ཚེ་སྒྲོན་སྐྱིད་ཀྱི་སྙན་ངག་བདམས་བཀོད།

ཚེ་སྒྲོན་སྐྱིད།༼ཡུལ་ཤུལ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-04-03

          དོ་ནུབ་ངས་ཁྱེད་རང་དྲན་གྱིན་ཡོད།
                           
སྦྲ་ནག་གཡང་ཁྱིམ་ཚང་གི་འོ་ཇ་འཐུང་བཞིན།
དོ་ནུབ་རི་བོ་ཕ་རོལ་ཀྱི་ཁྱེད་རང་དྲན་བྱུང་།
དྲན་པ་འདི་རླུང་བཞིན་འཕུར།
རླུང་བཞིན་འཕུར་ཏེ་ཁྱེད་ཀྱི་གཟིམ་ཁང་གི་སྒོ་ཁར་འབྱོར་ཡོད། 
སྙིང་ཉེ་ཡ། ཁྱེད་སྔར་ལྟར་དཔེ་ཀློག་གི་བདེ་ཚོར་གྱིས་བཟི་ཡོད་དམ།
ཁྱེད་སྔར་ལྟར་འཆར་ཡན་དང་འཁྲུལ་སྣང་གིས་སླུ་བཞིན་ནམ།
ཁྱེད་སྔར་བཞིན་བདག་གིས་མཇལ་མ་མྱོང་བའི་ལྷ་དེ་ཡིན་ནམ།
སྒོ་མ་ཕྱེ་རོགས། བདག་གི་ཁྱེད། དྭངས་གཙང་གི་ཁྱེད་ལ་དབང་འོས་པ་ནམ་ཡང་།
བུད་མེད་ཅིག་གི་འཛུམ་དཀར་མིན།
ཡིན་ན་ཡང་།
འོ་ཇ་འདི་མཉམ་དུ་འཐུང་ན་སྙམ།
ཡིན་ན་ཡང་། ལྷིང་འཇགས་འདི་མཉམ་དུ་དཀྲོག་ན་སྙམ།
སྦྲ་ནག་གི་དྲོད་ཁོལ་འདི་དང་།
གཡང་ཚང་གི་འོ་ཇ་འདིས།
ང་ལ་བདེ་སྐྱིད་ཀྱི་དྲན་གདུང་ཞིག་བསྩལ་བྱུང་།
དྲན་གདུང་ཁྲོད་ཀྱི་བདག་གི་ཁྱེད་ལགས།
དོ་ནུབ་བདག་གིས་གསང་བ་མེད་པར་ཁྱེད་རང་དྲན་གིན་ཡོད།
                         2013.11.10གླིང་དཀར་སྟོད་ནས།

