གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞོགས་འོད་ཀྱི་སྙན་ངག་ཕྱོགས་བསྒྲིགས།

2013-10-06 14:43:00 ཞོགས་འོད། ཀློག་གྲངས། མཆན ཡོད།
 
          བདེན་པ། བདེན་པ།

ཕར་དེད་ལོ་རྒྱུས་ནང་དུ་མ་ཤོང་བའི།།
ཚུར་དེད་དེབ་ཐེར་ཁྲོད་དུ་མ་ཆུད་པའི།།
བྲང་ག་ཉི་མར་གཏད་པའི་མི་བུ་ཞིག།
རྡོག་སྣེ་གངས་ལ་བཞག་པའི་དམ་པ་ཞིག།

ཆེ་བའི་ཁྲོད་དུ་ཆེ་བར་གཤེགས་པ་སྟེ།།
ཆུང་ངུའི་གསེང་དུ་ཆུང་ཚུགས་བཟུང་བ་སྟེ།།
ཆེ་ཆུང་སྟངས་འཛིན་སྟོང་བའི་མཁའ་ལ་བསྡུས།།
མཐོ་དམན་དབྱེ་འབྱེད་དབྱིངས་ཀྱི་མཆན་ལ་བཅུག།

དཀའ་བ་སླ་བར་བསྒྱུར་ལ་སླ་བར་བསྒྲུབས།།
ཡིན་པ་མིན་པར་བསྒྲུབས་ལ་མིན་པར་འཆད།།
མཐོན་པོའི་ངོ་ཡིས་ངོ་མདངས་མ་བཅོས་པ།།
ཕྱུག་པོའི་རྒྱུ་ཡིས་རྒྱུ་ཐག་མ་བསྲིངས་པ།།

ཡ་ཆུངཁོག་ལ་འུབ་ཀྱིས་བསྡུས་པ་དེ།།
མ་ཆུང་ཁོག་ལ་ཤེད་ཀྱིས་བཙུད་པ་དེ།།
ལོ་ཡི་འཁོར་མོ་ཞིག་གི་གྲངས་ཀ་ཡིན།།
དུས་ཀྱི་འགྱུར་བ་ཞིག་གི་གདོང་འབག་ཡིན།།

དོན་གྱིས་ཁེགས་ཀྱང་ཚིག་གིས་མི་ཁེགས་པ།།
སྨྲ་བས་དབེན་ཡང་བསམ་པས་མི་དབེན་པ།།
གཟུགས་མེད་ཁ་དོག་ཅིག་གི་བཀྲག་མདངས་ཡིན།།
འཛིན་མེད་བདེན་པ་ཞིག་གི་སྙིང་ཚིལ་ཡིན།།

འདི་ནི་སྡོམ་རྒྱ་བཞིན་དུ་ཉོག་དོན་མེད།།
འདི་ནི་ཉ་རྒྱ་བཞིན་དུ་འཚང་དོན་མེད།།
བདེན་ལུགས་ཞེས་པ་ནམ་ཡང་བདེན་ལུགས་དེ།།
བསྐལ་བའི་མཐར་ཡང་བདེན་ལུགས་བདེན་ལུཊ་སོ།།

ཁབ་མིག་ལྟ་བུའི་མཐོང་རྒྱ་མཐར་བཅད་དེ།།
ཨ་ལོང་ལྟ་བུའི་ཐོས་རྒྱ་ཐུར་བཅད་དེ།།
གནད་ཀྱི་དོན་ལ་དུག་ཏུ་ལྟ་བ་ཡི།།
ལྟ་བའི་གཏད་སོ་གཏོར་མ་བཞིན་དུ་ཕོངས།།
                      2013 6 23

