གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདའ་བཙན་པོའི་༢༠༡༣ལོའི་དབྱར་ཀར་བྲིས་པའི་སྙན་ངག་ཕྱོགས་བསྒྲིགས།

2013-08-14 17:24:00 མདའ་བཙན་པོ། ཀློག་གྲངས། མཆན ཡོད།
 
 
        ཁྱིམ་ཚང་འདི་ལྕགས་རྡུང་ས་ཞིག་དང་འདྲ་བོ་འདུག
སྲང་ལམ་ནས་ཉལ་ན་འུར་ཟིང་དག་གྱོན་ས་མི་འགྲོ་ལ
ཐང་སྟོང་ནས་ཉལ་ན་སྐར་མའི་ཚོགས་ཀྱིས་རུས་པ་འཆའ་བའི་སྒྲ་དེ་སྙིང་ལ་གཟན
གངས་ཁྲོད་ནས་ཉལ་རྒྱུ་ང་རང་ཡང་ལྕགས་དང་རྡོ་བ་མིན་པས་བྱིད་ན་ཐང
དེ་བས     བུ་མོ་ཞིག་ལ་ཁ་ཡག་འགའ་སྒྲིག་ནས་ཆུང་མར་མི་ལེན་ཀ་མེད་རེད

རང་བྱུང་མའི་སྣུམ་ཚོན་རི་མོ་འདི་དུས་ཚོད་ཀྱི་གྱང་ངོར་བཀལ་ནས་ཡུན་རིང་འགོར་ལ
ང་ཡིས     ཁྱིམ་ཚང་ཟེར་བའི་ཚོན་ནག་པོ་འདི་མི་ཚེའི་ཤོག་ངོར་འཁྱུག་ནས་ཀྱང་ལོ་དུ་མ་འདས་སོང

བྱིས་པ་གཉིས་ཀྱིས་ཉི་མ་རེ་རེ་ནི་རྩེད་ཐག་ཅིག་དང་འདྲ་བར་དུམ་བུར་གཅོད་ཀྱིན་འདུག
ཆུང་མས་ང་ཡི་འཚོ་བའི་རྩྭ་ས་ལག་མཐིལ་འདྲ་བོ་རུ
རང་གི་འདོད་པ་དང་མཐུན་པའི་ལྕགས་དྲ་སྲ་མོ་ཞིག་སྡོམ་ཐག་བཞིན་འཐེན་རྗེས
མོ་རང་གི་སྐྱོ་སྣང་དང་འཆར་གཞི་དུ་མ་ཞིག་ང་ཡི་དྲན་པ་རུ་སྐར་མའི་ཆག་རོ་ལྟར་གཏོར་བཞིན
ང་ནི་མོའི་ཞོན་རྟ་ཆེས་གཡུང་མ་ཞིག་གི་ཚད་ལ་བཞག་འདུག

སྤྱིར་ན      ང་ཡིས་གཅོག་འདོད་པ་ཞིག་ཐོ་བས་བརྡུང་སྲིད་ལ
བསྒྲུབ་མི་འདོད་པ་ཞིག་ཁྱིམ་ལུད་ལྟར་སྙིགས་སྒམ་ཏུ་འཕོ་སྲིད་མོད
བུད་མེད་ཟེར་བ་འདིར་འཛིང་རྒྱུ་ནི་ཁྲོམ་ལ་གདོང་ཐུགས་གླན་རྒྱུ་ལས་ཀྱང་དཀའ་བར་འདུག་གོ

ཞོགས་པའི་ཚི་ལེན་དཀར་བོ་དེ་ལེགས་པར་གྱོན་ནས
སེམས་པ་ནི་ངོ་གདོང་བཀྲུས་པ་ལྟར་དྭངས་གསལ་ལེར་སྒོར་འབུད་བསམ་དུས
ཆུང་མས     མདང་ནུབ་ཀྱི་མུན་པའི་ཆག་རོ་ལོས་ཡིན་སྙམ་བྱེད་མང་བོ་ཞིག
ཆད་རྒྱུ་མེད་པའི་མོ་རང་གི་ལྕེ་ནར་མོ་དེའི་སྣེ་ནས་ང་ཡི་རྣ་ཅོག་ཏུ་གཡུག་བྱུང

ང་ཡིས་དྭངས་མིན་གསལ་མིན་གྱི་ས་སྲོད་ལྟ་བུའི་ངོ་གདོང་སྨུག་ནག་ཅིག་དྲུད་དེ་ཡང་བསྐྱར་སྒོར་འབུད་བསམ་དུས
བྱིས་པ་གཉིས་ཀྱིས་ང་ཡི་ལུས་སྟེང་གི་སྣུམ་པོ་ཅི་ཞིག་བཙིར་མ་ཐུབ་པ་ལྟར
སྤྲིན་པ་ཐེད་པོ་ཞིག་ལྟར་ལྡོམ་གྱིན་པའི་ང་ཡི་དྲན་པ་རུ་ནག་རོག་གེའི་ཆར་ཆུ་མང་བོ་ཞིག་བླུགས་བྱུང

ཉིན་གཅིག་གི་མངོན་སུམ་ལྗིད་མོ་དག་གིས་ང་རང་ཁལ་མ་ལྟར་བཀོལ་རུང
ས་སྲོད་ཀྱི་སྒོ་བྱང་དམར་ནག་དེའི་གསེབ་ནས་ཡུལ་ཏུ་ལོག་ན
འོ      ཆུང་མ་ནི་བཤད་ན་ངལ་རྒྱུ་མེད་པའི་ལྕགས་ཀྱི་འཕྲུལ་ཆས་ཤིག་དང་འདྲ་བར
ཡང་བསྐྱར      ང་ཡི་རྣ་བ་ལས་ངན་ཚེ་ཡི་ཨི་ཁུང་འདྲ་མོའི་ནང་དུ
ས་མིན་རྡོ་མིན་མང་བོ་ཞིག་ཆར་བྱོ་བྱོ་བྱས་བྱུང

ང་ཡིས་རང་གི་ཡོད་ཚད་ཆབ་རོམ་ཏུ་གྱུར་ཡོད་དམ་སྙམ་གྱིན་བྲང་ལ་ལག་པ་བསྙོབ་འདོད་དུས
ཤིན་ཏུ་ཚ་བའི་ལག་པ་གཉིས་ང་ཡི་ལག་མགོར་འཇུ་བཞིན
ང་རང་སྐར་མ་ལྟར་འཐོར་ཏེ་འོད་འཚེར་འཚེར་མི་བྱེད་པའི་རྒྱུ་མཚན་དྲིས་བྱུང

སྐབས་འདིར      ངས་ངོ་གདོང་བརླ་བར་ཏུ་དྲུད་པའི་མུན་པའི་ངོས་སུ་མཛུབ་མོ་གཏད་ནས
ཁྱིམ་ཚང་འདི་ལྕགས་རྡུང་ས་ཞིག་དང་འདྲ་བོ་འདུག་རུང
ང་རང     ཅི་ལྟར་བརྡུངས་རུང་ལེབ་ལེབ་བྱེ་བརྡལ་འདྲ་ཞིག་ཏུ་མི་འགྱུར་བ་ཅིའི་ཕྱིར་ཞེས་ཁ་ནས་ཤོར་རོ

