལ།     །
          སྣང་བའི་བས་མཐའ་ན།     །
          རྡུལ་ཕྲན་འཚང་ཁ་རྒྱག    །
         
          ཡར་མར་གང་དུ་འགྲོ    །  
          གང་ནས་ག་རེ་བྱེད།     །
          མཚན་མོའི་ཟབ་ས་ན།   །
          ང་ནི་མགོ་རེ་འཁོར།    །
                   2013/6/9  ནམ་སྨད་ཞིག་ལ།

           དེ་འདི་མེད་པའི་དུས་སུ།

ཐག་རིང་དེ་ནི་ཐག་རིང་མིན་ཏེ།    །
ནམ་མཁའ་ནག་པོ་དེ་ལ་མཐའ་མེད།   །
གཟུགས་དབྱིབས་མེད་པའི་ལྟེབ་གྲི་ཞིག་གིས   །
གང་ལ་ཐོན་ན་དེ་ན་བསྒུག་ཡོད།    །

ལྷན་འཛོམས་དེ་དག་སྤྲིན་པ་འདྲ་སྟེ།    །
རྨ་ཆུའི་ནང་ནས་ག་ལེར་བཞུར་སོང་།    །
གྱེས་བྲལ་འདི་དག་ལྕགས་ཕུར་མཚུངས་ཏེ།    །
ཕ་བོང་གཏིང་ལ་ཡུན་གྱིས་ཟུག་སོང་།   །

ན་ནིང་ཁོ་བོས་ཐང་ལ་གཡུགས་པ།    །
ད་ལོ་ཅིག་གིས་བྲང་ལ་སྦྱར་སོང་།    །
མདང་ནུབ་སུ་ཡིས་ཕྱི་ལ་བསྐྱུགས་པ།   །
སང་ཉིན་ངོས་ཀྱིས་བལྡག་དགོས་ཐུག་ཡོད།   །

ཚེ་གང་བསོགས་པའི་རྔུལ་ཆུ་འགའ་ཞིག   །
རླུང་ཞིག་གཡུགས་ནས་གློ་རྡེག་ཕྱགས་སོང་། །
དྲན་པའི་ཡུལ་ལ་མ་ཡོང་ཁག་ཅིག    །
རུམ་ལ་འཛུལ་ནས་འོག་ན་ཉལ་འདུག   །  

ང་ནི་ཁང་བའི་ནང་དུ་བསྡད་དེ།    །
སེམས་ལ་རྩྭ་ཐང་དྲན་དགོས་བྱུང་སོང་།    །
ཅིག་ནི་ཁྱོ་བོའི་ལོགས་ནས་ཙོག་སྟེ།    །
སྙིང་ལ་ང་རང་ཉར་ཡོད་ལབ་བྱུང་།   །

བརྒྱད་དགུ་བཅུ་ཡི་ལོ་ཟླ་མ་ཟིན།   །
ཉོག་པའི་དུས་ལ་དྭངས་གཙང་དྲན་ཡོང་།    །
རྒས་ཤིང་འཁོགས་དུས་ལང་ཚོ་གླེང་སྟེ།    །
གང་གང་ཐམས་ཅད་འདི་ལྟར་ཟག་སོང་།    །

གནམ་གྱི་བྱས་བྱས་འདྲ་བའི་ལས་འཕྲོ།    །
བསམ་བསམ་ལྡོག་ནས་ས་ལ་འཐིམས་སོང་།   །
བྱེད་པོ་དེ་ཡི་བྱེད་པོ་སུ་ཡིན།   །
སྟོང་བའི་ནང་ནས་མེ་ཏོག་བཞད་བྱུང་།     །

ང་ཡི་རྨི་ལམ་ཁ་རུ་ལྡང་བའི།    །
སྣང་བའི་སྨིག་རྒྱུ་གྱ་མ་གྱུ་དེ།    །
བར་སྣང་ཁམས་ནས་རླུང་གིས་ཁུར་ནས།   །
དེ་འདི་མེད་པར་དབྱིངས་སུ་ཡལ་སོང་།   །
          2012/7/10མཚན་མོར་ཕ་ཡུལ་དུ་ཤར་ཆེན་ཞེས་བྱ་བའི་ལུང་བ་ཙག་ཁ་ཅན་ཞིག་གི་མདོ་རུ་སྐར་མའི་ངོགས་སུ་བྲིས།