           དེ་རིང་གི་ཉིན་ཐོ།
                    
ནམ་མཁའ་ནི་གཡུ་ཡི་མེ་ལོང་ཆེན་པོ་ཞིག
ཕ་ཡུལ་ནི་གཟུགས་བརྙན་བརྟན་པོ་ཞིག
ལོ་འདབ་མི་སྟུག་པའི་ལྗོན་ཤིང་དང་།
ལྗོན་ཤིང་གི་རྩེ་མོར་བབས་པའི་སྤྲིན་པ་དཀར་པོ།
སང་ལོའི་དཔྱིད་ཀྱི་ལྗང་མྱུག་ལ་སྨོན་པའི་བྱེའུ་ཆུང་ཅོ་ཀ
ད་དུང་།
ཁོད་དེ་འདྲའི་མི་སྙོམས་ལ།
རྒྱ་ཡང་དེ་འདྲའི་མི་ཆེ་བའི་ལམ་ཀྱག་ཀྱོག་དང་དེའི་སྟེང་།
འདར་ཡོམ་ཡོམ་རྒྱུག་བཞིན་པའི་མི་དང་མིའི་དབང་དུ་སོང་བའི་འཕྲུལ་ཆས་སྣ་ཚོགས།
སུ་ལའང་འགྲན་མི་དགོས་པའི་བརྟན་བརླིང་གིས་འགྱིང་བའི་གནས་རི་ར་གཟུགས་དང་དེའི་རྩེ་མོའི་ལབ་ཙེ་ཁྲ་ཁྲ།
བསང་ཁྲི་ཆེན་པོ། རླུང་རྟ་མང་པོ་་་་་་
ཡོད་ཚད་གསལ་ལྷང་ལྷང་གིས་མེ་ལོང་དུ་ཤར་ཡོད།
ངའི་མིག་གི་མེ་ལོང་ནང་དུ་ཤར་ཡོད།
ད་དུང་། ཕ་ལོའི་གཟུགས་གཞི་འདའ་འདར་ཡང་མེ་ལོང་གི་ཟུར་ཞིག་ན་གཞུ་ལྟར་བཀུག་འདུག
ན་ནིང་མ་ལོའི་སྐྲ་དཀར་གྱི་ཉག་མ་རེ་འགའ་འཚོལ་བའི་སྣང་བརྙན་དང་།  
ད་ལོ་མ་ལོའི་སྐྲ་ནག་པོའི་ཉག་མ་བཙལ་བའི་སྐྱོ་ངལ་ཡང་།
མི་བསླུ་བའི་མེ་ལོང་ནང་དུ་མིག་ཆུ་ཐིགས་པའི་ཟོལ་གྱིས་ལྷུང་འདུག
ངའི་སེམས་ཀྱི་མེ་ལོང་ནང་དུ་ལྷུང་འདུག
ད་དུང་། དེ་རིང་གི་ཉིན་ཐོ་ཡང་དྲན་པ་དམར་པོ་ཞིག་ལ་བརྫུས་ཏེ།
མེ་ལོང་ནང་དུ་ཤར་འདུག.
ཕ་ཡུལ་གྱི་མེ་ལོང་ནང་དུ་ཤར་འདུག
          2013.12.9འབའ་རྫོང་ནས།  

          གངས་རིའི་སྲས་མོ།
                     
ཀེ་ཐོ་དམར་ཡག་སྨུག་སྤྲིན་གྱིས་བཏུམ་པས།
བུ་མོའི་སློབ་གྲྭ་རིམ་གྱིས་ནམ་མཁའ་རུ་འཕགས།
པི་ཝང་སྙན་མོར་སྐྱེངས་བ་སྟེར་བའི་ཀ་ཁའི་དབྱངས་རྟས།
དག་གཙང་གི་བར་སྣང་ཡངས་པོར་པད་འདབ་འདྲ་བའི་རེ་སྨོན་གྱི་མེ་ཏོག་ཤར།

རེ་ཞིག་ན།
ཙག་བསེར་བུ་གང་འདོད་དུ་རྒྱུ།
སད་སེར་བ་ངེས་མེད་དུ་འབབ།
སྤྲིན་པས་ཉིན་བྱེད་འགམས་ལ།
འོད་ཚོགས་ལྷགས་པས་མིད།

དུས་སུ།
བུ་མོ་ཚོའི་སྐྲ་ལོ་གྱེན་དུ་ཟིང་ཐལ།
བུ་མོ་ཚོའི་འཛུམ་ཞལ་འཁྱག་པས་བསྡམས་ཐལ།
རེད་དེ།  ཁོ་མོ་ཚོས།
ཕུགས་འདུན་གྱི་ཁ་བཏགས་མཐོ་རུ་བཏེགས་ཤིང་།
ཡོད་ཚད་མཛེས་སྡུག་གི་མདུན་ལྗོངས་སུ་མཐོང་སྟེ་གོམ་སྟབས་མྱུར་གྱིས་སྒྱུར་གིན་ཡོད།
རེད་དེ།  ཁོ་མོ་ཚོས།
ལང་ཚོའི་མེ་ཏོག་ཤེས་རབ་ཀྱི་མཛའ་བོར་མཆོད་དེ།
རྒྱང་རིང་འོད་ཀྱི་འཇིག་རྟེན་ངང་གིས་འཚོལ་གིན་ཡོད།