            གྲོགས་པོ།
ཆུ་ནང་དུ་ཆར་བ་དག་རོལ་མོ་བཞིན་བབས་བྱུང
མཚན་མོ་དེར་སྤྲིན་པ་ནག་པོ་ཞེ་སྡང་བཞིན་འཁྲུག་བྱུང
གངས་ཁྲོད་དུ་འཁྱག་རླུང་སྡོམ་དྲ་བཞིན་འཐེན་འདུག

ནམ་གསལ་བ་དང་གཉིད་ལས་སད་དུས
མདང་དགོང      གྲོགས་པོ་དང་མཉམ་དུ་ཆང་འཐུང་རྒྱུ་མང་དྲགས་ཏེ
གློག་གཟིམ་རྒྱུའང་བརྗེད་འདུག

         ང་ཡི་ཉི་མ།
འོད་སྣང་གི་ཐང་ཆེན་དང
ནམ་མཁའི་རྫ་རིའི་ལྡེབས་ནས་ཉིན་གང་བོར་རྒྱུགས་པའི་ཉི་མ་དེ
སྐར་མའི་ལྕགས་དྲ་དང་རླུང་བུའི་དར་ལྕོག་ལ་འདྲོགས་ནས
མུན་པའི་སྒེའུ་ཁུང་དུ་བྱེའུ་ཆུང་བཞིན་འཛུལ་ནས

སྲང་གི་འུར་ཟིང་དང་ལུས་པོའི་ངལ་དུབ་དག
ཆུང་མ་མལ་སར་འཛུལ་བ་ལྟར་ཐང་ལ་གཡུགས་ནས

ཡང་བསྐྱར      ཞོགས་པའི་ལུང་མདོ་ནས་གྱོན་པ་བོར་བའི་བྱིས་པ་ལྟར་ཡོང་དུས
ང་ཡི་ཚེ་སྲོག་ནི་ཉིན་མཚན་གྱི་འཕང་ལོར་དཀྲིས་པའི་བལ་སྐུད་ཅིག་མིན་ནམ
ང་ཡི་ཉི་མ     ང་ཡི་ཉི་མ     ང་ཡི་ཉི་མ

           ང་ཡི་འཚོ་བའི་གྲུ་ཟུར་ཞིག༡
དགུན་ཁའི་རྗེས་ནས་ད་དུང་ཤིན་ཏུ་འཁྱག་པའི་སེམས་པ་ཞིག་རུམ་དགོས
སྐར་མ་དང་འདྲ་བའི་སྡུག་བསྔལ་ནག་པོའི་ཨི་ཁུང་དག་ཁྲག་ཐིགས་དྲོན་མོས་བཙེམ་ཐུབ་བམ

ཕ་ཡུལ་ནི་ཕུན་སུམ་ཚོགས་པའི་གཞུང་ལུགས་ཤིག་དང་འདྲ་བར
འཁོར་བའི་འཆིང་ཐགས་ཀྱིས་སྲ་མོ་རྡོ་འདྲ་ཞིག་བཅུགས་པའི་ང་ལ
ལུང་དང་རིག་པའི་རྒྱབ་རྟེན་དཔེ་མེད་པ་ཞིག་སྟེར་མོད
ཉི་འོད་ཀྱི་ཆག་རོ་ཆར་ཐིགས་སུ་འགྱུར་ཞིང་མུན་པའི་མགོ་རྟིང་ལོག་ཏེ
རྒྱུ་སྐར་གྱི་མྱུ་གུ་ཕྲ་མོ་དག་མགོ་ཐོག་ནས་སྐྱེ་བའི་ཆོས་ཉིད་འདིས

ང་རང       ནམ་མཁའི་གཟེབ་དྲའི་ནང་གི
ཆུ་ཁོལ་ལྟར་གདུ་བའི་སྔ་དྲོ་དང་འདམ་རྙོག་ལྟར་རྫོབ་པའི་ཕྱི་དྲོའི་གསེབ་ཏུ་ཕངས་བྱུང

དེ་ལྟར       དུས་ཚོད་ཀྱི་སིལ་བུ་དུ་མས་བརྒྱུས་པའི་ང་ཡིས
ཤེལ་སྒོའི་ངོས་ཀྱི་གཉེར་མ་དག་མདུད་པ་བཞིན་ཡོངས་སུ་བཤིག་རྗེས
ཕྱི་རོལ་གྱི     རྣག་ཁྲག་གི་མཚམས་སྤྲིན་འོག་དང་གཅིན་སྐྱག་གི་ས་རྡུལ་ཁྲོད་ནས
དཀར་བོ་དག་བཀྲུ་བྱེད་དང་ནག་པོ་དག་འཁྲུ་གཞོང་བྱེད་དགོས
མངོན་སུམ་དག་རོལ་མོ་རུ་དཀྲོད་ཀྱིན་རྨི་ལམ་དག་ཞབས་བྲོ་རུ་འཁྲབ་དགོས

            ང་ཡི་འཚོ་བའི་གྲུ་ཟུར་ཞིག༢
ཡར་ལངས་དུས་ཀྱི་ནམ་མཁའ་དེ
མཚན་གང་བོར་གཟིམ་རྒྱུ་བརྗེད་པའི་གློག་སྒྲོན་ཞིག་ལྟར་གསལ་གྱི་ལེར་འདུག

ངོ་གདོང་བཀྲུས་རྗེས་ངོ་གདོང་གཞན་དག་བཀྲུ་དགོས་པའི་རྫུ་བག་དེ
མི་ཚེ་གཅིག་གིས་བསྒྲུབ་མི་ཚར་བ་འདྲ

ཁ་པར་གྱི་ཨང་གྲངས་མ་ཤེས་པར་ལུས་པའི་བུ་མོ་དེ
རྨི་ལམ་གྱི་མདུད་པ་སྐེ་ལ་ཐེབས་པའི་སྡུག་བསྔལ་དང་འདྲ་བོ་འདུག

བོང་བུར་ཞོན་པ་ཚོ་ཞིང་ཁ་ན་ཡོད་པའི་ངེས་པ་མེད་པ་བཞིན
འབྲོག་མོ་ཚོ་ཚེ་གང་བོར་སྦྲ་ནང་གི་སྐྱེས་པ་དེར་རེ་བའི་ངེས་པའང་གཏན་ནས་མེད་དེ
ང་ཡིས་ཞོགས་པ་ཟེར་བ་དེ་ལས་ཀ་ཙག་ཙིག་ཅིག་གིས་བརྒྱུས་ཏེ་ཉིན་གུང་དུ་ཐོན་དུས
ངལ་དུབ་ཀྱིས་གང་བའི་ཕྱི་དྲོ་ནི
ཤུགས་ཀྱིས་འབར་གྱིན་པའི་མེ་དཔུང་ཞིག་དང་འདྲ་བར་ས་སྲོད་ཀྱི་ཡོད་ཚད་ཐལ་བ་ནག་པོ་ཞིག་ལ་བསྲེ་བཞིན་འདུག

