གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒོ་ཡག་བསོད་བཀྲའི་སྙན་ངག་བདམས་བཀོད།

2016-03-15 13:32:19 སྒོ་ཡག་བསོད་བཀྲ ཀློག་གྲངས། མཆན ཡོད།

IMG_0800.JPG
  ཕྲན་གྱི་མིང་དངོས་ལ་སྒོ་ཡག་བསོད་བཀྲ་དང་པིར་མིང་ལ་ཐོང་གཤོལ་ཞེས་འབོད། 1988ལོར་མདོ་སྨད་བླ་བྲང་གི་སའི་ཆར་གཏོགས་པའི་ཡུལ་ལུང་ཞིག་ཏུ་སྐྱེས་པ་ཡིན།  སློབ་ཆུང་དང་དམའ་འབྲིང་གི་ཐེམ་པ་བརྒལ་མྱོང་ཙམ་ཡིན།   ཕྲན་ལ་མཚོན་ན་2008ལོ་ནས་ད་བར་དུ་བརྩིས་པའི་ལོ་ངོ་བརྒྱད་ནི།  ལས་ཀྱི་རྡེའུ་དཀར་ནག་མི་ཚེའི་རླུང་གིས་དེད་པའི་ལོ་ངོ་བཅུ་ཡི་དུས་ཚོད་ཡིན་ཏེ།  ཉིས་སྟོང་བརྒྱད་ནས་བཅུ་གསུམ་བར་དུ་དཔེ་ཆ་དང་གཏན་དུ་གྱེས་པའི་ལོ་ངོ་ལྔ་དང་།  ཉིས་སྟོང་བཅུ་གཅིག་ནས་ད་བར་དུ།  འཇིག་རྟེན་ཅི་འདྲ་ཆེ་ཡང་ངས་ཆགས་སྡང་གི་སྲང་ལམ་གཉིས་ལས་ངོ་མི་ཤེས་པའི་ལོ་ངོ་ལྔ་ཡི་དུས་ཚོད་ཡིན།  
  ང་རང་ཉིད་ཀྱི་འཚོ་བར་ཧ་ཅང་དགའ་ཞིང་དད།   ཞིང་རྨོད་དུས་དང་ལོ་འབྲེག་དུས་ཀྱི་སྣང་བ་དེ་དག་ལས།  ངས་ནམ་ཡང་རང་ཉིད་རྙེད་སྲིད་པར་ཡིད་ཆེས་མི་ཕྱེད་པ་ཞིག་བྱེད་ཀྱིན་ཡོད།  ནས་འབྲུ་དང་། ཐོང་གཤོལ།  རྨོན་མཛོ།  རྣོ་ཟོར།  ཞིང་ས་སོགས་ནི་ངའི་ཁྲག་རྒྱུན་གྱི་ཝུ་བ་འཕྱུར་བྱེད་ཀྱི་དོན་གྱི་ཕྱི་མོ་ཡིན་ལ།  སེམས་ཀྱི་སྐོམ་པ་སེལ་བྱེད་ཀྱི་དཔེ་ཡི་ཕྱི་མོའང་ཡིན།   མདོར་ན་བདག་གི་སྙན་ངག་གི་ཕྱི་མོའང་ཡིན་ནོ།།

                           
                              ཞོགས་པ།

རྩིག་པ་དང་གྲིབ་མ་གཙུབས་པའི།
སྒྲུང་གི་མེ་དེ་རེ་ཞིག་ཞི་སོང་།
རླུང་ལ་བཏབ་པའི་མེ་སྟག་གི་གསང་བས།
ངའི་ཡ་ཆུང་ནས་ནམ་མཁའ་ཞིག་སྒོ་བཞིན་ཕྱེས།

དུས་ཚོད་ཀྱི་མཆུ་སྒྲོས་ལ་ཉི་ཟེར་བྱུགས་ཡོད།
རི་ཆུའི་བྱིན་རླབས་དང་ཙག་གི་ཚན་ཁ།
བར་ཐག་གི་མཁའ་དབུགས་ལས་ཆུ་ཡི་གཡེར་བག་རྔུབ་ཀྱིན།
ང་རང་བྱིས་པ་ཞིག་ལྟར་རི་དྭགས་ཤིག་གི་རྗེས་སུ་རྒྱུག་པར་བརྩམས།

