གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྔོག་བུ་དཔལ་ཆེན་འབུམ་གྱི་སྙན་ངག་བདམས་བཀོད།

2015-10-22 11:11:52 རྔོག་བུ་དཔལ་ཆེན་འབུམ། ཀློག་གྲངས། མཆན ཡོད།

C19C492B@12ADE258.2DFB5F55.jpg

ཀུན་རྟོག་རྟ་རྒོད་ཀྱི་གོམ་ཁ།།
སྐྱི་བསེར་རླུང་བུ་ལས་མགྱོགས་པ།།
འཕུར་རྩལ་གཤོག་ཟུང་དེ་བྲལ་ཡང་།།
འཛམ་གླིང་ཕྱི་སྐོར་ཞིག་བརྒྱབ་འགྲོ།།

 མཐོན་པོ་རི་ཟོམ་གྱི་དར་ལྕོག།
ཁ་ཆར་བུ་ཡུག་གིས་མ་རལ།།
ལང་ཚོའི་མེ་ཏོག་གི་འདབ་ལོ།།
ཐག་ཐག་དུས་ཚོད་ཀྱིས་འཐག་འགྲོ།།

འདས་སོང་ལོ་ཟླ་ཡི་གཙང་བོ།།
ཕྱིར་ལྡོག་ཆོས་ཉིད་ཀྱིས་དབེན་ཡང་།།
ཕྱིར་དྲན་ན་ཟུག་གི་རི་མོ།།
སེམས་ཀྱི་ཤོག་ངོས་ནས་མི་ཟད།།

སྟོང་སྣང་རྨི་ལམ་གྱི་རྩེད་ར།།
ང་དང་ཆུང་འདྲིས་ཀྱི་གཞིས་ཁྱིམ།།
སྐྱ་རེངས་ཞོགས་དྲིལ་གྱི་འབོད་བརྡས།།
འཇིག་རྟེན་ཁ་ཁ་རུ་བཏང་འགྲོ།།

སེམས་སོང་བུ་མོ་དེ་སྒོམ་ནས།།
ལོ་ཟླའི་བང་རིམ་ཞིག་བརྩེགས་ཀྱང་།།
འདུ་འབྲལ་བཀའ་ཡིག་གི་མདའ་མོ།།
མ་ཁོག་སྙིང་ཆུང་ལ་གཟས་སོང་།།

དམ་ཚིག་དར་སྐུད་ཀྱི་མདུད་པ།།
རྣོ་མཁྲེགས་ལྕགས་ནག་གིས་གྲུབ་ཀྱང་།།
མི་བཟློག་ལས་སྐལ་གྱི་སོག་ལེས།།
སྐད་ཅིག་གློ་རྡེག་གིས་གཏུབ་འགྲོ།།

མཛེས་མའི་མེ་ཏོག་གི་ཚལ་ལ།།
སེམས་ཀྱི་བུང་བ་འདི་འཁོར་ཡང་།།
མདངས་ལྡན་པད་དཀར་གྱི་དོ་ཟླ།།
སེར་ཆེན་མེ་ཏོག་གིས་མ་ཡོང་།།

སེམས་འདི་གཙང་བོ་ཞིག་ཡིན་ནོ།།
གཙང་བོ་རླུང་བུ་ཡིས་བསྐྱོད་དོ།།
སྐྱིད་སྡུག་རླབས་གཉེར་གྱི་རི་མོ།།
མི་ཚེའི་ཟློསགར་ཞིག་ཡིན་ནོ།།

གཡུ་ཆུང་དྲུག་དཀར་གྱི་མགུལ་རྒྱན།།
ཅང་མེད་ཨོ་ལོ་ཡིས་མ་ཁུགས།།
སྔོན་འདྲིས་བག་ཆགས་ཀྱི་ཚོན་རྩི།།
ཆུ་དང་ཆར་བས་ཀྱང་མ་དག།།

བརྩེ་ཚོར་བྲག་ཅ་ཡི་རོལ་མོ།།
ངག་གི་འགྱུར་ཁུགས་ལ་མ་དྲངས།།
ཤར་ཤར་ཡིག་གཟུགས་ལ་བསྟར་བ།།
སེམས་ཀྱི་ཤུགས་རིང་ཞིག་ཡིན་ནོ།།