ཐོན་མིའི་ཐུགས་སྲས་འདི་དག
ཀེ་ཐོའི་རེ་བ་འདི་ཚོ།
གངས་རིའི་སྲས་མོ་འདི་དག
ངོ་མ། སྙིང་དུ་སྡུག་པའི་འུ་ཅག་གི་གཅེས་ཕྲུག་ཚོ་རེད།
           2013.11.16ཉིན།  བུ་མོའི་སློབ་གྲྭ་ནས་བྲིས།      

           དྲན།
                             
རྒྱང་རིང་རྒྱང་རིང་གི་བདག་གིས།
རྨི་ལམ་ཁྲ་ཁྲས་བཟི་བའི་སེམས་པ་ཆུང་ཆུང་དེ་དྲན་བྱུང་།
དྲན་པ་འདི།
བཅོ་ལྔའི་དུང་ཟླའི་འོད་དཀར་ལ་འཁྲིས་ཡོད།
གངས་དཀར་ཏི་སེའི་དབུ་རྩེ་ཡིས་ཐེག་ཡོད།

གཙང་བོ་བརྒྱ་ཕྲག་དང་རི་བོ་སྟོང་ཕྲག་རས་ཧྲུལ་བཞིན་གཤགས་ཏེ།
དོ་ནུབ་ང་ལམ་ལ་ཆས་འདོད།
དངན་པ་རིང་བོའི་སྣེ་མོར་མེ་ཏོག་གི་གོང་བུ་ཐོགས་ཏེ།
སུ་ལའང་དབང་མི་སྲིད་པའི་ནམ་མཁའ་རུ་འོད་ཀྱིས་གུར་ཁང་འབུབ་བཞིན།
དོ་ནུབ་ང་ལམ་ལ་ཆས་འདོད།

འགྲིམ་ཐག་འདི་སེམས་པ་ཆུང་ཆུང་ཞིག་གི་ན་ཟུག་ཡིན་པས།
ང་ངེས་པར་ལམ་ལ་ཆས་དགོས།
ང་ངེས་པར་ལམ་ལ་ཆས་འདོད།
གངས་འདི་ཞི་བར་དཀའ་ཡང་།
འོད་འདི་ཡལ་བར་སླ་ཡང་།

རྒྱང་རིང་རྒྱང་རིང་གི་བདག་གིས།
སེམས་པ་རྒྱང་ལ་ཤོར་བའི་བུ་ཆུང་ཞིག་དྲན་བྱུང་།
དྲན་པ་འདི།
ལས་དབང་བཙན་པོའི་མིག་ཆུ་ལ་སུན་ཡོད།
སྣང་བ་མཚར་བོའི་བསླུ་བྲིད་ཀྱིས་གཙེས་ཡོད།

དོ་ནུབ་ང་ལམ་ལ་ཆས་འདོད།
ཕྱི་མིག་རིང་མོའི་ཆུ་བོར་གྱེས་ཕྱག་གི་མཆོད་ཁ་འཕངས་ཏེ།
སུ་ལའང་དབང་མི་ཆོག་པའི་བདག་གི་བར་སྣང་དུ་སྤྲིན་གྱིས་ཁ་བཏགས་འཐག་གིན།
དོ་ནུབ་ང་ལམ་ལ་ཆས་འདོད།
           2013.11.20.    དགོང་མོར་རྩྭ་ཐང་ནས་སྦྱར།

