གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་ངག་བཏུས་མ། ལོ་མའི་སྟེང་གི་ཟིལ་བའི་ཚོམས།

2014-07-16 14:30:00 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།


   
           འབོལ་རྩོམ་ཐུང་ངུ།

ང་ཡི་སྔས་འགྲམ་གྱི།།
སྐལ་ལྡན་མགུར་མ་འདིས།།
རྐང་དུང་ལན་གསུམ་བུས།།
ལྷ་འདྲེ་ཞོག་ཏུ་བཅུག།
ཕྱག་གི་ཕག་རྡེབ་ཀྱིས།།
གནམ་ས་འགུལ་ཙམ་བྱས།།
ཆོས་གཟུགས་དངངས་པར་གྱིས།།
བར་དོའི་ཕྲང་ལམ་ནས།།
མི་བརྒྱ་རྟ་བརྒྱས་མཚོན།།
སེམས་ན་སྨྲེང་བ་ཅན།།
ཞེ་འཛིན་ཨ་འཐས་ཅན།།
གཉུག་སེམས་གཞི་ལ་བཀོད།།
སྐལ་ལྡན་ཚོགས་གཉིས་ཞེས།།
འདི་ལྟའི་གླུ་བ་ཞིག།
མགུར་གླུའི་གསེབ་ནས་ཕེབས།།
རི་བོའི་སུལ་དུ་འཛུལ།།
ཤིག་སྲོའི་བུ་སློབ་ཡན།།
ཝང་གི་སྐུ་དྲག་མན།།
མི་སྐྱ་ཕ་མོ་ཚོས།།
མགོ་ཡི་ཞྭ་མོ་ཕུད།།
ལུས་ཀྱི་ང་རྒྱལ་བཅོམ།།
ཞེ་འཛིན་བུད་ཤིང་བསྲེགས།།
ལུས་པོ་དུད་པའི་ཉམས།།
སྙེ་མ་སྨིན་པ་འདྲ།།
བ་སྤུ་ལྡང་བའི་ཚུལ།།
རླུང་གིས་ཡོམ་པ་འདྲ།།
མཆི་མ་འདོན་པའི་ཤུགས།།
ཆར་བ་ཉིལ་བ་བཞིན།།
སྐལ་ལྡན་རྒྱ་མཚོ་ཞེས།།
གསོལ་འདེབས་ཤུགས་དྲག་གིས།།
འཁོར་བའི་ཐང་ཆེན་གྱི།།
འདོད་ཡོན་མོག་པོར་བྱེད།།
དེ་རིང་ང་ཡི་སེམས།།
དབེན་པའི་རི་ལ་དྲངས།།
དབེན་པའི་རྫ་རི་ན།།
ཀོང་མོས་མགུར་གླུ་ལེན།།
ཞི་བའི་ལམ་ཡིག་འབྲི།།
སྐྱ་ཀས་མགྲོན་བརྡ་གཏོང་།།
ཐར་བའི་གཞིས་ཀ་རུ།།
ཁྱེད་ཅག་ཕེབས་རོགས་ཞུ།།
ཨ་ལ་རང་སྣང་འཁྲུལ།།
འཁྲུལ་བའི་སྒྱུ་མ་འདིས།།
དེ་ལྟར་པྲ་བཀྱེས་ཀྱང།།
སྲིད་པའི་ནགས་ཀློང་ན།།
སྟག་དྲེད་གཅན་གཟན་ཚོགས།།
འཇིགས་འཇིགས་བྱས་ཏེ་འགྲོ།།
ཤ་བ་དགོ་བའི་རིགས།།
འཇམ་པའི་ངང་དུ་འགྲོ།།
བྱ་དང་བྱིའུ་ཁྱུ།།
ཀྱུར་ཀྱུར་སྐད་ཀྱིས་འཚོ།།
མཐོང་བའི་ལྟད་མོ་འདིས།།
ད་དུང་ང་མི་གཏོང་།།
སྐལ་ལྡན་མགུར་མ་འདིས།།
ང་ཡི་སེམས་མི་གཏོང་།།
ལུས་སེམས་ཁ་ཁ་འདི།།
མེ་ལོང་ངོས་གཉིས་འདྲ།།
ཆ་འཇོག་གང་ལ་བྱ།།

