གཡག་བུ་དཔལ་རྩལ་གྱི་བརྩམས་སྒྲུང་ཁག་གཉིས།

  དཔལ་རྩལ་ལམ་གཡག་བུ་དཔལ་རྩལ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བར་མདོ་སྨད་ཀྱི་བྱེ་གཤོང་ཞེས་པའི་འབྲོག་སྡེ་ཞིག་ཏུ་རུས་གཡག་ཅན་གྱི་ཁྱིམ་ཚང་ཞིག་གི་བུ་ཐ་ཆུང་དུ་སྐྱེས། ཆུང་དུས་ནས་ཕའི་མདུན་ནས་ཡི་གེའི་སྦྱོར་ཀློག་ལེགས་པར་སྦྱངས་ལ། པད་མ་བཀའ་ཐང་སོགས་ཚར་མང་བཏོན་པ་དང་། ཉིན་རེར་བརྒྱད་སྟོང་བ་དག་ཚར་རེ་ཕྱིན་པའང་ཐེངས་མང་པས། ཕྱིས་སུ་དེབ་ཀློག་པ་ལ་ཡིག་ཆོད་ཀྱི་ཕན་ཆེན་པོ་ཐོགས། ད་ལྟ་སློབ་གྲྭ་ཆེ་འབྲིང་ཁག་དུས་ཚོད་ཀྱིས་ཕྱིན་ནས། ཁྲིན་ཏུའུ་རུ་ལས་ཀ་སྒྲུབ་བཞིན་ཡོད། ལས་ཞོར་དུ་སྒྲུང་དང་སྙན་ངག་དུ་འགའ་རེ་བྲིས་ཡོད་ལ། གཞན་གྱིས་བྲིས་པ་མང་པོའང་ཀློག་བཞིན་ཡོད།

           ཆར་ཞོད།
 
             ༡
   བསྟུད་མར་ཉིན་དུ་མའི་རིང་ཆར་བ་འབབ་མཚམས་མ་ཆད་པས། ཀྲུང་གོའི་ལྷོ་ནུབ་ཕྱོགས་ཀྱི་གྲོང་ཁྱེར་འདི་ཧ་ཅང་བཞའ་ཚན་ཆེ་བར་གྱུར་འདུག བརྙན་འཕྲིན་ལས་རྒྱུན་པར་གྲོང་ཁྱེར་མཐའ་འཁོར་གྱི་རི་ཁུལ་དུ་རི་ཉིལ་བ་དང་། ཆུ་རགས་ཤོར་བས་མི་མང་པོ་རྐྱེན་ལམ་དུ་ཤོར་བ་དང་། ཁྱིམ་ཚང་མང་པོའི་འཚོ་ཐབས་ཤོར་བ་སོགས་སྒྲོག་བཞིན་འདུག ཁོས་དལ་བུར་མལ་ཐུལ་གྱི་སྣེ་གཅིག་ཡར་བཏེགས་ནས་མལ་ཁྲི་ལས་བབས་ཤིང་། མལ་ཁྲི་ལ་ཕྱིར་མིག་གཅིག་བལྟ་དུས་དེ་ནི་བལྟ་འཕྲོར་ལུས་པའི་དཔེ་ཆ་ཞིག་གི་དང་འདྲ་བར། སྣེ་གཅིག་ཡར་ལ་བལྟབས་འདུག གྲོང་ཁྱེར་འདིར་བཞའ་ཚན་ཆེ་བས། ལྷམ་གྱི་ནང་དུ་རྐང་བ་བཞག་དུས། ཕལ་ཆེར་རློན་པ་རེད། ཁོ་ཐབས་ཟད་དེ། འགྱིག་གི་འདྲུད་ལྷམ་གློ་སྐྱ་ཞིག་ཡོད་པ་དེ་རུ་རྐང་བ་བཅུགས་པར། དེ་ནི་གཅིག་ཤོས་ལས་ཀྱང་གྲང་བས། ཁོང་འདར་ཞིག་མི་བྱེད་ག་མེད་བྱུང་།
   མདང་དགོང་གི་བུ་མོ་དེར། ཁོས་ཐོག་མར་བོད་ཀྱི་ཡུལ་སྲོལ་གོམས་གཤིས་བཤད་ལ། དེ་ནས་སངས་རྒྱས་ཆོས་ལུགས་བཤད། བླ་མ་ཞིག་སྐུ་གཤེགས་ཁར་འོད་དུ་གྱུར་སོང་ཚུལ་དང་། ཡང་བླ་མ་ག་གེ་མོ་ཞིག་གིས་ལག་པ་གནམ་ཁར་བརྐྱངས་ཚེ་བར་སྣང་ནས་རྡོ་རྗེ་དང་། དྲིལ་བུ་ལ་སོགས་ཀྱི་དངོས་པོ་མང་པོ་གང་འདོད་དུ་ལེན་ཚུལ་སོགས་བཤད། ཁོ་མོས་ཧ་ཅང་སྤྲོ་བ་ཡོད་ཚུལ་གྱིས་ལག་པས་མ་ནེ་བསྐྱོར་ནས་མགོ་ཁོའི་ཕྱོགས་སུ་བསྲིངས་ཡོད་མོད། མིག་མདངས་ཕྱོགས་སུ་གྲམ་པར་བལྟས་ན་དེ་ཚོད་ཀྱི་སྤྲོ་བ་མེད་པ་ཤེས་ཐུབ། མཐར་ཁོ་གཉིས་ཀྱིས་བོད་ཀྱི་སྐྱེས་པའི་སྐོར་གྱི་གླེང་གཞི་ཞིག་གི་སྣེ་བཟུང་། བུ་མོ་དེས“ང་ནི་བོད་པའི་ཕོ་སར་དག་ལས་གཟུགས་རིང་བ་དང་། གདོང་ཅུང་ནག་པོ། སྐྲ་སུ་ལུ་ཅན་ལ་དགའ་བོ་ཡོད”ཟེར། ཁོས“དེ་ཚོ་ཁྲག་རྒྱུད་སྤུས་གཙང་ཡིན་པས། ལུས་པོའི་སྤུས་ཀ་ཧ་ཅང་ཡག་པོ་ཡོད། ཉལ་བོ་ཡུན་རིང་བོར་བརྟེན་ཐུབ་པས། བུ་མོ་མང་པོ་དེ་འདྲ་བ་ལ་དགའ་བོ་ཡོད”ཅེས་བཤད། བུ་མོས“ང་ད་དུང་ཁྱོད་ལྟ་བུའི་ནེམ་ཤ་དོད་པོ་དང་། སྙིང་རྗེ་བོའི་རིགས་ལའང་དགའ་བོ་ཡོད”ཟེར། ཁོས་དེ་ནི་ཁ་ཡག་ཙམ་ཡིན་པ་ཤེས་ཡོད། མོ་འགྲོ་ཁར། རྗེས་མར་ངས་ཁྱོད་ལ་ཕག་ཤ་དང་ཀེའུ་བརྔོས་མ་བཟོ་ཆོག འོན་ཀྱང་མི་རྐྱང་ཚོས་ཀེའུ་མང་པོ་ཟ་མི་རུང་ཟེར་ཞིང་གད་མོ་ཤོར་སོང་། ཁོས་ཁོ་མོ་ཞག་ལ་འདུག་པར་རེ་བ་བྱས་ཡོད་མོད། མོ་ནི་འགྲོ་དགོས་ཟེར་བས། ཞག་ལ་འདུག་རོགས་ཟེར་བའི་རེ་བ་དེ་ཁ་ནས་མ་བུད་པར་ཕྱིར་ཁོག་ལ་མིད། ཁོ་ནི་བུད་མེད་ཅིག་མཐོང་དུས་ནས་ཞོན་རྒྱུར་བསམ་བློ་གཏོང་མཁན་གྱི་གྲས་མིན། འོན་ཀྱང་སྐབས་རེར་བུ་མོ་ཞིག་ཡོང་ནས་ཡར་མར་གྱི་སྐད་ཆ་རེ་གླེང་རོགས་བྱས་ན། ཁང་ཆུང་ལ་སྐྱིད་སྣང་ཞིག་འཁྱིལ་བའི་སྣང་བ་བྱུང་མྱོང་བས། ཕྱི་དྲོ་ཁྱིམ་ལ་གད་བརྡར་བྱས་པ་དང་། མལ་ཁྲི་གཙང་མ་བཟོས་པ་ཀུན་ནི། མགྲོན་པོ་འདི་སྣེ་ལེན་བྱ་ཕྱིར་ཡིན།
   ཁོ་མོ་རྒྱ་རིགས་ཡིན་ལ། སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་ཟེར་མོད། བླ་མ་གཅིག་ཀྱང་བསྟེན་མྱོང་མེད་ལ། ཁ་ཏོན་མི་འདོན་ཞིང་། ཕྱག་འཚལ་སྐོར་བ་སོགས་ནི་དེ་བས་ཀྱང་མི་བྱེད། འོན་ཀྱང་ཆོས་དད་ཡོད་པས་རྐྱེན་ཡིན་ནམ། བོད་ལ་དགའ་བོ་ཡོད་ཅིང་། ལོ་ལྟར་དབྱར་ཁ་ལྷ་སར་ཐེངས་རེ་འགྲོ་ཞིང་། ཕྱིར་ཡོང་དུས་སུ་ཐེངས་མ་རེ་རེར་རང་གི་སེམས་ནི་སྔར་ལས་གཙང་མ་ཆགས་སོང་ཞེས་སྨྲ་བར་དགའ། ཁོ་གཉིས་ངོ་ཤེས་པ་ནས་བཟུང་། ཁོ་མོ་སྐབས་སྐབས་སུ་ཁོའི་ཁང་ཆུང་དུ་ཡོང་ནས་ཁོ་ལ་ཟ་མ་རེ་བཟོ་ཞིང་། མི་རྐྱང་གི་འཚོ་བ་ལ་དོ་ཁུར་བྱེད་པ་ནི་རྒན་གསོ་ཁང་ལ་དང་བླངས་ལས་རོགས་བྱེད་པ་བཞིན་དགེ་བ་ཆེ་ཞེས་ཀུ་རེ་རྩེད་པ་ཡིན།