            མེ་སྟག
           
ཡུལ་གྱི་མཐའ་ཞིག་ན།
ངས་མཛེས་སྡུག་གི་ལང་ཚོ་རྨི་ལམ་ལ་མཆོད་ཡོད།
ཁ་ཆར་དང་བུ་ཡུག་ཇི་ལྟར་རྒོད་ཀྱང་།
ཐལ་རྡུལ་དང་རླུང་འཚུབ་འཇགས་པར་དཀའ་ཡང་།
སུ་ཞིག་གི་ཆེད་དུ།
ངའི་རྨི་ལམ་གྱི་ཁ་དོག་ཡལ་མ་མྱོང་།
ངའི་གངས་དཀར་གྱི་སེམས་པ་རྒས་མ་མྱོང་།
ཞུམ་མེད་ཀྱི་དཔའ་སྤོབས་དང་བསྡོངས་ནས།
སེམས་ཁྲལ་གྱི་གོམ་ཁ་མྱུར་མོས།
མདུན་དུ་སྐྱོད་ཀྱིན་ཡོད།

དགུན་ཟླ་ནི་ཇག་རྐུན་ཇི་བཞིན།
ངེད་ཚང་གི་སྒོ་ཁར་འབྱོར་འདུག
ངེད་ཚང་གི་ཁང་ཐོག་ཏུ་གབ་འདུག

སྡོང་ལོ་ཧྲུལ་བོ་ངེས་མེད་དུ་སྤུར་བ།
འབྱུང་བ་རླུང་གི་བྱེད་ནུས་རེད་དེ།
སེམས་པ་ཆུ་བཞིན་ཁོལ་བ་འདི།
སུ་ཞིག་ལ་དད་པའི།
གང་ཞིག་ལ་མཆོངས་པའི་མེ་སྟག་གི་བྱེད་པ་ཡིན།
                2013.10.16ཉིན།    སྐྱེ་རྒུ་ནས།

           སྒྲོན་འོད་འོག་གི་གཏམ་རྒྱུད།
                   
སྒྲོན་འོད་འོག ངས་འབྲི་ཆུའི་མགོ་ཁུངས་ཀྱི་ས་མཐའ་དེ་དྲན་བྱུང་།
རི་དྭགས་ཀྱི་ཁྱུ་ཚོགས་ཤིག་ཀྱང་དྲན་བྱུང་།
སེམས་དམར་པོར་བུ་ག་བཏོད་པའི་གཅན་གཟན་དེ་ཡང་དྲན་བྱུང་།
ཏག་ཏག་འོད་དཀར་པོ་འདི།
དོ་ནུབ་ངའི་ཁེར་རྐྱང་གི་མཆི་མས་བརླན་ཡུལ་ཡིན།
ཐལ་དྲགས་པའི་ཀུ་རེ་ཐེངས་ཤིག་གིས།
ང་འདི་ལྟར་ཞབས་རྡོལ་བའི་དོང་རིང་དུ་གཡུགས་པས་གསོན་པར་དཀའ།
ང་འདི་ལྟར་ཆེས་འཇིགས་རུང་གི་ཁ་སང་དང་ཁ་སང་གི་གཙུབ་གཏན་དུ་ཡང་ཡང་བརྡར་པས་གསོན་པར་དཀའ།
ཏག་ཏག་སྒྲོན་འོད་འདིས་ཁ་གྲག་བྱུང་། ཁ་སྙན་མོ་ཞིག་གྲག་བྱུང་།
"མི་ཚེ་ནི་ཀུ་རེ་ཐེངས་ཤིག་ཡིན།
ཀུ་རེ་ཡིན་པས་ཡོད་ཚད་དཀར་པོ་ཡིན།
དཀར་ངོགས་ཀྱི་མི་ཡུལ་ན།
རང་དྲང་ན་གཞན་དྲང་། དྲང་མོ་བྱོས།"
སྒྲོན་འོད་འོག།
ངས་མེ་ལོང་ངོས་ཀྱི་གཏམ་རྒྱུད་ཅིག་དྲན་བྱུང་།
བུད་མེད་དང་ཝ་མོ་གཉིས་ཀྱི་ལས་དབང་དེ་དྲན་བྱུང་།
ཇག་པ་དང་ཁྭ་ཏ།ཤིང་ཏ་ལའི་ལོ་མ་སོགས་ཀྱང་དྲན་བྱུང་།
ཏག་ཏག་འོད་དཀར་པོ་འདི།
དོ་ནུབ་ངའི་དགོད་བྲོ་བའི་གཏམ་རྒྱུད་འཆད་ཡུལ་ཡིན།
ཐལ་དྲགས་པའི་ཀུ་རེ་ཐེངས་ཤིག་གིས།
ང་རང་མེ་ལོང་དུ་གྱུར་འདུག
ང་རང་གཏམ་རྒྱུད་དུ་ཡང་གྱུར་འདུག
                   2013.11.14.བོད་ཡུལ་ནས།