ཉིན་གང་བོར་འདང་མ་ཕོགས་པར་འཐེན་པའི
དུད་སྣེ་ལྟ་བུའི་སྐར་མ་དག་མུན་པའི་ལྕགས་སྒམ་ཏུ་ཁྱིམ་ལུད་ལྟར་འཕོ་རྗེས
ད་ནི    གཉིད་རྒྱུ་ཞིག་གང་ནས་འོང་ཏེ
རང་གིས་ཉིན་གང་བོར་དྲུད་པའི་གྲིབ་མ་དེ་དུས་ཚོད་ཀྱི་འཇག་མའི་རྩེ་ནས་ཆུ་ཐིགས་བཞིན་ཟགས་ནས་ཚར་འདུག

          ང་རང་དགའ་སའི་བུ་མོ་དེའི་ཁ་གཏད་ནས་སྨྲ་རྒྱུ་ཞིག་ལ།
ནམ་མཁའི་བསིལ་གདུགས་ཁུར་བའི་ཉི་མ་ཁེར་རྐྱང་ཞིག་དུས་ཚོད་ཀྱི་རི་སྒང་ན

འདོད་པ་ཡོད་ཚད་གཅེར་བུར་ཕུད་བའི་བྱེ་ཐང་ཚ་བོ་ཞིག་དང
སྐྱོ་བ་ཡོད་ཚད་སྔོ་མེར་འཁྱིལ་བའི་རྒྱ་མཚོ་ཞིག
སྲིད་པའི་སྡོམ་དྲའི་གསེབ་ན་འཆི་ལ་ཉེ་བའི་སྦྲང་ནག་ཅིག་ལྟར་འདར་ཙམ་བྱེད

ཉིན་མོ་ཟེར་བ་དེ་ཁ་མདོག་སྣ་ཚོགས་བཀྲ་བའི་ལྡེབས་རིས་ཤིག་དང་འདྲ་བར
འཚོ་བའི་ཁང་མིག་གི་ལོགས་སུ་ཆགས་འདུག
མཚན་མོ་ཟེར་བ་དེའང་ཁུ་སིམ་པོའི་དབུགས་ཀྱིས་རྒྱགས་པའི་ལྒང་ལུ་ནག་པོ་ཞིག་དང་འདྲ་བར
འཁོར་བའི་བཙོན་ར་ན་དཔྱངས་འདུག

འདི་དག་དང་འབྲེལ་བ་རྟ་རྔ་ཙམ་ཡང་མེད་པ་ནི
ང་རང་ཁྱོད་ལ་དགའ་བའི་སྐར་མའི་ཆག་རོ་ལྟ་བུའི་སེམས་ཀྱི་མཆི་མ་དག་ཡིན་ཏེ
ལས་ཀྱི་ལྕགས་ཐབ་ཏུ་ཅི་ལྟར་བཞུས་རུང་བཞུ་མི་སྲིད་ལ
ཁྱོད་ནི་ལས་མཁན་ཞིག་དང་འདྲ་བར་བརྩེ་བ་དག་ཅི་ལྟར་གཏུབས་རུང་འཆི་མི་སྲིད

ནམ་མཁའ་སྟོང་བ་འདི་བརྩེ་འཕྲིན་གྱིས་གང་ནས་ངེད་གཉིས་འདུག་ས་མེད་པའི་དུས་ཤིག་ལ
ངས     མྱ་ངན་ཐང་ལྟ་བུའི་དམྱལ་ཁམས་དེ་ཁྱོད་ཀྱི་མཛེས་སྡུག་ལྟར་ཡིད་དུ་འོང་བའི་སྐྱེད་ཚལ་ཞིག་ཏུ་བཟོས་ནས
ཁྱོད་ཀྱི་ཁ་མི་གྲགས་པའི་མུན་པ་སྟུག་པོའི་གསེང་ནས
རང་གི་སྡུག་བསྔལ་ཡོད་ཚད་ཤིན་ཏུ་མཐུག་པའི་གདན་ཞིག་ཏུ་བཅོས་ནས
ཚེ་གཅིག་རིང་ཁྱོད་ལ་དགའ་བའི་སྙིང་ཆུང་དེ་མར་མེ་ཞིག་ལྟར་ཁྱོད་ཀྱི་སྔས་མགོར་བསྒྲོན་ནས

རེ་བ་ཡོད་ཚད་འགྲུབ་སོང་ཟེར་ན      སྙིང་ཉེ་མ་ཁྱོད་ཀྱིས་གྱོན་པ་ཕུད་རྒྱུར་གྲ་སྒྲིག་མ་བྱེད་ཅིག
ང་རང     འབྲི་ཞོ་དཀར་ཡོལ་གང་ལྟར་གཙང་མ་མིན་པའི་བུ་མོ་ཚོའི་ལུས་པོ་གཅེར་བུ་དེར་ཧ་ཅང་སྐྲག་གི

          ང་རང་སྙན་ངག་ཅེས་པའི་གཟེབ་དྲར་ཚུད་སོང་།
མི་ཚེའི་ཚོན་རྩི་དག་ལ་མདངས་མེད་པས
ཐ་སྙད་ཀྱི་སྣུམ་དང་ཚིག་གྲུབ་ཀྱི་རྩི་ཁ་ཤས་མི་བྱུགས་ཀ་མེད་རེད་དམ

གློ་སྙིང་མཆིན་གསུམ་པོ་ལུས་པོའི་སྡེར་མ་ན་རུལ་གྱིན་འདུག
ཤེས་པ་དང་དྲན་པའི་གོམ་ཁའང་འཚོ་བའི་རྒྱུ་དངོས་ཁ་ཤས་ཀྱི་གསེབ་ཏུ་ཁེགས་འདུག
འདས་དོན་རབ་རིབ་ཀྱི་སྨུག་པའི་ཀློང་གི་བརྩེ་བ་དེའང་ཅི་འདྲའི་སྙིང་རྗེ་བ་ལ

སྲང་ལམ་གྱི་དཔེ་སྒྲོམ་དེ་འུར་ཟིང་གི་ཟྭ་རྒན་གྱིས་བཟུང་འདུག
ཡུལ་ལྗོངས་ངོས་ཀྱི་དུས་ཚིགས་ཀྱི་ཐང་ག་དེའང་འཕྲུལ་ཆས་ཀྱིས་གཙབ་ཀྱིན་འདུག

ལག་པ་རྒྱབ་ལ་བསྲིངས་པས་ཁུར་བོ་ཞིག་རྙེད་བྱུང
རྐང་བ་མདུན་ལ་སྤོས་པས་སྒྲོག་ཏུ་ཚུད་བྱུང
མིག་གིས་ཕྱོགས་བཞིར་བལྟས་པས་འཆི་བའི་སྔོན་གྱི་སྡུག་བསྔལ་གྱི་ཆར་བ་མཐོང་བྱུང