    ཁོས་ཁ་པར་གྱི་སྒོ་ཕྱེ་དུས། འཕྲོ་རིམ་འཕྲོར་འཕྲིན་ཐུང་གཉིས་སླེབས་བྱུང་། གཉིས་ཀ་ནི་མདང་དགོང་གི་བུ་མོ་དེས་བསྐུར་ཡོང་བ་རེད། དང་པོ་རུ“ང་ནང་ལ་བསླེབས་ཟིན”ཞེས་བྲིས་ཡོད་ལ། གཉིས་པ་རུ“ཕག་པ། ཟས་ཀྱིས་འགྲངས་སོང་ན་སེམས་ཁུར་ཙམ་བྱ་རྒྱུའང་བརྗེད་འདུག”ཅེས་བྲིས་འདུག ཕལ་ཆེར་འཕྲིན་ཐུང་དང་པོར་ལན་མ་ཡོང་བས་ཁོང་ཁྲོ་ཏོག་ཙམ་ལངས་ཡོད་ཚོད་རེད། གཞན་ཝེ་ཞིན[]་ནང་ལ་སྐད་ཆ་འདྲ་མིན་མང་པོ་བསླེབས་འདུག་མོད། ཁོས་རེ་རེ་བཞིན་མ་ཉན། ཁོའང་གྲོགས་པོ་གཞན་པ་ཚོ་ནང་བཞིན་ཚོགས་པ་མང་པོ་རུ་བཙུད་ཡོད་ལ། ཚོགས་པ་དེ་ཚོས་ཉིན་རྒྱུན་ཡར་མར་གྱི་ཁ་བརྡ་མང་པོ་བྱ་བཞིན་ཡོད། ཐོག་མར་ཁོའང་ཕྱི་དྲོ་ལས་ཀ་གྲོལ་རྗེས་ཚོགས་པ་རེ་འགའི་ཁ་བརྡ་ལ་ཞུགས་མོད། རིམ་གྱིས་རིམ་གྱིས་དེ་དག་གི་སྐད་ཆ་ལ་ཉན་པའང་ཇེ་ཉུང་དུ་གྱུར། དེའི་ཕྱིར་ཁོས་ཝེ་ཞིན་དུ་རྒྱུན་པར་གྲོགས་པོ་ཚོར་སྐད་རེ་འཇོག་པ་དང་། ཐག་ཉེའི་མི་རེ་འཚོལ་བ་ལས་སྤྱོད་སྒོ་གཞན་པ་ཚོ་དེ་འདྲ་སྤྱོད་བཞིན་མེད། ཉིན་ལྟར་ཝེ་ཞིན་གྱི་ཐག་ཉེའི་མི་ཡི་སྒོ་ཕྱེ་དུས་ཁོས་ད་གཟོད་ཁང་ཆུང་འདིའི་མཐའ་སྐོར་ནའང་ཇི་འདྲའི་མི་མང་པོ་ཞིག་འདུག་ཨང་སྙམ་བཞིན་ཡོད། མི་དེ་དག་གི་ནང་དུ་གཡེམ་ཐག་འཐེན་མཁན་དང་། ཚོང་ཙག་ཙིག་རྒྱག་མཁན། གཞན་ཡང་ཁོ་ནང་བཞིན་ཁེར་རྐྱང་གིས་མནར་མཁན་སོགས་རིགས་མང་པོ་ཡོད་པས། སྐབས་སྐབས་སུ་ལ་ལ་རེར་ཁ་བརྡ་ཡུན་རིང་བོ་གློད་བཞིན་ཡོད།
   ཁོས་ཝེ་ཞིན་ནང་གི་གྲོགས་པོ་ཞིག་ལ་སྐད་ལྡིར་ལྡིར་ངང“ཨ་རོགས། ཨ་རོགས། ཅི་བྱེད་ཀྱིན་ཡོད། ཅི་བྱེད་ཀྱིན་ཡོད། ཅི་བྱེད་ཀྱིན་ཡོད”ཅེས་དྲིས་ཤིང་། ཅི་བྱེད་ཀྱིན་ཡོད་མཐའ་མ་དེ་ཅུང་རིང་བོར་འཐེན་ནས་ཕར་བསྐུར། ཅུང་འགོར་རྗེས་ཕ་རོལ་བོས་ཀྱང“ཁོམ་ནས་བསྡད་ཡོད། ཁོམ་ནས་བསྡད་ཡོད། ཁོམ་ནས་བསྡད་ཡོད།”ཅེས་སྐད་ལྡིར་ལྡིར་ངང་བཤད་ལ་ཚིག་རྐང་མཐའ་མ་རིང་འཐེན་བྱས་ཡོད། ཁོ་གཉིས་ཀྱིས་དེ་ལྟར་སྐད་ཆའི་སྒྲ་དང་འཐེན་ཆ་རྒྱུན་ལྡན་མིན་པའི་སྒོ་ནས་ཕན་ཚུན་ལ་སྐད་ཆ་འགའ་བསྐུར་མོད། ཕྱི་རོལ་དུ་སྔར་བཞིན་ཆར་བ་ཟིམ་བུར་འབབ་བཞིན་ཡོད་པས། མཐར་སྒོ་ལ་བུད་ནས་ག་ཤེད་ཅིག་ཏུ་འགྲོ་བར་གྲོས་མ་འཆམ།
   ནམ་རྒྱུན་གནམ་གཤིས་ལེགས་དུས། ཁོ་ཚོས་མི་འགའ་རེ་དུས་བཏབས་ནས། སྤྱི་གླིང་དང་། ནགས་གསེབ་སོགས་སུ་སོང་ནས་ཕུ་ཁེ[]་རེ་དང་མཱ་ཅང་སོགས་ཅུང་ཟད་རེ་བརྩེས་ནས་གཟའ་མཇུག་གི་ཉི་མ་གཏོང་བཞིན་ཡོད། ཆུ་ཚོད་ཁ་ཤས་ལ་བརྩེས་ཀྱང་རྒྱལ་བ་བོས་སྒོར་མོ་གཅིག་གཉིས་རེ་མ་གཏོགས་ལོན་མེད་ལ་ཕམ་པ་པོས་ཀྱང་དེ་བཞིན་དུ་སྒོར་མོ་གཅིག་གཉིས་རེ་མ་གཏོགས་ཕམ་མེད། འོན་ཀྱང་ཇ་ལོ་དག་སྐྱ་བོ་ཆགས་དུས། དུས་ཚོད་ཀྱང་རིང་ཙམ་ཕྱིན་ཡོད་ངེས་ཡིན་པས། ཁོ་ཚོ་སེམས་བདེ་བོའི་ངང་ཕྱིར་རང་རང་གི་ཁྱིམ་ལ་ལོགས་འགྲོ་བ་རེད། ཁོས་དེ་སྔ་ཕུ་ཁེ་རྩེད་ཤེས་བཞིན་མེད་མོད། གྲོགས་པོ་ཚོས་ཁོ་རྩེད་མི་ཤེས་པ་ཐོས་འཕྲལ། རྩེད་ཤེས་ཟེར་བ་ལས་ཀྱང་དགའ་སྣང་མངོན་བཞིན། ཁོ་ལ་ས་བདག་ལ་འཐབ་རྩོད་བྱེད་པ་ཞེས་པའི་ཕུ་ཁེ་རྩེད་སྟངས་ཤིག་བསླབས། ཁོས་ཀྱང་རིམ་བཞིན་ས་བདག་ལ་འཐབ་རྩོད་བྱེད་ཤེས་པར་གྱུར་ལ། རང་ཉིད་ཞིང་བ་ཡིན་དུས། ཞིང་བ་གཞན་དང་ལག་སྦྲེལ་ནས་ས་བདག་ཕམ་པར་རྒྱག་འདོད་ཅིང་། ཡང་རང་ཉིད་ས་བདག་ཡིན་དུས། ཕ་རོལ་བོ་ཞིང་བ་དག་ཕམ་པར་རྒྱག་འདོད། དེ་ནས་གྲོགས་པོ་ཚོས་ཁོ་ལ་རིག་པ་ཡག་ཅེས་བསྟོད་པ་བྱེད་ལ། ཉིན་རྒྱུན་ཕུ་ཁེ་རྩེད་དུས་ཁོ་འབོད་པ་རེད།
   ཆར་ཞོད་མཚམས་མ་ཆད་ན་ཕུ་ཁེ་ཞིག་རྩེ་རུའང་འགྲོ་མི་ཐུབ། ཁོས་སྒེའུ་ཁུང་ཕྱི་རོལ་ལ་བལྟས་དུས། ཡུན་རིང་བོར་ཆར་བའི་བརླན་པའི་གྱང་དག་ནི་སྔར་ལས་ཀྱང་ལྗིད་པའི་ཚུལ་ཞིག་སྣང་ལ།ས་ངོས་གྱི་ལྗོན་པ་དག་ནི་རེ་རེ་བཞིན་རང་རང་གི་ས་རུ་ཆར་བའི་ཁྲོད་ཁ་རོག་གེར་འགྲེང་ཡོད། སྐབས་སྐབས་སུ་རླུང་བུ་ཅུང་ཟད་ལྡང་བས། འགུལ་ཙམ་བྱས་པ་ན་ད་གཟོད་ས་ངོས་སུ་བྲིས་པའི་རི་མོ་མིན་པ་ཤེས་ཐུབ། ཐོག་བརྩེགས་བཅུ་གསུམ་ནས་ཐུར་བལྟས་དུས། རང་ཉིད་ནི་ས་ངོས་དང་བར་ཐག་རིང་བོ་ཞིག་བཀྱེད་ཡོད་པའི་ངེས་ཤེས་རྙེད་ཐུབ། ནམ་རྒྱུན་ཁོ་ནི་གློག་རྐས་ལ་བསྡད་ཅིང་། ཨང་གི་བཅུ་གསུམ་ཞིག་མནན་རྗེས་ཁྱིམ་གྱི་སྒོ་དྲུང་དུ་བསླེབས་ཡོད། དེ་རིང་འདི་ལྟར་ས་ངོས་ལ་བལྟས་དུས། ད་གཟོད་རང་ཉིད་ནི་རང་གིས་ཀྱང་མ་ཚོར་བར་ས་ངོས་དང་བར་ཐག་ཧ་ཅང་རིང་བོ་ཞིག་བཀྱེད་ཅིང་། བར་སྣང་གི་སྒྲོམ་བུ་ཞིག་ཏུ་བཙུད་ཡོད་པའི་སྣང་བ་བྱུང་། མིག་མདུན་ནས་ཐུར་ལ་ལྷུང་བའི་ཆར་ཐིག་དག་ནི་ཤར་སེ་ཤར་སེ་ས་ངོས་སུ་གཟས་ནས་བུད་འགྲོ་ལ། ས་ངོས་དང་ཉེ་སར་ཐོན་དུས་མི་གསལ་བར་གྱུར་བས། ས་ལ་བརྡབས་པའི་ཅལ་སྒྲ་ལ་རྣ་བའི་ཉན་ཐབས་མ་བྱུང་། ཁོའི་སེམས་སུ་གལ་སྲིད་འདི་ནས་མར་མཆོངས་པ་ཡིན་ན། ས་ངོས་ལ་མ་བརྡབ་གོང་། སྨོན་ལམ་འདེབ་ཁོམ་དང་ཡར་མར་མང་པོ་དྲན་ཁོམ་ཞིག་ཡོད་སྲིད་རྒྱུ་རེད་སྙམ།
