གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷུག་རྩོམ་ཚན་པ་འགའ།

2013-08-29 23:55:00 ཐེའུ། ཀློག་གྲངས། མཆན ཡོད།

 
            གྲོགས་པོ།
 
  ཉི་འོད་ཀྱི་གྲིབ་འོག་ཏུ་བསིལ་འཇམ་གྱི་བདེ་བ་རོལ་ཆོག་ལ།ཁོ་ལག་རྫོགས་པའི་ནགས་ཚལ་གྱི་ཀློང་དུ་དལ་གྱིས་གོམ་སྟབས་བསྒྱུར།དུས་དེ་དུས་ཉི་མའི་ཐིགས་པ་གཅིག་ང་ཡི་དྲན་ཤེས་སུ་ལྷུང་བའི་བར་གསེང་རྙེད།ངས་གྲོགས་པོ་གཅིག་དྲན་བྱུང་།དེ་ཡང་གྲོགས་པོ་ཉུང་ཉུང་གྲས་ཀྱི་གཅིག་ཡིན།ཡང་ན་དེ་དག་གི་བསྡུས་གཟུགས་གསེབ་ཀྱི་ང་རོ་འོ།།
    ལོ་ཟླ་གཙང་ངོགས་སུ་དལ་གྱིས་བཞུར།རྨི་ལམ་གྱི་འཇའ་རིས་སུ་ང་ཡི་གཤིས་ཀ་དང་གྲོགས་པོའི་ལྷམ་ཡ་གཅིག་གཙང་གཞུང་དུ་བྱིང་ནས་ཇེ་ཆེར་གྱུར།ཞོགས་པར་ང་རང་ཡར་ལངས་དུས།རྨི་ལམ་ད་དུང་སད་མེད།ཡང་ན་གྲོགས་པོ་སྔ་མོ་ནས་སད་ཡོད་པ་འདྲ།ངས་མེ་ལོང་དུ་རང་ཉིད་འཚོལ་དུས།གྲོགས་པོས་ང་ཡི་ལྷམ་ཡ་གཅིག་མེ་ལོང་ལས་ཕབ་ནས་སང་ལོའི་དགུན་ཁ་འུ་གཉིས་ལ་ལྷམ་ཆ་གཅིག་ཡོད་པས་དབྱར་གཞུང་རིང་མོར་རྐང་རྗེན་དུ་མེ་ཏོག་འཐུ་ཆོག་ཚུལ་ཡང་ཡང་རང་གཤིས་སུ་མངོན་པར་བྱེད།
  གྲོགས་པོ་ལ་བཟང་ངན་རབ་འབྱེད་ཀྱི་ཁ་དོག་མེད་པར།ཁོ་ནི་ངའི་གྲོགས་པོ་ཡིན་པ་དེ་དང་།འཚོ་བ་ནི་བདེན་པར་གཅར་ཚུལ་ལགས།གྲོགས་པོ་ནི་ང་ཡིས་འཇིག་རྟེན་འདི་ལས་རྙེད་པའི་གཉེན་ཉེ་དང་བོ་ཡིན་ལ།ང་ཡི་རྒྱལ་ཁ་ཁོ་བོའི་དགའ་བས་གཏམས།ཁ་བ་བབས་བྱུང་།རི་ལ་ཐང་མེད་པར་མེ་ཏོག་བཞད།སྤང་ལྗོངས་སུ་བཀྲམ་པའི་རྒྱུ་དཀར་ལུག་ཁྱུར་འདྲེས།ངས་གྲོགས་པོའི་རྒྱབ་གཟུགས་སུ་ཁོའི་ངོ་གདོང་མཐའ་མེད་པ་ཞིག་བྲིས།འབྲི་བའི་སྐབས་སུ་ང་ལ་དཀའ་ཁག་ཅི་ཡང་མེད་པར།རང་ཉིད་ཀྱི་སེམས་ལ་ཁེན་ཙམ་དང་གྲོགས་པའི་མིག་ལ་བལྟ་ཙམ་བྱས།ཉི་མ་ནུབ་རིར་ཡལ་དུས་ང་ལ་གྲིབ་གཟུགས་མེད་པར་གྲོགས་པོའི་གམ་དུ་ལོག།
   ཕྱེ་མ་ལེབ་ཁྱུ་ཞིག་མེ་ཏོག་གི་དགའ་ཚལ་དུ་འཕུར་ནས་ཡུན་རིང་འགོར།
                