                             2016.3.7ཉིན།

                          དགོན་པ་ཆུང་ཆུང་ཞིག་ནས་བཏབ་པ།

རླུང་གི་སྣམ་བུ་ཆུང་ཆུང་ཞིག་གིས།
འདུ་ཁང་གི་གསེར་ཏོག་འབྱིད་བཞིན་གདའ།
ཐང་མར་བརྡལ་བའི་ཉི་འོད་ཀྱི་མིག་ནང་དུ།
ལོ་ངོ་སྟོང་གི་དུས་ཚོད་ཀྱི་ཁ་བ་ཞུ་བཞིན་འདུག
གཟུགས་ཀྱི་མེ་ལོང་གསལ་ཞིང་དྭངས་པ་འདིའི་ནང་རོལ་ནས།
ཆོས་ཀྱི་སྒྱུ་མས་སྒྱུ་མ་གཞན་ཞིག་སྟོན་ཅིང་།
མི་ཕྱེད་པའི་རྩིག་པའི་གྲིབ་མ་ལས།
འདམ་དང་རྡོ་ཡི་རྩིག་པ་གཞན་ཞིག་མཐོང་།

                               2016.2.24ཉིན།

                          རྣམ་ཤེས་ཀྱི་ལྷན་པ།

ངག་གི་རྒྱུ་སྤུན་བསྡེབས་པའི་ཟླ་ཞག་དེ་དག
ལུས་དང་གྲིབ་མས་དེད་པའི་ལོ་ངོ་ཁ་ཤས་དང་མཚུངས།

རི་ཆུའི་བར་གྱང་དང་སྒོ་ཐེམ་གྱི་རྔམ་ཟིལ་གྱིས།
འུ་གཉིས་ངོ་ཙམ་འཕྲད་མ་མྱོང་ནའང་།
ཁྱོད་རང་ངའི་སྙིང་གི་གཞས་ཆུང་ཞིག་དང་འདྲ་དོན་ཅི།

ངས་ཁྱོད་རང་སྔ་མོ་ཞིག་ནས་ངོ་ཤེས་པ་འདྲ།
ཁྱོད་ཀྱི་ཚིག་གི་གྲིབ་མ་དང་ཁ་དོག་གང་གིས།
ངའི་རྣམ་ཤེས་ཀྱི་མེ་ལོང་ཕྱིས་ཏེ།
ཚེ་རབས་ཀྱི་གཟུགས་བརྙན་དུ་མ།
དུས་ཚོད་ཀྱི་ཡོལ་ངོས་སུ་བརྙན་རིས་བཞིན་འཆར་ཞིང་ཡལ་སོང་ངམ།

ཁྱོད་ཀྱི་འདྲ་པར་དག་ངའི་སེམས་ཀྱི་ཡུལ་ལྗོངས་རེ་རེ་ཡིན།
ཁྱོད་ཀྱི་སྐད་ངག་ཉིད་ང་བཞུད་སའི་ལམ་གྱི་རོལ་མོ་ལགས།

ད་ཆ་ང་ལ་ཁ་བརྡ་བྱེད་གྲོགས་སུ་ཡང་མེད་དེ།
མཐོང་ལམ་གྱི་མི་ཡོད་ཚད་རབ་རིབ་ཏུ་གྱུར་བ་ན།
སྒྲ་ཡི་ཁབ་མིག་ཏུ།
གཟུགས་ཀྱི་སྐུད་པ་ཞིག་བརྒྱུས་ཏེ།
རྣམ་ཤེས་ལ་ཁྱོད་ཀྱི་ལྷན་པ་གླན་ནོ།།

                                2016.2.13ཉིན།
IMG_0798.JPG

                         ཐང་སྟོང་གི་སྙན་ངག

ལྡེ་མིག་ལ་ལྡེ་མིག་མཐུད་དེ་དུས་ཚོད་གསེར་གྱིས་འབྲི།
རུས་པ་ལ་ཁབ་རྩེ་བརྡར་ཏེ་ཉིན་ཞག་རྡོ་ལ་བརྐོ།
སྒྲ་སྣ་ཚོགས་ཀྱི་སྐུད་པ་བསེར་བུས་འཁལ་བའི་ཡུལ་འདི་ནས།
རྡུལ་དང་ཉི་འོད་ཀྱི་རྒྱུ་སྤུན་བསྡེབས་ཏེ།
ཕ་ཡུལ་འདྲ་བའི་སྣམ་བུ་སྤུས་ལེགས་ཤིག་བཏགས་པ།
སྣང་བའི་མགོ་རྒྱན་བྱ།
འཁོར་བའི་ཞལ་ཁེབས་བྱ།
ཁེར་རྐྱང་གི་རླུང་ལ་སྦྲན།
ཚེ་སྲོག་གི་གསེར་ཏོག་འབྱིད།
འཆི་བའི་འོད་ཟེར་རྙེད་པར་བྱའོ།།