           ཁྱེད་ཀྱི་རྒྱབ་གཟུཊ་དང་ཁོ་བོ།

དྲན་པའི་མེ་ཏོག་མཛེས་པ་སུ་ཡིས་མ་བཏོགས་ཡོད་དོ།།
དུང་བའི་རི་མོ་གསལ་བ་གང་གིས་མ་བསྒྲིབས་མངོན་ནོ།།
ཁྱེད་ཀྱི་རྒྱབ་གཟུགས་ཕྲ་མོས་ང་རང་འཁྲུལ་དུ་བཅུག་གོ།
ཁྱེད་ཀྱི་ལང་ཚོའི་མདངས་ཀྱིས་ང་རང་སྒུལ་ཙམ་བྱས་སོ།།

ཟླ་བས་སྐྱོ་གྲོགས་བྱས་ཀྱང་སྐྱོ་བ་རི་ལ་མ་དེད།།
ཉི་མས་དགའ་གྲོཊ་བྱས་ཀྱང་དགའ་བ་དགུང་དང་མ་མཉམ།།
ཁྱེད་རང་བསམ་བསམ་བསམ་སྟེ་རང་སེམས་འདི་ལྟར་བསད་སོང་།།
ཁྱེད་རང་བཙལ་བཙལ་བཙལ་ཏེ་རང་ལུས་འདི་ལྟར་གཟེར་བྱུང་།།

གསར་བུ་གསར་མོ་དག་གིས་རྣམ་རྟོག་གསར་བ་རྙེད་བཞིན།།
གསར་བུ་ང་ཡི་གསང་མདུད་གསར་མོ་ཁྱེད་ཀྱིས་བཀྲོལ་སོང་།།
ལྐོག་ལྐོག་སུད་སུད་ཉིད་དུ་ཅི་ཞིག་བཤད་འདོད་མེད་ཀྱང་།།
རྣམ་རྟོག་གསར་བས་བདའ་ཚེ་རང་ལ་རང་དབང་མི་འདུག།

ལན་རེར་ཨེ་འཕྲད་བསམ་ཡང་འཕྲད་རྒྱུ་འཁྲུལ་བ་རང་རེད།།
སྐབས་རེར་མི་འཕྲད་འདོད་ཀྱང་འཕྲད་པ་ཆོས་ཉིད་དོན་རེད།།
ལྟེས་དབང་ཞིག་གིས་ཡིན་ནམ་འདི་ལས་འདི་ལྟར་ཐུག་སོང་།།
ལས་དབང་ཞིག་གིས་རྐྱེན་ནམ་དེ་ལས་དེ་ལྟར་གྱེས་སོང་།།

མི་ཡུལ་མི་མོ་ཁྱེད་རང་མི་ཚོགས་འདུ་སར་ཡོད་དམ།།
ལྷ་དང་ལྷ་མོའི་ཚོགས་ཀྱིས་དགའ་བདེ་རོལ་སར་ཡོད་དམ།།
ལས་ལ་རེ་བ་ཆེ་བའི་ལས་མཐུན་ཁོ་བོའི་རྣ་བར།།
གར་ཡོད་འདིར་ཡོད་ཅེས་པའི་ལན་ཞིག་མྱུར་དུ་སྩོལ་ཤོག།

སྣང་བ་རྟ་རྒོད་བཞིན་དུ་ཆགས་པའི་རི་ལ་ཤོར་སོང་།།
དུངས་བ་བྱ་རྒོད་ལྟར་དུ་དྲན་པའི་མཁའ་ལ་འཕུར་སོང་།།
དྲན་པའི་མེ་ལོང་ཞིག་ལ་མིག་གིས་འཁྱུག་ཙམ་བལྟས་པས།།
དྲན་པའི་རྒས་གཉེར་མོད་པོས་ང་ཡི་དཔྲལ་བ་བཟུང་འདུག།

དགའ་བའི་དགའ་ཚད་མི་བཤད་གཞན་དག་དགོད་ཁ་འཆོར་ངེས།།
དྲན་པའི་དྲན་ཚད་མི་གླེང་ཡོངས་ཀྱིས་འཕྱ་སྨོད་གཏོང་ངེས།།
རགས་ཙམ་རགས་ཙམ་བཤད་ན་འདི་ལས་རགས་ཤིག་མེད་ངེས།།
བསྡུས་པ་བསྡུས་པ་གླེང་ན་འདི་ལས་བསྡུས་ཤིག་དཀོན་ངེས།།

