གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱང་ཁུ་ལོའི་སྙན་ངག་ཚན་པ་བརྒྱད།

2015-12-07 11:46:18 བྱང་ཁུ་ལོ། ཀློག་གྲངས། མཆན ཡོད།


 imagexiangkeluo.jpg

  སྙན་ངག་འབྲི་བ་ནི་དབུགས་ལེན་སྟངས་ཤིག་སྟེ། ཁེར་རྐྱང་དང་སུན་སྣང་། སྐྱོ་ངལ་དང་སེམས་ཁྲལ་གྱིས་མནར་བའི་ཁ་དབུགས་རྒྱུན་ལྡན་མ་ཡིན་པའི་དུས་སུ། སྙན་ངག་ཁོ་ན་བརྒྱུད་དེ་དབུགས་ལེན་པ་ཡིན།

              ཡི་གེ་ལ་མནར་གཅོད་གཏོང་དོན།

ཡིག་འབྲུ་དག་ནི་མི་རེ་རེ་དང་འདྲ་བར
སེམས་ཁམས་མཚོན་བྱེད་དུ
གྲོགས་པོའི་རྐང་བ་དང་ལག་པ་བཅད་དེ
སྨྲེ་ངག་འདོན་པ་ནི་བརྡ་སྤྲོད་སྟངས་ཤིག་ཡིན
མེ་དང་རྡོ་བ་ནི་སེམས་ཅན་གྱི་རིགས་ཏེ
རབ་ཏུ་ཚ་ཞིང་ཤིན་ཏུ་འཁྱག་པ་ནི་རྐང་ལག་གོ

འཁྲིག་པ་སྤྱོད་ཅིང་ཆང་འཐུང་བ་ནི
མཚོན་ཐབས་རིགས་ཤིག་སྟེ
འཁྲིག་སྤྱོད་ཀྱི་ཚབ་ཏུ་སྙན་ངག་བྲིས་ཤིང
ཆང་རག་གི་ཚབ་ཏུ་སྙན་ངག་བཀླགས་ཏེ
ཡི་གེ་ཁོ་ན་རང་ཉིད་ཀྱི་ཚབ་ཏུ་མནར་གཅོད་བཏང
                    2015/2/22

             མི་འདི་དག་ཨང་།

སེམས་ངལ་ཁུར་བའི་མི་འདི་དག
གད་སྙིགས་སྐྲུན་པའི་མི་འདི་དག
ཉི་འོད་ཀྱི་གཙང་བོར་དཔྱངས་པའི་ས་རྡུལ་ཁ་ཤས་ཏེ
ཞོགས་པ་ནི་མཚན་མོའི་མིག་ཟུང་དུ་འཁྲུལ
མི་འདི་དག
གཙང་བོའི་ཞབས་ཀྱི་རྡོ་བ་ཁ་ཤས་བཞིན
གཙང་བོ་ནི་རང་ཉིད་ཀྱི་ནམ་མཁའ་སྟེ
གཤོག་པོའི་ཚབ་ཏུ་མེ་ལྕེ་ཁོ་ན་སྤྱོད
མི་འདི་དག
མེ་ཏོག་ཁ་ཤས་ཀྱི་གྲིབ་གཟུགས་ཁྲ་ཁྲ་སྟེ
གྲིབ་གཟུགས་ནི་མེ་ཏོག་གི་བློ་སྙིང་ཡིན
ཁྲ་ཁྲ་ནི་ཁ་དོག་མ་ཡིན་པར་མེ་ཏོག་དེའི་ལྕེབས་ཐག་གོ
              2015/3/10
image003.jpg

             ཁོ་མོ་ལྟ་བུའི་ཕ་ཡུལ།

མི་འདོད་པ་ཐམས་ཅད་ལོགས་སུ་བསྐྱུར་ཏེ
མི་གཙང་བ་ཡོད་ཚད་ཤུལ་དུ་དོར་རྗེས
ཁོ་མོ་ལྟ་བུའི་ཕ་ཡུལ་གྱི་པང་དུ་ལོག་ཡོད