            སྙིང་བོ་མེད་དུས་སུ།

  རྩམ་རྐྱ་སྤར་མོ་གང་གདོང་ལ་བཏབ་པ་བཞིན་མཐའ་འཁོར་གྱི་ཡོད་ཚད་སྙིང་བོས་དབེན་པར་གྱུར།མེ་ལོང་དུ་མིག་གཉིས་འབུར་ཚུགས་སུ་ཅེར་ན་ཡང་།ལོ་མ་དང་རྐང་ལམ་རྒས་ཤིང་འཁོགས་པར་གྱུར་བས་ང་ཡི་རྐང་ཆུང་རང་གི་གདོང་ལ་མི་སྤོ་ཐབས་མེད་རེད།
      འཆར་སྒོར་དཔྱངས་པའི་སྣང་བ་རང་ཡན་པ་དེ་ཕྱི་གསལ་ནང་གསལ་གྱི་དུས་ཚོད་ཀྱི་སྙིགས་རོར་འབྱར་བས།ཚུལ་འཆོས་ཀྱི་ཤུལ་རྗེས་མལ་ཁྲིའི་འགྲམ་དུ་ཕུད་པའི་དོར་ཐུང་བཞིན།རང་ཚུགས་ཅི་ཡང་མེད་པར་ཁྱོད་ཀྱི་ལོག་ཕེབས་ལ་སྒུག་འདུག
  སྔོན་ལ་བཞུར་བའི་ཆུ་བོ་ཕྱིར་ལྡོག་ཡོང་བ་བཞིན་ང་ཡི་རྐང་ཆུང་གྲོང་ཁྱེར་གྱི་སྐྲ་ལོའི་གསེང་དུ་ཧད།རང་གི་གདོང་ལ་སེམས་ཀྱི་རྨ་ཁ་བཙེམས་ཤུལ་གྱི་གཉེར་རིས་འགའ་ལྷུང་སོང་།དྲག་ཆར་ཁྲོད་ལུས་པའི་ལུ་གུ་ཆུང་ཆུང་ཞིག་གི་སེམས་སྒྲས་ང་རང་བརླན་པར་བྱས།ད་ནི་ཡིད་འོང་གི་འཇའ་རིས་ཤིག་ཤར་ན་མི་ཆོག་པ་མེད་ཀྱང་།ཆར་ལ་ཁ་དོག་མེད་པས་གྲོང་ཁྱེར་གྱི་ཡོལ་རས་སྒུལ་ཙམ་བྱས་པ་ཙམ་ལས་ང་ཡི་སེམས་པ་སྔར་བཞིན་ཆགས་ས་གཡེང་ས་མེད་པར།ཚུལ་འཆོས་ལས་གྱེས་ཙམ་བྱས་ཏེ་བདག་པོ་མེད་པའི་སྟོན་ལོ་བཞིན་གང་སར་འཐོར།
    རང་ཉིད་ལ་ལྗིད་ཏིག་གེར་ཁེན་པའི་མིག་ཟུང་ལས་ལུ་གུ་ཆུང་ཆུང་དེ་འབྲི་མགོ་བརྩམ་ཡང་།ལག་པ་ཟུང་དུས་ཚོད་ཀྱི་མདའ་རྩེའི་སྣེ་མོས་བཅད།གཉིད་མི་ཡོང་བའི་མཚན་མོ་རེ་རེ་ནི་རང་གི་ལོ་ཟླ་ལ་བྲིས་བའི་ཁ་ཆེམས་ཡི་གེ་ཙམ།ང་ལ་ཉིན་དཀར་ཡང་མཚན་པོ་དྲན་པའི་སྤོབས་པ་ཡོངས་སུ་ཞུ་བས་རང་ཉིད་ལ་ཐེངས་གཅིག་འབོད་དགོས་སོང་།སྙིང་བོ་མེད་དུས་སུ་ངས་ཚུལ་འཆོས་ཁོ་ན་དོར་ནས་རང་ཉིད་ལ་ཅེར་བསྡད་པ་ཡིན།ཡིན་ཡང་ང་ཡི་རྐང་ཆུང་རང་གི་གདོང་ལ་མི་སྤོ་ཐབས་མེད་རེད།
     སྙིང་བོ་མེད་དུས་སུ་ངས་སྙན་ངག་ཅིག་བྲིས།སྙན་ངག་དེ་་ནི་ང་གསོན་ཡོད་དུས་སུ་བྲིས་བའི་སྙན་ངག་ལེགས་པོ་ཞིག་ཡིན།
                  