   ཁོས་ནམ་རྒྱུན་གྲོགས་པོ་ཚོར། རང་ཉིད་ཆེས་མི་དགའ་ས་ནི་ཞོགས་པ་ཡིན་ཟེར་བཞིན་ཡོད། རྒྱུ་མཚན་ནི་ཞོགས་པར་མལ་ལས་ལྡིང་དུས། ཁྱིམ་གྱི་ཅ་ལག་ཡོད་ཚད་ལ་སྲོག་མེད་པ་འདྲ་བས། ཁོས་རེ་རེ་བཞིན་དེ་དག་ལ་ཁྲོག་སྒྲ་འབྱིན་དུ་བཅུག་ནས་སྲོག་སྩོལ་དགོས་པ་རེད་ཟེར། དེ་རིང་ཁྱིམ་གྱི་ཅ་ལག་ཚོ་ནི་སྲོག་མེད་པ་མ་ཟད། ད་དུང་རེག་པར་དཀའ་བའི་གྲང་ཤུར་ཤུར་གྱི་ཕྱི་ཐུམ་ཞིག་བགོས་ཡོད་པ་འདྲ་བས། གང་ལ་རེག་ནའང་འཁྱག་འདར་རྒྱག་པར་བྱེད། ཁོ་ཕར་འགྲོ་ཚུར་འགྲོ་འགའ་བྱས་ནས་ཐབས་ཟད་དེ། ཐོག་མར་མདུན་ཅོག་སྒང་གི་ལག་ཕྱིས་ལ་རེག ལག་ཕྱིས་ཀྱི་སྤུས་སོབ་སོབ་ཀྱི་ཁྱད་ཆོས་དེས་དེ་ནི་འགྱིག་དང་ཤེལ། ལྕགས་སོགས་ལ་བལྟས་ན་རེག་སླ་བ་ཞིག་ཡིན་པའི་ཉམས་སྣང་སྟེར། དེ་ནས་ཁོས་གང་ལ་རེག་དགོས་པའང་མི་ཤེས་པར་གྱུར། མདང་དགོང་ཁོ་གཉིས་ཀྱིས་ཁ་ལག་ཟ་སྐབས་བསྒྲོན་པའི་ཞག་སྒྲོན་དེའང་། མཚན་མོ་འོད་དྲོན་པོ་འགྱེད་མོད། ད་ལྟ་སྡོང་བལ་འཁྱག་པ་རེང་བོར་དཀག་ཡོད་པ་ལ་བལྟས་ན་གཞན་གང་ལས་ཀྱང་གྲང་བ་དང་འདྲ། ཁོ་ནི་འཇིག་རྟེན་བྱེད་པོ་ཡིན་ཞིང་། ལག་གི་དབྱུ་གུས་གང་ལ་རེག་ན་དེ་ལ་ཚེ་སྲོག་སྩོལ་ཐུབ་སྲིད་ན། དེ་རིང་འཇིག་རྟེན་བྱེད་པོ་དེས་གམ་ལ་ལྷུང་ཡོད་པའི་དབྱུ་གུ་བལྟ་བཞིན། ལག་པ་ཉལ་ཐུལ་ནས་ལེན་མི་འདོད་པ་ངེས་ཅན་རེད།
   
            ༢
   ཁོའི་མིང་ལ་ཟླ་བ་ཟེར་ཞིང་། གྲོགས་པོ་ཚོས་ཀུ་རེ་རྩེད་བཞིན་རྒྱུན་པར་ཡེ་ལེའང་ཞེས་འབོད། རྒྱ་མི་ངོ་ཤེས་རེ་འགས་ཏཱ་ཀོ(达哥)ཞེས་འབོད། དེ་ནི་ཞིབ་མོར་མ་ཉན་ན་ཏཱ་ཀོ(大哥)ཟེར་བ་དང་ཆ་འདྲ་བས། སྐབས་རེར་ཁོས་ང་ལ་ཏཱ་ཀོ་ཞེས་འབོད་མི་དགོས། ཏཱ་བཱ་ཞེས་འབོད་རོགས་ཟེར་བཞིན་ཡོད། དེ་ནས་ཡང་ཏཱ་བཱ་ཞེས་པ་ནི་བོད་སྐད་ཀྱི་ཟླ་བའི་དོན་ཡིན་པ་སོགས་འགྲེལ་རྒྱག་བཞིན་ཡོད། ཐེངས་ཤིག་རྒྱ་རིགས་ཀྱི་ངོས་ཤེས་ཤིག་གིས་དེ་ན་ཁྱོད་མཚན་མོ་ཟླ་བ་ཤར་ཡོད་དུས་སྐྱེས་པ་རེད་དམ་ཟེར་ཞིང་། བསམ་བློ་ཞིབ་མོ་གཏོང་བའི་བཟོ་ཞིག་བསྟན་ཡོང་། དེ་ལ་ཁོ་ཐབས་ཟད་ནས“དེ་ངས་དྲན་བཞིན་མི་འདུག”ཅེས་ལན་བསློགས། ཡང་ཁྱོད་ཀྱི་རུས་ཏཱ་དང་མིང་ལ་བཱ་ཟེར་བ་རེད་དམ་ཞེས་འདྲི་མཁན་ཡང་བྱུང་ཡོད། ཡང་ལ་ལས་བོད་ལ་རུས་མེད། དེའི་ཕྱིར་ཁོ་ཚོས་མིང་རྐྱང་བ་འབོད་བཞིན་ཡོད་ཅེས་ཟེར་མཁན་ཡང་ཡོད། ཁོས་ཏཱ་དང་བཱ་ནི་མིང་ཡིན་པ་དང་རུས་མིན་ལ། བོད་ལ་རུས་ཡོད་མོད། རྒྱུན་མིང་དང་མཉམ་པོར་མི་སྦྱོར་ཞེས་འགྲེལ་བཤད་རྒྱག་བཞིན་ཡོད་ལ། ཞོར་དུ་རང་གི་རུས་ཡང་ཁྲོ་ཤུལ་ཡིན་ཞེས་བཤད། འོན་ཀྱང་འགྲེལ་བཤད་དེས་རྙོག་དྲ་གཞན་ཞིག་ཁྱེར་ཡོང་བ་ནི་ཁྲོ་ཤུལ་ལ་འགྲེལ་རྒྱག་དགོས་པ་དེ་རེད། ཁོས་ཁྲོ་ཤུལ་ནི་ཁོ་ཚོའི་ཕ་ཡུལ་ཕྱོགས་ཀྱི་རུས་རྒྱུད་ཅིག་གི་མིང་ཡིན་ལ། སྔོན་མར་ཁྲོ་ཟེར་བའི་མིང་གི་ཆ་ཤས་ཡོད་པའི་ཁྱིམ་ཚང་ཞིག་གི་རྒྱུད་པ་ཡིན་ཚོད་ཅེས་འགྲེལ་རྒྱག་བཞིན་ཡོད། འགྲེལ་སྟབས་བདེ་དེ་གྲུབ་རྗེས་ཁོ་ནི་རང་གི་མིང་དང་འབྲེལ་བའི་ཁ་བརྡ་དེ་རིགས་ལ་གཡོལ་ཅི་ཐུབ་བྱ་བཞིན་ཡོད།
  ཉིན་གུང་ལ་ཉེ་དུས་ཁ་པར་བཏང་ཡོང་མཁན་རྒྱ་རིགས་དེས་ཀྱང་། ཁ་པར་ལ་ཉན་མ་ཐག་ཏཱ་ཀོ་ཡིན་ནམ་ཟེར། ཁོ་ཅུང་དོགས་མ་བདེ་བར་ང་ཏཱ་བཱ་ཡིན་ཞེས་ལན་བཏབས་པར། ཕ་རོལ་བོས་ཏཱ་བཱ་ཀོ ཞེས་ཅུང་བསྒྱུར་ནས་བོས་ལ། རང་ཉིད་བོད་ལ་སོང་ནས་བོད་ཀྱི་དམངས་གཞས་མང་པོ་ཞིག་སྒྲ་ཕབ་ཡོད་ལ། དེ་དག་གི་ཚིག་རྣམས་རྒྱ་ཡིག་ཏུ་སྒྱུར་དགོས་མོད། རང་ཉིད་ཀྱིས་བོད་སྐད་ཅི་ཡང་མི་ཤེས་པས་རོགས་པ་ཞིག་བྱ་རོགས་ཟེར། ད་དུང་ཚིག་མཇུག་དུ་འདི་ལ་གླ་ཆའང་གྱ་ནོམ་པ་ཞིག་འབུལ་ཆོག་ཟེར། ཁོས་ས་ཕྱོགས་གང་གི་སྐད་ཡིན་དྲིས་པར། རྒྱལ་ཐང་གི་སྐད་ཡིན་ཟེར། ཁོ་ནི་སྤྱིར་ཡུལ་སྐད་ཆེ་ཤོས་དག་ལ་ཅུང་ཆ་རྒྱུས་ཡོད་ལ། ཕལ་ཆེར་ཞིབ་མོར་ཉན་ལ་ཚིག་འབྲུ་རེ་རེ་བཞིན་གོ་སྲིད་མོད། རྒྱལ་ཐང་ཕྱོགས་ལ་དེ་འདྲ་ཆ་རྒྱུས་མེད་པས། གདེང་ཚོད་དེ་འདྲ་མེད་མོད། “ཆོག་གི ཆོག་གི ཁོམ་དུས་ཤིག་ལ་ག་ལེར་ཉན་ཆོག”ཅེས་ལན་བཏབས། ཕ་རོལ་བོས་ཁ་པར་འཇོག་དུས་ཡང་ཏཱ་བཱ་ཀོ་ཐུགས་རྗེ་ཆེ་ཟེར།
   ད་ནི་རྒྱ་རིགས་ཀྱི་བརྒྱད་པའི་བཅོ་ལྔའི་བག་ལེབ་དུས་ཆེན[]་ལའང་སླེབས་གྲབས་འདུག ཁ་སང་སྲང་དུ་སྔོ་ཚོད་ཉོ་བར་འགྲོ་དུས། ཚོང་ཁང་མང་པོའི་ནང་དུ་བག་ལེབ་འཚོང་བཞིན་ཡོད་པའི་བརྡ་ཐོ་སྦྱར་ཡོད་པ་མཐོང་ལ། དངུལ་ཁང་ལ་ལའི་སྒོ་མདུན་གྱི་འཆར་ཡོལ་ངོས་སུ“གསེར་དང་དངུལ་གྱི་བག་ལེབ། དུས་ཆེན་གྱི་ལེགས་སྐྱེས་ཡག་ཤོས”ཞེས་པའི་ཚོང་བརྡ་འཆར་བཞིན་ཡོད་ལ། སོ་སོར་གསེར་གྱི་བག་ལེབ་ཁེ་བཅུ་ཅན་དང་ཁེ་ཉི་ཤུ་ཅན། ཁེ་ལྔ་བཅུ་ཅན་ལ་སོགས་པའི་ལྗིད་ཚད་རིགས་མང་པོ་ཡོད་པའི་གནས་ཚུལ་ཞིབ་མོའང་བྲིས་འདུག ཁོས་ཡུན་ཅུང་རིང་བོར་འཆར་ཡོལ་གྱི་མདུན་དུ་ལངས་ཤིང་བསམ་བློ་བཏང་མོད། གསེར་དངུལ་གྱིས་བཟོས་པའི་བག་ལེབ་ཡིན་ན་དེ་ལ་བག་ལེབ་ཟེར་རུང་མི་རུང་ཐད་གནད་ལ་ཐིངས་བའི་ལན་ཞིག་ཡིད་ལ་མ་ཤར། བག་ལེབ་དུས་ཆེན་སླེབས་ཐེངས་རེར་གྲོགས་པོ་ཚོས་ཁོ་ལ་དུས་ཆེན་གྱི་མཚམས་འདྲིའི་ཤིས་ཚིག་སྣ་ཚོགས་བསྐུར་ཡོང་ལ། རྒྱ་རིགས་གྲོགས་པོ་རེ་འགས་བག་ལེབ་དུས་ཆེན་ནི་ཟླ་བར་ལྟ་བའི་དུས་ཆེན་ཡིན། དུས་ཕྱིར་མཐར་དེད་ན་ཁྱོད་ཀྱི་དུས་ཆེན་རེད་ཅེས་ཀུ་རེ་རྩེད་པ་རེད།