                  2015.11.22ཉིན།

                            མིང་མེད།

གྲིབ་མ་ཞིག་གིས།
གསེར་གྱི་ཐང་མའི་ནང་ནས་ལོང་བའི་ཟློས་གར་འཁྲབ་པ་ཇི་བཞིན།

བུད་མེད་ཅིག་གིས།
རླུང་གི་ཆུ་ཁར་གཡེང་བའི་སོག་ཤུལ་གྱི་ཕུག་མ་གཞབ་ཀྱིན་འདུག

ལམ་ལས་རིང་བའི་ཀོ་ཐག་གི་ཁུག་པ་རུ།
ཤལ་བའི་གར་གྱི་ཚང་མལ་བསྐྱིལ་ཅིང་།
རྫི་རླུང་ཞིག་གིས།
རང་དང་བཅས་པ་བསྒྱེལ་ནུས་པའི་ཁྲེས་པོ་ཞིག་བྲེས་པ་དེས།
ངས་ཁྱོད་རང་མཐོང་མི་ཐུབ་པར་བྱས།

                         2015.11.10ཉིན།

                             ཨ་ཕ།

ཁྱོད་ཀྱིས་ང་ལ་རྔུལ་ཁྲག་གི་བླ་གབ་ཅིག་བསྐྲུན་ཡོད།
ང་ཁང་བ་འདི་ལས་སད་དེ་མི་ཡུལ་གྱི་སྒྱུ་མར་ལྟ་དུས།
སྟོང་ཐུན་ངག་ལ་བརྒྱུས་པའི་གླུ་དབྱངས་ཀྱི་ཆུ་བོ་དེ་ཉི་ཚེ་བ་ལ།
ཆུ་བོའི་གཞུང་གི་མེ་ཏོག་སྙིང་རྗེ་བོ་དེ་དག
དུས་ཚོད་ཀྱི་རླབས་ཕྲེང་གིས་དེད་ཅིང་།
འདོད་ཡོན་གྱི་ལག་པས་བྱིལ།
ཚན་རིག་གི་གྲམ་པས་སྐྱོར་ཁག་སྟེ་ཁྲག་རྒྱུན་གྱི་ཝུ་བ་ཡལ་བ་ན།
ངའི་སྣང་བར་འཇིག་རྟེན་ལ་དུས་མ་ཡིན་པའི་དཔྱིད་ཀ་ཞིག་ཤར།
ཁྱོད་ཀྱིས་ང་རང་ཁྲིད་དེ་ཕ་ཡུལ་གྱི་ཞིང་ཁར་ཕྱིན་འདུག
སྐྱབས་འགྲོ་འདོན་ཞོར་སོན་འདེབས་ཀྱི་རོལ་ཁ་ཕྱེས་པ་ཇི་བཞིན།
དྲིན་དང་དད་པའི་སྒེའུ་ཁུང་ལས་མཐོང་བའི་འོད་ཀྱི་གྲིབ་མ་དེ།
དབུགས་ཀྱི་ཐ་གུར་བཀལ་བའི་ལྭ་བ་རློན་པ་ཞིག་དང་མཚུངས་ཏེ།
ཆར་བ་རྔུལ་ཆུས་བསླུས་པའི་གཏམ་རྒྱུད་ཀྱི་ཐིགས་པ་རེ་རེས།
ང་དུས་ཚོད་ཀྱི་རྨི་ལམ་ལས་ཡང་ཡང་སད་པར་བྱས།

                           2015.10.26ཉིན།

                            ནས་འབྲུའི་མདོ།

ཕྱི་ཡི་སྡུག་བསྔལ་གྱི་སོག་མ་ལག་པས་བལ་ཏེ།
ནང་གི་འོད་གསལ་གྱི་གཡུལ་ཁ་ཐན་པས་བཅག་སྟེ།
རུས་པས་ཤོག་བརྡུང་།
སྣང་བས་གྲ་མ་སྤུར།
ནས་འབྲུ་ཆུང་ཆུང་ཞིག་ལས་འཇིག་རྟེན་རྙེད་པར་བྱ།
སངས་རྒྱས་འཚོལ་བར་བྱ།
འཆི་བའང་དྲན་པར་བྱ།
སེམས་ཀྱིས་ཟིན་དང་མ་ཟིན་པའི་དབྲག་ཡོད་ཚད་དུ།
ཆུ་ལ་རྡོ་ཟམ་འཕངས་པ་ཇི་བཞིན་དུ།
ནས་འབྲུ་རེ་རེ་བཏབ་སྟེ་ལམ་གྱི་བར་ཐག་སྦྲེལ་བར་བྱའོ།།