ཨར་འདམ་གྱི་ལམ་བུ་ཀྱག་ཀྱོག་དེའི་སྣེ་རུ
ཕ་ཡུལ་ནི་གད་སྙིགས་གསོག་སྣོད་ཅིག་གི་ཚུལ་དུ
ང་ཡིས་གད་སྙིགས་ག་ཙམ་འཁུར་འོང་བར་སྒུག
གད་སྙིགས་སྐྲུན་པའི་མི་འདི་དག
སྐྱག་སྦྲང་རེ་རེ་དང་འདྲ་བར་གང་སར་འཕུར་ཏེ
ཁོ་མོ་ལྟ་བུའི་ཕ་ཡུལ་གྱི་ངོ་གདོང་དུ་ཡང་ཡང་འབབ

གཡའ་དྭངས་པའི་ནམ་མཁའ་དེའི་འོག་ཏུ
མེ་ཏོག་འདེབས་པའི་སྤྲོ་བ་སུ་ལའང་ཡོད་ངེས
མེ་ཏོག་གི་མཛེས་པ་དང་དྲི་ཞིམ་མཐའ་དག
ཁོ་མོའི་འཛུམ་མདངས་སུ་གྱུར་རྗེས
ཕ་ཡུལ་ནི་ཁོ་མོའི་འཛུམ་མདངས་བཞིན
ཁོ་མོའི་འཛུམ་མདངས་ནི་ངའི་ཕ་ཡུལ་ཡིན་ནམ
           2015/04/30

              ཝེ། བུ་མོ།

ཁྱེད་ཀྱི་སྐྲ་ལོ་ནི་གཙང་བོ་ཞིག་དང་འདྲ
གཙང་བོའི་གཡས་གཡོན་དུ་མེ་ཏོག་ཁ་ཤས་བཞད
དགའ་བ་ཁོ་ན་མེ་ཏོག་གིས་མཚོན་ཆོག་གམ
ཝེ  བུ་མོ
གཙང་འགྲམ་དུ་འགྲོ་རྒྱུ་མ་བརྗེད་ཨ
ངས་ཁྱེད་ལ་མེ་ཏོག་ཅིག་བཏབ་ཡོད

ཁྱེད་ཀྱི་འཛུམ་མདངས་ནི་ཉི་འོད་དང་འདྲ
ཉི་འོད་ཀྱི་རྒྱ་མཚོ་རུ་ཉ་མོ་ཞིག་ཡང་ཡང་འཁྱུག
དེ་ནི་རྙིད་པར་གྱུར་བའི་མེ་ཏོག་དེའི་རྣམ་ཤེས་ཡིན
ཝེ  བུ་མོ
ཞོགས་པར་ཉི་འོད་ལ་གཏད་དེ་འཛུམ་རྒྱུ་མ་བརྗེད་ཨ
དེ་ནི་ཉ་མོ་ལ་ཁ་ཟས་སྟེར་བ་བཞིན་གལ་ཆེ

ཝེ  བུ་མོ
ད་ནི་ནམ་གུང་གི་ཆུ་ཚོད་གཉིས་པར་སླེབས
ངས་ཁྱེད་ལ་སྙན་ངག་ཅིག་བྲིས་ཚར་ཡོད
སང་ཉིན་གྱི་ཞོགས་ཟས་ཚབ་ཏུ་ཡང་ཡང་ཀློག་རྒྱུ་མ་བརྗེད་ཨ
               2015/07/16-01:56
image002.jpg


               གཙང་བོའི་ཕ་རོལ་གྱི་མེ་ཏོག

ངལ་དུབ་ནི་ལུས་ཕུང་དུ་འབྱར་བའི་གད་སྙིགས་བཞིན
མཚན་མོ་ནི་གད་སྙིགས་དེ་དག་འབོ་སའི་སྒམ་ཆུང་ཡིན
སེམས་ངལ་དང་རྨ་ཁ  ཁེར་རྐྱང་དང་སུན་སྣང་ཡོད་ཚད
སྒམ་ཆུང་དུ་བཅུག་པའི་གསེར་དངུལ་གྱི་རྒྱན་ཆ་དང་འདྲ

གཙང་བོ་ནི་མུན་ནག་གི་མཚན་མོ་དེའི་ཕྱེད་ཀ་ཡིན
རྨི་ལམ་རྨི་བ་ནི་གཙང་བོ་རུ་ཀོ་གྲུ་གཏོང་བ་དང་འདྲ