སོ་སོའི་སེམས་ན་ཡོད་པ་གསང་བ་མེད་པར་བཤད་ཡོད།།
རང་རང་ཡིད་ན་གནས་པ་གནས་ལུགས་མེད་ཀྱང་བྲིས་ཡོད།།
གནམ་གྱིས་ཁྲོ་ཁྲོ་བྱས་ཀྱང་བྱ་ཐབས་གཞན་ཞིག་མེད་དོ།།
ས་ཡིས་རྫིག་རྫིག་བྱས་ཀྱང་བཤད་སྟངས་འདི་ལས་མེད་དོ།།

ཕྱི་གསང་ནང་གསང་མེད་པའི་ནར་མའི་བསམ་སྟངས་འདི་ནི།།
གབ་སྦས་ཡང་སྦས་མེད་པའི་རྟོག་འགྱུའི་འདྲ་འབག་འདི་ནི།།
མ་འཕྲད་གདུང་བས་མནར་བའི་ནད་པོ་ཞིག་གིས་སྨྲས་སོ།།
མ་ཐུག་དྲན་པས་བཙུར་བའི་བཙན་པོའི་རྒྱུད་ཀྱིས་བྲིས་སོ།།
                           2013 9 21

          ན་བུན་སྟུག་པོ།

སྐད་གདངས་འདར་འདར་ཚུལ་དུ་ཅི་ཞིག་འཆད།།
ལུས་པོ་འདར་འདར་ངང་དུ་ཅི་ཞིག་འཚོལ།།
རྒྱབ་ཏུ་ཡོད་པའི་རྒྱབ་རི་སྨུག་པོ་དེ།།
མདུན་དུ་ཡོད་པའི་མདུན་རི་གཟར་པོ་དེ།།
སྐྱེས་དུས་སྐྱེས་རི་ཉིད་དུ་རྩི་ས་དང་།།
རྒས་དུས་སྒལ་ཚིགས་འཐོར་ས་ཉིད་དུ་འགྲོ།


སྙིང་ལ་གཟན་པའི་གཏམ་དེས་ཅི་ཞིག་འཁྱོང་།།
ཡིད་ལ་འཚེ་བའི་ཚིག་དེས་ཅི་ཞིག་ནུས།།
ཡ་ཆུང་སེམས་ཀྱི་ཀློང་རྒྱ་ཆེ་དགོས་པ།།
མ་ཆུང་སྙིང་གི་ནང་ཉམས་ཡངས་དགོས་པ།།
ཡིད་དུ་ཡངས་བའི་འཇིག་རྟེན་བསྐྲུན་བྱེད་དང་།།
སེམས་སུ་སད་བརྡའི་ཅོང་ཆེན་རྡུང་བྱེད་དོ།།


ད་ལྟའི་སྣང་བའི་རྣམ་པ་སྣ་ཚོགས་པ།།
ད་ལྟའི་དྲན་པའི་དྲན་སྟངས་གྲངས་མེད་པ།།
མི་ཚེའི་བཤུལ་ལམ་རིང་ཐུང་འཇལ་བྱེད་དང་།།
འཚོ་བའི་གཟུཊ་བརྙན་རེ་རེ་འཆར་བྱེད་དེ།།
གཅིག་གིས་གཅིག་ལ་བསྐུལ་བ་འབའ་ཞིག་དང་།།
ཡོངས་ཀྱིས་ཡོངས་ལ་གནང་བ་ཤ་སྟག་གོ།
               2013 5 10

            རྨི་ལམ་དེ་ཡི་མཇུག་ན།

སྣང་བའི་ཆོ་འཕྲུལ་ཡིན་དང་མ་ཡིན་ཞེས།།
ང་ལ་ཚ་འདྲི་ལྡོག་འདྲི་མ་བྱེད་རོགས།།
ཤ་གསེང་རུས་པ་ཧྲིལ་གྱིས་འགུལ་བར་བྱེད།།
སྙིང་དབུས་མེ་ཏོག་སད་ཀྱིས་འཇོམས་པར་བྱེད།།