དུས་འདི་འདྲར      ང་རང་སྙན་ངག་གི་གཟེབ་དྲར་ཚུད་པ་ནི་ཁྲབ་གྱོན་པ་དང་ཅི་ཁྱད

           ང་ལ་ཡོད་པ་ནི།
ང་ལ་ཡོད་པ་ནི་དུས་ཚོད་ཀྱི་ལྕགས་དྲའི་ནང་གི་རྩྭ་ས་དེ་ཡིན
སྲབ་ཀྱིས་མ་ཐུབ་པའི་དྲན་པའི་རྟ་ཕོ་དེ་ཡིན

བརྒལ་དཀའ་བའི་ཞེ་སྡང་གི་མྱ་ངན་ཐང་ཆེན་དེ་ཡིན
འདོད་པའི་ནང་གི་བཏུས་ནས་མི་ཚར་བའི་རྩྭ་ལྡུམ་དེ་ཡིན
བཀྲུས་ནས་མི་དག་པའི་གཏི་མུག་གི་ཚིལ་ཁུ་དག་ཡིན

ང་ལ་ཡོད་པ་ནི་ཆར་ཐིགས་འགའ་བོ་ས་སྟེང་དུ་འཐོར་བའི་སེར་སྣ་དེ་ཡིན
ལག་པ་རྒྱང་ལ་བསྲིངས་མ་ཐུབ་པའི་བྲང་ཁོག་གི་ཕྲག་དོག་དེ་ཡིན
ད་དུང     བརྣག་སེམས་ཀྱི་རྡེའུ་ཆག་པོ་དག་དང་བརྣབ་སེམས་ཀྱི་ཚེར་མའི་ཚོགས་ཡིན

ང་ལ་ཡོད་པ་ནི་འཚོ་བའི་སྲུབས་ཀ་ན་དཔྱངས་པའི་ཅ་ལག་གི་སྡོམ་དྲ་དང
རང་གི་ཤ་པགས་གསེབ་ན་སྐྲན་ནད་བཞིན་སྲ་མོར་འགྱུར་གྱིན་པའི་གཉེན་ཉེ་དག་ཡིན
ད་དུང      རུས་པའི་གས་ཀ་ལྟ་བུའི་བྱིས་པ་གཉིས་ཀྱི་ངུ་སྐད་དང
ཁྲག་དྲོན་ཀློང་གི་ཚེར་མ་ལྟ་བུའི་ཆུང་མའི་ངོ་གདོང་དཀར་དམར་གྱི་གདུག་རྩུབ་དག་ཡིན

མདོར་ན      ང་ལ་ཡོད་པ་ནི
བུ་མོ་ཚོའི་མིག་ཆུའི་གསེང་ན་རུལ་གྱིན་པའི་ཚིག་ཁ་ཤས་དང
རང་གི་མི་ཚེའི་ལྕགས་ཐུམ་གསེབ་ན་ཟགས་ཀྱིན་པའི་འདས་དོན་ཁ་ཤས་ཡིན
 
           ཇ་ཧུབ་གང་འཐུང་དུས།
ཇ་ཧུབ་གང་འཐུང་དུས
སྔ་དྲོའི་དུས་ཚོད་ཀྱི་ཇ་ལོ་དག་སྐམ་པོར་གྱུར་འདུག
སྨུག་པའི་ཕྱིང་ལྭ་གྱོན་པའི་རྫ་རི་དེའང་གཅེར་བུར་བུད་འདུག
བརྙན་འཕྲིན་ནང་གི་གསར་འགྱུར་དག་ཀྱང་རྙིང་བར་གྱུར་འདུག

གྱང་ངོས་སུ་བཀལ་བའི་མེ་ལོང་ངོས་ཀྱི་ཉི་ཟེར་ལའང་ས་རྡུལ་གྱིས་སྦགས་འདུག
རྫ་བུམ་ནང་གི་མེ་ཏོག་དེའང
འཁྲིག་པ་སྤྱད་རྗེས་ཀྱི་མོ་མཚན་བཞིན་ཁ་གདངས་འདུག

ཇ་ཧུབ་གང་འཐུང་དུས
ནམ་མཁའི་ལོ་མ་སྔོན་པོ་ལས་ཆར་བ་སམ་སིམ་ཞིག་ཟགས་བྱུང
ཉི་འོད་ཀྱི་དོད་དུ་རླུང་བུ་འགའ་ས་སྟེང་ན་འགྲིལ་གྱིན་འདུག

བྱིས་པས་ལས་བྱ་འབྲི་བཞིན་པའི་གཟབ་ནན་གྱི་གས་ཆག་དང
ཆུང་མས་ནང་ལས་བྱེད་ཀྱིན་པའི་ངལ་དུབ་ཀྱི་ཆག་རོའི་གསེབ་ནས
ངས      མི་ཞེས་པ་ནི་འཚོ་བའི་ལྷུ་ལག་ཅི་འདྲའི་ཉམ་ཆུང་ཞིག་རེད་ཨང་འདོད་བྱུང

ཇ་ཧུབ་གང་འཐུང་དུས
ས་སྲོད་ཀྱི་ཆུ་ཁར་གཡེང་བའི་སྐར་མ་ཁ་ཤས་ཀྱི་ཨི་ཁུང་ལས
ཉིན་གཅིག་གི་དུས་ཚོད་རུལ་བའི་དྲི་ངན་ཞིག་ཆུ་ཁོལ་བཞིན་ནག་ལྷོག་ལྷོག་གདུས་བྱུང

           ཉི་མ་དཀར་ངོགས་ཀྱི་དྲན་པ་ཟིན་བྲིས་སུ་བཏབ་པ།
སྐྱ་རེངས་ནི་ཁོག་སྟོད་གཅེར་བུར་བུད་པའི་གླ་བ་བཟང་བོ་ཞིག་དང་འདྲ་བར
ཉིན་གཅིག་གི་མལ་ཁྲི་ཆེན་པོ་ནས་ཆེས་ཐོག་མར་ཡར་ལངས་བྱུང

ནམ་མཁའི་མེ་ལོང་བཞིན་དྭངས་པའི་ཆུ་གཞོང་དུ་ངོ་གདོང་གི་ཆག་རོ་ལྟ་བུའི་དྲི་ཁུ་དག་བཀྲུས་ཤིང
ཉིན་གཅིག་གི་གླ་ཆ་ལྟ་བུའི་རྫུ་བག་དག་གྱོན་པ་བཞིན་གོན་ནས་སྒོ་ཕྱིར་བུད་ན
ཉི་མ་ནི་ཁྲག་གིས་བྲན་པའི་མེ་ཏོག་དམར་བོ་ཞིག་དང་འདྲ་བར་ནམ་མཁའི་རྫ་བུམ་སྔོན་པོ་ན
རང་གི་དྲི་བསུང་གི་ཚ་དྲོད་ཀྱིས་བཅུམས་འདུག

