གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼བས་མཐའ་བ༽ཞེས་པའི་སྒྲུང་གཏམ་བཀླགས་པ།

2013-09-18 20:44:00 སྒྲེན་པོ། ཀློག་གྲངས། མཆན ཡོད།


 
 དང་པོ། རྩོམ་པ་པོ་ངོ་སྤྲོད།
   
  ཨེ་བྷིར་ཐི་ཁཱ་མིག(Albert Camus)༼1913-1960ལོའི་བར་གྱི་མི༽མཆོག་ནི་ཧྥ་རན་སིའི་མིང་དུ་གྲགས་པའི་བརྩམས་སྒྲུང་མཁན་དང་ལྷུག་རྩོམ་འབྲི་མཁན།གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་གྲུབ་མཐའི་དེད་དཔོན་དང་མཚན་ཉིད་རིག་པ་བ་བཅས་ཡིན།ཆུང་ངུའི་དུས་ནས་ཕ་འདས་བས་འོན་ལྐུགས་སུ་གྱུར་བའི་ཨ་མ་དང་མཉམ་དུ་འཚོ་བ་ཐབས་ཆག་རོལ་དགོས་བྱུང་ནའང་།སློབ་ཆེན་འགྲིམས་སྐབས་ཀྱི་སློབ་ཡོན་མང་ཆེ་བ་རྩོམ་པ་པོ་རང་ཉིད་ཀྱིས་ཞོར་ལས་ལ་བརྟེན་ནས་བཙལ་ཏེ་མཐར་བདེ་ལེགས་ངང་སློབ་ཆེན་མཐར་ཕྱིན་པར་མ་ཟད།མཚན་ཉིད་རིག་པའི་ཤེས་རམས་པའི་བསླབ་གནས་བླངས་པ་རེད།ཤི་ཐེ་ལི་ལོ་རྒྱུས་ཀྱི་གར་སྟེགས་སུ་བུད་རྗེས།རྩོམ་མཁན་ཁོང་ཧྥ་ཤི་སིར་རྒོལ་བའི་ལས་འགུལ་ཁྲོད་ཞུགས་པར་མ་ཟད།ཧྥ་རན་སིའི་སྲིད་ཏང་གི་ནང་དུ་ཞུགས་ནའང་རིང་བོ་མ་འགོར་བར་ཕྱིར་འབུད་བྱས།1944ལོར་ཧྥ་རན་སི་བཅིངས་བཀྲོལ་བྱས་མ་ཐག་རྩོམ་པ་པོས《འཐབ་རྩོད་ཚགས་ཤོག》གི་གཙོ་སྒྲུབ་པའི་འགན་བཞེས་ལ།དུས་ཡུན་དེར་དཔྱད་འཇོག་བྱེད་རིན་ཡོད་པའི་དཔྱད་རྩོམ་མི་ཉུང་བ་ཞིག་བྲིས།1935ལོ་ནས་བཟུང་རྩོམ་པ་པོ་ཟློས་གར་ལས་རིགས་ཀྱི་ཁྲོད་དུ་ཞུགས་ནས་ཟློས་གར་ཚོགས་པ་བཙུགས་ལ།ཁོས་དེ་གར་ཟློས་གར་འཁྲབ་གཞུང་བྲིས་ནས་ཟློས་གར་འཁྲབ་སྟོན་པ་ཡང་བྱས་མྱོང་ཡོད།རྩོམ་པ་པོའི་མི་ཚེ་ཁྲོད་དུ་ཟློས་གར་གྱིས་གོ་གནས་འགངས་ཆེན་ཟིན་ཡོད།ཟློས་གར་འཁྲབ་གཞུང་གཙོ་བོ་ལ《གོ་བ་ལོག་སྒྲུབ》(1944ལོར་བརྩམས)དང《ཁཱ་ལེ་གོ་ལི》(1945ལོར་བརྩམས)《ཉེན་ཟོན་དམ་བསྒྲགས》(1948ལོར་བརྩམས) 《དྲང་བདེན》(1949ལོར་བརྩམས)སོགས་ཡོད།འཁྲབ་གཞུང་གི་ཕན་ནས་ཁོང་གིས་ད་དུང་སྒྲུང་གཏམ་གང་མང་ཞིག་བྲིས་མྱོང་ཡོད་ལ།དེ་དག་ལས་སྒྲུང་འབྲིང《བས་མཐའ་བ》ནི་ཁོང་གི་གྲགས་པ་རྒྱས་བྱེད་ཀྱི་བརྩམས་སྒྲུང་ཡིན་པ་མ་ཟད།དེ་ནི་ལུགས་འཆལ་བརྩམས་སྒྲུང་གི་ཚབ་མཚོན་བརྩམས་ཆོས་ཀྱང་ཡིན།སྒྲུང་འབྲིང་དེའི་རྗེས་ནས་འགྲེམ་སྤེལ་བྱས་པའི་མཚན་ཉིད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས《ཞི་ཞི་ཧྥོ་ཟིའི་ལྷ་སྒྲུང་》གིས་ཡོ་རོབ་གླིང་དང་གླིང་ཆེན་ཨ་མེ་རི་ཁར་མཉམ་འུར་དྲག་པོ་བསླངས།
སྒྲུང་རིང《བྱི་ནད》(1947ལོར་བརྩམས)ལ་ཧྥ་རན་སིའི་མཐའ་དཔྱོད་རྩོམ་རིག་གི་གཟེངས་སྐྱེས་བསྩལ།བརྩམས་ཆོས་དེས་ནུབ་གླིང་རྩོམ་སྟེགས་སྟེང་གི་རྩོམ་པ་པོའི་གདན་ཐོབ་སྔར་ལས་ཇེ་མཐོར་བསྟད་པ་རེད།༼ཁོང་གི་རླབས་ཆེའི་རྩོམ་རིག་གསར་རྩོམ་དང་གཟབ་ནན་གྱི་རྩོམ་འབྲིའི་ལངས་ཕྱོགས་ཀྱིས་དེང་རབས་འགྲོ་མིའི་རྒྱུ་འབྲས་བློ་མིག་ལ་གནས་པའི་གནད་དོན་མང་དག་ཅིག་གསལ་རྗེན་དུ་བསྟན་འདུག༽ཅེས་པ་རྒྱུ་མཚན་དུ་བྱས་ཏེ།1957ལོར་རྩོམ་མཁན་ཁོང་ལ་ནོ་པེར་རྩོམ་རིག་བྱ་དགའ་གནངས་པ་རེད།1960ལོར་རླངས་འཁོར་དོན་རྐྱེན་ཞིག་གི་ཁྲོད་ནས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་སོང་།ཁོང་ཉིད་ཧྥ་རན་སིའི་རྩོམ་འབྱུང་ལོ་རྒྱུས་སྟེང་གི་ལོ་ན་ཆེས་ཆུང་བའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་དུ་གྱུར།
ལོ་རབས་ལྔ་བཅུ་བའི་ཡར་སྔོན་ལ་ཀུན་གྱིས་ཁོང་ནི་གཞི་གྲུབ་རིང་ལུགས་པ་ཞིག་ཏུ་བལྟས་ཡོད་ནའང་ཁོང་གིས་ཐེངས་མང་པོར་ཁས་ལེན་མ་བྱས།1951ལོར་ཁོང་གི་མཚན་ཉིད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས《གྱེན་ལོག་པ》འགྲེམ་སྤེལ་བྱས་པ་ནས་བཟུང་།སཱ་ཐི་སོགས་དང་ལོ་ངོ་གཅིག་ལྷག་ལ་མཚན་ཉིད་རིག་པའི་སྐོར་ནས་བརྒལ་ལན་མང་དུ་བྱས་མཐར།སཱ་ཐིའི་ལྟ་གྲུབ་དང་མི་འདྲ་བ་ཞིག་ཏུ་གྱུར་བར་མ་ཟད།ཁོང་ཉིད་ལུགས་འཆལ་མཚན་ཉིད་རིག་པ་དང་རྩོམ་རིག་གི་ཚབ་མཚོན་མི་སྣ་རུ་གྱུར་བ་རེད།