          ཤེལ་སྒོའི་ངོས་ན་འགུལ་བའི་འཇིག་རྟེན།

རླངས་འཁོར་ལམ་ལ་ཆས་སོང་།     །
འབབ་ཚིགས་རྗེས་ནས་ལུས་སོང་།     །
གདོང་ལ་ངུ་ཁ་ལུག་པའི།    །
མགྲོན་པོ་སྙིང་ལ་རྗེ་བོ།     །  
ལམ་ཁའི་གཟུགས་དང་གྲིབ་མ།    །
མིག་གིས་འཐུ་ཞོར་ཕེབས་སོང་།     །

དྲ་མའི་ངོས་ན་བཞུར་བའི།     །
ཕར་ཁའི་ཡུལ་ལྗོངས་འཁྱག་པོ།    །
དུས་ཚོད་ཡིན་ཡིན་འདྲ་བ།    །
སེམས་པ་ཡིན་ཡིན་འདྲ་བ།    །
མདང་ནུབ་རྨི་ལམ་ནང་གི     །
དགའ་མའི་སྐྱེལ་ཐུང་དྲན་བྱུང་།     །

སྟོན་རླུང་སྤར་མོའི་ནང་གི    །
སྙིང་དབྱིབས་ལོ་མ་སེར་པོ།    །
གློ་རྡེག་སྔུན་ལ་འཐོར་ཡོང་།    །
གློ་རྡེག་རྒྱབ་ལ་འཐོར་འགྲོ    །
ལག་པས་ཟིན་དུ་མེད་པའི།     །
འཚོ་བ་ཨ་ཡོ་ཞིག་རེད།    །

ཤེལ་སྒོའི་ནང་ན་འགུལ་བའི།     །
སྟོན་ཁའི་ནམ་ཟླ་སྐྱ་བོ།    །
ཁེར་རྐྱང་ཡིན་ཡིན་འདྲ་བ།     །
འཆི་བ་ཡིན་ཡིན་འདྲ་བ།   །
བསམ་དང་མ་བསམ་མི་འདུག    །
སྙིང་ལ་བྲེད་ཤ་བསླངས་བྱུང་།    །

སེམས་པའི་ངོས་སུ་ཆགས་པའི།    །
ས་རྡུལ་འདི་དག་མིན་ན།    །
སྐྱོ་བ་གཏོར་དོན་མི་འདུག    །  
ཡི་གེ་འབྲི་དོན་མི་འདུག    །
རོལ་དབྱངས་ལྷོད་མོ་ཞིག་ལ།    །  
བརྩེ་དུང་གླན་ན་ཆོག་པ།    །

གནམ་སའི་མཐའ་ན་འཁྱིལ་བའི།     །
མཚམས་སྤྲིན་གོས་ཀྱི་རི་མོ།     །
ཆུང་འདྲིས་ཡིན་ཡིན་འདྲ་བ།     །
ས་སྲོད་ཡིན་ཡིན་འདྲ་བ།    །
ཕ་ཡུལ་དྲན་ལོང་མི་འདུག    །
ཟླ་བ་མར་མར་ལྷུང་བྱུང་།    །
           2013/3/10ཉིན་རེས་འཁོར་དུ།

         མི་ཤོད་རྒྱུ་ཞིག་བཤད་ན།

ནམ་ཞིག་ང་རང་གློ་བུར་རྒས་ནས།   །  
རོ་སྟོད་ཡར་ལ་དགྱེ་རྒྱུ་མེད་ན།   །
གློ་དང་མཆིན་པའི་ནང་ཁྲོལ་མིན་པའི།    །  
ཡ་ཆུང་སེམས་པུའི་རྩབ་རྩིབ་དེ་ན།   །  
ཡང་མོ་ཁྱོད་ཀྱིས་རེག་ཐབས་བྲལ་ཞིང་།    །  
ལྕི་མོ་ང་ཡིས་ཐེགས་ཐབས་མེད་པའི།     །  
སྒུར་སྒུར་དེ་ཡི་ནང་ན་ཅིག་ཡོད།    །
མུན་པའི་སེང་རས་འདྲ་མ་ཞིག་ཡོད།    །