ལྷ་མོའི་སྒྲུང་ཐུང་གླེང་ལ་རྫོགས་མཐའ་མེད།།
དེ་ལས་ཁྱེད་ཉིད་གླེང་ལ་ཟད་མཐའ་མེད།།
མུ་ནས་གླེང་ཚེ་ང་ཡི་ངག་སྒོ་འགག།
མུ་ནས་བྲིས་ཚེ་ང་ཡི་ཤོག་སྙུག་ཟད།།

དཀར་པོ་གངས་རི་གནམ་ལ་ཟུག་འདུག་ཅེས།།
གནའ་བོའི་མི་རྒན་དག་གིས་མགྲིན་གཅིག་སྨྲ།།
སྔོན་མོའི་མཚོ་ལ་གཏིང་མཐའ་མི་འདུག་ཅེས།།
སྲིད་པའི་རྒན་པོ་ཡོངས་ཀྱིས་གཅིག་མཐུན་སྨྲ།།

གནའ་བོའི་ལོ་རྒྱུས་རི་ལམ་གཟར་རོ་ཞེས།།
གནའ་མི་ཁོག་རྒས་དག་གིིས་རྟག་པར་གླེང་།།
དེང་གི་དངོས་ཡོད་འཚོ་བ་སྐྱིད་དོ་ཞེས།།
དེང་མི་མགོ་ཡངས་དག་གིས་རྒྱུན་པར་བརྗོད།།

ཕར་ལ་དེད་ཚེ་ཆད་པའི་མཐའ་ལ་ལྷུང་།།
ཆད་པའི་མཐའ་ལ་ལྷུང་བར་སུ་ཞིག་སྤྲོ།།
ཚུར་ལ་བཅར་ཚེ་རྟག་པའི་མཐའ་ལ་ལྟུང་།།
རྟག་པའི་མཐའ་ལ་ལྟུང་བར་སུ་ཞིག་འདོད།།

ནམ་མཁའི་སྐར་ཆ་བཟུང་སྟེ་ཁྱེད་ལ་སྟེར།།
ས་ཡི་མེ་ཏོག་བཏོག་སྟེ་ཁྱེད་ལ་འབུལ།།
དེའི་ཚེ་ཐུན་མོང་ཐུན་མིན་དངོས་གྲུབ་ཀུན།།
གང་འདོད་གར་དགར་སྩོལ་ཅེས་ཁྱེད་ཀྱིས་བཤད།།

བདེ་མོ་ཐང་དཀྱིལ་ཞིག་ནས་འདི་ལྟར་གླེང།།
འདི་ཡིས་གཞན་གྱི་ཚོར་བ་སྐྲུ་ངེས་སོ།།
བསིལ་རླུང་འཇམ་པོའི་སྣེ་ནས་དེ་ལྟར་ཐལ།།
དེ་ཡིས་གཞན་གྱི་ཁེངས་པ་བྱེར་ནུས་སོ།།
                      2013 9 16

           མོག་མོག་འཚོ་བ་འདི་ཡང་སྙན་ངག་ཅིག

ཡ་ཆུང་སེམས་ཀྱི་དཀྱིལ་ལ།།
ཁྲ་ཆུང་མིག་གི་མཐའ་ལ།།
སྙིང་ཆུང་དམར་པོའི་དཀྱིལ་ལ།།
ཁྱེད་ཀྱི་ཞལ་རས་བསྒོམས་ཡོད།།

ཀུན་བཏཊ་སྟོང་བའི་ཁམས་ལ།།
མ་དག་མི་ཡི་སེམས་ལ།།
མི་ཚེའི་མེ་ལོང་ངོས་ལ།།
ཁྱེད་ཀྱི་བསྡུས་གཟུགས་ཕབ་ཡོད།།

གཉུག་མ་དོན་གྱི་གཤིས་ལ།།
དྭངས་མ་རྩ་ཡི་རྒྱུད་ལ།།
དག་མ་སེམས་ཀྱི་ངོས་ལ།།
ཁྱེད་ཀྱི་ངོ་བོ་བྲིས་ཡོད།།