                                 2015.9.23ཉིན།

IMG_0799.JPG

                            སྐད་ཆའི་གོང་བ།

ཕྱི་ལོག་སྟོན་ལ་ཤོར་ན།
ངས་ཞིང་ཁ་ནས་ཨ་ཅེ་སྣང་ས་དྲན་སྲིད།
ཁོ་མོ་གནས་ནས་ལྡོག་སྟེ་ཡུལ་ལ་ལོག་པ་འདྲ་བར།
ངའི་ལུས་པོ་ལས་ལུས་པོ་གཞན་ཞིག་འགྲུབ་དགོས།
ཡུལ་དུས་ཀྱི་རྒྱུ་སྤུན་སྡེབ་ནས།
ལོ་ལེགས་ཀྱི་སྣམ་བུ་ཆུང་ཆུང་ཞིག་བཏགས་པ།
རང་གི་ངོ་ལ་བཀབ་སྟེ་ཡོད་ཚད་བརྗེད་པར་བྱ་དགོས།

                              ༢༠༡༥།༨།༢༧ཉིན།

                            ཨ་ཆད་པ།

ལྕགས་ཀྱི་ཁ་རླངས་འབྱར་བའི་ངའི་མལ་སྟན
ཡར་མར་ཀུན་ཏུ་བཞུར་གྱིན་པའི་སྨིག་རྒྱུའི་གཙང་བོ་ཞིག་དང་འདྲ

མུན་པས་ཕྱེད་ཙམ་གང་བའི་སྣོད་ཅིག་ཆུ་ལ་འབྱིང་བ་ཇི་བཞིན
ང་རང་གི་ལུས་པོ་འཐིམ་སའི་སྨུག་པ་འདིར་ཐིམ་བཞིན་འདུག

ངའི་ཁོག་པ་གང་བོ་སྐད་ཆས་གང་ནའང
ཆར་བའི་རྒྱུན་འདིས་ངའི་ངག་དང་བཅས་པ་འཚེམ་ཞིང་དྲུབ་ན་སྙམ

                                    ༢༠༡༥།༨།༥།ཉིན།

                            གྲིབ་མ།

སུ་ཞིག་གིས་ངའི་ལུས་པོ་ནས་བེར་ཀ་རིང་བོ་ཞིག་བཤངས་སོང་།
ཐང་ལ་བརྡབ་པའི་གྲིབ་མ་ཡང་ཡང་མེ་ནང་དུ་མཆོང་གིན་འདུག

                                   ༢༠༡༥།༨།༣།ཉིན།

                           བཟི་བ།

འདམ་རྫབ་ཁྲོད་ནས་བྲོ་གར་ཡིད་ཚིམ་པ་ཞིག་འཁྲབ་འདོད
མིག་མདངས་ལ་གོས་པའི་འདམ་བག་སུས་ཀྱང་མི་འཁྲུད་རོགས

གོས་ཀྱི་གོང་བས་སྦས་པའི་མི་ཚོགས་ཤིག
འབགས་པར་ཞེད་དེ་རྒྱང་དུ་འགྱེད་བཞིན་འདུག

ང་ཁྱོད་ཀྱི་དུར་ཁྲོད་ནས་ལོག་སྟེ་ཡུལ་ལ་ཐོན་ཡོད
ཆ་སྒམ་ནས་ལྐུགས་པར་གྱུར་བའི་ས་རྫ་རྣམས་སིལ་བུར་བཅགས་ཟིན

ངས་རང་གི་ཁང་བ་མེར་བཏང་རྗེས
བྱིས་པ་གསུམ་པོ་བསྐྱབ་སྟེ་ཐག་རིང་ཞིག་ཏུ་བུད་འགྲོ

                                   ༢༠༡༥།༨།༢༠ཉིན།

                                                                   རྩོམ་སྒྲིག་པ། ལྷ་སྐྱིད།


                                                                                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།