བསིལ་རླུང་ཁོ་ན་དལ་གྱིས་གཡུགས་བྱུང
རོལ་དབྱངས་ཀྱི་ལག་པ་དེ་དག་ཕྱི་རུ་བསྲིངས་ཏེ
སྙིང་ཉེ་བའི་ངོ་གདོང་རེ་རེ་ལ་བྱིལ་བྱིལ་གནང
གཙང་བོའི་ཕ་རོལ་དུ་རྨི་ལམ་རྨི་ཆོག་ན་
རྨི་ལམ་དུ་གཙང་བོའི་ཕ་རོལ་རྨིས་ཏེ
ཁྱོད་ནི་མེ་ཏོག་ཁོ་ན་ཡིན་པའི་ཡིད་ཆེས་བྱས་ཆོག
                2015/3/8

             འཆི་བའི་ཕ་རོལ་གྱི་མི་ལ་བལྟས་པ།

ཉི་འོད་ཀྱི་ཐིགས་པ་ཨར་འདམ་གྱི་ལམ་ངོས་སུ་འཐོར་བ་བཞིན
རྣམ་ཤེས་འདི་དག་ཡིག་འབྲུའི་ནགས་ཚལ་དུ་འཁྱམ
རྡོ་བའི་ཚོགས་ནི་སེམས་ཅན་གཞན་ཞིག་གི་ཕྲུ་གུ་སྟེ
ཆུ་བོ་ནི་དེའི་དབང་བོ་ག་གེ་མོ་ལས་བྱུང་བའི་སྐྱོ་ངལ་ཡིན
ཡིག་འབྲུའི་གསེབ་ཏུ་རྩྭ་ལོ་སྐྱེས་ཤིང་མེ་ཏོག་བཞད་དོན
དོན་སྙིང་མེད་པའི་ཅ་དངོས་ཐམས་ཅད་སྣོད་དུ་བཅུག་སྟེ
རྒྱང་རིང་དུ་བཞུར་བའི་ཆུ་བོར་བསྐུར་འདོད་པས་ཡིན
རི་བོའི་ཕ་རོལ་གྱི་སེམས་ཅན་དེ་དག་རྡོ་བ་དང་འདྲའམ
དོན་སྙིང་མེད་པ་ཐམས་ཅད་སྣོད་དུ་བཅུག་སྟེ
བདེ་སྐྱིད་ལྡན་པའི་སེམས་ཅན་ཡིན་པར་ཡིད་ཆེས་བྱེད་དམ

དུས་ཚོད་ཀྱི་ཐག་པར་བརྒྱུས་པའི་སུན་སྣང་དང་སྐྱོ་ངལ
སྙིང་དུ་སྡུག་པའི་བུ་མོ་དེའི་མགུལ་རྒྱན་དང་འདྲ་བར
འཆི་བར་ཕྱོགས་པའི་སེམས་ཅན་དེ་དག་གི་སྐེ་ལ་སྒྲོན
འཆི་བ་ནི་རྒྱང་རིང་ནས་ཕ་ཡུལ་དུ་ལོག་པ་བཞིན
སྐྱོ་ངལ་དང་སུན་སྣང་ཐམས་ཅད་གད་སྙིགས་སུ་བསྒྱུར་ཆོག
མི་རྣམས་འཆི་བ་བཞིན་འཆི་བའི་ཕ་རོལ་གྱི་སེམས་ཅན་དེ་དག
སླར་ཡང་ཕ་ཡུལ་དུ་ལོག་སྟེ་སྣང་བ་སྐྱིད་པའི་གླུ་ཆུང་ལེན་ནམ
                     2015/07/16