               མི་ལ་རས་པ་དྲན་སྟངས་ཤིག

ཨ་ནེའི་ངོ་མདོག་གནམ་ཡིན།།
ཨ་ཁུའི་མནར་གཅོད་ཐོག་ཡིན།།
མི་ལ་མ་སྨད་གསུམ་པོའི།།
འཚོ་བ་ཁྱི་ལས་སྡུག་ཡིན།།

དགྲ་ལ་ཤ་འཁོན་བརྩད་པས།།
ནུས་མཐུ་གློག་ལས་མྱུར་སོང་།།
ནག་ཕྱོགས་ཡུལ་མིའི་མིག་ན།།
མི་གསོད་ལག་དམར་ཞིག་ཡིན།།

ཕྱིས་འགྱོད་སྐད་ཅིག་ཙམ་གྱིས།།
མི་ཚེའི་ཁ་ཕྱོགས་འགྱུར་སོང་།།
སྒྲུབ་བརྒྱུད་བསྟན་པའི་ཉིན་བྱེད།།
མི་ལ་རས་པ་དྲན་ནོ།།

གངས་ལ་ཉི་འོད་ཕོག་སོང་།།
ཐུགས་ལ་ཉམས་རྟོགས་འཕོས་སོང་།།
ཆོས་པ་སྙིང་རུས་ཅན་ཞིག།
གངས་ཅན་བོད་ནས་འཁྲུངས་སོང་།།

མི་མེད་གངས་ཀྱི་རི་ན།།
ཟས་ལ་ཟྭ་ཚོད་བཞེས་ཤིང་།།
གོས་ལྭ་རས་རྐྱང་མནབས་པའི།།
མི་རྐྱང་མི་ལ་རས་པ།།

གནས་ལུགས་གླུ་རུ་ལེན་ཞིང་།།
བདེན་མེད་བྲོ་རུ་རྡུང་བའི།།
མཁས་དང་གྲུབ་པའི་དབང་ཕྱུག།
མི་ལ་རས་པ་དྲན་ནོ།།

སྒྲུབ་བརྩོན་གྲུ་ལ་བརྟེན་ནས།།
མཉམ་ལེན་མཚོ་རུ་ཞུགས་པས།།
ཟུང་འཇུག་གོ་འཕང་ནོར་བུ།།
ཚེ་གཅིག་ནོམ་དུ་བླངས་སོང་།།

ཨ་མ་མྱང་ཚ་དཀར་རྒྱན།།
ཐུགས་སེམས་སྐྱོ་ལེ་མ་གནང་།།
བུ་ཆུང་ཐོས་པ་དགའ་བ།།
སེང་གེ་གངས་ལ་འགྱིང་འདྲ།།

              སྲོད་ཁ་མའི་གདུང་ཚོར།

སྲང་ལམ་འདུ་འཛི་ཨེན་ཙམ་འཇགས་པའི་མུར།།
སྒེའུ་ཁུང་ངོས་ལ་གྲིབ་མའི་བསིལ་བ་འཁྱུད།།
ལྷིང་ཞིང་འཇགས་པའི་ཉི་ནུབ་སྲོད་ཁ་མར།།
སེམས་ཀྱི་འགྲུལ་བཞུད་འདི་ཀོར་རྫོགས་མཐའ་བྲལ།།

ཟླ་བའི་མིག་ཆུ་ཡིན་པའི་ཆུ་ཐིགས་ཤིག།
དྭངས་པའི་མཚོ་ལ་ཟགས་པ་འཁྲུལ་བའི་གཟུགས།།
ལམ་ལམ་སྐར་ཚོགས་མཁའ་ལ་རྣམ་བཀྲ་བ།།
སྤང་གི་ལུག་ཁྱུར་འཛོལ་བ་བྱིས་པའི་བློ།།

གནམ་གྱི་ཀ་བ་ཡིན་པའི་རི་ཟོམ་ལ།།
དམར་སེར་མཚམས་སྤྲིན་གསར་བའི་ཕོན་པོ་འཕྱུར།།
མགོ་དཀྲིས་དམར་བོ་ཅན་གྱི་མཛའ་ན་མོ།།
ཡིད་ཀྱི་གཏིང་ལ་ལྷུང་སྟེ་རེ་ཞིག་ལུས།།