ཁཱ་མིག་ལགས་ཀྱི་རྩོམ་གཤིས་ནི་སྲོལ་རྒྱུན་དངོས་ཡོད་རིང་ལུགས་ལྟར་དངོས་པོའི་གཤིས་ལུགས་ཇི་བཞིན་དྲང་བོར་བརྗོད་པ་ཅན་ཡིན་ནའང་།ཁོང་གི་སྒྲུང་གཏམ་ཕོན་ཆེ་བའི་ཁྲོད་དུ་མི་ཚེ་མྱོང་རྟོགས་ཀྱིས་ཕྱུག་པའི་མཚན་ཉིད་རིག་པའི་བསམ་བློ་དང་སྒྱུ་རྩལ་གྱི་ཚོར་གདུང་ཤུགས་དྲག་བཅས་འདུས་ཡོད།དུས་ཡུན་ཐུང་ངུའི་རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་ཀྱིས་ཁོང་གི་མཚན་སྙན་སྔོན་རབས་པ་དག་ལས་ཆེས་ཆེར་བརྒལ་ཐུབ་པ་བྱུང་།ཁོང་གི་མཚན་ཉིད་རིག་པ་དང་རྩོམ་རིག་བརྩམས་ཆོས་ཀྱིས་ཕྱི་དར་ལུགས་འཆལ་ཟློས་གར་དང་སྒྲུང་གཏམ་གསར་བར་ཤུགས་རྐྱེན་ཆེན་པོ་བཞག་ཡོད།རྩོམ་རིག་མཐའ་དཔྱོད་མཁན་ཚོས་ཁོང་གི་བརྩམས་ཆོས་ཀྱིས་བཟོ་ལས་དུས་རབས་ཀྱི་མིའི་དགོས་མཁོ་དང་འཚམ་པའི་མི་ཇུས་རིང་ལུགས་ཀྱི་བསམ་བློ་གསར་བ་མཚོན་ཐུབ་ཡོད་པར་བཞེད་ཀྱིན་ཡོད།འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པས་བསྐྱལ་འོང་བའི་ལྟོགས་སྐོམ་དང་རིམས་ནད།འཆི་བ།ཉོག་ཟིང་གི་འཚོ་བ་བཅས་ཀྱིས་མི་རྣམས་ཉབ་ཉོབ་དང་རྨོངས་སྦྲིད།ལུགས་འཆལ་ཅན་དུ་བསྒྱུར་ཡོད་ལ།ཚོར་དབང་རྣོ་བའི་ཁཱ་མིག་ལགས་ཀྱིས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་འགལ་འབྲེལ་དང་མིའི་འཚོ་གནས་ཀྱི་བརྡབ་གསིག་མི་ཉུང་བ་ཞིག་ལ་མ་འོངས་སྔོན་དཔག་བྱེད་ཐུབ་ཡོད།ལོ་ན་བཅུ་བདུན་ལ་བུད་པའི་སྐབས་དེར་ཁོང་ལ་གློ་གཅོང་གི་ནད་བྱུང་བས་སློབ་གྲྭ་ལས་མི་འབུད་ག་མེད་བྱུང་།སྐབས་དེའི་སྨན་བཅོས་ཆུ་ཚད་ཀྱིས་ནད་རིགས་དེ་བཅོས་ཐབས་བྲལ་བར་བརྟེན།ཚེ་སྲོག་ཤོར་དོགས་ཀྱི་ཉེན་ཚབས་ཀྱིས་རྟག་པར་ཁོང་ལ་མནར་གཅོད་བྱས་མོད།མི་རྣམས་ཧ་ལས་བར་བྱེད་པ་ནི་ལུས་པོའི་ནད་གདོན་དེས་ཁོང་ཉིད་རྨེག་མེད་དུ་གཏོང་མ་ནུས་པར།དེ་ལས་ལྡོག་སྟེ་མིའི་བསམ་བློའི་ཁྱབ་ཁོངས་ཀྱི་ཟོག་ཟོབ་དང་ལྗན་ལྗིན།སྙིང་བོ་མེད་པ།ལུགས་འཆལ་བཅས་ལ་གོ་བ་གསར་དུ་རྙེད་པར་བྱས།དེ་མིན་ད་དུང་དབུལ་ཕོངས་དང་བཟའ་འཐོར།ཆབ་སྲིད།དད་མོས་བཅས་ཀྱི་དཀའ་ངལ་རིམ་པར་འཕྲད་ལ།མངར་སྐྱུར་ཁ་གསུམ་གྱི་འཚོ་བའི་ཀློང་ནས་བསགས་པའི་ཉམས་མྱོང་དང་དངོས་བརྒྱུད་ཀྱི་མྱོང་བ་རྣལ་མས་དོན་སྙིང་གིས་སྟོང་བའི་འདི་སྣང་འཇིག་རྟེན་སྟེང་གི་འགྲོ་མིའི་སྐྱེ་འཆི་དང་སྡུག་བསྔལ་སྐོར་གྱི་དྲན་གཞིག་ཡངས་བོར་ཕྱེས་པ་མ་ཟད།སྟོང་ཆེན་པོའི་ཁམས་ན་འཚོ་བའི་མིའི་རིགས་ཀྱི་ཁེར་རྐྱང་དང་མགོན་མེད་སྐྱབས་མེད་ཀྱི་གནས་སྟངས་ལ་གློ་མཆིན་གླན་ཐུབ་ཡོད།
འགོས་ནད་བྱུང་བའི་ནད་པ་ཞིག་ཡིན་པའི་ཆ་ནས།དུས་ཡུན་རིང་བོར་རྩོམ་པ་པོ་ཁོང་ཉིད་ལ་ཕྱི་རོལ་འཇིག་རྟེན་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་རྨང་ནས་ཤོར་བ་རེད་ལ།ཕྱི་རོལ་ཡུལ་དང་འབྲེལ་ཐག་བཅད་པའི་རྣམ་པ་དེ་ནི་མི་ཞིག་གི་ངོས་ནས་བཤད་པ་ཡིན་ན།ནང་སེམས་ཀྱི་བདག་དང་ཕྱིའི་བདག་གཉིས་རང་སར་བཅད་པ་དང་འདྲ་ལ།དུས་མཚུངས་སུ་མི་སྒེར་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་གཉིས་འབྲེལ་ཐག་བཅད་ཡོད་པས།རྩོམ་པ་པོས་དེང་རབས་སྤྱི་ཚོགས་སུ་འཚོ་བའི་མིའི་འཚོ་གནས་དང་འཚོ་སྡོད་ཀྱི་རྣམ་པར་སྔར་ལས་དོ་ཁུར་དང་མཉམ་འཇོག་བླ་མེད་བྱས་པར་མ་ཟད།ཚེ་སྲོག་གི་གནས་སྟངས་དང་འཚོ་གནས་ཀྱི་དོན་སྙིང་སྐོར་ལ་དཔྱད་ཞིབ་རྣལ་སྨིན་མཛད་པ་རེད།1942ལོར་རྩོམ་པ་པོ་ཧྥ་རིན་སར་འོང་ནས་ལུས་ཕུང་གསོས་ནའང་།དམག་ཆེན་གཉིས་པའི་འཁྲུག་ཟིང་གིས་ཁོ་རང་ཁྱིམ་མི་དང་འབྲེལ་ཐག་གཏིང་ཆད་དུ་གྱུར་ལ།གནས་ཚུལ་དེ་ནི་རྩོམ་པ་པོར་མཚོན་ན་ཕྱི་རོལ་འཇིག་རྟེན་དང་དངོས་ཡོད་སྤྱི་ཚོགས་ཀྱིས་ཁོ་རང་བས་མཐར་དོར་བ་ལྟ་བུ་ཡིན་ལ།ཡང་མཐོང་སྣེ་གཞན་ཞིག་ནས་བསམ་ན་སྣང་ཚུལ་དེ་ནི་སྡུག་བསྔལ་གྱི་འོབས་དོང་ལ་བྱིངས་ཡུན་རིང་བའི་མི་ཞིག་གིས་མཛེས་སྣང་གི་སྒོ་ནས་འཇིག་རྟེན་ལ་བལྟ་བའི་གོ་སྐབས་ཡག་པོ་ཞིག་ཀྱང་ག་ནས་མིན།དེ་ལྟ་བའི་སེམས་བྱུང་གི་ས་བོན་སྔོན་དུ་སོང་ནས་ལོ་དེར་ཁོང་གི་གྲགས་པ་འབར་བའི་བརྩམས་ཆོས《བས་མཐའ་བ》འགྲེམ་སྤེལ་བྱས་པ་རེད།སྒྲུང་གཏམ་འདི་ཉིད་སེམས་ནས་བློས་བསླངས་བྱས་པའི་ལོ་ནི་ཕལ་ཆེར་1938ལོ་ནས1939ལོའི་བར་ཡིན་པ་དང་།དངོས་སུ་སྨྱུ་གུ་ལག་ཏུ་བཟུང་ནས་བྲིས་ཏེ་བརྩམས་གྲུབ་བྱུང་བའི་དུས་ནི་1940ལོའི་ཟླ5བའི་ནང་ཡིན་ལ།སྐབས་དེའི་རྩོམ་པ་པོ་ནི་ཕོ་ལོ་ཉེར་དྲུག་གི་སྐྱེས་སྐར་རོལ་ནས་ཡུན་རིང་འགོར་མེད་པའི་དུས་སུ་འཁེལ་ཡོད་ལ་ཕོ་ལོ་ཉེར་བདུན་ལ་བུད་མེད།ན་སོ་གཞོན་པའི་རྩོམ་པ་པོར་མཚོན་ན་སྒྲུང་གཏམ་འདི་ནི་ཁོའི་གསར་རྩོམ་གྱི་ཉི་གཞོན་བསུ་བའི་སྐྱ་མདའ་དང་འདྲ་བར་གྱུར་ཡོད།