མཛའ་བ་མཛེས་པའི་ཀློང་ལ།།
དུང་བ་དེང་གི་དུས་ལ།།
དགའ་བ་དགེ་བའི་ཆོས་ལ།།
ཁྱེད་ཀྱི་དགེ་མཚན་བཞག་ཡོད།།

སེམས་ཀྱི་མཐིལ་དུ་བྲིས་པའི།།
ཡིད་ཀྱི་གཏིང་རུམ་ཉུལ་བའི།།
གཏམ་དག་ད་ཆ་དྲན་ན།།
དྲང་སྲོང་ཡིན་ཡང་ངུ་འཆོར།།

ལ་ལས་བཤད་པ་རེད་དེ།།
ལ་ལས་བཤད་པ་འགྲིག་སྟེ།།
ཡིན་ཡང་ལས་དབང་ཟེར་བས།།
དེ་འདྲ་གཏོང་བ་མ་རེད།།

         གྲུ་ཟུར་ཞིག་ནས་དྲན་པ་རྙེད།

ཕ་གིའི་རི་ལ་འཁྱིལ་པའི་སྨུག་ཞགས་དེ།།
རི་བོའི་མགུལ་ལ་འཕངས་པའི་སྐེ་དཀྲིས་རེད།།
རླུང་བུ་དལ་ཤིག་ཤིག་གིས་ལྡང་བ་ན།།
སྐེ་དཀྲིས་སྣེ་མོ་འགུལ་ཙམ་འགུལ་ཙམ་བྱས།།

ཚིག་གི་ལྷུ་རྐང་ལྷ་མོའི་འཛུམ་ལ་ཞུགས།།
དོན་གྱི་མེ་ཏོག་མི་མོའི་བཞིན་ལ་འཐམས།།
སྣང་བ་དར་ལྕེ་དཀར་པོ་ལིང་ལིང་འདར།།
རྟོག་པ་དས་ཡུག་དམར་པོ་ལྷབ་ལྷུབ་འགུལ།།

ཚིག་ལ་ཚེ་སྲོག་གསོན་པོ་ང་ཡིས་བསྐྲུན།།
དེ་ལ་དབྱངས་ཀྱི་གཤོག་སྒྲོ་ཁྱེད་ཀྱིས་ཚུགས།།
དེ་དུས་གནམ་གྱིས་སྤྱན་ཆབ་གཏོར་བར་ངེས།།
དེ་ནས་ས་ཡིས་ཨུ་ཤུ་འཐེན་པར་ངེས།།

སྒོ་ཁྱིས་རྨུགས་པའི་རྨ་ཤུལ་གཟེར་བ་ན།།
ལུས་ཀྱི་རྩ་ལམ་ཡོངས་སུ་ལྷོད་པར་གྱུར།།
དེའི་ཚེ་སེམས་ཀྱི་རྣམ་རྟོག་ཕྲ་མོ་དག།
སྤང་གི་ལུག་ཆུང་བཞིན་དུ་ལྡིང་འགོ་བརྩམས།།

རྨི་ལམ་གསལ་ཁ་ཅན་པོ་བརྗོད་པ་ན།།
སྲིད་པའི་ལམ་ཡིག་རེད་ཅེས་ལོགས་སུ་གླེང་།།
རེ་བ་སྣུམ་ཤ་ཅན་པོ་སྨྲས་བ་ན།།
འགྲོ་བའི་ལས་དབང་རེད་ཅེས་འཁྲིས་སུ་སྨྲ།།

མུན་པའི་ཡོལ་བ་རླུང་བས་བསྒུལ་བའོ།།
ཚོར་བའི་རྩྭ་སྐྱ་མེ་ཡིས་བསྲེགས་པའོ།།
དཔྲལ་བར་ཁྲོ་བའི་གཉེར་བ་བསྡུས་པའོ།།
སྙིང་ཁར་ཁུ་ཚུར་ལན་གསུམ་བསྣུན་པའོ།།