   ཟླ་བར་ལྟ་བའི་བག་ལེབ་དུས་ཆེན་འདི་ལ་ད་དུང་མུ་མཐུད་དུ་འདི་ལྟར་ཆར་བ་འབབ་མཚམས་མ་ཆད་ན་ཟླ་བ་མཐོང་མི་ཐུབ་པ་ངེས་ཅན་རེད། འོན་ཀྱང་ཁོ་ལ་མཚོན་ན་དེ་བས་ཀྱང་དོན་དག་ཆེ་ཤོས་ཤིག་ཡོད་པ་ནི། ཁོ་རང་གི་དགའ་རོགས་སྔ་མ་གྲོང་གསེབ་ན་ཡོད་པ་དེ། ད་ཐེངས་ཀྱི་བག་ལེབ་དུས་ཆེན་གྱི་གུང་གསེང་གི་སྐབས་དང་བསྟུན་ནས་གྲོང་ཁྱེར་ལ་ཐེངས་ཤིག་ཡོང་རྒྱུ་རེད། ཁོ་མོས་ཁ་པར་ལས་རང་ཉིད་ཀྱི་འགོ་བ་ནི་མི་རྣམས་ལས་ཀར་སྐུལ་བ་ལས་ཅི་ཡང་མི་ཤེས་པའི་བྲན་བདག་ཅིག་རེད་ཅེས་སྡུག་སྨྲེ་འདོན་ལ། ད་ཐེངས་ཀྱི་གུང་གསེང་ལའང་ཐུན་པར་འདུག་དགོས་ཟེར་ན། མུ་གེའི་མི་ཤི་ཙམ་གྱི་ལས་ཀ་འདི་སྐྱུར་འདོད་ལས་མི་འདུག་ཟེར། འོན་ཀྱང་ཁེ་ཉིན་ཉིན་གུང་ཁ་པར་འབྱོར་དུས། ཁོ་མོ་དགའ་ནས་ཅི་བྱེད་ཀྱིན་ཡོད་ཀྱང་མི་ཟེར་བར། ཐད་ཀར་ང་ཚོར་གུང་གསེང་གཏང་རྒྱུ་གཏན་འཁེལ་སོང་། གཞེས་ཉིན་ཕྱི་དྲོ་གྲོང་ཁྱེར་ལ་བསླེབ་ཐུབ་ཟེར་ལ། ངོ་གདོང་མ་མཐོང་ཡང་དགའ་བ་གནོན་ཐུབ་བཞིན་མེད་པ་སྐད་གདངས་ལ་ཉན་ཡང་ཤེས་སླ། ཁོས་ཀྱང་དགའ་ཚོར་ཆེན་པོའི་ངང་དེ་ནི་དོན་བཟང་ཞིག་རེད། སྐབས་འདི་དང་བསྟུན་ནས་ངལ་གསོ་ཆོག་ལ། ངས་ཁྱོད་ལ་གསོལ་ཚིགས་རྒྱས་པ་ཞིག་ཀྱང་ཕུལ་ཆོག་ཅེས་བཤད། ཁོ་གཉིས་ནི་ཁ་གྱེས་ནས་ལོ་ངོ་གཅིག་འགོར་ལ་ཉེ་ནའང་། ཐོག་མར་ཁ་གྱེས་སྐབས་ཞི་བའི་སྒོ་ནས་ཁ་གྱེས་པ་ཡིན་པས། ད་བར་དུ་གྲོགས་པོ་བཟང་བོ་ཡིན་ལ། ཁོ་མོ་གྲོང་ཁྱེར་ལ་ཡོང་ཐེངས་རེར་ཁོ་གཉིས་མཉམ་དུ་ཕྱི་རུ་ཁ་ལག་སྟབས་བདེ་རེ་ཟ་བར་འགྲོ་བཞིན་ཡོད། གྲོགས་པོ་ཚོས། ཟླ་བ། མི་རྐྱང་ཞིག་ལ་འདམ་གསེས་མང་པོ་ཡོད་པ་མ་རེད། མོ་དང་ཕྱིར་མཐུན་ཐབས་བྱོས་དང་། མི་ཚེའི་དོན་ཆེ་ཤོས་ཤིག་འགྲུབ་འདུག་ཅེས་གྲོས་བཏབས་མོད། ཁོས་འོ་ཡ་ཟེར་བ་ལས་དོན་དེ་འདྲ་ལས་སླ་བོ་ཞིག་མ་རེད་ཅེས་བཤད་མ་མྱོང་། གལ་སྲིད་ཁོ་གཉིས་ཕྱིར་མཐུན་ཐབས་ཡོད་ན། ཐོག་མར་མོས་མཐུན་བྱ་མཁན་ཁོ་ཡིན་སྲིད། ཁོ་མོ་གྲོང་ཁྱེར་ལ་ཡོང་རྒྱུ་ཡིན་པའི་སྐད་ཆ་གོ་ཐེངས་རེར། སྤྱིར་སེམས་སུ་འདི་ནི་རང་དང་དེ་འདྲ་འབྲེལ་བ་ཡོད་པའི་དོན་ཞིག་མ་རེད་ཅེས་གསལ་བཏབས་མོད། དྲན་པ་ཕྱིར་བཀུགས་དུས་ཁོ་མོ་ཡོང་བའི་ཉིན་མོ་ལ་རྩིས་བརྒྱབས་ནས་འདུག མོས“གསོལ་ཚིགས་མ་ཕུལ་ཡང་ཆོག ད་ནི་ཟླ་བ་འགའ་ཡི་གླ་ཕོགས་བསོགས་ཡོད་པས། གོན་པ་འགའ་མ་ཉོས་ན་དགུན་འཁྱོལ་དཀའ་ཚོད་རེད”ཟེར། ཁོ་མོ་གྲོང་ཁྱེར་ལ་ཡོང་བ་ནི་ཕལ་ཆེར་གོན་པ་འགའ་རེ་ཉོ་ཆེད་ཡིན་པས། གཏམ་དེ་སྤྱིར་བདེན་ནའང་། ཁོས་དེ་འདྲ་ཡིད་ཆེས་མི་འདོད། འོན་ཀྱང་ཁོས་ཐེངས་སྔོན་མ་ཚོ་བཞིན་མོ་ལ“དེའང་ལེགས་པོ་རེད། གྲོང་ཁྱེར་གྱི་གྱོན་གོས་གོང་སླ་ལ་བཟོ་དབྱིབས་ཀྱང་ལེགས”ཞེས་བཤད། ཐེངས་འགའ་ལ་བཤད་པའི་སྐད་ཆ་དེ་ནི་ད་ལྟ་ཁོས་ཅུང་ཟད་ཙམ་ཡང་མ་ཐོགས་པར་ཤར་མར་བཤད་ཐུབ། དེའི་ཕྱིར་ཐེངས་འདིར་ཡང་གདངས་ལྷོད་པོ་དང་ཚིག་འགྲོས་རན་པའི་སྒོ་ནས་སྐད་ཆ་དེ་སྒོ་རུ་ཕྱུངས་ཐུབ་སོང་བར་དགའ་སྣང་ཞིག་བྱུང་།
   ཕྱི་དྲོ། ཁ་པར་གྲགས་དུས། ཕལ་ཆེར་ཆུ་ཚོད་དྲུག་པ་བརྒལ་འདུག གྲོང་ཁྱེར་གྱི་མི་ཚོས་དགོང་ཟས་ཟ་བ་སྔ་བས། རྒྱུན་ལྡན་གནམ་གཤིས་ལེགས་ཚེ་ད་ཚོད་ཀྱི་སྒོ་ར་ནི་དགོང་ཟས་ཟོས་རྗེས་ཀྱི་ཁྱིམ་མཚེས་ཚོ་འཆམ་འཆམ་བྱ་ས་རུ་གྱུར་ཡོད་ལ། བྱིས་པ་ཚོས་འུར་ཟིང་ནི་སྒེའུ་ཁུང་བརྟོལ་ཡོང་བ་ཡིན། འོན་ཀྱང་དེ་རིང་ཕྱི་རོལ་གྱི་ཞོད་མཚམས་མ་ཆད་པས་ཆར་གདུགས་ཕུབས་ཤིང་འཚབ་འཚུབ་ངང་འགྲོ་མཁན་ལས་དལ་ལྷོད་ངང་འདུག་མཁན་དང་རྩེད་འཇོར་གཡེང་མཁན་གཅིག་ཀྱང་མེད། ཁོས་ཁ་པར་ཁྱེར་ནས་སྒེའུ་ཁུང་གམ་ལ་སོང་ཞིང་། ལག་པ་གཡས་པའི་གོང་མཛུབ་གྱིས་ཉན་བྱེད་ཀྱི་མཐེབ་གནོན་དེ་མནན་པར། ཁ་པར་དུ་རླངས་འཁོར་གྱི་འུར་ཟིང་ཞིག་གིས་གང་འདུག “ང་བསླེབས་ཡོད། དེ་རིང་ལམ་ནས་རི་ཉུལ་བས། རླངས་འཁོར་ད་བར་དུ་བཀག་སོང་།”
   “བསླེབས་ཡོད་ན་ཡག་པོ་རེད། ང་བསུ་རུ་ཡོང་དགོས་སམ།”
   “མི་དགོས། ང་ཚོས་ད་ཐེངས་ལས་གྲོགས་བུ་མོ་འགའ་དང་མཉམ་པོར་ཡོང་བ་ཡིན། དེ་རིང་ཁྱོད་དང་འཕྲད་མི་ཐུབ། སང་ཉིན་གནས་ཚུལ་ལ་བལྟས་ནས་ཁ་པར་གཏང་ཆོག”
   ཁོས་ཁ་པར་ཕར་བཞག་ཅིང་། འཕོང་ཚོས་ཀྱི་ཕྱེད་ཀ་འགྱིག་གི་རྐུབ་སྟེགས་སྔོ་སྐྱ་དེའི་སྣེ་གཅིག་ལ་བཞག་ནས། མཐེ་བོང་དང་གུང་མཛུབ་བསྡོངས་ནས་མ་ནེའི་ངོས་ཀྱི་སྤུ་དག་བཏོག་པའི་ཚུལ་གྱིས་བསྡད། ཁོའི་མ་ནེའི་ངོས་སུ་སྤྱིར་ན་སྤུ་མེད་པས། ཁོས་སྤུ་བཏོགས་པ་ནི་སྐྱི་མོ་འཐེན་པ་ལས་མ་འདས། དེ་ལྟར་ཡུན་རིང་བོར་བསྡད་པས། ཁོའི་འཕོང་ཚོས་གཡས་པ་སྦྲིད་པ་གྱུར་ནའང་ཡར་ལངས་འདོད་མ་བྱུང་། ཁོ་ཡར་ལངས་ནས་ཅི་བྱེད་དགོས་པ་མི་ཤེས།