           གཉིས་པ། བརྩམས་སྒྲུང་གི་ནང་དོན་མདོར་བསྟན་པ།

  《བས་མཐའ་བ》ཞེས་པའི་སྒྲུང་འབྲིང་འདི་ཕྱེད་སྔ་ཕྱི་གཉིས་ཀྱིས་གྲུབ་ཡོད་ཅིང་།ཕྱེད་སྔ་མ་ནི་སྒྲུང་གཏམ་གྱི་མི་སྣ་གཙོ་བོ་མཱོ་ཨར་སོའི་སྐྱེད་ཡུམ་ཚེ་ལས་འདས་པ་ནས་མགོ་བརྩམས་སྟེ།མཚོ་འགྲམ་དུ་སོང་ནས་ཨ་རབ་ཀྱི་མི་ཞིག་བསད་པའི་བར་ཡིན།སྒྲུང་གཏམ་གྱི་སྟོད་ཆ་ནི་དུས་ཀྱི་སྔ་ཕྱིའི་གོ་རིམ་ལྟར་གཏམ་རྒྱུད་ཞིབ་བརྗོད་བྱས་པ་ཞིག་ཡིན་ལ།ཞིབ་བརྗོད་བྱེད་སྟངས་དེར་དུངས་བརྗོད་ཀྱི་ཆ་སོགས་ཅི་ཡང་འདྲེས་མེད་པར་མང་ཆེ་བ་ནི་མི་སྣ་གཙོ་བོའི་སེམས་གཏིང་ནས་འཕྱུར་བའི་འདུ་ཤེས་ཀྱི་ཆ་ཕྱིར་བུད་པ་ཙམ་ཡིན་པ་དང་།རྒྱུན་མཐུད་ངང་བྱུང་བའི་དོན་དག་དང་མི་སྣ་ཕན་ཚུན་བར་གྱི་ཁ་བརྡ།རྣམ་འགྱུར།སྤྱོད་སྟངས།ཚོར་སྣང་བཅས་ཀྱི་བར་ལ་རྒྱུ་འབྲས་གཏན་ཚིགས་ཀྱི་ཆ་ཆེན་པོ་མེད་པས།ཀློག་པ་པོར་སྒྲུང་གཏམ་གྱི་སྒྲིག་གཞི་དང་འབྲེལ་མེད་ཀྱི་གཏམ་རྒྱུད་དུམ་བུ་འགའ་གོང་བུ་གཅིག་ཏུ་སྦྲེལ་བའམ་ཡང་ན་སྒྲུང་གཏམ་གྱི་སྒྲིག་གཞི་དང་རྦད་དེ་འགལ་བའི་ལུགས་འཆལ་གྱི་ཚོར་སྣང་ཞིག་བཅོས་མིན་དུ་སྟེར་ངེས།མི་གཞན་པའི་སྐད་ཆ་དང་རྣམ་འགྱུར་ནི་མཱོ་ཨར་སོ་ལ་མཚོན་ནས་བཤད་ན་སྙིང་བོ་བྲལ་བས་ཡིན།མཱོ་ཨར་སོའི་འདུ་ཤེས་ཁྲོད་དུ་རྟག་པ་ཁོ་ན་ནི་རྒྱ་མཚོ་དང་ཉི་འོད།རྒྱ་མཚོའི་གྲམ་ཐང་།མེ་ཏོག འབུ་སྲིན་གྱི་གཤོག་སྒྲ་དང་འབྱིན་སྒྲ རང་བྱུང་ཁོར་ཡུག་བཅས་ཡིན་ལ།རང་བྱུང་གི་སྣང་ཚུལ་དེ་དག་ནི་ཁོས་ཨ་རབ་ཀྱི་མི་དེ་གསོད་དགོས་པའི་རྐྱེན་ལྟ་བུ་དང་ཁག་འགེལ་བྱེད་ས་ལྟ་བུར་གྱུར་ཡོད།
སྒྲུང་གཏམ་གྱི་ཕྱེད་ཕྱི་མ་ནི་མཱོ་ཨར་སོས་སྟབས་མ་ལེགས་པར་ཨ་རབ་ཀྱི་མི་དེ་བསད་རྗེས་ཁོ་རང་བཙོན་འཇུག་བྱས་པ་ནས་ཁྲིམས་རྩོད་བྱས་པའི་གོ་རིམ་ཆ་ཚང་དང་།དེའི་རྗེས་མི་གསོད་གྱོད་གཞི་དངོས་དང་འབྲེལ་མེད་ཀྱི་དོན་ཙག་ཙིག་བདེན་དཔང་དུ་བྱས་ཏེ་ཁོ་རང་སྐེ་གཅོད་སྟེགས་བུའི་སྟེང་དུ་འཁྲིད་པར་གྲོས་ཐག་བཅད་པའི་བར་ཡིན།སྐབས་དེ་ཤེད་དུ་རྩོམ་པ་པོའི་འདུ་ཤེས་ཁྲོད་རྟག་བརྟན་གྱི་རྒྱ་མཚོའི་ཚབ་བཙོན་ཁང་གིས་བྱས་པ་དང་མི་སྣ་གཙོ་བོ་མཱོ་ཨར་སོའི་བསམ་བློའི་ཚབ་སྤྱི་ཚོགས་ཀྱི་འདུ་ཤེས་ཀྱིས་བྱས་པ་རེད།
           གསུམ་པ། སྒྲུང་གཏམ་གྱི་དང་བ་འདྲེན་པའི་ཆ་སྟེ་ཡིད་གཟུགས་བཀོལ་བའི་ཐབས་རྩལ།

  ཁཱ་མིག་ལགས་ཀྱི་ཚབ་མཚོན་བརྩམས་ཆོས་སུ་བགྲང་གིན་པའི《བས་མཐའ་བར》ཞིབ་འཇུག་པ་མང་པོས་དོ་སྣང་དང་མཐའ་དཔྱོད་ཀྱི་ལས་ཀ་ད་ལྟ་ལ་ཐུག་གི་བར་དུ་མཚམས་བཞག་མ་མྱོང་མོད།ཞིབ་འཇུག་གི་གནད་ས་ནི་སྒྲུང་གཏམ་གྱི་མི་སྣ་གཙོ་བོའི་སྐད་ཆ་དང་བསམ་བློ སྦྱོར་བ།ཀུན་སྤྱོད་བཅས་ཆེད་དམིགས་ཀྱིས་གླེང་བ་བརྒྱུད།རྩོམ་པ་པོའི་བསམ་བློའི་ལངས་ཕྱོགས་དང་ཁྱད་དོན་གཞི་གྲུབ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་རྩ་བར་མཐའ་སྡོམ་དང་སྦར་སྙོབ་བྱེད་པར་སོང་ཡོད་ལ།གཞི་གྲུབ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་རྩ་བའི་ལྟ་གྲུབ་ཀྱིས་སྒྲུང་གཏམ་འདིར་མ་བཅོས་ལྷུན་གྲུབ་དུ་ཡོད་པའི་འཚོ་བ་དང་མཛེས་རྟོག ཡིད་གཟུགས་ཀྱི་རྟོག་སྣང་བཅས་ཀྱིས་ཀློག་པ་པོར་ཡག་སྣང་གྱ་ནོམ་པ་ཞིག་སྦྱིན་ཐུབ་པའི་དགེ་མཚན་གྱི་ཆ་ཤས་ཡོངས་སུ་བསྒྲིབས་འགྲོ་བར་མ་ཟད།བརྩམས་ཆོས་ཀྱི་བསྟན་དོན་དང་རྩོམ་པ་པོའི་དགོངས་དོན་ལ་གོ་འཛོལ་བྱུང་འགྲོ་བར་སྙམ།བརྩམས་སྒྲུང་འདིའི་ཆེས་ཡིད་འགུགས་ཀྱི་ཆ་དེ་ཡིད་གཟུགས་བཀོལ་སྤྱོད་བྱས་པ་ཤིན་ཏུ་ལེགས་པར་མ་ཟད།ཡིད་གཟུགས་དེ་དག་གིས་བརྩམས་སྒྲུང་གི་སྒྱུ་རྩལ་དང་འཚོ་བའི་ལམ་ཁ་ཡངས་བོར་ཕྱེས་ཡོད་པས།འདིར་བརྩམས་ཆོས་ཁྲོད་ཡང་དང་བསྐྱར་དུ་བྱུང་གིན་པའི་དཔེ་མཚོན་ཅན་གྱི་ཡིད་གཟུགས་སྟེ་ཁུ་སིམ་དང་བདེན་དོན།ཉི་འོད།དུས་ཚོད།བས་མཐའ་བཅས་གླེང་རྒྱུ་ནི་བརྩམས་ཆོས་འདིའི་བརྗོད་སྙིང་དང་མི་སྣའི་སྣང་བརྙན།བསམ་བློའི་བསྟན་དོན་བཅས་ལ་གོ་བ་ལེན་ཐབས་ཡག་ཤོས་དེ་རེད་འདོད།
སྒྲུང་གཏམ་གྱི་མི་སྣ་གཙོ་བོ་མཱོ་ཨར་སོ་ནི་ཕྱི་རོལ་བྱ་དངོས་ལ་ཚོར་ཤེས་སྐྱེན་པོ་ཡོད་མཁན་ཞིག་ཡིན་ལ།བརྩམས་ཆོས་ཁྲོད་དུ་རྒྱ་མཚོ་དང་བྱེ་ཐང་།ཉི་འོད།འབུ་སྲིན་གྱི་འབྱིན་སྒྲ མེ་ཏོག་སོགས་ཡིད་གཟུགས་ཇི་སྙེད་ཅིག་ཡང་དང་བསྐྱར་དུ་བྱུང་གིན་ཡོད་ལ་དེ་དག་ནི་བརྩམས་སྒྲུང་ཁྲོད་ཀྱི་ཚིག་དུམ་འདི་དག་ལས་མངོན་ཡོད་དེ།༼ཉི་འོད་རིམ་གྱིས་ས་ངོས་ནས་མཁའ་དབྱིངས་ལ་འཕགས་ཚད་མགྱོགས་པས།སྙེ་རླབས་ཀྱི་ཀློང་ན་འབུ་སྲིན་གྱི་འབྱིན་སྒྲ་དང་རྩྭ་ཕྲན་ལྕུག་ལྕུག་འདར་བའི་སྒྲ་གཉིས་འཛིངས་བར་སྡེབ་ནས་གྲག་གིན་འདུག༽དང་ཡང༼ཞིང་ཐང་གི་ཁུ་སིམ་པའི་འཚོ་བ་ངའི་ཐོས་འཛིན་གྱི་བུ་གར་མཆེད་འོང་།ད་དུང་མཚན་མོའི་དྲི་ངད་དང་ས་གཞིའི་བསུང་ངད།མཚོ་ཚྭའི་དྲི་མ་བཅས་ཀྱིས་ངའི་མཁུར་ཚོས་ཟུང་བསིལ་འཇམ་དུ་བཏང་འགྲོ༽ལྟ་བུ་རེད།རང་བྱུང་གི་རྣམ་པ་ཞིབ་འབྲི་བྱས་པ་དེ་འདྲའི་གལ་ཆེན་ཡིན་དོན་ནི་དེ་དག་སྒྲུང་གཏམ་གྱི་མི་སྣ་གཙོ་བོའི་ནང་སེམས་ཀྱི་འཇིག་རྟེན་དང་ཐད་ཀར་འབྲེལ་ཡོད་པ་མ་ཟད།མཱོ་ཨར་སོའི་སྦྱོར་བ་ཡོད་ཚད་དེ་དཔེར་ན་ཡུམ་ཆེན་འདས་རྗེས་དུར་འཇུག་བྱས་པའི་གོ་རིམ་དང་མི་བསད་པའི་དོན་རྐྱེན།ཁྲིམས་ཆད་བཅད་པ་བཅས་དོན་དག་ཀུན་གྱི་སློང་རྐྱེན་ལྟ་བུར་གྱུར་ཡོད།དེ་བས་གཤམ་ནས་བརྩམས་སྒྲུང་གི་མཛེས་སྣང་སྐྲུན་བྱེད་དུ་གྱུར་བའི་གོང་གསལ་ཡིད་གཟུགས་འགའ་ཞིབ་གླེང་བྱེད་པ་ལ།