image004.jpg


               ཞོགས་པའི་སྙན་ངག

ཞོགས་པ་ནི་མཚན་མོའི་མིག་ཟུང་ལྗང་ཁུ་དེ་ཡིན
ཉི་འོད་ཀྱི་སྒོ་མོ་འབྱེད་པའི་གསང་བའི་ཨང་གྲངས་ཡིན
སྒེའུ་ཁུང་ནི་ཁང་མིག་ལས་བཞད་པའི་མེ་ཏོག་ཁྲ་ཁྲ་དེ་ཡིན
མི་རྣམས་མེ་ཏོག་གི་ཟེའུ་འབྲུ་རེ་རེ་དང་འདྲ་བར
ཉི་འོད་ཀྱི་གཙང་འགྲམ་དུ་བཞད་པའི་རེ་སྨོན་ཁོ་ན་བྱེད
མེ་ཏོག་ལ་ཆུ་ལུད་གཏོར་བ་བཞིན
འདག་རྫས་དང་ཆུ་ཚན་གྱིས་ཁ་ངོ་ཡང་ཡང་བཀྲུས་ཏེ
ཟེའུ་འབྲུ་རེ་རེ་ནི་མེ་ཏོག་རེ་ཡིན་པའི་ཡིད་ཆེས་བྱས

མེ་ཏོག་ལྟ་བུའི་ཞོགས་པ་རེ་རེ
ཁོ་མོའི་སྐེ་རྒྱན་ལྟ་བུའི་ལམ་ཕྲན་བརྒྱུད་དེ
དུས་ཚོད་ཀྱི་གཤོག་པ་ཁོ་ན་ཧྲུག་ཆག་ཏུ་བཏང
ཞོགས་པའི་དུས་སུ་མི་རྣམས་མེ་ཏོག་རེ་རེ་ཡིན

མེ་ཏོག་ནི་རྒྱང་རིང་ནས་ཕ་ཡུལ་དུ་ལོག་འདོད་པའི
སྙིང་ཉེ་བའི་མི་དེའི་རྣམ་ཤེས་ཀྱི་ཁ་གྲངས་ཡིན
འདབ་མ་ནི་འཕུར་སྐྱོད་དུ་སྤྱད་ཆོག་པའི
ཞོགས་པ་ཁོ་ནའི་མིག་འབྲས་དང་གཤོག་ཟུང་ཡིན
                2015/07/07

              ཕ་ཡུལ་དང་གྱེས་པ།

རང་ཁྱིམ་དུ་མཆོད་མེ་ཞིག་སྒྲོན་རྗེས
མཆོད་མེ་དེ་ནམ་ཡང་གཟིམ་པ་མེད་ན་སྙམ
ལམ་ལ་མ་ཆས་པའི་སྔ་རོལ་དུ
དེ་ལྟར་སྨོན་ལམ་ཁ་ཤས་བཏབ་པ་ཡིན
ཆར་བ་ཟམ་ཟིམ     རྡོག་ཁྲེས་ཙག་ཙིག
གད་སྙིགས་སྐྲུན་མཁན་གྱི་མི་འདིའི་གཤོག་པ་ཡིན
ཨར་འདམ་གྱི་ལམ་ཕྲན་དེ་ནི་ཐག་པ་ཁྲ་ཁྲ་བཞིན
རྡོག་ཁྲེས་ལྟ་བུའི་སེམས་པ་འདིའི་རྟོད་ཐག་ཡིན
ཆར་བའི་མགོ་དང་ལག་པ    རྐང་བ་དང་པུས་མོ
གྲོང་ཁྱེར་གྱི་ཁང་རྩེག་དང་ཨར་འདམ་གྱི་གཞུང་ལམ་ལ་བརྡབས་ཏེ
འཇམ་སྙན་རོལ་དབྱངས་ཤིག་རྣ་ལམ་དུ་བསྐྱལ་འོང

གྲོང་ཁྱེར་གྱི་འུར་ཟིང་དང་འདུ་འཛི
ཆར་ཞོད་རྗེས་ཀྱི་ཆུ་ལོག་ཆེན་པོ་དེ་དང་འདྲ་བར
རྡོ་བའི་རིགས་ཀྱིས་སྒོ་དང་སྒེའུ་ཁུང་ལ་ཡང་ཡང་རྡེབ
སྐབས་དེར   རང་ཁྱིམ་དུ་མཆོད་མེ་སྒྲོན་ཡོད་པ་དྲན
མཆོད་མེ་དེ་ལམ་ལམ་འབར་བའི་ཉམས་སྣང་གིས
ལམ་བུ་ནས་ལམ་བུ་བརྒྱུད་དེ་རྒྱང་རིང་དུ་ཆས
རྒྱང་རིང་ན་ཅི་ཞིག་ཡོད་དམ
 

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།