དགའ་ཞོར་དགོད་ཞོར་གླེང་ན་འདི་ག་སྟེ།།
དགའ་བའི་འཛུམ་རིས་ཤིག་ཀྱང་དེ་ན་ཡོད།།
སྡུག་ཞོར་ངུ་ཞོར་གླེང་ན་དེ་ག་རེད།།
སྐྱོ་བའི་ཤུགས་རིང་ཞིག་ཀྱང་དེ་ན་གནས།།
                              2013 8 31

          རྩེ་ཆུ་ངུ་བཞིན་འདུག

ཚོར་བའི་བྲང་ཁར་བཞུར་བའི་ཆུ་མོ་འདི།།
སངས་རྒྱས་རློན་པ་ཞིག་གི་སྤྱན་ཆབ་ཡིན།།
དབང་ལྔའི་རྐང་རྩར་འཁྱིལ་བའི་ཆུ་མོ་འདི།།
དཔའ་བོ་སྟོབས་ཅན་ཞིག་གི་མིག་ཆུ་ཡིན།།

དལ་ཞིང་དལ་བར་བཞུར་བའི་ཆུ་ཆེན་འདི།།
ལྷ་མོའི་པི་ཝང་རྒྱུད་ཀྱི་གསེར་སྐུད་ཡིན།།
ལྷོད་ཅིང་ལྷོད་པོར་བཞུར་བའི་ཆུ་ཆེན་འདི།།
ཀླུ་མོའི་འཕྲེད་གླིང་སྟེང་གི་བུ་ག་ཡིན།།

ལྷུང་ལྷུང་བཞུར་བའི་ཆུ་འདི་གཉིད་དུ་ཡུར།།
སྔུར་རིང་འཐེན་ཞོར་བདེ་བའི་གཉིད་དུ་ཡུར།།
ཉ་གང་ཟླ་བས་ཆུ་འདིར་བྲ་ཚག་བྱས།།
གག་ཚིལ་སྒོག་བཞིན་ཆུ་འདིར་བྲ་ཚག་བྱས།།

ཆུ་འདིའི་ཐེར་ཁུགས་ཙུང་ཙམ་ཚ་བ་སྟེ།།
ལག་པས་རེག་ཙམ་བྱས་པས་གུམ་ཙོག་བྱེད།།
ཆུ་འདིའི་མཆན་འོག་ཅུང་ཙམ་སྐྱུར་བ་སྟེ།།
སྣ་ཡིས་སྣོམ་ཙམ་བྱས་པས་ཞེན་ཁ་ལོག།

ང་ཡི་སྣང་ངོར་རྩེ་ཆུ་གཙང་ཆུ་སྟེ།།
གཙང་ཆུ་རྩེ་ཆུ་གཉིས་ལ་དབྱེར་མ་མཆིས།།
གཙང་ཆུ་ངུ་བ་རྩེ་ཆུ་ངུ་བ་སྟེ།།
གཙང་ཆུའི་རྩ་རྒྱུན་རྩེ་ཆུའི་སྲོག་རྩ་ཡིན།།

ལྷ་མོ་ཁྲུས་ལ་རོལ་སའི་རྩེ་ཆུ་འདི།།
ལྷ་ཡིས་ལག་པ་བཀྲུ་སའི་རྩེ་ཆུ་འདི།།
དེ་རིང་མགོ་བོ་སྒུར་ཏེ་བཤུམ་བཞིན་འདུག།
དེ་རིང་མིག་ཆུ་དྲུད་དེ་ངུ་བཞིན་འདུག།

ང་ཡི་མིད་སྒོ་ཅུང་ཙམ་འགག་སྐབས་དེར།།
ང་ཡི་སྣང་བ་གཞན་ལ་གཡེང་སྐབས་དེར།།
རྩེ་ཆུ་སྔོན་མོས་ངུད་མོ་འཐེན་བཞིན་གདའ།།
རྩེ་ཆུ་སྔོན་མོས་ཤུཊ་རིང་འཐེན་བཞིན་གདའ།།

 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།