          ཟླ་འོད་དང་བདག་གི་སྒེའུ་ཁུང་།
         
ཟླ་འོད་གཉོམ་པོའི་རླབས་རྒྱུན་དང་འགྲོགས་ཏེ།
དྲི་ཞིམ་འཇམ་པོའི་མེ་ཏོག་གི་ལང་ཚོ།
བསླུ་བྲིད་ཅིག་གམ།  རྒུན་ཆང་ཇི་བཞིན།
དོ་ནུབ་བདག་གི་སྒེའུ་ཁུང་སྟེང་འཁྱིལ་འདུག

མདང་ནུབ་ཀྱི་འབྲུག་སྐད་བཙན་པོས།
ཁུ་སིམ་པའི་དངུལ་དཀར་གྱི་མེ་ལོང་གཏོར་བ།
སུ་ཞིག་གི་རེ་སྒུག་ལ་ན་ཟུག་བསླངས་ཡོད།

བདག་མདུན་དུ། རབ་རིབ་ཀྱི་སྒོ་མོ་སྲ་ཞིང་།
གཟུགས་མེད་ཀྱི་འཕྲུལ་ཞགས་ངར་བ།
རྨི་ལམ་ཞིག་གམ།  ཟློས་གར་ཇི་བཞིན།
ཡོད་ཚད་བདག་གི་སྒེའུ་ཁུང་སྟེང་འཆར་འདུག

ཐམས་ཅད་ཟླ་འོད་ལ་འཁྲིས་ཏེ།
མཚན་ལྗོངས་ཧྲིལ་བོར་ངོ་མཚར་བསྐྲུན་ཡང་།
ཡོད་ཚད།  ཕྱི་རོལ་ཀྱི་ལྟད་མོ་ཙམ་རེད།

གུ་དོག་པའི་མུན་ནག་གི་གྲུ་ག་འདི་རུ།
བདག་ནི།   ནམ་ཡང་བདག་རང་ཁོ་ནའོ།
                                 2012.5.13

           མཚམས་འདི་ནས།
                       
མཚམས་འདི་ནས།
ང་ལ་རེ་བ་དང་འཛུམ་མདངས་ཡོད།
ང་ལ་མིག་ཆུ་དང་སེམས་ཁྲལ་མཆིས།
སེམས་པ་འདི་ལྷགས་རླུང་གིས་ཟོས་པའི་དར་ལྕེ་ཟད་པོ་ཇི་བཞིན།
ཆེས་མཐོ་བའི་ལ་སྟེང་ན་ལྷུག་ལྷུག་སྐྱོད་གྱིན།
ཆེས་རབ་རིབ་ཀྱིས་ལུས་ཡོད།
ཆེས་ཁེར་རྐྱང་དུ་ལུས་ཡོད།