   ན་ནིང་ད་ཚོད་ལ་ཁོ་དང་དགའ་རོགས་གཉིས་ད་དུང་ཁ་གྱེས་མེད། ཁོ་གཉིས་སུ་ཡིན་ཡང་ཁ་སྒོ་སྐྱེ་འབྲས་མཚར་བས། གྲོང་ཁྱེར་གྱི་པར་ལེན་མཐུན་ཚོགས་ཤིག་གིས་ཁོ་གཉིས་བཙལ་ཡོང་སྟེ། ཉིན་ཤས་རིང་ཁོ་ཚོ་དང་འགྲོགས་ནས་བོད་ཀྱི་གཞོན་ནུ་ཕོ་མོ་གཉིས་དང་འབྲེལ་བའི་མུ་འབྲེལ་པར་ཚོགས་ཤིག་རྡེབ་པའི་ལས་ཀ་ལ་ཞུགས་པའི་རེ་བ་བཏོན། མཐར་ཁོ་གཉིས་ཀྱིས་ཁོ་ཚོའི་རེ་བ་དང་དུ་བླངས་ཤིང་། ཉིན་གསུམ་གྱི་རིང་། ཁོ་ཚོ་དང་འགྲོགས་ནས་བོད་ཀྱི་ས་ཆ་ཁ་ཤས་ལ་སོང་ཞིང་། མཚེའུ་ཆུང་ངུ་རེའི་འགྲམ་དང་། དགོན་པའི་གླིང་མཐའ། བོད་ལུགས་ཀྱི་སྲང་ལམ་སོགས་ནས། ལག་འགོར་འཁྲིད་པ་དང་། པང་དུ་ལེན་པ། སྙིང་ཁར་སྦྱོར་བ། ཐོད་པར་མཆུ་འདབས་སྦྱོར་བ་སོགས། དགའ་རོགས་ཟུང་ཞིག་གིས་ཕན་ཚུན་ལ་དུང་བ་མཚོན་པའི་སྟངས་སྟབས་སྣ་ཚོགས་པ་ཞིག་གི་སྒོ་ནས་འདྲ་པར་མང་པོ་བརྡབས་པ་རེད། ཆེས་ཉིན་མཐའ་མ་དེར། ཁོ་ཚོས་ཉེ་འཁོར་གྱི་འབྲོག་པ་ཞིག་གི་ས་ནས་རྟ་བཟང་བོ་གཉིས་གཡར་ཡོང་ཞིང་། ཁོ་གཉིས་ལ་རེ་རེ་བཞིན་བསྐྱོན་ནས། ཁོ་ལ་སྲབ་མདའ་འཁྲིད་དུ་བཅུག དེ་དུས་པར་བ་ཚང་མས་ཉི་ནུབ་དུ་རང་ཉིད་དགའ་སའི་བུ་མོ་དེ་རྟ་ལ་བསྐྱོན་ནས་འཁྲིད་ཐུབ་པ་ལས་ལྷག་པའི་སྐྱིད་སྣང་ཅན་ཞིག་མི་འདུག་ཅེས་བསྟོད་བསྔགས་བྱས། དེ་དུས་ཁོའི་སེམས་སུ་དངོས་གནས་ཁོ་མོ་ནི་རང་གི་སེམས་ཀྱི་དགའ་ཤོས་ཡིན་པས། ནམ་ཡང་མི་འབྲལ་བའི་དམ་བཅའ་ཞིག་ཁ་རོག་གེར་བཞག་མོད། ཕྱིར་གྲོང་ཁྱེར་ལ་བསླེབས་ནས་ཆེར་མ་འགོར་བར་ལས་ཀ་ཁ་ཁར་ཡོད་པ་རྐྱེན་དུ་གྱུར་ནས་ཁ་གྱེས་དགོས་བྱུང་བ་རེད།
   པར་ཚོགས་དེ་དག་ནི་ཕྱིས་སུ་དྲ་བའི་ངོས་ནས་སྙན་གྲགས་རྒྱས་པས། མི་མང་པོས་པར་ཚོགས་དེ་ལས་འདྲ་པར་རེ་ཁ་པར་བརྒྱུད་ནས་ཁོ་ལ་བསྐུར་ཞིང་། ཡིད་སྨོན་གྱི་ཚིག་མང་པོ་སྨྲས་པས། ཁོས་དེ་དག་རེ་རེ་ལ་ངེད་གཉིས་ཁ་གྱེས་ཟིན། འདི་དག་ནི་སྔར་གྱི་པར་རྙིང་བ་རེད་ཅེས་འགྲེལ་རྒྱག་དགོས་བྱུང་། བུ་མོ་ལ་ལས་ཀྱང་ལྐོག་ཏུ་འདི་ལྟ་བུའི་སྐྱིད་སྣང་གི་འཚོ་བ་ཞིག་བྱུང་ན་དཀའ་ཁག་ག་འདྲ་བྱུང་ཡང་འཁུར་ཐུབ་ཅེས་ལབ་གླེང་བྱ་བཞིན་ཡོད་པའང་ཁོའི་རྣ་བར་ལྷུང་། ཐེངས་ཤིག་བུ་མོ་ཞིག་གིས་འཕྲིན་ཐུང་བསྐུར་ཡོང་ནས། ཁྱོད་ནི་པར་ཚོགས་དེའི་ནང་གི་ཕོ་སར་དེ་ཡིན་ནམ་ཞེས་དྲིས་ཤིང་། གྲོགས་ཤིག་བསྒྲིག་འདོད་ཟེར། ཁོས་ངེད་གཉིས་གཉེན་སྒྲིག་གི་སྟ་གོན་ལ་བྲེལ་བཞིན་ཡོད་པས་གྲོགས་བསྒྲིག་པ་ལ་སྙིང་བོ་མེད་ཅེས་རྫུན་སྨྲས། འོན་ཀྱང་བུ་མོ་དེ་ནི་ཡིད་ཚོད་ཀྱིས་བརྟས་ནས“只要锄头挥的好,没有挖不了的墙脚”[]  ཞེས་པའི་འཕྲིན་ཐུང་ཞིག་བསྐུར་ཡོང་བས། ཁོ་ནི་དལ་ཅིག་ལ་ཧད་པར་བྱས་ཤིང་། དེ་ནས་བཟུང་ཨང་གྲངས་དེ་དང་འབྲེལ་པའི་འཕྲིན་ཐུང་གཅིག་ལའང་ལན་མ་བསློགས།
 
          ༣
   ཁོའི་འཕོང་ཚོས་ཕྱེད་ཀ་ཡུན་རིང་བོར་འགྱིག་གི་རྐུབ་སྟེགས་སྔོ་སྐྱ་དེའི་ཟུར་ལ་བཞག་ཅིང་བསྡད་པས། རྐང་བ་ཡ་གཅིག་སྦྲིད་ནས་རྐང་མཐིལ་ལ་ཚ་ཤད་བརྒྱུགས་ཤིང་། ཟ་འཕྲུག་ཀྱང་ལངས། ཁོ་ཡར་ལངས་ཤིང་། རྐང་བ་ས་ལ་ཐེངས་གཅིག་བརྡབས་པས། ཚ་ཤད་སྔར་ལས་ཆེ་བར་གྱུར་ཞིང་། བཟོད་མི་ཐུབ་པར་གྱུར་བས། རང་ཤུགས་ཀྱིས་རྐང་བ་ཡར་མི་བཀུམ་ཐབས་མེད་བྱུང་། དེ་ལྟར་ཁོ་ནི་གློག་སྡོང་གི་རྩད་པ་རུ་གཅིན་པ་གཏོང་བའི་ཁྱི་གུ་ཞིག་ནང་བཞིན་རྐང་བ་གཅིག་གནམ་ལ་བཏེགས་ཤིང་། རྐང་བ་གཅིག་ཤོས་ལ་ལུས་ཀྱི་ལྗིད་ཡོངས་སུ་བཀལ་ཞིང་བསྡད།
   ད་ནི་ས་རུབ་འདུག་ལ། ཆར་ཟིམ་གྱི་ཁྲོད་དུ་ཐད་ཀའི་སྒེའུ་དག་ལས་འོད་རབ་རིབ་རེ་འཕྲོས། འོད་ཕོག་པའི་ཆར་ཐིག་དག་སྔར་ལས་ཀྱང་གསལ་བས། ཆར་བ་ཉིན་མོ་ལས་ཆེ་རུ་ཕྱིན་པའི་སྣང་བ་ཞིག་སྟེར། ཐད་ཀའི་ཁྱིམ་ཚང་དེའི་སྒེའུ་ཁུང་ཁ་རུ་བཞག་ཡོད་པའི་རྫ་གཞོང་ནང་གི་སྡོང་བོ་དེ་སྔ་མོ་ནས་སྐམ་ཡོད་པས། གཞུང་རྟ་རེངས་བོ་དེ་ཕར་འཁྱོག་ཚུར་འཁྱོག་བྱས་ཡོད་པ་ནི་ལུས་ཀྱི་ཆ་ཤས་གང་རུང་ལ་ཟུག་རྔུ་བཟོད་མི་ཐུབ་པ་ཞིག་བྱུང་ནས། ཕུང་བོ་ཡོངས་འཁྱག་ཅིང་རེངས་བོ་ཆགས་ཡོད་པ་དང་འདྲ། རྒྱང་རིང་གི་རྒྱ་ལམ་ལས། རླངས་འཁོར་ཚོས་ཆར་བའི་བརླན་པའི་ལམ་ངོས་བརྡར་བའི་ཤག་སྒྲ་དག་བར་མ་ཆད་པར་གྲགས་ཡོང་། སྒོ་རའི་གཡས་ཟུར་དུ་ཡོད་པའིKTV[⑤]རུ་ཆང་གིས་བད་པའི་མི་གླུ་སྐད་རྡབ་རྡིབ་ཅིག་གྲགས་ཡོང་། ཞིབ་པར་ཉན་དུས་གལ་སྲིད་ང་ལ་སྒོར་མོ་མེད་ན་ཁྱོད་ད་དུང་ང་ལ་དུངས་སམ་ཞེས་པའི་ཚིག་འབྲུ་ཞིག་ཡང་བསྐོར་བསྐྱར་སྐོར་གྱིས་ལེན་བཞིན་འདུག གླུ་སྐད་དེ་ལ་ཉན་དུས་ཕལ་ཆེར་མིག་ཟུང་རིབ་ཞིང་། ལྟོ་བ་ལུག་པའི་མི་ཕོ་ཡ་ཁ་རུ་སྤུ་ཐར་ཐོར་ཅན་ཞིག་མིག་ལམ་དུ་ཤར་ཡོང་།