  གཅིག སྨྲ་བ་བསྡམས་དོན།

  ངས་བསམ་ན་མཐོང་སྣེ་གཞན་ཞིག་ནས་བསམ་ན་བརྩམས་སྒྲུང་འདི་ནི་ཁཱ་མིག་ལགས་ཀྱི་རང་རྣམ་ལྟ་བུར་བརྩིས་ཆོག་ལ།ཁཱ་མིག་ལགས་ཀྱི་བསམ་བློར་རྒྱུས་ལོན་བྱེད་དགོས་ན་སྒྲུང་གཏམ་གྱི་མི་སྣ་གཙོ་བོའི་བསམ་སྦྱོར་ལ་ངེས་ཤེས་ཡང་དག་འདྲོངས་དགོས་པ་འདྲ་སྟེ།མཱོ་ཨར་སོ་སྨྲ་བ་མེད་པར་སྡོད་པའི་རྣམ་པ་ནི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་རྩོམ་པ་པོར་སྐད་ཆ་ཉུང་བའི་སྣང་ཚུལ་དང་ཤིན་ཏུ་འདྲ་ཆེ།ཆུང་དུས་ཀྱི་རྩོམ་པ་པོར་མཚོན་ན་སྨྲ་བ་ཉུང་བའི་ཁོར་ཡུག་ཅིག་ནས་འཚར་བསྐྱེད་བྱུང་བ་ཡིན་ཞིང་།བྱིས་དུས་ནས་ཨ་ཕ་ཚེ་འདས་བྱུང་ནའང་ཁོང་གི་ཨ་མ་འོན་ལྐུགས་སུ་གྱུར་ཡོད་སྟབས།དུས་ཡུན་རིང་བོར་རྩོམ་པ་པོ་ལ་འབྲེལ་འདྲིས་བྱེད་སའི་བར་གླགས་མེད་པར་སྨྲ་བ་ཉུང་ངུའི་གནས་སུ་གྱར་བ་རེད།ཁུ་སིམ་གྱི་ཁོར་ཡུག་དེས་ཁོང་ལ་དོན་དག་ཅི་རིགས་ལ་གཟབ་ནན་དང་ཡིད་རྣལ་དུ་ཕབ་ནས་མནོ་བསམ་གཏོང་བའི་གོམས་གཤིས་བཟང་བོ་ཞིག་ཆགས་ཏུ་བཅུག་པར་སྣང་།རྩོམ་པ་པོའི་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་ཁུ་སིམ་གྲགས་མེད་ཀྱི་ཆ་དེ་ནི་རྩོམ་པ་པོ་རང་གི་སྨྲ་བཅད་ངག་བསྡམས་དང་ཕྱི་རོལ་ཁོར་ཡུག་གི་ཁ་ཁུ་སིམ་པོའི་འཇགས་རྣམ།དེང་རབས་མིའི་སེམས་ཁམས་ཀྱི་འཇགས་རྣམ་བཅས་དང་ཡོངས་སུ་འདྲེས་པའི་ཚེ་སྲོག་གི་མངོན་སྟངས་ཞིག་ཡིན་པས།ཁོའི་འབྲི་ཡུལ་དུ་གྱུར་བའི་ཁུ་སིམ་གྱི་རྣམ་པར་མཚན་ཉིད་རིག་པའི་ནང་བཅུད་ཀྱིས་བརྒྱན་ཡོད།རྩོམ་པ་པོས༼བྱམས་སེམས་དང་བསམ་གཞིག་འདྲེས་མའི་ཁུ་སིམ་གྱི་རྣམ་པ་དེ་ནམ་ཞར་མིའི་རིགས་ཀྱི་དྲན་པའི་རྟེན་དུ་ཉར་འོས་མོད།མིའི་རིགས་ལ་གནོད་པའི་ངོ་འཁྱགས་དང་བར་ཐག་བཀྱེད་བྱེད་ཀྱི་ཁུ་སིམ་ནི་ང་ཚོའི་འདོར་བྱར་འོས་ཞེས་བཤད་མྱོང་།༽
སྒྲུང་གཏམ་འདིའ་ཁྲོད་ཀྱི་མི་སྣ་གཙོ་བོས་བྱ་ལས་ཡོད་ཚད་སྣང་མེད་དུ་འཇོག་པ་དང་།ཐ་ན་ཡུམ་ཆེན་དུར་འཇུག་བྱེད་སྐབས་ཀྱང་གོ་མེད་ཚོར་མེད་དུ་ལུས་པའི་མཱོ་ཨར་སོར་མཚོན་ན།དངོས་ཡོད་འཚོ་བའི་ཁྲོད་རྒྱུན་པར་ཨ་མ་དང་ཁོ་གཉིས་ཀྱི་བར་ལ་སྨྲ་བ་མེད་པར་བསྡད་ཡོད་ལ།༼ཨ་མ་ཡུལ་ན་ཡོད་དུས་ཉིན་གང་བོར་སྨྲ་བ་མེད་པར་ང་ལ་ཅེར་ནས་འདུག༽ཁོ་གཉིས་ཀྱི་བར་དུ་སྐད་ཆ་མེད་ནའང་འཛུམ་མདངས་དང་མིག་བརྡས་ཕན་ཚུན་བར་ལྷད་མེད་ཀྱི་བརྩེ་བ་ཟབ་མོ་བརྒྱུད་སྤྲོད་བྱེད་ཀྱིན་ཡོད།དེ་ནི་མཱོ་ཨར་སོ་དོན་དག་གལ་ཆེན་གང་ལ་འཕྲད་ཀྱང་དུས་ཡུན་མང་ཆེ་བར་གོ་མེད་ཚོར་མེད་དང་ཁ་ཁུ་སིམ་མེར་འདུག་པའི་རྒྱུ་མཚན་གལ་ཆེན་ཏུ་གྱུར་ཡོད།མཱོ་ཨར་སོ་བཙོན་འཇུག་བྱས་རྗེས་ཁོའི་དགའ་རོགས་མཱ་ལིས་ཁོར་བལྟ་རུ་འོང་སྐབས།ཁོའི་མཉམ་འཇོག་བྱེད་ཡུལ་ནི་བར་གྱང་ལྕགས་དྲས་བཅད་ཡོད་པའི་མ་བུ་གཉིས་ཀྱིས་སྨྲ་བ་མེད་པར་ཕན་ཚུན་ལ་ཅེར་ནས་བསྡད་ཡོད་པའི་རྣམ་པ་དེ་རེད།༼ངའི་གམ་གྱི་གཞོན་ནུ་དེ་དང་ཁོའི་ཨ་མའི་བར་དུ་སྐད་ཆ་ཅི་ཡང་མེད་ལ།ངང་ཚུལ་དེ་ནི་ཡོ་ལང་རབ་ཏུ་རྒོད་པའི་རྒྱ་མཚོའི་དཀྱིལ་ན་ཁུ་སིམ་མེར་གནས་པའི་གླིང་ཕྲན་དང་གཉིས་སུ་མ་མཆིས༽ཁོའི་སྣང་ངོར་གང་དུ་བརྩེ་བ་རྣལ་མ་ཡོད་ན་དེ་རུ་ཁུ་སིམ་ཀློང་གི་བརྩེ་བ་ལྟེམས་མེར་འཁྱིལ་ཡོད་པས།ཁོར་མཚོན་ན་དེང་རབས་སྤྱི་ཚོགས་ཀྱི་མི་མང་པོའི་ཆོ་མེད་ཉོག་བཤད་དང་ཤབ་ཤུབ་ཀྱི་ཁེར་བཤད་དེ་མཁོ་དོན་ཅི་ཡང་མེད།མཱོ་ཨར་སོ་རྒན་གསོ་ཁང་དུ་ཨ་མའི་གདུང་སྲུང་བར་ཡོང་དུས་ཁྱམས་ར་བརྒྱུད་སྐབས་ཏག་ཏག་རྒན་པོ་ཚོའི་ལབ་གླེང་བྱེད་ཀྱིན་ཡོད་དེ༼ང་རང་ཁྱམས་ར་བརྒལ་མ་ཐག་ཁོ་ཚོས་ལབ་གླེང་གི་རྒྱུན་སླར་མཐུད་བྱུང་ལ།དེ་ནི་ནེ་ཙོ་ཁྱུ་ཞིག་གིས་ཤབ་ཤུབ་ཀྱི་ཀློང་ནས་གང་བྱུང་དུ་སྐད་འབོད་རྒྱག་པ་དང་མཚུངས༽ཕྱི་རོལ་ཡུལ་གྱི་འུར་ཆོམ་དང་སྐད་ཅོར་ལ་མཱོ་ཨར་སོ་སྔར་ནས་སུན་ཡོད་ལ།མིའི་རིགས་ཀྱི་འུར་ཆོམ་གྱིས་ཁོའི་བསམ་བློ་འཆོལ་བར་བྱེད་པས།ཁོ་རང་དུས་ཡུན་མང་ཆེ་བར་སྨྲ་བཅད་ངག་བསྡམས་བྱས་ནས་འདུག་པར་མོས།ཁོས་སྨྲ་བ་མེད་པར་འདུག་ཡུན་རིང་བའི་བསམ་སྦྱོར་དེ་ཀོ་བརྩེ་བ་རྣལ་མར་བརྩིས་ཡོད་པ༼ཕན་ཚུན་བར་དུ་སྐད་ཆ་ཅི་ཡང་མེད་པར་མཚན་ནུབ་རིང་མོ་ཞིག་ཕར་འདས་པ་ན།ང་ཚོའི་བར་གྱི་མཛའ་མཉེས་གཞི་ནས་ཇེ་ཟབ་དུ་སོང་བ་དང་འདྲ༽སྒྲུང་གཏམ་ཁྲོད་ཀྱི་སྐད་ཆ་འདིས་ར་སྤྲད་འདུག
མཐོང་སྣེ་གཞན་ཞིག་ནས་དཔྱད་ན་སྒྲུང་གཏམ་ཁྲོད་ཀྱི་ཁུ་སིམ་གྱི་རྣམ་པས་བསམ་གཞིག་བྱེད་སྟངས་ཤིག་མཚོན་གྱིན་ཡོད།ཨ་མའི་སྐུ་གདུང་སྲུང་བའི་མཚན་མོར་སྒོ་སྲུང་བས་ཐེངས་གང་མང་ཞིག་ལ་ཁོར་ལབ་གླེང་བྱེད་པར་བརྩོན་ནའང་།ཁོས་སྒོ་སྲུང་བར༼ངས་མི་དྲན་གི ངས་མི་ཤེས།ངས་དེའི་དོན་གསལ་བོ་ཞིག་རྟོགས་མ་སོང་།༽ལྟ་བུའི་ལན་སྟབས་བདེ་འགས་འཐུས་པར་བྱས་ཡོད།སླ་བཅོས་སུ་བྱས་པའི་ལན་འདེབས་སྟངས་དེས་མི་རྣམས་ལ་མ་ཡུམ་ཤི་བ་ནི་ཁོ་དང་འབྲེལ་མེད་དོན་གཞན་ཞིག་ཏུ་སྣང་བར་བྱེད་མོད།དོན་དངོས་སུ་དེ་འདྲ་ཞིག་མ་ཡིན་པར་ཁོ་རང་མ་ཡུམ་འཇིག་རྟེན་དཀར་ངོགས་ན་གསོན་སྐབས་ཀྱི་ཕྱིར་དྲན་ཁྲོད་བྱིངས་ཡོད་པ་རྟོགས་སླ་བར་མ་ཟད།སྡུག་བསྔལ་དང་ཕྱིན་དྲན་ཁྲོད་སིམ་པའི་མི་ཞིག་ལ་མཚོན་ན་སྣང་ལ་མ་ངེས་དང་གོ་མེད་ཚོར་མེད་ཀྱི་གནས་སུ་གྱར་ངེས་པ་ནི་མིའི་སེམས་ཁམས་ཀྱི་ཆོས་ཉིད་ཅིག་ཡིན་ནའང་།བསམ་གཞིག་གི་ནུས་པ་བྲལ་ལ་འཕྲུལ་ཆས་ཅན་དུ་བྱས་པའི་མི་རྣམས་ཀྱིས་ཁོར༼མི་རྣམས་ཀྱིས་ཁྱོད་རང་ངོ་འཁྱགས་དང་ཡུན་རིང་སྨྲ་བ་བསྡམས་པའི་ཁེར་ཧྲེང་གི་མི་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་པར་ཁྱེད་རང་ངོས་ནས་ཅི་ལྟར་འགྲེལ་ཞེས་བཤད་མ་ཐག མཱོ་ཨར་སོས་ཕྱིར་མི་དེར་ང་ལ་དེའི་སྐོར་ནས་བཤད་རྒྱུ་ཅི་ཡང་མེད་པས།ང་རང་ཁ་རོག་འདུག་རྒྱུ་ལས་བྱ་ཐབས་ཟད༽ཅེས་ལན་བཏབ།འདྲི་ཚིག་དེ་ལྟ་བུར་ཨ་ལན་འདེབས་རིན་མེད་པ་ཚོར་བས་ཁོ་རང་ཁ་རོག་གེར་བསྡད་པ་ལས་སྙིང་བོ་མེད་པའི་སྐད་ཆ་གང་བྱུང་དུ་མ་ལབ་པ་རེད།འདི་ལས་རྟོགས་སླ་བ་ནི་ཁོ་རང་གསོན་པའི་དམིགས་ཡུལ་ནི་འཚོ་བ་དོན་ཡོད་ཅན་དུ་གཏོང་བ་དེ་ཡིན་པ་གོང་གསལ་ལས་རྟོགས་སླ། 
མདོར་དྲིལ་ནས་གླེང་ན།སྒྲུང་གཏམ་ཁྲོད་མངོན་པའི་ཁུ་སིམ་གྱི་ཆ་དེ་སྙིང་བོ་མེད་པ་དང་ཁེར་ཧྲེང་གཉིས་ཀྱི་ཚོར་བའི་སྐུད་རྒྱུན་དང་དམ་པོར་འབྲེལ་ཡོད་པ་མ་ཟད།ལབ་གླེང་གི་གླགས་རྨང་ནས་བོར་བ་དང་ཐ་ན་འཆི་བའི་འཇིགས་སྐྲག་ལའང་འབྲེལ་འདུག་པས།སྒྲུང་གཏམ་འདིའི་ཁྲོད་ཀྱི་ཁུ་སིམ་གྱི་རྣམ་པ་དེ་མུན་ནག་གི་ངོ་བོ་ནས་འོད་ཟེར་ཅན་དུ་འཕོས་ཏེ།ལྗིད་ཏིག་ཏིག་གི་བརྩེ་བ་ཟམ་མོ་དང་བསམ་གཞིག་སྐྱུར་མོའི་མཚོན་དོན་ལྟ་བུར་གྱུར་ཡོད།དེ་བས་མཱོ་ཨར་སོར་མཚོན་ན་ཁུ་སིམ་གྱི་རྣམ་པ་དེ་ནི་ཁོའི་མི་ཚེ་དོན་ཡོད་ཅན་དུ་གཏང་བའི་རྐྱེན་ལྟ་བུར་གྱུར་འདུག
  གཉིས། བཅོས་མིན་དྭངས་གཙང་གི་མི་གཞིའི་མཛེས་པ།