           དྲི་གླུ།

ཕ་གིའི་རི་སྒང་ན།།
སྤྲིན་པ་ལྷོ་བགྲོད་ཅིག།
སྤྲིན་པའི་ནང་རོལ་ན།།
རྫི་གླུ་གཉོམ་པོ་ཞིག།
རྫི་གླུའི་འགྱུར་ཁུག་གིས།།
ང་རང་སྨྲེང་བར་བྱས།།
ང་ཡི་མིག་ལམ་ན།།
འཇིག་རྟེན་སྐྱ་བོ་ཞིག
རྒན་པོ་འཁར་ཐོགས་ཤིག
རྒན་མོ་སླེ་ཁུར་ཞིག།
མདུན་ལ་འགྲོ་འདོད་ཀྱིས།།
སྒྱིད་པ་གུག་གུག་བྱེད།།
ཚུར་རོལ་གཙང་འགྲམ་ན།།
ཉ་བ་གྲུ་ཐོགས་ཤིག།
དྲ་ཕད་བཟུང་བཟུང་ནས།།
ལག་པ་ན་རག་བར།།
ཉ་མོ་མ་ཟིན་པར།།
དངན་པ་སྟོང་ཐེན་བྱེད།།
ཡ་གིའི་སྒྲུབ་ཁང་ན།།
རྣལ་འབྱོར་སྨྱོན་པ་ཞིག།
སེམས་ཀྱི་མེ་ལོང་ངོར།།
འཇིག་རྟེན་སྟོང་བ་ཞིག།
སྟོང་བའི་སྣེ་མོ་རུ།།
རྫུན་མའི་པྲ་མཁན་ཞིག།
ཨ་ཧོ་རང་གི་ངོར།།
བདེན་པ་རྫུན་ལ་འདྲེས།།
རྫུན་མ་བདེན་པར་འཁྲུལ།།
ཅི་བྱས་གང་ལ་འདྲི།།
ལག་པ་ཚ་བས་ངར།།
ཚ་བ་གང་གིས་ངར།།