སྲང་ལམ་གྱི་གས་ཀར་ཆགས་པའི་འུར་ཟིང་གི་འདམ་མྱགས་དག་རྐང་མགོར་དཀྲི་བཞིན་ལས་ཀར་ཕྱིན་ན
རྒྱང་རིང་ཟེར་བའི་ཁ་མི་གྲགས་པའི་བུ་མོ་དེ་ད་དུང་ཡར་ལངས་མེད་པ་འདྲ་ལ
ཉེ་འགྲམ་གྱི་སྤྲང་བོ་ལྟ་བུའི་བྲེལ་འཚུབ་དག་ནི་ས་རྡུལ་བཞིན་གང་སར་འཚུབ་འདུག

རང་གི་དྲན་པ་རུ་ཆུ་འཁྱག་ཅིག་ལྟར་འཁྱིལ་བའི་སྐྱོ་བ་དག
མེ་ལྕེ་ལྷག་ལྷོག་འབར་བའི་ཉིན་གཅིག་གི་ཐབ་མགོ་རུ་ཇ་དེམ་བཞིན་བསྐྱོན་ན
འཇིག་རྟེན་གྱི་རྒྱབ་ངོས་ལྟ་བུའི་མཚན་མོ་དང
འཚོ་བའི་ཉིན་ངོས་ལྟ་བུའི་ལས་ཀའི་རྩྭ་ལྡུམ་གྱིས་གཡོགས་པའི་དུས་ཚོད་ཚ་བོ་འདི
སྙན་ངག་གི་དཀར་ཡོལ་ནས་མངར་ཇ་བཞིན་འཐུང་ཐུབ་བམ

མི་ཚེ་འདི་གཙང་བོ་བཞིན་བརྐྱངས་ཏེ་གྲུ་གུ་བཞིན་ཕྱིར་ལྡོག་མི་ཐུབ་པ་བདེན་མོད
མིང་ཚིག་ཁ་ཤས་ཀྱི་མིག་ཆུས
ང་ཡི་བྱིས་དུས་དེ་མཚན་མོའི་སྐྲ་གསེབ་རྒྱན་པའི་སྐར་ཚོགས་བཞིན་མཛེས་པར་བཀྲམས་འདུག
 
         ཉིན་གཅིག་གི་ཟིན་བྲིས།
མལ་ལས་ལངས་དུས
ཉི་མ་གཅེར་བུར་བུད་དེ་ནམ་མཁའི་རྫིང་བུ་སྔོན་པོ་ན་ཆུ་ལ་རྐྱལ་གྱིན་འདུག

ལས་རིགས་མི་འདྲ་བའི་བསང་ཁྲིའི་སྟེང་ན
འུར་ཟིང་གི་མེ་ལྕེ་དང་བྲེལ་འཚུབ་ཀྱི་དུ་བ་ནད་པ་དག་གང་སར་མཆེད་འདུག

སྲང་ལམ་གྱི་ལྗོན་པར་ཐོགས་པའི་མི་ཚོགས་དང
ཁང་བརྩེག་གི་ན་བུན་གསེབ་ཀྱི་གློག་སྒྲོན་དག་གཅིག་ལ་གཅིག་ཐིམས་ཏེ་སྟོང་བར་གྱུར་རུང
རྫུ་བག་གི་ལྭ་བ་དཀར་བོ་གྱོན་པའི་ཉིན་མོ་འདི་གཟིམ་ཐབས་མིའདུག

བརྡ་འཕྲིན་གྱི་སྐད་ཅོར་གྱིས་རྣ་བ་འོན་པ་དག་སངས་བར་བྱས་སོང
རེའུ་མིག་གི་དོལ་ཏུ་ཚུད་པའི་བརྩེ་བ་དག་ལྕགས་ལྟར་སྲ་འཐས་སུ་གྱུར་འདུག
གསར་འགྱུར་མང་བོའི་རལ་དྲིས་སྣ་བའི་བུ་ག་ཡོངས་སུ་བསུབས་སོང

གློ་ལུད་ཅིག་རྒྱབས་པས་གློག་ཞགས་ཤིག་འཁྱུག་བྱུང་ལ
མཆིལ་མ་ཞིག་མིད་པས་དྲག་ཆར་ཞིག་བབས་བྱུང
སྟབས་སྟབས་པོར་ཕྱིར་འཁོར་དུས
ས་སྲོད་ཀྱི་བྱེ་ཐང་ཆེན་པོ་ཞིག་གིས་ང་ཡི་ཕྱོགས་མཐའ་ཡོངས་སུ་བསྐོར་འདུག

           ད་སྙིང་བོ་མེད་ཀ
ཞོགས་པ་ཟེར་བ་འདིས་སྲིད་པའི་ཁམས་ཆེན་མོ་གཅེར་བུར་ཕུད་ནས
དཀར་ཡོལ་ཞིག་ལྟར་ཆག་སླ་བའི་མི་ཚོ་དུས་ཚོད་ཀྱི་རྡོ་ལེབ་ཏུ་བརྡབས་ནས
ལུས་སྟེང་དུ་ལྕགས་ལྟར་ལྕི་བའི་བྱ་བ་དག་རྔ་མོང་གི་ནོག་ལྟར་སྦྱར་ནས

མི་སེམས་སུ་སྐྱོ་གདུང་གི་ཁྱིམ་ལུད་འཕོ་ནས
དྲན་པ་རུ་འདས་དོན་གྱི་བེམ་རོ་བརྩིགས་ནས
མ་འོངས་པ་ཟེར་བའི་ཤིན་ཏུ་གཡང་གཟར་གྱི་འཕྲེང་ཞིག་ལ་དེད་འགྲོ

སྟོབས་ཤུགས་ཡོད་ཚད་ཐག་པ་བཞིན་བཅད་འགྲོ་བའི་ན་བའི་གྲི་ཁ་རུ་ཡང་བསྐྱལ་འགྲོ
ཕྱི་ནང་གི་ཡོད་ཚད་ཤ་རྙིང་བཞིན་རུལ་འགྲོ་བའི་རྒ་བའི་འོབས་དོང་དུ་ཡང་ཕོངས་འགྲོ

དེ་ནས     འཆི་བ་ཟེར་བའི་ཚེ་སྲོག་གི་རྟ་ཁྱུ་འདེད་པར་བྱང་བའི་ཇག་པ་ཞིག་ལ་ཡང་སྤྲོད་སྲིད

དེ་ལྟར་སྙམ་གྱིན་ངས་གྲོགས་པོ་ཞིག་ལ་ཁ་པར་ཞིག་བཏང་མོད
ཁོ་རང་སྐད་ཆའི་གཟེབ་དྲ་རུ་ལྷུང་འདུག