  ཁཱ་མིག་ལགས་ཀྱིས་སྒྲུང་གཏམ་ཁྲོད༼ང་ཚོ་འཚོ་སྡོད་བྱ་སའི་དུས་རབས་འདིར་མཚོན་ནས་བཤད་ན།རང་གི་ཡུམ་ཆེན་དུར་འཇུག་བྱེད་སྐབས་མིག་ཆུ་མི་འདོན་པའི་མི་ཚང་མར་སྲོག་ཁྲིམས་མི་གཅོད་པའི་ངེས་པ་གཞར་ཡང་མེད༽ཅེས་ནན་བཤད་བྱས་ཡོད་པ་ནང་བཞིན།དེང་གི་སྤྱི་ཚོགས་ལ་མཁོ་གལ་ཆེ་བའི་མི་ནི་སྤྱི་ཚོགས་ཀྱི་སྒྲིག་གཞིའི་འོག་ཏུ་འདུ་ཐུབ་པ་དག་ལས་གནས་ལུགས་ཀྱི་སྔུན་ནས་སྒྲིག་གཞིར་གཏོར་བཤིག་གཏོང་ཕོད་མཁན་གྱི་ཟུར་ཁ་ཅན་དག་ཤོང་ཐབས་བྲལ་ཡོད་ཅིང་།མི་སུ་ཞིག་གིས་དེང་རབས་སྤྱི་ཚོགས་ཀྱི་རྩ་བའི་ཆོས་ཉིད་ལ་རྒྱབ་འགལ་བྱས་པ་ཡིན་ན།གནས་ལུགས་ཀྱི་སྔུན་ནས་སྐད་ཆ་བཤད་མཁན་དག་ལ་ད་ཡོད་སྤྱི་ཚོགས་ཀྱིས་ཁྲིམས་ཆད་ནན་མོ་གཅོད་ངེས་གཏན་ཡིན།མཱོ་ཨར་སོ་ལགས་སྒྲིག་གཞིའི་ཕྱི་རོལ་དུ་གནས་དོན་ཡང་གནད་འདི་དང་འབྲེལ་བ་དམ་ཟབ་ཡོད་དེ།ཁོས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་བརྩི་སྲུང་མ་བྱས་པས།ལྗན་ལྗིན་གྱིས་མ་ཟིན་པའི་ཁོའི་དྲང་ངེས་ཀྱི་མི་གཞིའི་མཛེས་པ་ལྷང་ལ་བུད་སོང་བ་རེད།ཁོ་རང་བཅོས་མིན་དང་ལྷད་མེད་དྭངས་གཙང་གི་སྒོ་ནས་འཇིག་རྟེན་འདིའི་སྟེང་འཚོ་གནས་བསྐྱལ་ཐབས་ལ་འབད་མཁན་ཞིག་ཡིན་པས།ངས་བསམ་ན་གནད་འདི་ནི་མཱོ་ཨར་སོའི་སྣང་བརྙན་གྱི་ཆེས་རིན་ཐང་ངོམ་ས་དང་གཟི་འོད་འཁྱུག་ས་རེད་སྙམ།
སྒྲུང་གཏམ་གྱི་སྟོད་ཆ་ནི་མཱོ་ཨར་སོའི་བཅོས་མིན་གྱི་འཚོ་གནས་བསྐྱལ་སྟངས་ཇི་བཞིན་མཚོན་པ་ཅན་ཞིག་ཡིན་ཞིང་།ཨ་མ་འདས་པའི་བརྡ་ལན་འབྱོར་མ་ཐག་མིག་ཆུ་མ་བཏོན་པ་དང་ཡུམ་ཆེན་དུར་འཇུག་བྱེད་དུས་ཀྱང་མིག་ཆུ་མ་བཤུར།ཡུམ་ཆེན་གྱི་གདུང་སྲུང་བའི་དགོང་མོར་མ་ཡུམ་གྱི་དུར་མདུན་ནས་དུ་བ་འཐེན་པ་དང་འཚིག་ཇ་འཐུང་བ།ད་དུང་དུར་འཇུག་བྱས་རྗེས་ཀྱི་ཕྱི་ཉིན་མཚོ་འགྲམ་དུ་ཆུ་རྐྱལ་བྱེད་དུ་སོང་བར་མ་ཟད།དགའ་རོགས་དང་ལྷན་དུ་ཁ་མཚར་གློག་བརྙན་ལ་བལྟས་པ་དང་འཁྲུག་སྤྱོད་བྱས་པ་སོགས་ཀྱི་བྱ་སྤྱོད་ཀྱིས་ཁོའི་མ་བཅོས་ནོག་བྲལ་གྱི་འཚོ་བ་རོལ་སྟངས་རྣལ་མ་ཇི་བཞིན་མཚོན་འདུག སྐྱོ་བ་སངས་བྱེད་དུ་སྤེལ་བའི་སྦྱོར་བ་དེ་དག་ནི་གདོང་ལ་འབག་གྱོན་ནས་འཚོ་བའི་ཟོག་ཟོབ་ཀྱི་མི་རྣམས་དང་བསྡུར་ན་ཇི་འདྲའི་ནག་ནོག་དང་བྲལ་བ་ཞིག་ཡིན་ཁར།ཉིན་རེར་བསམ་བློ་སྔོན་སོང་ཅན་དང་འཕྲུལ་ཆས་ཅན།བརྡ་འཕྲིན་ཅན་དུ་བྱས་དང་བྱེད་བཞིན་པའི་དེང་རབས་ཀྱི་མི་རྣམས་ལ་མཚོན་ན་དོ་བཟློ་བ་ཆེན་པོ་ཞིག་ག་ནས་མིན་སོང་།
མི་རྣམས་ཀྱིས་ཨ་མ་འདས་རྗེས་ཀྱི་མཱོ་ཨར་སོའི་གོ་མེད་ཚོར་མེད་ཀྱི་བྱ་བྱེད་དང་རྣམ་འགྱུར་དེ་ཀོ་ནི་བརྩེ་བ་བྲལ་བའི་མི་ཞིག་གི་བྱ་བྱེད་ལ་བལྟས་ནས་ཡོད་ནའང་།དོན་དངོས་སུ་མ་ཡུམ་དང་གཏན་བྲལ་བྱས་རྗེས་ཀྱི་ཁོག་སྡུག་དང་སྐྱོ་ངལ།མིག་ཆུ་སོགས་ཕྱིའི་ལུས་ངག་ཏུ་མ་ཤར་བ་མ་གཏོགས།ཁོའི་ནང་སེམས་ཀྱི་གཏིང་སར་མ་ཡུམ་གྱི་བརྩེ་བ་རྣལ་མ་དམ་པོར་བཅངས་ནས་ཡོད་མོད།མི་ཚོས་ཁོར་གོ་བ་ལོག་ལེན་བྱེད་ཀྱི་པ་ནི་དོན་གྱིས་ཁོས་ཨ་མ་འདས་རྗེས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་མིའི་གུས་སྲོལ་ལྟར་སྐྱོ་ཉམས་མ་བསྟན་པར།ཁོའི་བཅོས་མིན་གྱི་བརྩེ་བ་མངོན་སྟངས་ལྟར་རྣམ་འགྱུར་བསྟན་པས་རེད།ཁོས་མ་ཡུམ་ལ་བརྩེ་དུངས་རྣལ་མ་བཅངས་ཡོད་པ་སྒྲུང་གཏམ་ཁྲོད་མ་ཡུམ་ཞེས་པའི་ཐ་སྙད་མ་བཀོལ་བར་བྱིས་པའི་སྐད་ལྟར་ཨ་མ་ཞེས་བཀོལ་ཡོད་པ་ལས་ཟུར་ཙམ་མཚོན་ཐུབ་པ་མ་ཟད།རྒན་གསོ་ཁང་ནས་ཨ་མ་ཤི་བའི་བརྡ་ལན་འབྱོར་མ་ཐག༼ལམ་སེང་ཨ་མར་མཇལ་ཐུབ་ན་ཨང་༽ཞེས་ཁོའི་ཁོག་ཏུ་དེ་ལྟར་དྲན་ནའང་མིག་ཆུ་མ་བཏོན།རྒྱུ་མཚན༼ཨ་མ་འཆི་བ་དང་ཐག་ཉེ་སར་གནས་ཡོད་པས།ད་ནི་འཇིགས་སྐྲག་དེ་ལས་ཐར་ན་བཟང་༽བས་རེད།བཙོན་དུ་ཡོད་སྐབས་ཁོས་རང་གི་ཁྲིམས་རྩོད་པར༼ང་ལ་རང་གི་ཨ་མར་མི་དགའ་བའི་རྒྱུ་མཚན་གཞན་ཅི་ཡང་བཤད་རྒྱུ་མེད༽དང༼ད་ལྟའི་སྐབས་འདི་འདྲར་ཨ་མ་ཤི་མེད་ན་ཅིས་མི་ཆོག༽ཅེས་བཤད་མྱོང་ཡོད།ཨ་མ་དུར་འཇུག་བྱེད་སྐབས་ཁོ་རང་ངུ་སྙིང་མ་འདོད་པས་མིག་ཆུ་འདོན་པའི་བཟོ་སྟོན་མ་བསམ་པ་དང་ཁོ་རང་མཱ་ལིས་ལ་སེམས་གཏིང་ནས་མ་དགའ་བས་ང་ཁྱེད་ལ་དངོས་གནས་དགའ་ཞེས་ངོ་དགའ་སྤྲེལ་ལད་ཀྱི་རྫུན་ཚིག་གཏན་ནས་བཤད་མྱོང་མེད།དེ་བས་ཁོ་ནི་རང་གི་འདོད་མོས་ལྟར་འཚོ་བ་བསྐྱལ་མཁན་རྣལ་མ་ཞིག་ཡིན་པ་རྟོགས་སླ་ལ།ཁོ་རང་ནི་བཅོས་མིན་དང་ཟོལ་མེད།དྭངས་གཙང་བཅས་ཀྱི་ཀློང་ན་སྒེག་པའི་བསླད་ཀྱིས་མ་གོས་པའི་མི་དེ་ཡིན་པས།ཟོག་ཟོབ་དང་རྫུན་གྱི་སྦྱོར་བ་དག་ཁོའི་འཇིག་རྟེན་ལ་ཤོང་ཐབས་བྲལ་ཡོད།
མཱོ་ཨར་སོ་ནི་ལྗན་ལྗིན་དང་དྭངས་གཙང་དང་ཁད་ཀྱིས་བཀྱེད་ཡོད་པའི་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་འཚོ་བ་རྣལ་མ་རོལ་མཁན་དེ་ཡིན་ལ།ཁོས་སྤྱི་ཚོགས་ལ་མཁོ་བ་ནི་རྫུན་དང་ཤོབ་ཀྱི་གྲིབ་མར་འབྲལ་མེད་དུ་གནས་པའི་མི་དག་ཡིན་པ་ཤེས་ནའང་།ཁོས་སྔར་བཞིན་རང་གི་བཅོས་མིན་དང་དྭངས་གཙང་གི་མི་གཤིས་སྲུང་བཞིན་འཚོ་བ་རོལ་བར་མ་ཟད།ཁུ་སིམ་དང་ཁེར་ཧྲེང་གི་སེམས་ཁམས་མནབས་ཏེ་སྤྱི་ཚོགས་ཀྱི་བས་མཐའ་ནས་མི་རྣམས་ཀྱི་གླེང་ལོག་དང་སྐུར་འདེབས་འཁུར་ཞོར་འཚེ་ཡི་འདུ་བྱེད་རྫོགས་དགོས་བྱུང་བ་རེད།མཱོ་ཨར་སོས་རྫུན་དང་ཤོབ་དང་ལེན་མ་བྱས་པར་མ་ཟད།འཆི་ཁར་དཀོན་མཆོག་གི་འགྱོད་བཤགས་ཀྱང་དང་ལེན་མ་བྱས་པ་རེད།འདི་ལྟ་བུའི་མ་བཅོས་ཟོལ་མེད་ཀྱི་འཚོ་བ་རོལ་སྟངས་ཀྱིས་ང་ཚོ་དེང་རབས་ཀྱི་མི་གཤིས་འཁྱོག་གཟུགས་ཅན་དུ་གྱུར་ཟིན་པའི་མི་རྣམས་ལ་བློ་འབྱེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་གཏན་ཡིན།
  གསུམ། ཉི་འོད་ཀློང་གི་མཱོ་ཨར་སོ།