            ཕ་ཡུལ།
      ཆར་གྱིས་བཀྲུས་བའི་མེ་ཏོག་གི་མཁའ་དབྱིངས་སུ་ཁ་བ་བབས་མ་བྱུང་།ང་ཕ་ཡུལ་ན་ཡོད།ཕ་ཡུལ་གང་ན་ཡོད།
  ཆུ་ཕྲན་ཞིག་བདག་གི་རྩ་ལམ་ཀུན་ལ་བཞུར་བས།བསིལ་བ་དེ་ནམ་ཡང་སེམས་ལ་ལྷུང་འགྲོ།བདུད་རྩི་བུམ་པ་གང་གིས་ང་ཡི་སྒྲ་རྣམས་བཀྲུ་བར་བྱས་ཙ་ན།རྟ་ཕོའི་རྨིག་སྒྲས་ཕ་ཡུལ་གྱི་ཆར་བ་རླུང་ལ་སྡེབ།ང་ཡི་ཡིད་ཆུང་སྔོ་རྩྭའི་བསུང་ངད་གྱི་གར་ལ་རོལ།
  ཐོད་པའི་ཨ་ཡིག་རྡོ་བའི་མེ་ལོང་དུ་ཤར་ཉིན་ནས།ང་ཡིས་ནམ་མཁའ་མཐའ་མེད་པ་ཞིག་དཀའ་ཚེགས་མེད་པར་རྩེད་རྡོ་རུ་བརྩེགས།ཚེ་གང་བོར་ང་རང་དཀའ་སྡུག་གང་ལ་ཐུག་ཀྱང་ལུ་གུ་དང་རྟ་ཁྱུ།སྤངས་ལྗོངས་དང་འོ་ཞོ་སོགས་སྒྱུ་མ་མཁན་གྱི་ཕུ་རུང་ལས་ཕུག་རོན་འཕུར་བ་བཞིན་ང་ཡི་རྨི་ལམ་དུ་འཛོམས་པར་བྱེད།སྟག་ཤར་ཞིག་རྟ་ལ་ཞོན་ཚུལ་ནས་སྨན་ཤར་ཞིག་ཆུ་ལ་འགྲོ་ཚུལ་ཀུན་ཕ་ཡུལ་གྱི་ང་ལ་ངང་སྒུག་བྱེད་ཚུལ་རེད།ཤོར་བ་མི་གླེང་ཞིང་ཐོབ་པ་མི་ངོམ་པའི་མི་རབས་ཤིག་ང་ཡི་འཚོ་བའི་གཏིང་ན་རྡོ་ལ་ཕུར་བ་བརྡབས་པ་བཞིན་འགུལ་ཙམ་ཡང་མི་བྱེད།ཏན་ཏན་དེ་ནི་ཕ་ཡུལ་དྲན་པའི་དུས་ཤིག་རེད།
  ལག་ཕྱིས་དཀར་བོ་ཞིག་གི་ངོས་སུ་བྲིས་བའི་ང་ཡི་མིང་ཡིག་དང་ཕ་ཡུལ་གྱི་མེ་ལོང་།ཤེལ་གྱི་ཡོལ་རས་ལས་འཐོར་བའི་ཉི་ཐིགས་བཞིན་རྩྭ་མགོའི་ཟིལ་བ་ལ་འཐིམ།རྟ་ཁྱུ་ཞོགས་ཤུལ་ན་བཞད་པའི་མེ་ཏོག་གི་ཐེའུ་དག་གིས་ཕ་ཡུལ་ལ་དུང་བ་ནི་སྐད་ཅིག་ཙམ་མིན་པར་སྒྲུབ།ཚོར་བ་དེ་འདྲ་ཞིག་གིས་ང་ཡི་ནམ་མཁའ་གཏམས་པར་བྱས།ཞོགས་པ་དེར།།སྤྲིན་པ་ལེབ་མོ་འགའ་ང་ཡི་མིག་མཐར་ཞུ།སྤྲིན་གྱི་ཕོ་ཉ་ང་རང་ཉིད་ཀྱི་གཅེས་མིང་ཡིན་པ་སུ་ལ་གསང་།
                                  ༡༠༡༣༜༥༜༡༤
                        