   དལ་ཅིག་འགོར་རྗེས་རྐང་བའི་ཚ་ཤད་འཇགས་པར་གྱུར་པས། ཁོས་གནམ་ལ་བཏེགས་པའི་རྐང་བ་དེ་ས་ལ་ཕབ། ཆུ་ཚོད་ཡུན་རིང་བོ་ཕྱིན་སོང་བས། ད་ནི་དགོང་ཟས་ག་རེ་ཟ་དགོས་སྙམ་ཞིང་བསམ་བློ་ཞིག་བཏང་ནའང་། མིག་ལམ་དུ་ཤར་ཡོང་བའི་ཟས་རིགས་གང་ཡང་དེ་རིང་གི་ཁོའི་ཡི་ག་དང་འཚམ་པོ་མ་བྱུང་། མཐའ་མཇུག་གི་བྱ་ཤ་བུབས་དེ་ནི་བསྲེགས་པ་ལེགས་ཤིང་། ཤ་རྒྱས་ཚད་འཚམ་པོ་ཞིག་ཡིན་མོད། ཁོས་སེམས་སུ་འདིའི་སྤུ་བཏོགས་པ་དེ་འདྲ་ཞིབ་མོ་ཞིག་མིན་པའི་སྣང་བ་ཤར། དེ་ནས་ཐབས་ཟད་དེ་འཁྱག་སྒམ་ཁ་ཕྱེ་དུས། མདང་དགོང་ཟ་འཕྲོར་ལྷག་པའི་ཕག་ཤ་བརྔོས་མ་དེ་ནི་གྲང་མོ་ཆགས་ནས། སྟེང་དུ་ཞག་ཚིལ་དཀར་པོ་ཞིག་འབྱར་ཡོད་པ་མཐོང་བས། ཟས་སུ་རུང་བ་ཞིག་ཡིན་པའི་སྣང་བ་མི་སྟེར། དེའི་གམ་གྱི་ཀུ་ཤུ་ཕྱེད་ཀ་དེ་ཡང་གཤགས་མཚམས་ནི་སེར་བོར་གྱུར་ནས། ཉིན་འགའ་ཤས་ལ་བསྐྱུར་བ་ཞིག་ཡིན་པ་འདྲ།
   མཐར་ཁོ་ཐབས་ཟད་ནས་ཁ་པར་སྒོ་གཏན་ཞིང་། མལ་ཁང་ལ་ལོགས་ཤིང་ཉལ་འདོད་སྐྱེས། ཁོས་མལ་ཁང་གི་གློག་བཀར་དུས། མལ་ཁྲི་ནི་ད་ནངས་རང་ཉིད་ནང་ནས་བུད་ཡོང་དུས་ལས་འགྱུར་བ་ཅི་ཡང་ཕྱིན་མེད་པར། སྣེ་གཅིག་ཕར་ལ་བལྟབས་ནས་བཞག་ཡོད། ཁོ་དལ་བུར་མལ་ཐུལ་དུ་འཛུལ་ཞིང་། བལྟབས་ཡོད་པའི་སྣེ་དེ་ཚུར་བཀབས་དུས་རང་དབང་མེད་པར་གྲང་འདར་ཞིག་ཤོར་བས། ལག་ངར་གཉིས་རྩིབ་མའི་འགྲམ་ལ་སྦྱར་ཞིང་། སྤར་མོ་ཁ་དང་ཉེ་ས་ནས་བསྡམས་ཏེ་འདར་འདར་འགའ་བྱས། དེ་ནི་ཁོས་མུ་མཐུད་དུ་བལྟ་འཕྲོར་ལུས་པའི་དེབ་དེ་ཀློག་མགོ་བརྩམས་པ་རེད། ཡང་ན་ཉིན་མོའི་དེབ་དེ་ཀློག་ཐང་ཆད་ནས་ཁ་བསུམས་པ་རེད།
གལ་སྲིད་སང་ཉིན་ད་དུང་ཆར་ཞོད་མཚམས་མ་ཆད་ན་ཁོ་ལ་ཨུ་སུག་སྐམ་པོ་ཞིག་གོན་རྒྱུའང་མེད།
 
མཆན།
 [①] རྒྱ་ནག་གི་ཐུན་ཞོན་ཀུང་ཟིས་བཟོས་པའི་微信ནམWeChatཞེས་པའི་གླེང་མོལ་མཉེན་ཆས་ཤིག་ཡིན། དེ་ལ་ཚོགས་པ་གཟུག་པ་དང་། ཐག་ཉེའི་མི་འཚོལ་བ་སོགས་ཀྱི་སྤྱོད་སྒོ་སྣ་ཚོགས་ཡོད།
[②] pokerཞེས་པའི་ཤོག་ལྷེའི་རོལ་རྩེད་ཅིག་ཡིན་ལ། ཡུལ་སྐད་ལ་ལ་རུ་ཤོག་ཕེའང་ཟེར།
[③] འདི་ལ་ཟླ་མཆོད་དུས་ཆེན་ཞེས་བསྒྱུར་བའང་མཐོང་།
[④] རྒྱ་མིའི་གཏམ་དཔེ་ཞིག་སྟེ། ཚིག་ངོས་སུ་འཇོར་གཡུག་ཤེས་ན་སློག་མི་ཐུབ་པའི་གྱང་མེད་ཅེས་པ་དོན་དུ་ཐབས་ཤེས་འགྲིག་ན་བཟའ་ཚང་ཆགས་པའི་མིའང་རང་གི་དགའ་རོགས་སུ་འགུག་ཐུབ་ཟེར་བའོ།།
[⑤]གཞས་དང་ཞབས་བྲོ་སོགས་རྩེད་ཆོག་ལ་ཆང་རག་སོགས་བཏུང་བ་ཡོད་པའི་ཁང་མིག་ཆུང་ངུར་བཅད་པའི་ཆང་ཁང་རིགས་ཤིག་ཡིན།

           རྨི་ལམ་འཇིགས་སུ་རུང་བ།

   ཕྱི་ལུགས་ཀྱི་ཟླ་བ་ལྔ་པར་བསླེབས་དུས། གཤོང་ས་འདི་ལ་ཆར་བ་འབབ་རྒྱུ་མང་ཞིང་། དུད་སྨུག་ནི་དགུན་གྱི་དུས་བཞིན་ཉིན་རྒྱུན་འཁྲུག་མེད་པར་སྐབས་རེར་གནམ་སྔོན་པོ་ཅུང་ཟད་མཐོང་ཐུབ། མདང་ནུབ་མཚན་གུང་ལ་ཉེ་དུས་གློ་བུར་དུ་འབྲུག་སྒྲ་ཆེན་པོ་གྲགས་ཤིང་། ཁང་བརྩེགས་དག་གིས་བྲག་ཅ་གཅིག་གིས་གཅིག་ལ་སྤྲད་པས། དལ་ཅིག་རིང་ལ་གྲོང་ཁྱེར་ཀྱི་བཀོད་པ་མཐའ་དག་རྡུལ་དུ་བཅོམ་འགྲོ་སྙམ་པར་བྱེད། རི་ཚོགས་ཀྱི་བར་ནས་བྱུང་བའི་བྲག་ཅ་ནི་རིམ་བཞིན་ཆུང་དུ་འགྲོ་མོད། ཁང་བརྩེགས་བར་གྱི་བྲག་ཅ་དེ་དག་གཅིག་ལས་གཅིག་ཆེ་བར་སྣང་བས། གང་ཞིག་ཐོག་མའི་འབྲུག་གི་སྐད་ཡིན་པ་དང་། གང་ཞིག་རྗེས་མར་ཁང་བརྩེགས་དག་ལ་ཕོག་པ་ཡིན་མིན་ཕལ་ཆེར་མི་ཤེས་པར་གྱུར། ཆམ་ཆོམ་གྱི་སྒྲ་ཆེན་པོ་དེས་ངའི་གཉིད་དཀྲོགས་བྱུང་བས། གློག་འཁྱུག་ཐེངས་གཅིག་གིས་གློག་ཆས་ཚང་མ་བསྲེགས་འགྲོ་སྲིད་དམ་སྙམ་བཞིན་ཁ་པར་ལ་བཅུག་ཡོད་པའི་གློག་བསོག་བྱེད་ཀྱི་སྐུད་པ་ཕྱིར་ཕྱུངས་པ་ཡིན། འོན་ཀྱང་གཉིད་ཀྱིས་ཟིམ་པའི་མིག་ཕྱེ་མི་འདོད་པས། ཆུ་ཚོད་ག་ཚོད་ལ་བསླེབས་ཡོད་མེད་ལ་བལྟ་འདོད་མ་བྱུང་།
 ཏག་ཏག་དེའི་ཡར་སྔོན་ནམ། ཡང་ན་དེའི་རྗེས་སུ་ངས་རྨི་ལམ་ཁྱད་མཚར་བོ་ཞིག་རྨིས་བྱུང་། སྤྱིར་རྨི་ལམ་ཡིན་པ་ལ་ཁྱད་མཚར་དང་མ་མཚར་ཤོད་པ་ནི་དོན་སྙིང་ཆེར་མ་མཆིས་མོད། ངས་རྨི་ལམ་འདི་ལ་ཁྱད་མཚར་བོ་རེད་ཅེས་ཟེར་དགོས་བྱུང་བ་འདི་ལ་རང་དབང་མི་འདུག སྣང་བ་བན་བུན་ཞིག་གི་ཁྲོད་དུ་ང་རང་ལྷ་སར་བསླེབས་འདུག་ལ། ཇོ་ཁང་གི་རྩིག་པ་བརྒྱུད་ནས་དམིགས་ཡུལ་མེད་པར་འགྲོ་བཞིན་འདུག མདུན་དུ་སོང་བ་ན་ལྷ་ཁང་ཞིག་གི་སྦུག་དུ་རྒྱ་རིགས་བུད་མེད་ཅིག་གིས་ལག་པ་ཐལ་མོ་སྦྱར་ནས་མིག་ཟུམ་སྟེ་གསོལ་བ་འདེབ་བཞིན་འདུག ངས་རྒྱ་མི་འདི་ཚོས་རང་ངམ་གཞན། ཡང་ན་མར་གྱུར་སེམས་ཅན་སུ་ཞིག་གི་ཆེད་དུ་གསོལ་བ་འདེབ་བཞིན་པ་ཡིན་ནམ་སྙམ་ཞིང་། དེ་ཤེས་འདོད་ཅིག་སྐྱེས་པས་ག་ལེར་ཉེ་སར་བཅར་ཞིང་ཅི་ཡང་མ་ཚོར་བའི་ཚུལ་གྱིས་མོ་ལ་ཉན་པ་ན། མོས“ང་ལ་ཅི་ཁག མོ་རང་ལའང་སྐྱོན་ཆ་ཆེན་པོ་ཡོད། ལོ་བགྲེས་པོ་དེ་འདྲ”ཞེས་བརྗོད་ཀྱིན་པ་ཐོས་བྱུང་། དེ་ནས་ཞིབ་པར་ཉན་པ་ན་རང་ཉིད་ཀྱིས་མི་ཞིག་བསད་པའི་ཉེས་པ་བསགས་ཡོད་པ་ཉེན་རྟོག་པས་མ་ཤེས་པ་བྱ་རོགས་ཞེས་མུག་མུག་གིས་འདོན་བཞིན་པ་ཐོས་བྱུང་། དེ་ནས་ང་རང་ཞེད་ནས་ཅི་བྱ་དགོས་པའང་མི་ཤེས་པར་གྱུར། ལག་དམར་ཞིག་གི་གསང་བ་ཤེས་པས་རང་ཡང་ལག་དམར་བཞིན་ཞེད་ཅིང་། རྡོག་ལམ་ནོན་མི་ནོན་ངང་ཕྱི་ལ་ཐོན་སོང་། འདི་ནི་ཟློས་གར་ཞིག་གི་ཡོལ་བ་དང་པོ་ཡིན་པའི་དབང་དུ་བཏང་ན། ཡོལ་བ་གཉིས་པ་ཕྱེ་དུས་ང་རང་རྨི་ལམ་སྒྲིག་བཞིན་ཡོད་པའི་གནས་སྐབས་དེ་བཞིན་རང་ཉིད་ཀྱི་མལ་ཁྲི་རུ་ཉལ་ཡོད་ལ། སེམས་སུ་ལག་དམར་བུད་མེད་དེས་གསང་བ་དེ་དམ་པོར་སྡོམ་ཆེད་དུ་ང་རང་འཚོལ་བར་ཡོང་རྒྱུར་ཞེད་སྣང་གིས་ཁེངས་འདུག