 སྒྲུང་གཏམ་འདིའི་ཁྲོད་དུ་ཁཱ་མིག་ལགས་ཀྱིས་ཉི་འོད་ཞིབ་འབྲི་བྱེད་ཐེངས་མང་ལ།ང་ཚོས་སྒྲུང་གཏམ་ལས་བརྙན་རིས་འདི་འདྲ་ཞིག་མཐོང་ཐུབ་སྟེ།༼སྡོང་བོ་གསོན་སྟོབས་ཀྱིས་འཕྱུར་གྱིན་ཡོད་ལ།མཁའ་དབུགས་བག་ཡངས་ངང་གང་དགར་རྒྱུ།ཉི་འོད་གདུག་རྩུབ་ཁ་བོའི་ཁྲོད་བདེ་སྣང་གིས་བཟི།ཉི་འོད་ཀྱིས་རྒྱ་མཚོ་དང་བྱེ་ཐང་རི་ཚོགས་བཅས་ཀྱི་ལྷིང་འཇགས་གཤགས་ཞོར་འགོག་ཐབས་བྲལ་བའི་སྟོབས་ཤུགས་ཅིག་མནབས་ནས་ས་གཞིར་འཕྲོས་འོང་།༽སྒྲུང་གཏམ་ཁྲོད་ཀྱི་ཉི་འོད་ཀྱིས་མཱོ་ཨར་སོའི་བསམ་བློ་དང་བྱ་བྱེད་ལ་འགྱུར་བ་གཏོང་ནུས་པས།ཉི་འོད་ཀྱི་ཡིད་གཟུགས་གླེང་རྒྱུ་ནི་སྒྲུང་གཏམ་གྱི་བསྟན་དོན་ལ་རྒྱུས་ལོན་བྱེད་ཐབས་གལ་ཆེན་ཞིག་རེད་སྙམ།
གནའ་ནས་ད་ལྟའི་བར་དུ་མི་རྣམས་ཀྱིས་ཉི་མ་ལ་བསྟོད་གླུ་ཕུལ་བར་མ་ཟད།ཉི་མ་ནི་རླབས་ཆེན་དང་འོད་ཟེར་གྱི་བདག་ཉིད་ཅན།དྲོད་ཀྱི་སྐྱེད་ཡུམ།སྐྱེ་འགྲོ་གྲངས་མེད་ཀྱི་སྐྱབས་གཅིག་པུ་ལྟ་བུར་ངོས་འཛིན་བྱས་ཡོད་ནའང་།བརྩམས་སྒྲུང་འདིའི་ཁྲོད་མངོན་པའི་ཉི་མ་ནི་དབང་ཤུགས་དང་སྒེར་གཅོད་ཀྱི་ངོ་བོར་སྦྱར་འདུག 
སྒྲུང་གཏམ་གྱི་མགོར་ཨ་མ་འདས་པའི་བརྡ་ལན་ཐོན་མ་ཐག་མཱོ་ཨར་སོ་མེ་འཁོར་ལ་བསྡད་དེ་རྒན་གསོ་ཁང་དུ་འགྲོ་བའི་ལམ་བར་དུ།ཙད་པ་དང་མེ་འཁོར་གྱི་སྤྲུག་གསིག་གིས་ཁོ་རང་ཐང་ཆད་པར་བྱས་པ་མ་ཟད།ཁྱད་པར་དུ༼གཞུང་ལམ་དང་ནམ་མཁའ་གསལ་ཐང་ཐང་དུ་མངོན་པས་ངའི་མིག་ལ་གནོད་པར་བྱས༽ད་དུང༼ཉི་འོད་ཀྱིས་ང་རང་ཉབ་ཉོབ་ཏུ་བཏང་སོང་༽༼ངའི་ཁྲག་རྒྱུན་ཉི་འོད་ཀྱི་ཚ་སྨུག་ཆེར་རྒྱས་པ་དང་བསྟུན་ནས་ཇེ་མགྱོགས་ལ་བུད་སོང་༽ལུས་ཕུང་དང་འབྱུང་གཞིར་གནོད་པའི་ཉི་འོད་ཀྱི་རྐྱེན་གྱིས་ཁོ་རང་དོན་གང་ལ་འཕྲད་ཀྱང་རྟག་པར་ཁུ་སིམ་དང་གོ་མེད་ཚོར་མེད་ཀྱི་གནས་སུ་ལྷུང་བ་རེད།
མཚོ་འགྲམ་གྱི་ཉི་འོད་ནི་མེ་ཕུང་ཞིག་དང་འདྲ་ལ་ཉི་འོད་ཀྱིས་མནར་གཅོད་བཏང་སྟེ།ཁོ་རང་ར་རོ་ཉབ་ཉོབ་ཏུ་བསྒྱར་བས།ཁོས་རང་གི་འབྱུང་གཞིར་གནོད་པའི་ཉི་འོད་དེར་རྐྱེན་བྱས་ཏེ་ཤེས་མེད་ཚོར་མེད་ངང་ཨ་རབ་ཀྱི་མི་དེ་བསད་པ་རེད།འདི་དག་ཡོད་ཚད་ནི་ཉི་འོད་ཀྱིས་མཱོ་ཨར་སོར་བྱིན་པའི་གདུག་རྩུབ་ཀྱི་སྦྱོར་བ་དག་རེད།དེ་ལྟར་ཉི་འོད་ཀྱི་གདུག་རྩུབ་དང་ཚ་སྨུག་གིས་ཁོའི་བསམ་བློ་དང་རང་དབང་ཡོད་ཚད་རྩ་བ་ནས་འཕྲོག་པ་རེད་ལ།ཉི་འོད་ཀྱིས་མཱོ་ཨར་སོ་ལ་མནར་གཅོད་བྱེད་ཀྱིན་པ་ནི་དོན་ལ་སྤྱི་ཚོགས་ཀྱིས་ཁོ་རང་ཕུད་རྒྱག་དང་བས་མཐར་འདེད་པའི་མཚོན་དོན་དུ་གྱུར་ཡོད།
མཱོ་ཨར་སོས་ཉི་འོད་ལ་ངོ་རྒོལ་དང་ཉི་འོད་ལ་གཡོལ་གྱིན་པ་ནི་དོན་ལ་ཁོ་སྤྱི་ཚོགས་ཀྱིས་སྒྲིག་གཞི་ལས་འབུད་བསམ་པའམ་ཡང་ན་ཁོས་འཕྲུལ་ཆས་ཅན་དུ་བྱས་པའི་འཚོ་གནས་བསྐྱལ་སྟངས་ལ་ངོ་རྒོལ་བྱས་ཏེ།མཐར་རང་དབང་གཙང་མར་བརྩོན་མེད་བྱེད་པའི་མཚོན་དོན་ལྟ་བུར་བརྩིས་ཆོག་སྙམ། ཨ་མ་དུར་འཇུག་བྱས་རྗེས་ཁོ་རང་མཱ་ལིས་དང་འགྲོགས་ནས་ཆུ་རྐྱལ་བྱེད་སྐབས༼ཚ་ལམ་ལམ་གྱི་ཉི་འོད་ས་ངོས་ལ་འཕྲོས་ཡུན་རིང་བས་ས་ངོས་འདར་ཡོམ་བྱེད་པ་དང་འདྲ་ལ།དེ་ལྟའི་ཉི་འོད་ལ་གདུག་རྩུབ་དང་ཡ་ང་སྙིང་རྗེ་བྲལ་བས།དེས་མི་རྣམས་ཐང་ཆད་པར་བཟོས་འགྲོ༽དེར་བརྟེན་ཁོ་རང་མཚོ་མོའི་གཏིང་སར་སོང་ནས་ཆུ་རྐྱལ་བྱས་ལ༼གྲང་ཅང་ཅང་གི་ཆུ་མོའི་རླབས་རིས་ཁོའི་ཁ་ནང་དུ་བཞུར་འོང་བ་དེས་ཉི་འོད་ཀྱི་ཚ་དྲོད་ཁ་བོ་ཕར་འདེད་ཀྱིན་པ་དང་ཀུན་ནས་མཚུངས༽དེ་བས་རྒྱ་མཚོ་ནི་ཁོའི་བསམ་བློ་དང་ཕུགས་བསམ་ཤོང་སའི་མཐའ་མཇུག་གི་བསྟི་གནས་སུ་གྱུར་ཡོད་པར་མ་ཟད།རྒྱ་མཚོས་ཁོ་དང་ཕྱི་རོལ་འཇིག་རྟེན་གཉིས་འབྲེལ་ཐག་གཏིང་གཅོད་བྱེད་པའི་རང་དབང་གི་ཁོར་ཡུག་ཅིག་ངང་ངམ་ཤུགས་ཀྱི་བསྐྲུན་ཡོད་འདོད།