          ༢༠༡༤ལོའི་རྨི་ལམ།

ཕ་གིའི་སྒྲུབ་ཕུག་ནག་པོར།།
སྒོ་དང་སྒེའུ་ཁུང་མི་འདུག།
སྒྲུབ་ཕུག་ནང་གི་སྒོམ་ཆེན།།
རལ་བ་ལྕགས་ལ་བརྡུངས་འདྲ།།
མཚན་ལ་ག་རེ་ཞུས་ཀྱང་།།
སྙན་ཞུ་ག་རེ་གསོལ་ཡང་།།
ཨམ་འབྱོག་རྡོ་བ་རང་བྱོན།།
ཚིག་གཅིག་གསན་རྒྱུ་མི་འདུག།
ཡར་ཀླུང་གཞུང་ནས་ཕེབས་སམ།།
དར་རྩེ་མདོ་ནས་ཕེབས་སམ།།
ལན་ཆགས་ཁྲི་མ་འབུམ་གྱིས།།
གཡས་སྐོར་གཡོན་སྐོར་གནང་འདུག།
སྦལ་བ་ནག་ཆུང་ཞིག་ལ།།
རྡོ་རྗེ་གཅོད་པ་བཀལ་ནས།།
ལྷ་སའི་གླིང་ལ་ཐོན་དུས།།
སྐྱིད་ཆུ་སྔོན་མོ་ངུས་བྱུང་།།
ཡི་གེ་མེད་པའི་དར་ལྕོག།
ལྕགས་པོ་རི་ལ་བཙུགས་ནས།།
ཨ་མཆོད་སྤུ་སེར་ཞིག་ལ།།
རབ་གནས་ཞུས་པ་སྐྱོ་ཨང་།།
གླུ་དེ་ལེན་མཁན་སུ་ཡིན།།
འདྲེ་དེ་འབོད་མཁན་སུ་ཡིན།།
གཡུ་ཐོག་ཟམ་པའི་སྟེང་ན།།
སྒོམ་ཆེན་སྐུ་རླུང་བཞེས་འདུག།
སེར་འབྲས་དགའ་གསུམ་ཡིན་ཟེར།།
རྒྱུད་སྟོད་རྒྱུད་སྨད་ཡིན་ཟེར།།
རྡོབ་རྡོའི་སེར་མོ་ཞིག་གིས།།
རིན་ཆེན་ཕྲེང་བ་གཏོར་བྱུང་།།
ཕབ་རྩི་ནག་པོ་བྱུགས་པའི།།
སྒྲུབ་ཁང་ཅ་ཅོ་ཆེ་བ།།
རོ་སྒམ་སྔས་མགོར་བཞག་ནས།།
རྣལ་འབྱོར་སྐྱིད་ཉལ་རྒྱག་ས།།
གནམ་ན་ལྷ་ཡོད་ལབ་བྱུང་།།
ས་ན་གཏེར་ཡོད་ལབ་བྱུང་།།
འུད་ལ་གོམས་པའི་ཁ་དེ།།
སྤྲང་བོའི་ཁུག་མ་ཟེད་འདྲ།།
མཁྱེན་པ་ཡོད་མདོག་སྟོན་པའི།།
དབུ་བླ་མོ་སྟོན་ཕག་མགོ།།
གསེར་དང་དངུལ་གྱིས་མཆོད་དུས།།
ཁ་མཆུ་ནང་ལ་དྲུད་འོང་།།
ལུས་ལ་གོས་ཆེན་འཇོལ་ཞིང་།།
སྙིང་ལ་དམ་སྲི་ཞུགས་པའི།།
ལྷ་ཁྱེད་འཆི་ཁ་ཚུམས་ཤིག།
བྱུར་སྣ་འདྲེན་མཁན་ཁྱེད་ཡིན།།
བྲག་ལ་རྐང་རྗེས་ཕབ་ཀྱང་།།
བྱ་རྒོད་གནམ་ནས་བཟུང་ཡང་།།
ང་ལ་དགའ་རྒྱུ་མི་འདུག།
སྒོམ་ཁང་ཙི་ཙིས་ཁེངས་ཤག།
རླུང་ཡན་ལྡོམ་པོ་ཞིག་གིས།།
མི་ལ་མི་སྐད་བཤད་ནས།།
འཇིམ་པའི་ལྷ་ཚོགས་དཀྱིལ་ལ།།
ཁྲག་གི་ཁ་ལུད་དོར་ཙང་།།
འབོག་ཏོའི་ཞྭ་མོ་རྩེ་ནས།།
ཆོས་རྒྱལ་རང་བྱོན་འདར་དུས།།
ཨ་ཅག་པང་གདན་སྟེང་ལ།།
ཚོས་མདངས་དམར་པོ་བྱུགས་འོང་།།
མཆོད་པའི་ཡུལ་བདག་ཅིག་གིས།།
ལག་པ་ཀྲབ་ཀྲབ་བྱས་ཏེ།།
བསགས་པའི་ཉེས་པ་ཡིན་ཟེར།།
ཐོབ་པའི་ལས་དབང་ཡིན་ཟེར།།
ཕོ་རོག་སྟོང་སྐད་རྒྱག་སྐབས།།
ཨ་མ་བརྟན་མ་རེད་ཟེར།།
ཨ་ཕོ་གནས་ཆུང་རེད་ཟེར།།
ལྷ་ཚོགས་འཛོམས་འདུག་ལབ་སོང་།།
དགོན་ཆུང་བྱ་རྟུག་འདྲ་བར།།
གྲོས་ཁ་མང་དུ་བརྡར་ཚེ།།
བླ་མ་སེར་མོ་ཞིག་གིས།།
ལྕགས་གཞུ་བདུང་དགོས་ཨེ་བཤད།།
དེའུ་འབུར་བོང་བུ་འདྲ་ཞིག།
ལུང་བསྟན་ནང་དུ་ལྷག་སྐབས།།
མགོ་ནག་མི་ཡི་བློ་ལ།།
གཤིན་རྗེ་ཆོས་རྒྱལ་ཤར་འོང་།།
རི་ལ་རྣ་བ་ཐོགས་ཡོད།།
ཆུ་ལ་མིག་ཟུང་ཐོགས་ཡོད།།
ས་བདག་སྤྲེལ་ཕྲུག་འདྲ་བོ།།
གང་དུ་སོང་ཡང་ཤེས་ཡོད།།
དག་པ་ལྷ་ཡི་ཞིང་ཁམས།།
སྦུར་ནག་ཞིག་དང་འདྲ་ལེ།།
སྦྲེབས་པའི་ངལ་བ་ཁུར་ནས།།
བྱིན་པ་སྔར་ནས་འཁྱོག་འདུག།
སྨྱོ་འབོགས་སེམས་ལ་ཐེབས་ནས།།
སྐྲ་ལོ་གཟེངས་གཟེངས་བྱས་ཤིང་།།
མགྲིན་པའི་ལྦ་བ་མཐོང་སྟེ།།
རིན་ཆེན་གསེར་ལ་བསྒོམས་ཡོད།།
ཕ་གིའི་སྒོམ་ཁང་སྦུག་ན།།
ལྷ་སའི་གཙང་བོ་གཉིད་འདུག།
གཙང་བོའི་གཞུང་ལ་སིམ་པའི།།
སྡེ་བ་གཞུང་ཡང་གཉིད་འདུག།