            འོད་སྣང་མོག་པོ།
     
  སྔ་དྲོ་ཉི་ཤར་གྱི་མཚམས་སུ་མིག་ཆུའི་ཚོགས་རང་དབང་མེད་པར་ཧ་ཅང་བདེ་ཐང་གིས་ང་ཡི་ངོ་གདུང་གི་དམར་ཐིག་ཏུ་སྐྱ་སང་ངེར་སིམ།ཐག་རིང་ཐག་རིང་དུ་གཟུགས་མེད་ཀྱི་རྐང་རྗེས་ཕྲ་ལ་རིང་བ་ཞིག་མོག་པོར་གྱུར།ང་ཡི་མིག་ཆུ་ཁྱོད་ཀྱི་ལག་ཟུང་ལྟར་འབྱམས་ཀླས།
   གྱེས་ཁ་མར་ཆུ་བོའི་རབ་ཁ་སྐམ་པོར་གས་ཏེ།མིག་ཆུ་སྔོ་ལྟེམ་མེར་གཙང་བོ་གཉིས་སུ་གྱེས།དེ་ནི་འཇིག་རྟེན་གཉིས་གྱེས་བ་བཞིན་སྐྱོ་བ་དར་དཀར་ཡུག་གཅིག་ཏུ་ལྷུང་།སེམས་ཀྱི་ལ་ཁ་རུ་ཆར་གྱིས་ཚེམ་གྲུབ་ཏུ་བཟོས་བའི་དར་ལྕོག་དེར་རེག་མ་ཕོད།དེ་བས་མིག་ཆུ་མ་འཁྱོམ་པའི་ཡར་སྔོན་གྱི་སྐད་ཅིག་མར།ལྷུན་ཆགས་ཀྱི་མིག་འོད་སྤྱད་དེ་རྨི་ལམ་གྱི་དྲན་པ་སེམས་སུ་དགུ་མདུད་དུ་བརྐོས།ད་ནི་གཞི་ནས་རྒྱ་མཚོའི་ཆུའི་ཐིགས་པ་གཅིག་ངའི་མིག་གི་གཏིང་སར་བརྡོལ།
  སྒེའུ་ཁུང་ཕྱི་རོལ་གྱི་ངའི་གྲིབ་གཟུགས་སུ་ཆར་བ་ཤག་ཤག་ནས་ཟམ་ཟིམ་དུ་ལྡིང་།མེ་ཕུང་སྔར་ལྟར་ལྷིང་འཇགས་ཀྱིས་འབར་ནས་ཆར་ཀྱིས་བཀྲུས་བའི་ངའི་དྲན་པ་རློན་ཙར་ཙར་དེ།འཁྲེང་སེམས་ལས་བྲིད་དེ་ཉི་འོད་ཀྱི་ངོགས་སུ་ཡང་ཡང་སྲོ།ཆབ་རོམ་སྔར་ལས་དྭངས་ལ་གྲང་།དེ་ནི་དབྱེ་བ་མེད་པའི་ཁོ་བོའི་རྨི་ལམ་གྱི་དུས་ཆད་ཅི་བཞིན།རྒྱ་མཚོའི་རྦ་རླབས་ལ་འབྱར་བའི་བྱེ་ཐང་རེད།སྐད་ཅིག་ཏུ་གཞིས་བྱས་ལྷན་དུ་འཛོམས་པ་ཡང་ངས་ཁྱེད་མཐོང་ཐུབ་པ་དང་ཁྱེད་ཀྱིས་དགའ་སྐྱོ་ཆགས་སྡང་གི་སྐད་ཆ་གང་ཡང་ངའི་མིང་ནས་འབོད་པ་བཞིན་སྙིང་ལ་སིལ་སིལ་བབབ་འོངས།
    སང་ཉིན་ཞོགས་པའི་ཉི་ཤར་གྱི་མཚམས་སུ་རྨ་ཁ་རུ་སྐྱེས་བའི་འོད་སྣང་མོག་པོ་དེ་ང་ཡི་འཛུམ་ཀོང་དུ་ཡིབ་ནས་ལམ་ལ་ཞུགས།ལས་ཀྱི་ལ་མོར་སེམས་པའི་རི་མོ་དལ་གྱིས་ཕབ་མགོ་ཚུགས་ནས་ཡུན་རིང་འགོར།
   བརྩེ་བའི་བཟོས་བའི་མི་ཞིག་འདི་ལྟར་དྲན་དགོས་སོང་།གཞན་ང་ལ་གོ་སྐབས་ཉིལ།ད་ནི་འདི་ལྟར་བརྩེ་སེམས་ཀྱིས་གསོན་པ་ལས།མིག་ཆུ་སེམས་ལ་མི་བཞུར།ཕ་ཡུལ་དྲན་པ་ནི་ཁྱོད་དང་གྱེས་ཚུལ་རེད།ཕ་ཡུལ།ཕ་ཡུལ།ཕ་ཡུལ།
       