བཞི། སེམས་ཚོར་ལ་བརྒྱུས་པའི་དུས་ཚོད།
མཱོ་ཨར་སོའི་འཇིག་རྟེན་ཁྲོད་ཀྱི་དུས་ཚོད་ནི་འགྱུར་མེད་སོ་ན་གནས་པའི་ཆུ་ཚོད་འཁོར་ལོའི་སྟེང་གི་དུས་ཚོད་ཀྱི་གོ་དོན་དེ་མ་ཡིན་པར།ནང་སེམས་དང་ཚོར་ཤེས་ལ་བརྒྱུས་པའི་དུས་ཚོད་ཡན་གར་བ་ཞིག་ཡིན།ཁོ་ནི་རང་གི་མོས་ངོ་དང་འཚམ་པའི་དུས་ཚོད་ཀྱི་ཀློང་དེ་ག་ན་འཚོ་བ་རོལ་གྱིན་ཡོད་པ་ལས།སྒྲིག་གཞི་འཐུས་ཚང་ཅན་དང་འཕྲུལ་ཆས་ཅན་དུ་བྱས་པའི་དུས་ཚོད་ཁྲོད་འཚོ་གནས་སྐྱེལ་རྒྱུར་དགའ་བོ་མེད།དེ་དག་ནི་དུས་ཚོད་དང་འདུ་ཤེས་ཀྱི་བྲན་གཡོག་ཏུ་གྱུར་ཟིན་པའི་མིས་ད་གཟོད་འཚོ་བ་དེ་འདྲ་རོལ་ངེས་ཡིན།
དེང་རབས་ཀྱི་མི་ནི་དུས་ཚོད་འཁོར་ལོ་དང་སྐད་ཅིག་ཙམ་ལའང་ཁ་བྲལ་ཐབས་མེད་ལ།ཁོ་ཚོས་དུས་ཚོད་འཁོར་ལོའི་མདའ་ཁབ་ཀྱི་འགྲོས་དང་བསྟུན་ནས་བྱ་བ་སྒྲུབ་ཀྱིན་ཡོད།འཚོ་བ་རོལ་སྟངས་དེ་ནི་ང་ཚོའི་འཚོ་གནས་དང་འཚོ་སྡོད་ཀྱི་སྙིང་བོ་ལེན་ཐབས་རེད།སྤྱི་ཚོགས་ཀྱི་སྒྲིག་གཞིས་མཱོ་ཨར་སོ་སྤྱི་ཚོགས་ཀྱི་བས་མཐར་འདེད་འདེད་དོན་ཡང་ཕྱོགས་གཅིག་ནས་ཁོས་རང་གི་མོས་ངོ་དང་འཚམ་པའི་སེམས་ཀྱི་དུས་ཚོད་ལྟར་འཚོ་བ་རོལ་གྱིན་པར་འབྲེལ་བ་ངེས་ཅན་ཡོད་ལ།རང་དབང་ཅན་དུ་བྱས་པའི་འཚོ་བ་རོལ་སྟངས་དེས་འཕྲུལ་ཆས་ཅན་དུ་བྱས་པའི་དུས་ཚོད་ཀྱི་བརྡ་དོན་དང་དུས་ཚོད་ཀྱི་སྒྲོམ་གཞི་རྙིང་བར་གཏོར་བཤིག་བཏང་ནས་མཐར་རང་དབང་གི་ཁམས་གཙང་ཡངས་ཞིག་ལ་སྙེག་གིན་པ་མཚོན་ཐུབ་ཡོད་སྙམ།