         དབྱིངས་ཀྱི་རོལ་ཆ།

ཨར་ལ་གཏོད་པའི་མིག་ཟུང་གི།
འོད་ཀྱི་རྩེ་མོར་གཡོ་བ་ཡི།།
ནམ་གུང་འདར་བའི་སྐར་མ་འདི།།
སེམས་ཀྱི་ཡུ་བ་རྩུབ་མོས་སྒུལ།།
ཡིད་ཀྱི་ནགས་ཚལ་དྲ་བ་ན།།
སྨིན་པའི་སིལ་ཏོག་ཅི་མཆིས་པ།།
རླུང་གིས་ཟ་བར་རྩོམ་པ་བཞིན།།
བྱིའུ་དེ་ལ་སྐྲག་པ་བཞིན།།
ཨི་ཁུང་མང་པའི་སྒྲོམ་ཞིག་ཏུ།།
རོ་དང་དྲོ་བ་མི་གཅིག་པའི།།
འཇིག་རྟེན་འདོད་པའི་རོལ་མོ་ནི།།
ལག་པ་རྗེན་པར་ཕྱུང་ནས་བདུང་།།
རྐང་བ་ས་ལ་མི་འགོད་པའི།།
འཆལ་པོ་ཚངས་དབྱངས་རྒྱ་མཚོ་དེ།།
གྲུ་ཤན་རྟ་མགོའི་ཕྱི་མིག་གིས།།
གཡུ་ཐོག་དཔྱངས་ཟམ་སྟེང་ན་ལྕེབས།།
མེ་ལོང་གསལ་ཡང་གསལ་བ་སྟེ།།
རྨི་ལམ་ནང་གི་གྲིབ་རིས་ཚོགས།།
གཅིག་ཏུ་བཟུང་བའི་རི་མོ་ནི།།
དོ་ནུབ་འགུལ་བཞིན་འཁྲུས་ལ་རོལ།།
ཤེལ་གྱི་ཕོར་བར་བཟུང་བ་ཡི།།
ཟླ་བ་ཡོམ་པའི་ཆོ་འཕྲུལ་གྱིས།།
གློ་བའི་ཁམས་ཀྱང་ཡོམ་པའི་ངང་།།
གདོང་ལ་ཟིལ་བ་འཐོར་གྲབས་བྱེད།།
ས་ཡི་བདག་པོ་ཆེན་པོ་ཞིག།
གསེར་གྱི་ལྕགས་སྒྲོག་གིས་བཅིངས་ཏེ།།
ཡོལ་བས་བསྒྲིབས་པའི་ཁང་བཟང་ན།།
པདྨ་བརྩེགས་པའི་གདན་ལ་ཉལ།།
མདུན་ན་རྒྱུ་བའི་སྨུག་པ་འདིས།།
ཁྲོ་བའི་ཉམས་དང་སྒེག་པའི་ཉམས།།
སུ་ལ་སྟོན་པའི་ཡིད་ཀྱི་གཟུགས།།
བ་སྤུའི་རྩེ་མོར་དུད་པ་འདྲ།།
ཞི་བ་སེམས་ཀྱི་ཕྲེང་བ་རུ།།
ཆུ་ཤིང་གཟུགས་ཀྱི་ཌཱ་ཀི་མས།།
བདེ་སྟོང་ཆགས་པའི་གླུ་བླངས་ཚེ།།
སྡིག་པའི་མེ་ཏོག་སྙིང་ལ་བསྣུན།།
རྫུན་གྱི་མདུད་པར་འཆང་བྱེད་པའི།།
གདོང་གི་རྣམ་འགྱུར་ཕྱེ་མ་ལེབ།།
མཚལ་གྱི་ཐིག་ལེ་དམར་པོ་ཅན།།
སྒྱུ་མའི་སྤྲུལ་བ་འགྱེད་ལ་མཁས།།
ཡི་གེ་གདངས་ཀྱང་མི་གསལ་ཞིང་།།
འབྲུ་ཡི་ཁྱད་པར་མི་མངོན་པའི།།
བདག་གི་རྩིག་ལྡེབས་ག་ལ་བར།།
ལྷ་དང་ལྷ་མིན་འཐབ་པ་འདྲ།།

