གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡག་བུ་དཔལ་རྩལ་གྱི་སྙན་ངག་གསར་བ་འགའ།

2013-10-28 11:37:00 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

 
    གཡག་བུ་དཔལ་རྩལ་ནི་མདོ་སྨད་རྨ་ཆུ་རྫོང་གི་མི་ཡིན་པ་དང་། ༢༠༡༣ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མའི་ཡིག་ཚད་ཐོན། ད་ལྟ་ཁྲིན་ཏུ་གྲོང་ཁྱེར་དུ་ལས་ཀ་སྒྲུབ་ཀྱིན་ཡོད།

 

           ཁ་དོག
                       

མེ་ཏོག་ནི་དམར་པོ་ཡིན་ལ  འདབ་མ་ནི་ལྗང་གུ་ཡིན
བུ་མོའི་འགྲམ་པ་གློ་སྐྱ་ཡིན་ལ
རྟ་ཕོའི་སྤུ་ཁ་རྐྱང་ནག་ཡིན

སེར་བ་ཁྱེར་བའི་སྤྲིན་པ་སྔོ་ནག་ཡིན་ལ
གཞས་ལ་འདྲེས་པའི་ལུག་ཁྱུ་ངང་དཀར་ཡིན
རྒྱང་ལ་བསྲིངས་པའི་ལམ་ཕྲན་སེར་སྐྱ་ཡིན་ལ
ཉི་འོད་ཕོག་པའི་ཆུ་མིག་སྔོ་ཁྲ་ཡིན

ལ་མོའི་རྒྱབ་ཀྱི་ནོར་ཁྱུ་ལྕུང་ནག་ཡིན་
རྫ་སྒང་འགྲིམ་པའི་སྤྱང་མོ་ཐལ་སྐྱ་ཡིན

རུས་པ་དཀར་པོ་ཡིན
ཟུངས་ཁྲག་དམར་པོ་ཡིན

ཤོག་བུ་དཀར་པོ་ཡིན
ཡིག་འབྲུ་ནག་པོ་ཡིན

གྲྭ་བ་སྨུག་ནག་དེས
ཁྱོད་ཀྱི་མཆུ་ནི་བིམ་པ་འདྲ་ཟེར།

  དཀྱིལ་དྲུང་དུ་བསྡད་དུས།

དཀྱིལ་དྲུང་དུ་བསྡད་དུས
བདག་གིས་རྩ་བ་ས་ལ་ཚུགས་ཡོད
སྡོང་བོ་འདི་མི་ལོ་སུམ་ཅུ་ཉེ་བར་སྐྱེས་པས
རང་གི་ལོ་མ་དང་ཡལ་ག་དག་ལ་གཉེར་མ་བབས་ཡོད

རླུང་བུ་ཞིག་ལྡང་དུས
ཡལ་འདབ་ཏུ་བརྩི་འོས་པའི་སྐྲ་ལོ་སྐྱོད་ཙམ་བྱས
འོན་ཀྱང་རྩ་བ་མ་འགུལ
རྒལ་བ་ནམ་མཁའ་ལ་གཟེངས་བ་འདིས
དཀྱིལ་དྲུང་ནི་སེམས་པའི་མཛུབ་རྩེ
ས་གཞིའི་སྙིང་ཁ་ལ་སྟོན་སྟངས་ཡིན་པ་ཤེས་འོང

དཀྱིལ་དྲུང་དུ་བསྡད་དུས
ཚ་ཁུལ་གྱི་སྡོང་བོ་ཞིག་གི་གྲིབ་བསིལ་ན
མཐའ་མི་དཔོག་པ་ཞིག་ལ་བསམ་བློ་གཏོང་བའི་གཞོན་ནུ་ཞིག་དྲན་འོང
ཁོ་ནི་ང་ཚོའི་དེད་དཔོན་ཡིན
དེའི་ཕྱིར་ང་ཚོའང་དཀྱིལ་དྲུང་ལ་གོམས་པར་བྱ

          བརྩེ་བའི་ཚོམས།

           ༡
ཁ་སང་གི་རླུང་དེ་ཤུགས་ཆེ་བ་ལ
ངས་ཁྱོད་ངའི་གམ་དུ་ཁུར་ཡོང་ལ་ཉེ་སྙམ་བྱུང
          ༢
རྨི་ལམ་དུ་འཚུབ་པོ་དེ་འདྲ་མ་གནང་རོགས
ངས་ཁྱོད་ཀྱི་རྗེས་ཟིན་གིན་མི་འདུག
          ༣
པཱ་ཕས་ལབ་ན་གང་བྱུང་གི་ངག་ལ་མ་ཉན་ཟེར
ཁྱོད་ཀྱི་ངག་ལ་མ་ཉན་ཟེར་ལབ་མ་སོང
          ༤
དབྱར་ཁའི་གུང་གསེང་ལ་ང་གང་ལའང་མི་འགྲོ
ཁྱོད་ཀྱི་གྲིབ་འོག་ནས་ཆུ་རྐྱང་བཏུང་ཏེ་སྡོད་གི་ཡིན
           ༥
རི་མོ་ཡག་ཤོས་ཤིག་མི་འདུག
ཁྱོད་ཀྱི་མིག་ལས་རི་མོ་ཡག་ཤོས་ཤིག་མི་འདུག
            ༦
ལྐུགས་པ་དེས་ང་ལ་མོ་ཁྱོད་ཀྱི་དགའ་རོགས་ཡིན་པ་མི་འདྲ་ཟེར
ངས་རྒྱུགས་པ་ཞིག་ཁྱེར་ནས་ཁོ་རྟ་ཕོས་གཡུགས་པ་འདྲ་ཞིག་བཅོས་སྙམ་བྱུང