          མེ་ལོང་ལས་གྱེས་པ།
   མེ་ལོང་ལ་ལྟ་བ་ནི་མུན་ནག་ལ་ཅེེར་བ་རེད།དམུས་ལོང་དུ་གྱུར་རྗེས་ངས་གང་འདོད་དུ་ཀི་རིང་ཞིག་བྱས།དེ་ཡང་མེ་ལོང་གིས་བད་པའི་ང་ཡི་སེམས་པའི་ལྗན་ལྗིན་དང་བག་ཆགས་རལ་བོ་དེ་རེད།
  ང་རང་མེ་ཏོག་དང་ལུག་ཁྱུ་མང་བའི་ས་ཆ་ཞིག་ལ་ཞེ་ཆགས་ནས་ས་དེར་སླེབས་པ་ཡིན།ནམ་མཁའ་དང་ཆུ་བོ་ཧ་ཅང་ཆུང་ཆུང་ཞིག་གི་ཚུལ་དུ་གནས་ཡོད་ན་ཡང་དེ་རུ་མེ་ལོང་དང་ངོ་གདོང་མེད་པས་ང་རང་ཡུད་ཙམ་ལ་ལྷོད་པོར་བསྡད་ནས།རང་ཉིད་ཁོ་ནར་ཡོད་པའི་གཞས་དེ་བླངས་བ་ཡིན།ཆུ་རིས་སུ་འཁོར་བའི་ངའི་གཟུགས་རིས་དལ་བ་དལ་བུར་ནམ་མཁར་ཁེན་ནས་ལྷར་ཡང་ཆུ་རིས་སུ་ཟམ་ཟིམ་དུ་བབས།ཆུ་རིས་ལས་རི་མོ་སྣ་ཚོགས་གད་སོང་།ངས་ཀྱང་གླུ་དབྱངས་སྣ་ཚོགས་ཤིག་བླངས་བ་ཡིན།
     མེ་ལོང་དུ་ཤར་བ་ནི་ང་ཡི་རྨི་ལམ་ལྟ་བུའི་མཚན་མོ་རེ་རེར་མ་ཡིན་པར།དེ་རུ་སྐྱ་རེངས་ནས་སྲོད་ཁའི་བར་ཀྱི་འདུ་འཛི་དང་ཧམ་སེམས་འབུར་འདུག ང་རང་གི་བསམ་གཞིགས་ལ་ཚོས་ཁ་གང་མང་བསྒྱུར་ཡང་མེ་ལོང་གི་གྲིབ་མ་ལས་འདའ་མ་ཐུབ།དེ་ཡང་མ་རེད།ང་རང་མེ་ལོང་དུ་མངོན་དུས་ང་རང་གཞི་ནས་མེ་ལོང་གི་ལྷུ་ལག་གང་རུང་ཞིག་གམ་ཧྲག་ཆག་ཏུ་གྱུར་བའི་ལས་ཕྱིས་ནག་པོ་དེ་ཡིན།
     རྩོམ་རིག་ནི་སྤྱི་ཚོགས་མཚོན་པའི་མེ་ལོང་ཡིན་རབས་བཤད།ངས་ནི་མེ་ལོང་ནི་སྤྱི་ཚོགས་ཀྱི་འཇིངས་སུ་བྱིང་བའི་ངོ་གདོང་ཡིན་པས་དེ་ནི་སྤྱི་ཚོགས་ཀྱི་གྲིབ་གཟུགས་དང་འཇའ་ཡི་ལུས་པོ་ཙམ།ང་རང་རྒས་བར་མི་བྱ།མེ་ལོང་དུ་ལྟ་བ་ནི་རང་ཉིད་ཀྱི་ལང་ཚོ་ལ་རྟགས་ཐམ་བརྒྱབ་པ་མ་ཡིན་ནམ།ངས་ནི་མཚན་མོའི་རྨི་ལམ་ལྟ་བའི་ནགས་ཚལ་དེ་བརྗེད་པར་མི་སྲིད།ངས་ནི་ང་ཁོ་ནས་ལམ་ཞིག་རྙེད་ཚུལ་དྲན།འདི་དག་ཡོད་ཚད་མེ་ལོང་དང་གྱེས་རྗེས་ཀྱི་རོལ་དབྱངས་དང་རྐང་ལག་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།