          རྨི་ལྟས།

ནམ་མཁའི་སྐར་མས་རྐང་གདུབ་སིལ་སིལ་དཀྲོལ་དུས།།
རི་བོའི་ཟོམ་ལས་སྤྲིན་པར་དངན་པ་ཤོར་ཏེ།།
ལུས་ཀྱི་པགས་པ་འདར་བའི་ཚོར་བ་ཞིག་གིས།།
འཇིག་རྟེན་འདི་ལ་ཁ་དོག་ཅི་ཞིག་བསྒོ་འོང་།།
རྐང་བའི་རི་མོ་སྟོང་བའི་དབྱིངས་སུ་བྲེས་ཤིང་།།
འཆར་སྣང་ལྗོན་པའི་རྩེ་མོར་དཔྱངས་པའི་ཟླ་འོད།།
ཚངས་མགུར་སྲོག་ཏུ་གཅུད་པའི་གླེགས་བམ་ཡིན་ན།།
ང་ཡི་ལོ་ཟླ་ཆུ་ཐིགས་ཟགས་པས་མི་འཛད།།

         སེམས་ཀྱི་གཙང་བོ་བྲུག་པའི་འབྲུ།

སེམས་གཅོང་ཐེབས་པའི་ནམ་མཁའ་འདིས།།
སྐར་མའི་ཚོགས་ཀྱི་སེམས་བརྐུས་ཏེ།།
གཡོ་བའི་རླུང་དང་གཙང་བོ་ལ།།
གཉུག་མའི་འོད་ཟེར་རོམ་ཙམ་བསྟན།།
འདུ་འབྲལ་རྟོག་པའི་མེ་ལོང་ངོར།།
ལྷ་ཆེན་ཁྱབ་འཇུག་གིས་བྱིན་པའི།།
ཡིབ་པའི་གཟུགས་དང་སྣང་བའི་གཟུགས།།
སྨུག་པའི་ཁྲོད་ཀྱི་བུ་མོ་བཞིན།།
རིང་བོར་མ་སོང་ལོ་ཟླའི་ཕྲེང་།།
ཞེན་པའི་རྡང་ལ་བཏགས་ཤུལ་ནས།།
ཁྱེད་ཀྱི་གོམ་པ་འཁྱོར་བ་ནི།།
ཆུ་ཐིགས་ཟགས་པའི་སྒྲ་དང་མཚུངས།།
ཕྱི་ཡི་ཐོ་ཡོར་ལ་བརྟེན་པའི།།
སེམས་ཀྱི་ཁ་དོག་ངན་ནེ་བ།།
དབྱངས་ཀྱི་འགྲོས་ལ་ཞུགས་པ་ན།།
འདོད་པའི་མེ་ལོང་ཡོམ་ཡོམ་འདར།།
བདག་གི་ཁེངས་སེམས་མ་ལུས་པས།།
ཤེལ་གྱི་རྩིག་པར་བསྣུན་བྱས་ཀྱང་།།
རྨི་ལམ་ནང་གི་ལྷ་ཚོགས་ཀྱིས།།
ངུ་སྐད་འདོན་པ་བར་མ་ཆད།།
ཁྱེད་ནི་ཞོགས་པའི་རླངས་པ་དེ།།
སྙན་ངག་བླ་ཡི་དཀྱིལ་འཁོར་ན།།
དུལ་བའི་ཚུལ་དུ་འགྱུ་བ་ལ།།
འཁོར་འདས་རོལ་བའི་ཆ་ཀུན་རྫོགས།།
ཀྱེ་མ་མ་ལ་བདག་ཏུ་འཛིན།།
ང་ཡི་ལྟེ་བའི་རྩ་འཁོར་ན།།
ཁྱེད་ནི་རིགས་བརྒྱ་རིགས་གསུམ་སྟེ།།
འཆར་སྣང་སྒུལ་བའི་ཨ་ཀ་མ།།

 

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།