         ལུག་ཁྱུའི་རྗེས་ཀྱི་ཕྱི་དྲོ།

མདང་དགོང་རྩེབ་པའི་ལུ་གུ་དེ
ད་ནི་མཆོངས་ཤིང་ལྡིང་ལ
འབའ་སྒྲ་རྩྭ་རྫོང་གི་མཐུག་ས་ནས
རླུང་གིས་ཁྱེར་ཞིང་འོང

རླུང་བུ་ནི་སློག་པའི་གོང་ཁ་བརྒྱུད་ཅིང་
རི་གཤམ་གྱི་ལྕི་ཁང་གོག་པོ་དེའི་ཕྱོགས་སུ་བརྒྱུགས
རྩྭ་མགོ་དག་ཀྱང་དེ་ཕྱོགས་སུ་རིག་རིག་སྐྱོད

ལྕི་ཁང་དེ་རུ
སྐྲ་སྣེ་ལ་ཐལ་རྡུལ་འགོས་ཤིང་
ལག་པར་སེར་ཁ་གས་པའི་བུད་མེད་ཅིག་ཡོད
ད་དུང་ཕུར་མགོ་ཐག་པའི་བགགས་ཤིང་
ངའི་རྟ་ཕོ་ཡིན་ཟེར་བའི་
བྱིས་པ་གསུམ་ཡོད

ལུག་ཁྱུ་གྲིབ་ཆེན་གྱིས་བཀུགས་ཤིང
ག་ལེར་སླས་ལ་ལྡོག་དུས
བདག་གིས་འབྲོག་པ་རྒན་པོ་ཞིག་གི་བདེ་སྐྱིད་ཚོར་བྱུང་།

           ག་ལེ་ག་ལེར།

ག་ལེ་ག་ལེར
མེ་ཏོག་དེ་བཞད་ཅིང་འཐོར
ཟེའུ་འབྲུ་རླུང་གིས་ཁུར་ཞིང
དྲི་ངད་ཀྱང་ག་ལེ་ག་ལེར་རྒྱང་དུ་ཕྱིན

ག་ལེ་ག་ལེར
འཇིག་ཉེན་དག་ཉེ་ནས་ཉེ་རུ་སླེབས
སྦུབས་སུ་ཉལ་བའི་དོགས་མི་བདེ་བ་དག་ཀྱང
ག་ལེ་ག་ལེར་མིད་ཁར་འཚངས
ཆུ་བོ་ནི་མར་མར་རྒྱུགས་ཀྱང
ང་ཚོ་ནི་ཡར་ཡར་འགྲོ་བར་གོམས

ག་ལེ་ག་ལེར
ང་ཚོ་ལ་འགྱུར་བ་གང་འཚམ་ཕྱིན
མཆུ་འགྲམ་གྱི་མཛེས་ཀོང་དག་ཀྱང
གཉེར་མས་རགས་ཁ་ཤོ
དུས་ཚིགས་ཀྱི་གཤིས་ཀ
ལག་མཐིལ་གྱི་རི་མོ་བཞིན་གསལ

ག་ལེ་ག་ལེར
ང་ཚོ་རི་བོ་དེའི་སྤོ་ལ་འཛེགས
ཧལ་ཧལ་ངང་ཐོན་པའི་རླངས་པ་དཀར་པོ
ག་ལེ་ག་ལེར་ཡལ
ཝུ་ཆང་འཐུང་མྱོང་ལ་བུ་མོ་གླེང་མྱོང་བའི་ཁ་ཡ་ན་ཟླ་དག
ག་ལེ་ག་ལེར་ཡལ

ག་ལེ་ག་ལེར
འོད་ཀྲིག་ཀྲིག་གི་མདེའུ་དེ་ཉེ་སར་སླེབས
རླུང་གིས་ཕྱིས་ཤིང་བརྡར་བས
མགོ་ཐོག་གི་ཨ་སྔོན་བཞིན་གཙང
ང་ཚོས་ཅི་ཡང་མ་ཚོར་བར
ཁོ་རང་ག་ལེ་ག་ལེར་ཉེ་སར་སླེབས་ཚར
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།