ནམ་ཞིག་ནམ་མཁའ་མགོ་ནས་ལྷུང་སྟེ།    །
དམའ་མོ་ཆགས་ནས་ས་ལ་འབྱར་ན།     །  
ས་རྡུལ་དང་ནི་མཁའ་དབུགས་མིན་པའི།     །
སྟོང་བའི་ནང་གི་ཡར་མར་དེ་ན།     །
ཕྲ་བ་ཁྱོད་ཀྱིས་མྱོང་ཐབས་བྲལ་ཞིང་།    །
ཟབ་པ་ང་ཡིས་ཤོད་ཐབས་མེད་པའི།     །
གོར་གོར་དེ་ཡི་གསེང་ན་ཅིག་ཡོད།      །
འཇའ་ཡི་མེ་ཏོག་འདྲ་མ་ཞིག་ཡོད།     །
                      2013/23/9ཉིན་ལ།
         
          སློབ་ཆེན་ནང་གི་ལྕགས་རུལ་དག་ལ་གསེར་ཆུ་བྱུགས་ཡོད།             

དཔེ་ཁྲིད་སྐབས་སུ་ཁ་པར་གློང་བ་དང་།      །
དཔེ་ཁང་ནང་ནས་གཉིད་ལྕོགས་རྒྱག་པ་སོགས།  །
རོ་སྟོད་སྤྲིན་ལ་བསྙེས་པའི་ངལ་གསོ་ཡིན།   །
སེམས་ཁ་ལྷོད་དུ་ཆགས་པའི་རོལ་དབྱངས་བྱོས།  །

དཔེ་ཆ་ཉལ་ཁྲིའི་འོག་ཏུ་གཏོར་བ་དང་།   །  
མཇེ་ཤུབས་སྔས་མགོའི་འོག་ལ་སྤུངས་བ་སོགས།  །
ཚོར་བ་ཆུ་ལ་བཏང་བའི་དད་པ་ཡིན། །
དག་འཁྲུལ་གཏན་ཚིགས་ཆག་པའི་རྨི་ལམ་བྱོས།  །

གསར་མོ་སུ་ལ་ཅི་སྟེ་གཡབ་པ་དང་།   །
མགྲོན་ཁང་གང་དུ་ཇི་ལྟར་འཁྲིད་པ་སོགས།  །
སྐད་ཅིག་ཁུ་བ་ཟགས་པའི་བདེ་བ་ཡིན།    །
སྣང་བ་རང་གར་ཡན་པའི་རི་མོ་བྱོས།   །

ཆང་རག་གང་ཞིག་གང་ནས་མཆོད་པ་དང་།   །
དུ་བ་ཅི་ཞིག་ཅི་ལ་འཐེན་པ་སོགས།    །
འཚོ་བའི་སྙིང་བོ་སྟོང་བའི་འགྲེལ་བཤད་ཡིན།    །
རོལ་རྩེད་གཤིས་སུ་གྲུབ་པའི་སྙན་ངག་བྱོས།   །

གཞུང་ལུགས་ཁོག་ནས་ཐ་སྙད་འཐུ་བ་དང་།   །
དཔེ་ཆའི་གསེང་ནས་རང་ཉིད་བཙལ་བ་སོགས།   །
འོག་མའི་ས་བོན་སད་པའི་ཉེར་ལེན་ཡིན།     །
མྱ་ངན་ཐང་ན་བཞད་པའི་མེ་ཏོག་བྱོས།    །

ལས་བྱ་དཔར་ནས་སྐར་མ་བསོགས་པ་དང་།    
སྐར་མ་བསོགས་ནས་ཐམ་ཀ་ལེན་པ་སོགས    །
དག་པའི་ཞིང་དུ་བགྲོད་པའི་ས་ཁྲ་ཡིན།    །
ནམ་མཁའ་ཚལ་བར་གཤགས་པའི་གཤོག་པ་བྱོས།   །