ལྔ། སྒྲིག་གཞིའི་ཕྱི་རོལ་གྱི་མི།
མིའི་རིགས་དེང་རབས་སྤྱི་ཚོགས་སུ་གོམ་བགྲོད་བྱས་པ་ནས་བཟུང་།ཐོན་སྐྱེད་ནུས་ཤུགས་ཀྱི་བླ་འོག་བརྡོལ་འདྲའི་འཕོ་འགྱུར་དང་བཟོ་ལས་ཅན།ཚན་རྩལ་ཅན།བརྡ་འཕྲིན་ཅན་བཅས་ཀྱིས་མིའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་གསལ་བོར་མཚོན་ཡོད་ནའང་།ཕྱོགས་གཞན་ཞིག་ནས་དེང་རབས་འགྲོ་མིའི་སུན་སྣང་དང་ཡ་ང་སྙིང་རྗེ་བྲལ་བ།སེམས་ཀྱི་ལྷིང་འཇགས་རྨང་ནས་དཀྲོགས་པ།འཕྲུལ་ཆས་ཅན་དུ་བྱས་པའི་སྤྱི་ཚོགས་ཀྱི་སྒྲིག་གཞིར་ངོ་རྒོལ་བྱེད་སྙིང་འདོད་པ་བཅས་ཀྱི་བསམ་བློ་ཚང་མ་བས་མཐར་དེད་ཟིན་པའི་མི་སྣ་མཱོ་ཨར་སོའི་སྟེང་དུ་མངོན་པར་མཚོན་འདུག 
སྒྲུང་གཏམ་འདིའི་ཁྲོད་མཱོ་ཨར་སོ་བས་མཐར་ལྷུང་རྐྱེན་ལ་རྒྱུ་མཚན་གཉིས་ཡོད་དེ།གཅིག་ནི་ཁོས་རང་ཉིད་བས་མཐར་ཕུད་པ་དང་གཉིས་ནས་སྤྱི་ཚོགས་ཀྱིས་ཁོ་རང་བས་མཐར་དེད་པ་རེད།དཔེར་ན།མཱོ་ཨར་སོ་ལ་ཁྲིམས་ཁང་གིས་འདྲི་གཅོད་བྱེད་སྐབས༼བདག་གི་ཁྲིམས་རྩོད་པས་སྐད་ཆ་བཤད་བཞིན་པའི་སྐབས་དེར།དར་འཁྱགས་བཙོང་མཁན་གྱི་ཚོང་བ་ཞིག་གིས་ཅོང་དྲིལ་སིལ་སིལ་དཀྲོལ་བའི་སྒྲ་སྲང་བར་ནས་ཁྲིམས་ར་བརྒྱུད་དེ་ཐད་སོར་ངའི་རྣ་རྩར་འབྱོར།དེ་དང་བསྟུན་ནས་འཚོ་བ་དང་འབྲེལ་བའི་ཕྱིར་དྲན་མང་པོ་རིམ་པར་ངའི་ཡིད་ལ་འཁོར་བར་བྱས།འཚོ་བ་དེ་ལྟ་བུ་ད་ལྟའི་ང་ལ་དབང་མི་སྲིད་ནའང་།སྔོན་ཆད་ང་རང་གནས་དེ་གར་འཚོ་བ་བསྐྱལ་མྱོང་བ་རེད།དབྱར་ཁའི་དྲི་མ་དང་ང་རང་ཆེས་དགའ་སའི་ཁྲོམ་སྲང་།མཚན་དེའི་ཕྱིར་དྲན།མཱ་ལིས་ཀྱི་ཕུར་མ།་་་་་་་་དེ་དང་འདྲ་བའི་ཕྱིར་དྲན་རྒྱུན་མར་ངའི་ཡིད་ལ་འཁོར་བྱུང་ལ།དེས་ང་རང་དབུགས་ཀྱང་གཏོང་ལེན་དཀའ་བའི་གནས་སུ་བསྐྱལ་བྱུང་།དེ་བས་ཁྲིམས་གཏུག་བྱེད་ཀྱིན་པའི་ལས་དོན་རེམ་པོར་མཚམས་བཞག་སྟེ།ང་རང་མྱུར་མོར་ཕྱིར་བཙོན་ཁང་དུ་སོང་ནས་གཉིད་དུ་ཡུར་བསམ།དེ་བས།མཇུག་མཐར་ཁྲིམས་རྩོད་པས་སྐད་ཤུགས་མཐོ་རུ་བཏེགས་ནས་ཅི་ཞིག་འཆད་ཀྱིན་ཡོད་ནའང་།ངས་གཏན་ནས་གོ་མ་བྱུང་།༽དེ་ལྟར་ཁོས་རང་འགུལ་སྒོས་ཕྱི་རོལ་གྱི་སྒྲིག་གཞི་དང་ཁོའི་བར་གྱི་འབྲེལ་ཟམ་གཏིང་བཅད་བྱས་ནས།རང་ཉིད་སྒྲིག་གཞིའི་ཕྱི་རོལ་དུ་བསྐྱལ་བ་རེད།དེ་མིན་ད་དུང་ཁྲིམས་དཔོན་གྱིས་ཁོའི་གྱོད་དོན་ཞིབ་བཤེར་བྱེད་སྐབས་མི་གསོད་གྱོད་གཞི་དངོས་ཀྱི་སྟེང་དུ་མི་འབབ་པར་བྱ་བ་ཙག་ཙིག་སྐུད་སྣེ་བྱེད་པར་ཁོ་རང་མ་དགའ་བར༼ཁོས་ཁྲིམས་རའི་མི་ཡོད་ཚད་ཀྱི་སྐད་ཆ་གཅོད་བསམ་ནས་འདི་ལྟར་བཤད།དོན་དམ་སུ་ཞིག་ནི་ཁྲིམས་གཏུག་པ་དང་གྱོད་གཞིའི་བདག་པོ་དངོས་ཡིན།ཁྲིམས་གཏུག་པ་ནི་གྱོད་གཞིར་མཚོན་ན་གལ་ཆེན་ཡིན་པས།ང་ལ་སྐད་ཆ་བཤད་རྒྱུ་ཡོད་ཅེས་བཤད་ནའང་།ཁྲིམས་དཔོན་གྱིས་ཁོ་ལ་གོ་སྐབས་མ་བྱིན།གྱོད་གཞི་སྒྲུབ་སྐབས་མཱོ་ཨར་སོ་ཁྱོད་ཀྱིས་སྐད་ཆ་མ་བཤད་ན་གྱོད་གཞི་ལེགས་འགྲུབ་བྱུང་བར་བཟང་ཆ་ཡོད་ཅེས་བཤད་ནས།ཁོའི་ཁྲིམས་རྩོད་ཀྱི་དབང་ཆ་འཕྲོག་པ་རེད།དེ་ལྟར་ཁོ་རང་ཁྲིམས་གཏུག་གི་གོ་རིམ་ལས་བས་མཐར་དེད་པར་མ་ཟད།གཞན་དབང་གིས་བས་མཐར་དེད་པ་རེད།༽བས་མཐའ་དང་སྒྲིག་གཞིའི་ཕྱི་རོལ་གྱི་གོ་དོན་དེ་གནད་འདི་གཉིས་ནས་བྱུང་བར་སྣང་ལ།ཁོ་རང་མ་ཡུམ་ལ་དགའ་ཞེན་དང་བརྩེ་དུང་ཟབ་མོ་ཡོད་ནའང་།ཁྲིམས་ལུགས་ཀྱིས་ཁོ་ལ་མ་ཡུམ་དུར་འཇུག་བྱེད་སྐབས་མིག་ཆུ་མ་བཏོན་པ་གནས་ལུགས་ལ་བརྩིས་ཏེ་ཁོར་སྲོག་ཁྲིམས་བཅད་པ་རེད།ཁོ་རང་གསོན་པ་མ་བཅོས་ཟོལ་མེད་དང་ཁོའི་ཟོག་ཟོབ་ཀྱི་གདོང་འབུག་ཕུད་ཐུབ་པའི་བསམ་སྦྱོར་གྱིས་དེང་རབས་སྤྱི་ཚོགས་ཡོམ་ཡོམ་སྒུལ།ཁོ་རང་འཚོ་བར་དགའ་ཞེན་ཚད་མེད་ཡོད་ནའང་།དེང་རབས་སྤྱི་ཚོགས་ཀྱི་འཕྲུལ་ཆས་ཅན་དུ་བྱས་པའི་སྒྲིག་གཞི་སྣ་ཚོགས་ཀྱིས་ཁོ་རང་སྐེ་གཅོད་སྟེགས་བུའི་སྟེང་དུ་བསྐྱལ་ཏེ་འཚོ་བ་རོལ་བའི་རང་དབང་རྨང་ནས་འཕྲོག་སོང་།
མཱོ་ཨར་སོ་བས་མཐར་ལྷུང་ཟིན་པ་དེས་ཅི་ཞིག་མཚོན་ནམ་ཞེ་ན།དེས་དངོས་ཡོད་སྤྱི་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཀུན་སྤྱོད་མ་ལག རིན་ཐང་ལྟ་བ་བཅས་ལ་དོགས་སློང་དང་དེར་དགག་རྒྱག་གཏོང་བའི་ལངས་ཕྱོགས་མཚོན་ཡོད་པ་མ་ཟད།དེ་ནི་རང་ཉིད་མི་གཤིས་བོར་བའི་འཕྲུལ་ཆས་ཅན་གྱི་ད་ཡོད་སྤྱི་ཚོགས་ལས་ཡར་འཕགས་བྱེད་ཀྱི་རྐྱེན་ལྟ་བུའམ་ཡང་ན་མཐར་ཐུག་གི་མིའི་རང་དབང་འཚོལ་སྙེག་བྱེད་པའི་ཐབས་ལམ་ལྟ་བུར་གྱུར་ཡོད་པ་བསྟན་འདུག
 
               བཞི་བ། མཇུག་བསྡུ་བ།
 

མདོར་ན།ངས་སྒྲུང་གཏམ་ལ་མཛེས་སྣང་སྣོན་བྱེད་དུ་གྱུར་བའི་ཡིད་གཟུགས་སྟེ།ཁུ་སིམ་དང་བཅོས་མིན།ཉི་འོད།དུས་ཚོད།བས་མཐའ་བཅས་བཀྲམ་པ་བརྒྱུད།ཁཱ་མིག་ལགས་ཀྱི་བཞེད་དགོངས་གཙོ་བོ་སྟེ།དེང་རབས་སྤྱི་ཚོགས་ཀྱི་སྐྱོན་ཆ་དང་འཕྲུལ་ཆས་ཅན་དུ་བྱས་པའི་འཚོ་གནས་བསྐྱལ་སྟངས་ལ་གཟས་པའི་བསམ་བློའི་འོད་ཟེར་སྟོན་ལ་འབད་ཡོད་ནའང་།དེ་ནི་ཕྲག་ཏུ་ལེན་དཀའ་བའི་བགྱི་བ་ཞིག་རེད་ལ།རྒྱ་ཆེའི་ཀློག་མཁན་རྣམ་པས་དཔེ་ཀློག་མྱོང་ཚོར་འདི་དང་སྡོངས་ནས་གཟི་འོད་འབར་བའི་བརྩམས་ཆོས་འདི་ལ་ཐེངས་གཅིག་བལྟས་པ་ཡིན་ན།ངའི་བསམ་དོན་ཡོངས་སུ་འགྲུབ་སོང་བ་ཡིན།
  མཆན་བུ། སྒྲུང་གཏམ་འདིར་སྔར་ནས་མཇལ་ཟིན་པའི་མི་རྣམས་ཀྱིས(局外人 )ཁ་ཡིག་འདི་བསྒྱུར་ཡོད་ན།དཔྱད་གཞིའི་ཚུལ་དུ་ང་ལ་བཤད་པར་བཀའ་དྲིན་མི་ཆུང་བ་ཞུ།
  
འཁོར་སུ་མི་ཐེ་བའི་མི། ཚོགས་པར་དབྱུང་དུ་མེད་པའི་མི། མི་ལྷག་མ། བས་མཐའ་བ། ཕྱི་རོལ་བ། འབྲེལ་བ་མེད་པའི་མི། ཕུང་གསུམ་པ། རྒྱུས་འབྲེལ་མེད་མཁན།སྒྲིག་གཞིའི་ཕྱི་རོལ་གྱི་མི།
  
ལུགས་འཆལ་བརྩམས་སྒྲུང
(荒诞小说)

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།