དེ་ནས     སྒོ་ཕྱིར་བུད་པ་ན
ཉི་འོད་ཀྱི་ཡལ་ག་སྐམ་པོ་རུ་རླུང་བུ་ཐེད་པོ་འགའ་འཁྱུད་ནས་འདུག
ཕྱོགས་སོ་སོའི་མེ་ལོང་གི་ངོས་སུ་འཁོར་བའི་འདམ་རྙོག་གིས་གཡོགས་འདུག

            དབྱར་ཁ།
འཇིག་རྟེན་གྱི་ལྕགས་ཐབ་ཏུ་མེ་སྒོང་བརྒྱབ་ཡོད
ཚ་འཁྲུལ་གྱི་སྣང་བ་སྣ་ཚོགས་མེ་ཏོག་བཞིན་བཞད་ཡོད

བསིལ་གྲིབ་དང       རླུང་བུ་སོགས་བུད་མེད་ཀྱི་མྱོས་བུམ་བཞིན
ཁྱོད་རང་གི་ངལ་དུབ་གཞའ་སའི་རྒྱབ་གཞུབ་དུ་ཉལ་འདུག

ཆར་བ་དག་གིས་འཛེར་མ་བཞིན
ནམ་མཁའི་འགྱིག་ཤོག་སྔོན་པོ་བརྟོལ་ནས་ས་གཞིའི་བུ་གར་ཐིམས་སོང

དབྱར་ཁར་སླེབ་དུས
མི་ཚོ་སྙིང་ལངས་ཏེ་གཅེར་བུར་འབུད་ལ་ཁད་ཅིག་བྱེད་ཀྱིན་འདུག

          དུས་ཀྱི་ཟློས་གར་འཁྲབ་ཚར་དུས།
ལོ་རྒྱུས་ཀྱི་ལྗོངས་ཆེན་པོ་བྱེ་མའི་ཐང་དུ་གྱུར་ཚར་རྗེས
དུས་ཚོད་ཀྱི་ཡིག་འབྲུ་དག་རླུང་ཁ་ནས་ཤིང་ལོ་བཞིན་ཟགས་ཚར་རྗེས
འབྲོག་པའི་ཉི་ཟེར་གྱི་ཞི་འཇགས་འཕྲུལ་ཆས་ཀྱིས་རྩམ་པ་བཞིན་ཐགས་ཚར་རྗེས

མར་མེའི་འོག་གི་གཏམ་རྒྱུད་དག
གློག་ཤུགས་ཆེན་པོས་བརྙན་འཕྲིན་ངོས་སུ་འཁྱུག་བྲིས་སུ་ཕབས་ཚར་རྗེས
མེ་ཏོག་གསེབ་ཀྱི་གླུ་ཆུང་དག
ལྕགས་དང་ཨར་འདམ་གྱི་ཁོག་པའི་ནང་དུ་ཁྲོ་ཆུ་བཞིན་བླུགས་ཚར་རྗེས

ལུས་སྟེང་གི་ཁ་མདོག་དག་ནག་པོར་བསྒྱུར་རྗེས་མུན་པའི་སྟོད་གོས་ཤིག་བཟོས་རྗེས
དྲན་པའི་ཆུ་མིག་དྭངས་མོ་བཟི་སྨན་ཏུ་བསྒྱུར་ནས་ཉིན་མོའི་གདོང་ལའང་གྲི་ཤད་ཅིག་བྱས

མདོར་ན       ཕྲག་སྟེང་གི་རྨ་ཁ་ལ་གྲོགས་པོ་ཞེས་བོས་ཀྱིན
བརྩེ་བའི་ཆག་རོ་ལ་བླ་མ་ཞེས་བཀུར་གྱིན
འཚོ་བའི་ནད་ཡམས་ལ་གཅེས་སུ་འོས་པའི་ཕ་ཡུལ་ཞེས་ཡང་ཡང་འཐམས་ཀྱིན
རང་གི་མིང་ནས་འབོད་བསམ་དུས་རང་ཉིད་སུ་ཡིན་པ་གཏིང་བརྗེད་དུ་ཕྱིན་འདུག

          དོ་དགོང་འདི་ལྟར་བྱེད།
ནམ་མཁའ་འདི་མགོ་ཐོག་ནས་བླངས་ཏེ་རྐང་འོག་ཏུ་བཏིང་ནས
འཇའ་ཚོན་གྱི་རི་མོ་ཐོ་རེ་བ་དག་སྔས་མགོར་སྒྲིག་ནས
སྐར་མའི་སྐེད་འཆང་སིལ་སིལ་དེ་རྩིབས་ལོགས་སུ་བཞག་ནས

རླུང་གི་ཆབ་ཆུ་བསིལ་མོ་རུ་རྨི་ལམ་གྱི་ལག་པ་བཀྲུས་ནས
མུན་པའི་ལག་རས་འཇམ་པོས་ངལ་དུབ་དག་ཡང་མོར་ཕྱིས་ནས

རྒྱང་ཐག་རིང་སྙམ་པ་དག་ཁུ་སིམ་པོའི་སྣོད་དུ་བཅུག་ནས
རབ་རིབ་མག་མོག་དག་ཐ་སྙད་ཀྱི་སྙུགས་སྒམ་དུ་བླུགས་ནས

གཅེར་བུར་བུད་པའི་གངས་རི་ཤ་སྐམ་དེ་སོ་བ་རུ་བཞག་ནས

རང་ཉིད་ཟེར་བའི་ལན་ཆགས་ཀྱི་ཁུར་བོ་ལྗིད་མོ་འདི
འདང་བརྒྱག་ཅི་ཡང་མེད་པར      མལ་ས་རུ་གཡུག་འཇོག

          མགྲོན་ཁང་ཞིག་ནས་ཁེར་ལབ་བརྒྱབ་པ།
མ་ཤི་བའི་སྔོན་ལ་བློར་འབབ་པའི་དཔེ་ཆ་ཞིག་བཀླགས་ཚར་དགོས
ཤིན་ཏུ་མཛེས་པའི་བུ་མོ་ཞིག་གིས་ང་ལ་སྐྱོ་བ་ཤས་ཆེ་བའི་གསང་བ་ཞིག་བཤད་དགོས
གོང་སླ་མོ་བྱིན་ནས་ཉོས་པའི་རྟ་ཕོ་དེས་གེ་སར་རྟ་རྒྱུགས་སྟེང་ནས་ཨང་དང་བོ་ལེན་དགོས

ཉི་ཟེར་ཁྲོད་ང་ཡི་ལག་པས་རེག་པ་ཡོད་ཚད་གསེར་ཏུ་འགྱུར་དགོས
ཁ་བའི་ཁྲོད་ང་ཡི་རྐང་བ་སྤོ་ས་ཡོད་ཚད་དངུལ་ཏུ་འགྱུར་དགོས