སྟོན་རླུང་བསིལ་མའི་རྒྱུ་བ་བཙན་པའམ།།
ཕྱི་ནང་འབྱུང་བའི་རྒྱུ་རྐྱེན་སྣ་ཚོགས་ཀྱིས།།
ནང་སེམས་ཚོར་བའི་གཙང་བོ་སྐྱོམ་པ་ན།།
རྣམ་རྟོག་ངང་ཆུང་གར་ལ་རྩེན་ཞིང་འཁྱུག།

ཉི་མའི་མིག་ཟུང་བཙུམ་པའི་སྐད་ཅིག་མར།།
མུན་པའི་ལག་པ་ས་ཆེན་གདོང་ལ་བསྲིངས།།
སྒོ་ཁྱིའི་ཟུག་སྐད་བྱེའུའི་རྐན་སྒྲ་ནི།།
དབེན་པའི་རི་ལུང་དཀྲོག་པའི་རོལ་དབྱངས་ཡིན།།

མཆོད་མདུན་མར་མེ་འབར་བའི་འོད་ངོགས་སུ།།
མེ་ལྕེབ་རང་ལུས་བསྲེག་ཕྱིར་སྐོར་བ་རྒྱག།
མི་དག་སྒོར་གྱི་སླད་དུ་སྲོག་བསྡོས་པ།།
ཐམས་ཅད་རང་བཞིན་གཅིག་ཏུ་ཁོ་བོས་འདོད།།

ཉི་འོད་ཟེར་མ་འཐོར་བའི་སྲོད་ཁ་མར།།
དུད་སྨུག་ལང་ལོང་འཐིབས་པའི་གྲོང་འདབས་སུ།།
འབྲོག་ས་ལྷིང་འཇགས་འཁྱིལ་བ་ཡིད་ལ་འཁོར།།
འབྲོག་མི་རལ་བ་ཅན་པོ་སེམས་ལ་དྲན།།

             མ་སྐྱེས་ཨ་མ།

མ་སྐྱེས་ཨ་མ་དེ་ཆུང་འདྲིས་བྱམས་པ། །
སྙིང་དབུས་གུར་ཁང་དུ་ཡང་ཡང་བྱོན་པས། །
དྲན་ཤེས་རྒྱ་ཡན་གྱི་རྟ་ཕོ་གཤོག་ཐོགས། །
བག་ཡོད་རྟོད་ཐག་གིས་འཐེན་ཡང་མ་ཁོགས། །

འབྱུང་འགྱུར་འཚོ་བ་ཡི་ཤོག་དཀར་ངོས་སུ། །
མཉམ་འདུག་ཁ་ཆད་ཀྱི་རི་མོ་འབྲི་དུས། །
འཁོར་བའི་གཡུལ་ས་ལ་ལྷན་དུ་འགྲོ་ཞེས། །
སྙིང་གཏམ་འོ་སྤྲི་དེ་རོ་མངར་ཆེའོ། །

ཚེ་གཅིག་གཏན་གྲོགས་ལ་སྨོན་ལམ་བརྒྱབ་པའི། །
རང་སེམས་གཏིང་ཤོར་གྱི་མ་སྐྱེས་ཨ་མར། །
སྔོན་འདྲིས་བག་ཆགས་ཀྱི་བརྡ་རྟགས་བཟང་ཡང་། །
བར་ཆད་རླུང་བུ་དེ་གར་སླེབས་མ་ཤེས། །

ཕར་དགའ་ཚུར་དུངས་ཀྱི་སྣང་བ་ཟ་ཟིས། །
མཛའ་བརྩེའི་ལག་ཟུང་དེ་དམ་དུ་སྦྲེལ་ནས། །
འཇིག་རྟེན་འདུ་འཛི་ཡི་གཞས་ར་ཕྲ་མོར། །
སྐྱིད་སྡུག་མཉམ་རོལ་གྱི་བྲོ་ཡང་འཁྲབ་མྱོང་། །

བརྩེ་མདང་གསེར་ཐག་གི་མདུད་པ་དམ་པོ། །
སྙིང་གི་ཟབ་ས་ནས་གྲོལ་དགོས་བྱུང་དུས། །
ཅི་བྱ་གཏོལ་མེད་ཀྱི་མགྲོན་པོ་ཁེར་འགྲོ། །
གནམ་སའི་ཧྲག་བར་ནས་ཕམ་དགོས་བྱུང་སོང་། །