སྐབས་དེར་མོ་རང་ངའི་མལ་ཤག་ཏུ་འཛུལ་འདུག་ལ། ཆགས་ཉམས་མངོན་པའི་མིག་གི་ཟུར་གྱིས་ང་ལ་བལྟ། ངས་ད་ལྟ་ད་དུང་གསལ་བོར་དྲན་བཞིན་འདུག མོ་ནི་ཤ་རྒྱགས་ཚད་རན་ཞིང་གདོང་སྒོར་ལ། ཕར་བལྟས་ཚོད་ལ་ལག་དམར་ཡིན་པའི་གདུག་རྩུབ་ཀྱི་ཉམས་ཅི་ཡང་མི་འདུག མོས་ཅུང་ཟད་སྲབ་ཅིང་ཤ་རྩའི་དཀར་ཆ་མཐོང་ཐུབ་པའི་ཨུ་སུག་ནག་པོ་རིང་བོ་བརླ་རྩ་ལ་བསླེབས་པ་ཞིག་གྱོན་ཞིང་། སྟོད་གོས་ལའང་སེང་རས་ལྟ་བུའི་སྟོད་ཁེབས་སྲབ་མོ་ཞིག་ལས་གྱོན་མི་འདུག གལ་སྲིད་རླུང་བུ་ཞིག་ལྡང་ན་ལྟོད་ཁེབས་ཀྱི་འདབ་ཁ་རླུང་གིས་ཁྱོགས་སྲིད་ལ། མཁའ་རུ་བག་ལྷོད་ངང་འཕུར་བཞིན་པའི་རྒྱ་ནག་གི་མུ་འབྲེལ་བརྙན་འཕྲིན་ལྟད་མོ་དེ་དག་གི་ཁྲོད་ཀྱི་དཔའ་མོ་ཞིག་དང་འདྲའང་སྲིད། མོ་དལ་བུར་ངའི་མལ་ཁྲི་རུ་འདྲིལ་ཡོང་ལ། ལག་པ་གཅིག་གིས་མོ་རང་གི་འགྲམ་པ་བསྐྱོར་ཞིང་། ལག་པ་གཅིག་གིས་ངའི་བརླ་ལ་བྱིལ་བྱིལ་བྱ་བཞིན་མིག་མ་གཡོས་པར་ང་ལ་བལྟས་བྱུང་། འདི་ནི་ང་ལ་ཁྲིམས་ཆད་མ་བཅད་གོང་དུ་གདུག་པའི་ལག་ཆ་དེ་དག་ངོམ་པ་བཞིན་དུ་སྣང་སོང་ལ། ང་རང་སྐྲག་ཅིང་རྔུལ་ནག་ཐོན་བྱུང་། མོས་དེའི་འཕྲོ་ནས་ང་ལ་དྲི་བ་ཅི་ཞིག་འདྲི་སྲིད་དམ་སྙམ་པ་ལས་ཀླད་པར་ཅི་ཡང་དྲན་རྒྱུ་མ་བྱུང་། དེའི་མཚམས་དེར་ང་རང་གཉིད་ལས་སད་བྱུང་ལ། མལ་ཁྲི་རུ་མུན་པ་ནག་པོ་འཁྱིལ་ཡོད་པ་ལས་གཞན་ཅི་ཡང་མཐོང་རྒྱུ་མི་འདུག ངས་དེ་དག་རྨི་ལམ་ཙམ་ཡིན་པའི་བློ་བདེ་བྱུང་ལ། སྐབས་དེའང་རྨི་ལམ་ཞིག་ཡིན་ན་ཅི་བྱ་སྙམ་པའི་བློ་དོགས་ཤིག་ཀྱང་སྐྱེས་བྱུང་། ད་ལྟ་རྨི་ལམ་དེའི་ཞིབ་ཆ་མང་པོ་བརྗེད་ཚར་བས། མོའི་དབང་བོ་སྒོ་ལྔ་སོགས་ག་འདྲ་ཡིན་པ་གསལ་བོར་བཤད་མི་ཐུབ་མོད། གལ་སྲིད་མདང་ནུབ་ཀྱི་གནས་སྐབས་དེར་མི་ཞིག་གིས་ཁོས་ལག་དམར་བུད་མེད་དེ་འཚོལ་བཞིན་ཡོད། མོའི་སྐྱེ་གཟུགས་ག་འདྲ་རེད་ཅེས་དྲིས་ན་ང་ལ་མ་ནོར་བའི་ལན་ཞིག་གདབ་རྒྱུ་ཡོད་པ་ནི་སྨོས་མེད་རེད།
   འབྲུག་ལྡིར་ཞིང་རྨི་ལམ་འཇིགས་པོ་རྨིས་པས། མདང་དགོང་བདག་གི་གཉིད་ཀྱི་སྤུས་ཀ་ནི་ཧ་ཅང་ཞན་པ་སྨོས་མ་དགོས། ཞོགས་པ་སྔ་མོ་ནས་མགོ་ཐོམ་ཞིང་རྣམ་རིག་དེ་འདྲ་མི་གསལ་བས། དེ་རིང་ཉིན་གུང་གི་དུས་སུ་གོང་ཟས་སྟབས་བདེ་ཞིག་ལ་རོལ་རྗེས། ཕྱིར་གཞུང་ལས་ཁང་ལ་ལོག་པ་ཡིན།  ཉིན་གུང་གི་གཞུང་ལས་ཁང་དུ་མི་མང་པོ་མེད་ཅིང་། ལས་གྲོགས་རེ་འགས་རྣ་ཉན་བཙུད་ནས་གློག་བརྙན་རེར་བལྟ་བའམ་དེབ་རེ་བསློག་པ་ལས་འུར་རྒྱག་མཁན་དང་། སྐད་ཆ་ཤོད་མཁན་མི་འདུག ངས་གོ་སྐབས་དེ་དམ་པོར་བཟུང་ནས་ལག་ངར་བསྣོལ་བ་སྔས་སུ་བཅོལ་ནས་མདུན་ཅོག་སྒང་ནས་གཉིད་ལྕོག་ཅིག་བརྒྱབ་པ་ཡིན། འོན་ཀྱང་སྟབས་ཉེས་པ་ཞིག་ལ། གཉིད་ཀྱི་སྣེ་ཟིན་ཙམ་གྱི་མཚམས་དེར། ཆ་ཡོད་ཡོད་འདྲ་བའི་ཚོར་སྣང་ཞིག་སྐྱེས་བྱུང་བ་ནི། ལག་དམར་དེ་ངའི་གཞུང་ལས་ཁང་ལ་བསླེབས་བྱུང་། ངས་མོ་ལག་དམར་དེ་རེད་ཅེས་བཤད་པ་མ་གཏོག་མོ་ལག་དམར་དེ་ཡིན་པའི་རྟགས་མཚན་གང་ཡང་མི་འདུག ཐ་ན་ངས་མོའི་ཚུགས་ཀ་མཐའ་དག་བརྗེད་ཚར་བས། མོ་ནི་མདང་ནུབ་ཀྱི་ལག་དམར་དེ་རེད་དང་མ་རེད་གང་ཟེར་ཡང་ཡིད་ཚོད་ཙམ་ལས་མ་འདས། འོན་ཀྱང་ང་ལ་མི་བདེ་བའི་ཚོར་བ་ཞིག་སྐྱེས་ལ། བྲང་ཁར་ཟ་འཕྲུག་ཅིག་ལངས་བྱུང་། སེན་མོ་བཙུགས་ནས་ཟ་འཕྲུག་དེ་ཡལ་བར་བྱ་འདོད་དུས། ཟ་འཕྲུག་དེ་པགས་པའི་ཕྱི་ངོས་མ་ཡིན་པར། ཤའི་ནང་ངོས་ཤིག་ལ་ཡོད་ཅིང་འཕྲུག་ཐབས་མི་འདུག་པ་ཚོར། ལས་གྲོགས་ཚོས་འཛུམ་བཞིན་ཡོང་བའི་བུད་མེད་དེ་མཐོང་རྗེས་ངའི་གྲོགས་པོ་ཞིག་ཡིན་རྒྱུ་རེད་སྙམ་པ་ཡིན་ནམ་བཀག་མ་བྱུང་ལ། ནམ་རྒྱུན་ཚེགས་ཡངས་བའི་ལས་གྲོགས་ཤིག་གིས་མཛུབ་མོ་དྲང་མོས་ངའི་འདུག་གནས་བསྟན་བྱུང་། ང་རང་ཞེད་སྣང་སྐྱེས་མོད། ཉིན་དཀར་ལ་གཞུང་ལས་ཁང་ནས་མོས་ཅི་ཡང་བསྒྲུབ་ཕོད་རྒྱུ་མ་རེད། དེ་བས་ཅི་ལྟར་ཁྲིད་ནའང་སྒོ་ཕྱི་རུ་འགྲོ་མི་ཉན་སྙམ་བཞིན། ངོ་གནག་ཀྱང་མ་གནག འཛུམ་ཡང་མ་འཛུམ་པར་བསྒུག་ནས་བསྡད། གལ་སྲིད་སྐབས་དེར་མི་ཞིག་གིས་ངའི་གདོང་ལ་བལྟས་པ་ཡིན་ན། འགྲམ་པ་ཕན་ཚུན་གྱི་ཤ་གནད་གཉིས་ནི་ཡར་སྔོན་ཏག་ཏག་ལ་རྟ་རྒྱུགས་སུ་ཞུགས་པའི་རྟ་ཕོ་ཞིག་གི་བརླ་ཤ་བཞིན་ལྷེམ་ལྷེམ་ངང་འགུལ་ཞིང་རྔུལ་ཆུ་སྲབ་མོ་ཞིག་ཀྱང་འཛུམ་བཞིན་ཡོད་སྲིད།