རོལ་མོ་ཐ་དག་ང་ཡི་སྡུག་བསྔལ་གྱི་མུན་པའི་ངོས་ནས་སྐར་མ་ལྟར་འཚེར་དགོས
རི་མོ་ཐ་དག་ང་ཡི་འཚོ་བའི་གྱང་ངོས་ནས་འཇའ་ཚོན་ལྟར་འཆར་དགོས
སྙན་ངག་གི་ཚོགས་ང་ཡི་མི་ཚེའི་མེ་ལོང་ནང་ནས་གཟུགས་རིས་ལྟར་འགུལ་དགོས

མདོར་ན        དོ་ནུབ་ང་ཡིས་ཅི་ལྟར་དྲན་པ་ཡོད་ཚད་ཀྱི་ཚོན་རྩི་ཐ་དག
མུན་པའི་ཤ་གསེང་དུ་ཟུག་པའི་སྐར་མའི་ཚེར་མ་རེ་རེའི་རྩེ་མོ་བརྒྱུད་ནས
རྨི་ལམ་གྱི་གཙང་བོའི་ཚུར་རོལ་གྱི
མངོན་སུམ་གྱི་རྫོང་མཁར་འདིའི་བཙོན་ར་ནས་བདེན་པར་གྲུབ་དགོས

            རབ་ཏུ།  ཤིན་ཏུ། ཧ་ཅང་སུན་གྱིན་པའི་དུས་སུ།
རབ་ཏུ      ཤིན་ཏུ       ཧ་ཅང་སུན་གྱིན་པའི་དུས་སུ
གློག་སྒྲོན་གྱི་མཚེའུ་ཆུང་ཆུང་སུབས་པར་མཛོད
གླུ་གཞས་ཀྱི་དར་གོས་སྲབ་མོ་ཤགས་པར་མཛོད

རབ་ཏུ      ཤིན་ཏུ       ཧ་ཅང་སུན་གྱིན་པའི་དུས་སུ
ཡིག་ཚོགས་ཀྱི་ཁང་བརྩེག་དག་མ་ཀློག་པར་སྡོད
རོལ་རྩེད་ཀྱི་སྲང་ལམ་དེ་མ་ཉུལ་པར་སྡོད

རབ་ཏུ      ཤིན་ཏུ       ཧ་ཅང་སུན་གྱིན་པའི་དུས་སུ
དུས་ཚོད་ཀྱི་བུ་ག་ནས་བརྡོལ་བའི་རྣག་ཁྲག་དག་ལ་ཚོན་རྩི་བསྒོ་རོགས
སེམས་ཀྱི་ཆག་རོ་ལས་མངོན་པའི་ཨང་ཀི་དག་ལ་རྩིས་ཕྲེང་སྒྲིག་རོགས

རབ་ཏུ      ཤིན་ཏུ       ཧ་ཅང་སུན་གྱིན་པའི་དུས་སུ
ཉི་མའི་ཟེའུ་འབྲུ་དང་ནམ་མཁའི་འདབ་མའི་ངོས་སུ
ས་གཞིའི་མཆོད་རྐོང་དང་རི་རབ་ཀྱི་སྡོབ་རྐང་རྩེ་རུ
སྐྱེ་འཆིའི་མེ་ལྕེ་ཁྲི་གང་སྦར་རོགས

རབ་ཏུ      ཤིན་ཏུ       ཧ་ཅང་སུན་གྱིན་པའི་དུས་སུ
ཟིན་རྒྱུ་མེད་པ་དག་སྟོང་བའི་གཟེབ་དྲ་རུ་ས་བོན་ལྟར་གཏོར་རོགས
སྣང་རྒྱུ་མེད་པ་དག་མུན་པའི་བྱེ་ཐང་དུ་རླུང་བུ་ལྟར་གཡུགས་རོགས

རབ་ཏུ      ཤིན་ཏུ       ཧ་ཅང་སུན་གྱིན་པའི་དུས་སུ
སུན་བྱེད་ཀྱི་ལྕགས་ཐག་དུམ་བུར་བཅད་ནས
སུན་ཡུལ་གྱི་ཅ་ལག་སིལ་བུར་བཅག་ནས
ཚེ་སྲོག་གི་ཆུ་ཁོལ་ཕོར་བ་གང་བོ་མགོ་རྟིང་སློགས་ཤིགས

          རྨི་ལམ་གྱི་འཁྲབ་ཡོལ།
ཆར་བའི་ལོ་མ་དག་ཤག་སྒྲ་དང་བཅས་འབབ་སའི
ནམ་མཁའི་ལྗོན་པ་སྔོ་སིང་སིང་དེ་རླུང་དང་དུས་ཚོད་ཀྱི་ཁྲོད་ནས་གཡོ་ཙམ་བྱེད

ཁྲག་དམར་སྐྱུག་གིན་པའི་མཚམས་སྤྲིན་དེ
མུན་ནག་གི་ཁྲོན་པའི་ཁ་ན་བརྒྱངས་པའི་སྐར་མ་ཁ་ཤས་ཀྱི་ཡལ་གར་འཇུས་འདུག

མི་རིང་བར      སྨག་རུམ་གྱི་གར་སྟེགས་སྟེང་ནས
ངལ་དུབ་དག་གཅེར་བུར་ཕུད་པའི་ངུད་མོའི་སྒྲ་ལས་མི་སྣ་ཞིག་གིས་འགྲེ་ལོག་བརྒྱག་ངེས
གཡོ་ཟོལ་དང་ཚུལ་འཆོས་དག་ཆུ་རུ་སྦངས་པའི་བརླན་གཤེར་ལས་འཁྲབ་ཚིག་དག་འཐོར་འོང་ངེས

རྨི་ལམ་གྱི་འཁྲབ་ཡོལ་དངོས་སུ་ཕྱེས་རྗེས
ང་ཡིས་སྟོང་བའི་མེ་ལོང་ལ་ཅེར་ནས་རང་གི་གཟུགས་རིས་འཚོལ་ངེས

           སྦྲང་ནག་གི་ཁྱུ་དེ།
སྦྲང་ནག་གི་ཁྱུ་དེ
དུས་ཚོད་ཀྱིས་འཚིག་པའི་སྐར་མའི་ཚོགས་དང་འདྲ་བར
གྲོང་ཁྱེར་གྱི་གྱང་ལྡེབས་དང་ནགས་ཚལ་གྱི་རྩིབས་མ་གཡར་ནས
ཉི་འོད་ཀྱི་ལྟོགས་སྐོམ་དང་ཁ་དབུགས་ཀྱི་སྐྱོ་ངལ་བར་ན་འཕུར་གྱིན་འདུག

སྦྲང་ནག་གི་ཁྱུ་དེ
སུས་ཀྱང་ཀློག་མ་མྱོང་བའི་མིང་དང་ཐ་སྙད་ཀྱི་ཚོགས་ཤིག་དང་འདྲ་བར
ང་ཡི་གློ་སྙིང་གི་མཆོད་མེའི་ངོགས་དང་རྒྱུ་མ་གྱ་གྱུ་ཡི་སྡོམ་དྲའི་གསེབ་ན་འགུལ་གྱིན་འདུག