ཞལ་འཛུམ་མེ་ཏོག་གི་འདབ་ཁ་ཕྱེས་དུས། །
དུངས་སེམས་བུང་བ་དེ་ཡང་འཁོར་བསྐྱར་འཁོར། །
དུས་ཀྱི་སད་སེར་གྱི་འཇིགས་པ་ཐེབས་ན། །
ཆགས་སྡང་མེ་ལྕེ་དེ་ཕྱི་འབར་ནང་འབར། །

བརྒྱ་ཚོགས་སྟོང་འདུས་ཀྱི་ཁོར་ཡུག་གང་དུ། །
མཛེས་མའི་ཟུར་མིག་གི་མདའ་མོ་གཟུ་ཡང་། །
རང་སེམས་ཉ་མོ་དེ་བཙོན་དུ་འཛིན་མཁན། །
བྱམས་པའི་འཛུམ་དཀར་གྱི་ཀྱོ་བ་རྣོན་པོ། །

འདས་སོང་ལོ་ཟླ་ཡི་ལྟེབས་ནས་བཞུར་བའི། །
ཕྱིར་དྲན་སྐྱིད་སྡུག་གི་ཆུ་བོ་ཀྱ་ཀྱུ། །
དྲན་པའི་རི་ལུང་ནས་འཁྱག་གིས་བསྡམས་པས། །
དགུན་གཞུང་རིང་མོ་ཞིག་སེམས་ལ་སླེབས་འདྲ། །

             རང་སེམས་འཁྲུལ་བའི་གླུ།

ཆུ་བོའི་གཞུང་ལ་བཏབ་པའི་མེ་ཏོག་སྤར་གང་།།
གསེར་ལྡན་ཉ་མོ་འགག་པའི་ལྕགས་ཀྱུ་ཡིན་ན།།
ཟླ་གཟུགས་མཚོ་རུ་ཤར་བའི་མེ་ལོང་དཀར་བོ།།
ཡིད་འཕྲོག་ཟླ་བ་ལྷ་མོའི་ཞལ་རས་ཡིན་འདྲ།།
བརྩེ་བའི་རྒུན་ཆང་མངར་མོ་སེམས་ལ་དྲོངས་ཤིག།

སྣང་བ་ཆུ་ལ་འདྲེས་པའི་སེམས་ཤེས་སྟོང་བ།།
རྨི་ལམ་ཡིད་ལ་བྲིས་པའི་ལྡེབས་རིས་མག་མོག།
དུངས་བ་འཇའ་རུ་ཤར་བའི་བཀྲག་མདངས་ཡག་པོ།།
བློ་དང་རྒྱུ་མའི་ཁུགས་ནས་རྙེད་པ་མི་འདུག།
འཕྲེང་ཞེན་མདུད་རྒྱ་གྲོལ་བའི་ཐབས་ཤིག་རན་ཨང་།།

སྤྲིན་དང་ལུག་ཁྱུ་འདྲེས་པའི་གནམ་སའི་མཚམས་ཀྱི།།
སྦྲ་རྒན་དུ་བ་ཅན་གྱི་བདག་མོར་གྱུར་བའི།།
རེ་སྒུག་སེམས་ངལ་ཁུར་བའི་ཆུ་ལེན་བུ་མོས།།
དོ་ཞག་སྙིང་གི་མགྲོན་པོ་སུ་ལ་སྒུག་ཡོད།།
སང་ཞོགས་འཆར་གཞི་ཅི་ཞིག་ཡིད་ལ་བརྣགས་ཡོད།།

སྟོང་དང་རྟེན་འབྱུང་རྒྱུ་མའི་ཟློས་གར་མཚར་བོ།།
མི་ཡི་སེམས་ལ་འཁྲབ་པ་གློག་གི་ཉམས་རོལ།།
འཛུམ་དང་དགོད་པའི་ཟོལ་གྱིས་གར་ལ་ཆས་ཀྱང་།།
བདེན་པའི་ཞལ་ཁེབས་ཕྱེས་ན་གཡོ་ཟོལ་འབར་ཡོད།།
ཞལ་ལ་ཞལ་ངོ་འཕྲོད་པའི་སྣང་བ་འདྲེས་ཤོག།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།