མཚམས་འདི་ནས།
ང་ལ་ཡོད་པ་ཁྱེད་རང་ཁོ་ན་ཡིན།
ང་ལ་དབང་བ་ང་རང་འབའ་ཞིག་ཡིན།
གྲིབ་གཟུགས་ལྟར་འགྱུར་སླ་བའི་མི་ཚེའི་ཟམ་ཁ་དོག་མོ་རུ།
ཁྱེད་ཀྱི་ལང་ཚོ་བདག་གི་སེམས་ན་བརྗིད་པའི་བླ་རི་དེ་ཡིན་ངེས་ཀྱང་།
ཁྱེད་ཀྱི་གསུང་སྐད་བདག་གི་འཇིག་རྟེན་ན་ཆེས་སྙན་པའི་རོལ་དབྱངས་དེ་ཡིན་སྲིད་ཀྱང་།
ང་། སྔར་བཞིན་ངའི་མདུན་ཕྱོགས་སུ་བཞུད་དགོས།
ཁྱེད།
སྔར་ལྟར་ཁྱེད་ཀྱི་མདུན་ཕྱོཊ་སུ་བསྐྱོད་དགོས།
མཚམས་འདི་ནས་ང་དང་ཁྱེད་གཉིས་ནི།
ཆེས་སྙིང་དུ་སྡུག་པའི་མི་ཧྲེང་གཉིས་རེད།
ཆེས་རང་དབང་གི་ཕོ་མོ་ཟུང་ཡིན།
ཆེས་མཐུན་པ་དེ་ཡིན་སྲིད་ལ།
ཆེས་མི་མཛའ་བ་དེ་ཡང་ཡིན་ངེས།
་་་  ་་་
མཚམས་འདི་ནས།
ངས་ལྷན་འཛོམས་ཀྱི་སྤྲོ་སྣང་ལ་རེ་ཡོད།
                2013.11.1.21.ཀེ་ཐོའི་འདབས་ནས།

          མཚན་ཕྱེད་ཟླ་བར་བལྟས་རྗེས།
                       
སེམས་ཅན་གང་ཞིག་ཀྱང་གསོན་པར་དཀའ་བའི།
དབེན་ཐང་ཐང་གི་འཇིག་རྟེན་སྟོང་བ།
ས་གཞི་ནི་ས་གཞི་ཙམ་དང་།
བར་སྣང་ཡང་བར་སྣང་ཙམ།
མཛེས་པ་མེད་པས་བཙོག་པ་ཡང་ཡེ་ནས་མི་འདུག
མཚན་མོ་ནི་དུར་ཁྲོད་ཅིག
མཚན་མོ་ནི་སུ་ཞིག་གིས་དོར་བའི་རས་ཧྲུལ་ཡུག་གཅིག
 རང་དབང་གིས་རྒྱུ་བའི་འོད་དཀར་ཅན།
ག་ལེར་འཛུམ་གྱིས་ཕེབས་པས།
མཚན་མོ་ནི་སྣང་བ་ཞིག
མཚན་མོ་ནི་བརྩེ་བ་ཞིག  

           ལོ་མའི་སྟེང་གི་རྨི་ལམ།
             
མིག་གིས་མཐོང་བའི་ལོ་མ་འདི་དག
ན་ཆུང་མ་ཞིག་གི་རྨི་ལམ་ཡིན་ཞིང་།
ཡོམ་ཡོམ་འདར་བའི་ཡལ་ག་རེ་རེ་ནི།
ན་ཆུང་མའི་མིག་ཆུས་བསྐྱངས་པའི་ཚེ་སྲོག་ཡིན