ཁྲག་གི་རྦ་རླབས་འཕྱུར་ཞིང་རྣག་གི་སྨུག་པ་འཐིབ་ཏེ
མཉམ་གཅིག་ཏུ་འཕུར་བ་ནི་གས་ཀ་གྲངས་མེད་པ་དང་འདྲ་བར་གྱུར་དུས
ང་རང     ལོ་དང་ཟླ་བའི་མདུད་པ་ཐེབས་པའི་རྨི་ལམ་གྱི་ཀློང་ནས་གློ་བུར་ཏུ་སད་བྱུང

འོན་ཀྱང     སྦྲང་ནག་གི་ཁྱུ་དེ
ང་ཡི་ལུས་ཕུང་གསེབ་ན་ཚེ་སྲོག་གི་ཨི་ཁུང་བསྙེག་པ་བཞིན་འཕུར་གྱིན་འདུག

          སེམས་འདིའི་ནང་ན་མི་གྲངས་མེད་པ་ཞིག་བསྐུངས་འདུག
མི་གཟུགས་ཐུང་དེས་མི་གཟུགས་རིང་དེ་མ་ཡོང་བའི་སྔོན་ལ
ཚད་འཇལ་བྱེད་ཀྱི་ཁྲུ་ཙི་སྦས་ཚར་འདུག

རྐུན་མ་ཞིག་ལྟར་ཡིད་ཆེས་དཀའ་བའི་མི་དེ
བེམ་རོ་ཞིག་དང་འདྲ་བའི་མི་ཞིག་གི་ལྟོ་བའི་སྟེང་ན་ལྡིང་གིན་འདུག

མི་ཞིག་གིས་གསང་བའི་སྒོ་ནས་གཞས་གདངས་ཤིག་རྩོམ་ས་དེ
གླུ་བ་ཞིག་གི་མགྲིན་པའི་ནང་ཡིན་འདུག

སྐྲག་རྒྱུ་འཇིགས་རྒྱུ་མེད་པའི་མི་ལྕགས་རྡོ་འདྲ་མོ་དེ
ནམ་རྒྱུན    མི་སྡར་མ་ཞིག་གི་མགྲིན་པ་བཙིར་རྒྱུར་ཧ་ཅང་དགའ

འབྲོ་བཞིན་པའི་མི་དེར་རྐང་བ་མེད་པ་བཞིན
གཉིད་ཀྱིན་པའི་མི་དེར་རྐང་བ་གཉིས་གཉིས་བཞི་ཐོགས་འདུག

སྦྲུལ་གྱིས་ཐག་པ་བྱས་ཤིང
སྟག་དང     གཟིག་དང      དོམ་གྱིས་མཚོན་ཆ་བྱས་པའི་མི་དེས
ཕྱགས་མ་བཟུང་བའི་མི་ཞིག་མ་ཐུབ་པར་ངུ་བཞིན་འདུག

མུན་པ་བཞིན་ཁུ་སིམ་མེར་འདུག་པའི་མི་དེའི་པང་ན
སྐར་མ་བཞིན་གྲངས་མང་བའི་མི་ཚོགས་ཤིག་འུར་ཟིང་ཟིང་བྱེད

           སྙན་ངག ད་དུང་སྙན་ངག
ནམ་མཁའ་ནི་རྐུན་མ་ཞིག་ཡུན་རིང་དུ་འཇབ་པའི་དུས་ཚོད་དེ་རེད
སྐྲག་སྣང་གི་དབང་གིས
ཉི་མ་ཟེར་བའི་རྐང་རྗེས་ཚ་ལམ་ལམ་ཞིག་ཉིན་དཀར་གྱི་ཐེམ་སྐས་སུ་བཞག་འདུག

ལྕགས་ཀྱི་སྒམ་ཆུང་ཞིག་བཟོས་པའི་ནང་དུ་མུན་པ་བཅུགས་ཤིང
སྐར་མའི་འཛེར་མ་དག་རྩ་བའི་བར་ཏུ་བརྡབས་ཡོད

ཚེ་སྲོག་ནི་འཆི་བའི་དཔུང་ཤ་ནས་བརྡོལ་བའི་ཁྲག་ཐིགས་ཤིག་ཏེ
དུས་ཚོད་ཀྱི་ཤ་སྦྲང་ནག་པོ་མཚམས་མེད་པར་དེའི་སྟེང་ལ་འཁོར་གྱིན་འདུག

མངོན་སུམ་གྱི་ཆུ་འཁྱག་ཡང་ཡང་འཐུང་ཏེ
འཚོ་བ་ནི་འཁྱག་རེངས་སུ་གྱུར་བའི་གངས་རི་ཞིག་ལྟར་ཁྱོད་ཀྱི་འཇིག་རྟེན་གྱི་མཐོ་སར་འགྱིང་དུས
ཁྱོད་ཀྱི་གློ་ཁུག་ཏུ་གཤོང་བ་ནི
ཞོགས་པའི་ཐུར་མ་དཀར་བོ་དང་ས་སྲོད་ཀྱི་ལག་རས་དམར་སྨུག་ཅིག་གོ

འོན་ཀྱང      ང་ཡི་སྙན་ངག་ནི
བྱེ་མའི་དར་གོས་ཀྱི་སྲུབས་ཀ་བཙེམ་བྱེད་ཀྱི་ཁབ་སྐུད་དེའོ
སྨུག་པའི་ཐལ་བ་འཐག་བྱེད་ཀྱི་རྡོ་འཁོར་དེའོ
ཆུ་ཤེལ་གྱི་མདུད་པ་དཀྲོད་བྱེད་ཀྱི་ལག་པ་དེའོ

ཉིན་མོའི་ཀློང་ནས་གཟུགས་མི་མངོན་པ་དེ་དང
མཚན་མོའི་གསེབ་ནས་གྲིབ་མ་མི་འབོར་བ་དེའོ

ཆུ་མིག་དག་གིས་བཟོས་པའི་སྐར་མ་དེའོ
སྐར་མ་དག་བརྒྱུས་པའི་གློག་ཞགས་དེའོ
གློག་ཞགས་དེ་ཆུ་ཁོལ་ཏུ་བསྒྱུར་བའི་མེ་ལྕེ་དེའོ

ང་ཡི་སྙན་ངག་ནི་སྔ་དྲོའི་ཕ་རྒན་དང་ཕྱི་དྲོའི་མ་རྒན་གཉིས་ཀྱི
དྲོད་མ་ཡལ་བའི་ཉིན་གུང་གི་ཁུ་ཁྲག་དེ་ཡིན

ཆར་བས་སྦར་བའི་མིག་ཆུའི་སྒྲོན་མེ་དེ་ཡིན
རླུང་བུས་གྲུབ་པའི་ལས་ཀྱི་མེ་ལོང་དེ་ཡིན
ང་ཡི་སྙན་ངག་ནི
རྨི་ལམ་བཙེམ་བྱེད་ཀྱི་འཁོར་བའི་སྐུད་པ་མཐོ་གང་བོ་དེའོ





རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།