  མོ་ཐད་ཀར་ངའི་མདུན་ཅོག་གམ་ལ་མ་ཡོང་བར། ཁ་གཏད་ཀྱི་མདུན་ཅོག་ཅིག་ལ་གྲུ་མོ་བཙུགས་ནས་དཔྱི་མགོ་ཕྱི་རུ་བསྒྱིངས་ཤིང་། རྐང་བ་དང་ཁོག་སྟོད་གཉིས་དྲང་འཕྱང་དུ་གྲུབ་པའི་སྒོ་ནས་ཁོག་སྟོད་ངའི་ཕྱོགས་སུ་བསྲིངས་ཡོང། མོས་གོང་བ་ལྷོད་མོ་ཅན་གྱི་ཕུ་མེད་ཅུང་ཆེ་སྟངས་ལ་ཤོར་བ་ཞིག་གོན་ཡོད་པས། བྲང་དང་གོས་ཀྱི་བར་ལ་མུན་པ་ཞིག་འཁྱིལ་འདུག་ལ། མུན་པ་དེའི་སྣེ་ནི་རྐང་སྣམ་ལ་བཅུག་ཡོད་པའི་ཕུ་མེད་སྟོད་ཐུང་གི་འདབ་ཁ་ལ་འཐེན་ཡོད་ཚོད་རེད། ངས་མོའི་གདོང་ལ་བལྟ་མ་ཕོད་པས། མིག་མདའ་ཅུང་ཙམ་དམའ་བར་བྱས་ནས། མུན་པ་དེའི་གསེང་ལ་གཏད་པ་ཡིན། མོས་དཔྱི་མགོ་ཅུང་ཙམ་འགུལ་བཞིན་ཁ་གྲགས་བྱུང་། ད་ཐེངས་མོས་ང་ལ་ཁ་གྲགས་བྱུང་། སྐད་མགོ་ཅུང་དམའ་ལ། ཅུང་ཟད་འགག་ཡོད། མོས་རོ་སྟོད་མདུན་ལ་ཅུང་ཟད་སྣུར་ནས། “མོ་ཁྲིས་རྫིང་ན་དབུགས་ཆད་འདུག གཞན་གྱིས་མཐོང་དུས་ཕལ་ཆེར་ཆུ་ཚོད་གང་འཚམ་ཞིག་ཕྱིན་ཡོད་ཚོད་རེད”ཅེས་སྨྲས་བྱུང་། ངས་ཅི་ཟེར་དགོས་ཆ་མ་འཚལ་བས་སྔར་བཞིན་མིག་མདའ་མུན་པ་དེའི་གསེང་ལ་གཏད་ནས་བསྡད་པ་ཡིན། མོས་ང་ལ“མདང་ནུབ་ཁྱོད་གང་ལ་ཕྱིན་པ་ཡིན”ཟེར། ང་རང་བྲེལ་འཚུབ་ལངས་ཤིང་། གང་ལའང་མ་ཕྱིན་ཟེར་འདོད་མོད། ཁ་ནས་ཅི་ཤོར་མ་ཤེས་པར“ང་གཉིད་ལས་སད་བྱུང”ཞེས་བཤད་པ་ཡིན། མོ་ཅུང་བགད་སོང་། ཁ་ནང་ནས་ཧི་ཧི་ཞེས་པའི་སྒྲ་ཅུང་གསལ་བོ་ཞིག་གྲགས་བྱུང་ལ། ངས་མིག་གཏད་ཡོད་པའི་མུན་པ་དེའི་ལྡེབ་གཅིག་རྦ་རླབས་ལྟར་ལྡེམ་ཙམ་བྱས་བྱུང་། ང་བསྡད་ཡོད་པའི་རྐུབ་སྟེགས་དེ་འདི་འདྲ་ཚ་བ་དེ་རིང་ཐེངས་དང་པོར་ཤེས་པ་ཡིན། རྔུལ་ཆུ་ཐིག་པ་འགའ་རྒལ་གཞུང་ལས་འདྲིལ་ནས་འཕོང་ཚོས་ཀྱི་སྲུབས་ལ་བཞུར་སོང་། དེའི་འཕྲོར་མོས་ཡང་བསྐྱར་སྐད་ཆ་གཅིག་བཤད་སོང་། འོན་ཀྱང་འདི་ནི་ང་ལ་བཤད་པ་དང་མི་འདྲ་སྟེ“ཐོག་མར་འདི་དག་འཆོ་ཞིག”ཟེར་ཞོར་ལག་པ་ངའི་ཕྱོགས་སུ་བསྲིང་ཡོང་། ཡུན་རིང་བོར་གྲུ་མོར་བསྟེན་པས་ཡིན་ནམ། མོའི་ལག་པའི་རྩ་དག་ནི་མངོན་པར་འབུར་ཡོད་ལ། མཛུབ་ཆུང་གི་མཐའ་ནས་ཅུང་ཟད་ཕྱིར་མངོན་པའི་ལག་མཐིལ་གྱི་ཤ་ནི་དམར་བོ་དམར་རྐྱང་རེད།  ལག་རིས་ཀྱི་ཤུར་མོ་དག་ནི་ཟབ་ཅིང་མངོན་པར་གསར་བའི་སྒོ་ནས་ཕྱི་ལ་བསྲིང་ཡོད་པར་བལྟས་ན། མོས་སྤར་མོ་དེ་བསྡམས་ནས་ཡུན་རིང་བོ་འགོར་ཡོད་པ་དང་། ད་ལྟའང་ཤེད་ཆེན་པོས་བསྡམ་ཡོད་པ་ཤེས་སླ། དེ་རུ་ཤུགས་ཆེན་པོས་མ་བཟུང་ན་ཤོར་འགྲོ་བའི་སྟོབས་དང་ལྡན་པ་ཅི་ཞིག་ཡོད་སྲིད་དམ། རིམ་གྱིས་རིམ་གྱིས་ལག་རིས་ཀྱི་གྲོག་རོང་དེ་ཚོ་སྲབ་དུ་གྱུར་ལ། མོས་སྤར་ཁ་ག་ལེར་ཕྱེ་བྱུང་། སྤར་ཁ་ཕྱེ་བ་ཧ་ཅང་དལ་མོད། དེ་ལ་ཐེ་ཚོམ་དང་ཡང་ན་དཔའ་ཞུམ་པའི་ཆ་ཅུང་ཟད་ཀྱང་མེད་པར། སྟོབས་དང་སྤོབས་པ་མ་ཁྱོགས་པས་གོམ་པ་དལ་བ་དང་གཉིས་སུ་མེད། ང་ལ་མཚོན་ན་སྤར་ཁ་ཕྱེ་བ་དེ་ཁོ་ནས་སྙིང་ལྡིང་བར་བྱས་བྱུང་ལ། སྤར་མཐིལ་ཀྱི་གྲོང་རོང་དེ་དག་གི་སྟོད་རྒྱུད་དུ་ཅི་ཞིག་ཡོད་དམ་སྙམ་མོད། མིག་གིས་བལྟ་མི་ཕོད་པ་བྱུང་། སེར་བ་དང་ཐོག་འབྲུག་ཁྱེར་བའི་སྤྲིན་པ་དམར་ལ་སེར་མདངས་ལྡན་པ། འཇིགས་སུ་རུང་བ་ཞིག་གི་སྲུབས་ཀ་དག་ལ་བལྟ་བ་བཞིན་ག་ལེར་གྲོག་རོང་གི་རྒྱུད་དེ་དེད་ནས་སྤར་མཐིལ་ལ་བལྟས་པ་ན། དེ་རུ་རྔུལ་ཆུ་ཆེན་པོ་ལག་རིས་ཀྱི་གཤོང་སུ་འབྱར་འདུག་ལ། ཕྱོགས་སོ་སོའི་ལག་རིས་ཀྱི་གཤོང་གི་རྔུལ་ཆུ་དག་མགྱོགས་ལ་མྱུར་བའི་སྒོ་ནས་ཕན་ཚུན་འདྲེས་ཤིང་། རིམ་གྱིས་རིམ་གྱིས་ཕ་བོང་དང་སྡོང་བོ། སེམས་ཅན་ཆེ་ཆུང་སྣ་ཚོགས་པ་ཁྱེར་བའི་ཤྭ་འོད་ཆེན་པོ་ཞིག་ངའི་ཕྱོགས་སུ་སྒྲ་ཅི་ཡང་མེད་པར་འཕྱོས་ཡོང་། འཇིགས་པ་འདི་འདྲ་ཆེན་པོ་ཞིག་མངོན་དུ་འགྱུར་ཉེ་བའི་སྐབས་སུ། ང་ལ་ཐབས་ཤེས་ཅི་ཡང་མ་བྱུང་བས། ཐར་འདོད་ཀྱི་སེམས་རྣམ་པར་གཡོས་སྟེ། བླ་མ་མཁྱེན་ཞེས་ཤེད་ཀྱིས་བོས་ཤིང་ཕྱིར་བཀྱེད་པ་ཡིན།
   སུག་པ་ལ་འཁོར་ལོ་ཡོད་པའི་རྐུབ་སྟེགས་རྒྱབ་ཕྱོགས་སུ་སྣུར་སོང་ལ། ང་རང་ཅུང་ཙམ་མིན་ན་ཐང་ལ་འདྲིལ་སོང་། ལས་གྲོགས་ཚོས་རང་རང་གི་ས་ན་ངལ་གསོས་འདུག་ཅིང་། གཞུང་ལས་ཁང་ལ་མིས་བཟོས་བསིལ་རླུང་བཏང་ཡོད་པས། དྲོད་ཚད་རན་པའི་སྐྱིད་སྣང་གིས་ཁེངས་འདུག ང་གཅིག་པུའི་ལུས་ཡོངས་རྔུལ་ཆུས་བརླན་འདུག ཉིན་གུང་གི་ངལ་གསོ་འདི་འདྲ་ནི་མ་གཞི་ནས་ངལ་གསོ་བ་ལ་ཕན་པ་ཆེན་པོ་མེད་ཅིང་། རྨི་ལམ་འདི་འདྲ་ཞིག་བཏང་བས་སྔར་ལས་ཀྱང་ཐང་ཆད་པའི་སྣང་བ་ཞིག་གིས་ཡོངས་སུ་བཏུམ་ཡོང་། རྣ་ཉན་ལས་ཝེད་ནེ·ཧུ་སི་ཐོན་གྱི་གླུ་དབྱངས་སྔར་བཞིན་གྲགས་བཞིན་འདུག མོ་ནི་ཨ་མེ་རི་ཁའི་གཞས་མ་དང་འཁྲབ་སྟོན་པ་གྲགས་ཅན་ཞིག་ཡིན་ལ། 2012ལོའི་སྟོད་ལ་ཨ་རི་མགྲོན་ཁང་ཞིག་ནས་སྐུ་གཤེགས་པ་རེད། མི་ཚོས་མོ་རང་མཐོང་དུས་ལུས་སུ་ཅི་ཡང་བགོས་མེད་པར། ཁྲུས་གཞོང་དུ་ཤི་འདུག་ཟེར། ཉེན་རྟོག་པས་ད་བར་དུ་ཤི་རྐྱེན་རྩད་ཆོད་མེད།

                     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡག་བུ་དཔལ་རྩལ་གྱི་བརྩམས་སྒྲུང་ཁག་གཉིས།

2014-06-22 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།