རྐང་འོག་གི་ས་དོག་མོ་ཧ་ཅང་དོག་དོག་རེད།
མགོ་ཐོག་གི་སྤྲིན་ནག་པོ་ཧ་ཅང་ནག་ནག་རེད།
ལོ་ཟླ་ལ་ཁ་དོག་དབེན་པའི་དེ་རིང་།
སུ་ཞིག་གིས་ཁོ་མོའི་ལང་ཚོ་མཛེས་སྡུག་ཏུ་མཐོང་སྲིད་དམ།
སུ་ཞིག་གིས་ཁོ་མོའི་ཚེ་སྲོག་ལ་འོད་ཀྱི་གུར་ཁང་ཕུབ་ངེས་སམ།
རླུང་བུ་ངེས་མེད་དུ་ལྡང་དུས།
ཁོ་མོ་ནི་རྩ་བ་བརྟན་པའི་ལྗོན་ཤིང་འདི་ཡིན་ལ།
ཕྲ་ལ་ལྡེམ་པའི་ཡལ་ག་འདི་དག་ཀྱང་ཡིན་སྲིད།
འོན་ཀྱང་།  འཐོར་ལ་ཉེ་བའི་ལོ་མ་འདི་དག
ཁོ་མོའི་རྨི་ལམ་གྱིས་གྲུབ་པའི་འཇིག་རྟེན་ཆུང་ཆུང་དག་ཡིན་པས།
འཇིག་རྟེན་དེ་རུ། ཁོ་མོ་ནི་བྱེའུ་དག་ཡིན།
                 2013.9.6ཀེ་ཐོའི་འདབས་རོལ་ནས་སྦྱར།
                     (ཐོག་མར་རྩྭ་ཐང་བུ་མོའི་སློབ་གྲྭར་མཇལ་དུས།)

           ད་ནས་བཟུང་།
                        -YJDJལ། 

མཚན་ཕྱེད་དེར།
ལྷགས་རླུང་གི་རྣོ་ཁ་ལོག་པས་ས་མཐོའི་མི་དག་གཞི་ནས་གཉིད་ཟིན།
ཕྱི་རོལ་ནི་ཕྱི་རོལ་ཙམ་ཡིན་པས་བདེ་བར་འཇགས།
བདག་ཁོ་ན། སེམས་ཚོར་ཐན་ཐུན་གྱིས་བསླངས་ཏེ།
ཟང་ཟིང་དུ་གྱུར།
ཏག་ཏག་ཁྱེད་ཁོ་ན་བདག་གི་སེམས་མཐུན་དེ་ཡིན་ནམ།

མཚན་ཕྱེད་དེར།
ཁྱེད་ཀྱི་སྐད་ངག་སྙན་མོ།
ཁྱེད་ཀྱི་གོམ་སྟབས་ཡང་མོ།   ད་དུང་།
འུ་གཉིས་ཀྱི་ཞག་སྒྲོན་དམར་པོ་དང་དེ་ལས་འཕྲོས་པའི་སེམས་ཀྱི་འོད་མདངས་དམར་པོ།
ད་དུང་། གཏམ་རྒྱུད་མཚར་བོ་ཞིག་གིས་བསྙལ་བའི་རྒུན་ཆང་དམར་པོ་དང་ངའི་སེམས་ཀྱི་མཚན་ཕྱེད།
ངས་རང་ཉིད་རྙེད་ལ་རང་ཉིད་བོར་བའི་དུས་ཚོད་ཅིག
ཏག་ཏག་ཁྱེད་ཁོ་ན་བདག་གི་ཞེ་མཐུན་དེ་ཡིན་ནམ།  

ཅིས་ཀྱང་།  ངའི་རྨི་ལམ་གྱི་སྣེ་མོ་ན་རྨི་ལམ་ལ་རོལ་བའི་བུ་ཆུང་དོན་གྲུབ།
ད་ནས་བཟུང་།
ད་ནས་བཟུང་།
་་་་་་
          2013.12.5 ཀེ་ཐོའི་འདབས་ནས་སྦྱར།

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྒྲོན་སྐྱིད་ཀྱི་སྙན་ངག་བདམས་བཀོད།

2014-04-03 ཚེ་སྒྲོན་སྐྱིད།༼ཡུལ་ཤུལ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།