བཙའ་ཡིས་ཟིན་ཞིང་གཡའ་ཡིས་འབྱར་བ་དང་།     །
འདམ་ལ་ཆགས་ཞིང་རྡུལ་གྱིས་ཟོས་པ་དེ།    །
སློབ་ཆེན་ནང་གི་ཅིག་ཅིག་ཅན་པོ་ཡིན།     །
ལྕགས་རུལ་སྟེང་ལ་བྱུགས་པའི་གསེར་ཆུ་བྱོས།   །
                  2013/31/8མཚན་མོར།  

             ངས་མི་ཡུལ་ལ་སྙན་ངག་ཅིག་འབྲི
                                      

མཚན་མོའི་ཡོལ་བ་ནག་པོ་འདི།    །
མུན་པ་ཡིན་ནམ་སེམས་སྡུག་ཡིན།    །
ཡིད་ཐང་ཆད་དོན་ཅི་ཡང་མེད།    །
ང་ལ་ད་རུང་སང་ཉིན་ཡོད།    །

འཇིག་རྟེན་སྲོད་ཁའི་རི་མོ་བཞིན།     །
རླུང་ནི་བརྩེ་བའི་ཚུལ་གྱིས་ལྡང་།    །
ང་ཡིས་རང་གི་རྨི་ལམ་ལ།   །
འཇམ་ཞིང་མཉེན་པའི་གཤོག་པ་འཛུགས།     །  

ནམ་མཁའ་འདི་ལ་ཕ་མཐའ་ཟད།     །
མཁའ་དབུགས་འདི་ནང་འོ་དྲི་འཁྱིལ།     །
ང་ནི་སྤྲིན་པའི་ནང་དུ་ཉལ།   །
བར་སྣང་ཁམས་སུ་འགྲུལ་བཞུད་རྩོམ།    །

ཡུལ་ལྗོངས་རེ་རེའི་རྒྱབ་ལོགས་ལ།     །
མཚར་སྡུག་ལྡན་པའི་སྒྲུང་རེ་འབྲི།    །
ཡིད་དུ་འོང་བ་ཅི་ཡོད་པ།    །
ཚེ་སྲོག་ཀུན་ལ་སྐལ་རེ་འཇོག     །

སྔོ་ལྗང་འབར་བའི་གླིང་ཕྲན་ཞིག    །
བྱང་གི་མྱ་ངན་ཐང་ལ་འཇོག    །
མཐའ་རུ་མེ་ཏོག་སེར་ཆེན་འདེབས།   །
བྱ་བྱེའུ་འབའ་འབུ་དེ་རུ་འབོད།    །

རི་དང་སྤང་ལ་ཆར་ཟིམ་འབེབ།    །
རྒྱ་མཚོའི་ངོགས་སུ་ཉི་འོད་གཏོང་།    །
ང་ནི་ནགས་ཀྱི་འདབས་སུ་སྡོད།    །
རང་བྱུང་ཁམས་ལ་འོ་ཞིག་བྱེད།    །

དབུལ་ཕོངས་འཐུང་བའི་མི་རྣམས་ལ།     །
ཁོམ་པ་སེལ་བའི་གླུ་རེ་ལེན།     །
སྨད་འཚོང་བུ་མོ་སེམས་བཟང་མ།    །
འཇའ་ཚོན་བརྒྱུད་ནས་ཆུང་མར་བསུ།    །

ཉིན་མོ་དག་ལ་ཟོག་རྫི་བྱེད།    །
ས་སྲོད་དག་ལ་སྙན་ངག་འབྲི།    །
ཕ་མ་གཉིས་ཀྱི་སེམས་ཁོང་ལ།    །
བདེ་སྐྱིད་ཟེར་བའི་དྲོད་ཅིག་སྐྱེལ།    །

ལོ་ལོ་པང་དུ་ལེན་ཞོར་ལ།   །
ཀ་དང་ཁ་ཡི་གནའ་གཏམ་བཤད།    །
གློ་བ་ཉེ་བའི་གྲོགས་པོ་དག    །
དྲན་པའི་ཡུལ་དུ་བཞག་ནས་འཚོ།     །
             2013/15/10ཉིན་ལ།         
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།