གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་བ། ཚེ་འདིའི་ཆེས་སྤྱིར་བཏང་གི་ཞོགས་པ་ཞིག

2016-03-25 13:38:16 ལྷ་བྱམས་རྒྱལ། ཀློག་གྲངས། མཆན ཡོད།

image001.jpg

འོད་འགོག་དྲ་ཡོལ་ཕར་ཕྱེས་མ་ཐག  སྒེའུ་ཁུང་ནང་ནས་ཕྱི་རོལ་གྱི་ནམ་ཟླ་གཡའ་དག་པ་དེ་མིག་ལམ་དུ་སྣང་ཡོང་།  བགོ་སྐལ་དུ་གྱུར་པའི་ནམ་མཁའ་ལེབ་མོ་དེ་ནི་གཙང་ཆབ་གྱིས་བཀྲུས་པའི་ཤེལ་ལེབ་སྔོན་པོ་ཞིག་དང་མཚུངས་པར་མགོ་ཐོག་ཏུ་ཕུབ་འདུག་པ་དང་ཁྱིམ་གསོས་ཕུག་རོན་ཁ་ཤས་ཀྱིས་གཤོག་པ་གང་མྱུར་གྱིས་རྡེབ་བཞིན་འཕུར་འགྲོ་བཞིན་འདུག  དེ་ནས་སྒེའུ་ཁུང་གི་ཤེལ་སྒོ་ཕར་ཕྱེས་པ་ན། དེ་མ་ཐག་སྒོ་རའི་ནང་དུ་བཞད་ཡོད་པའི་དཔྱིད་མགོའི་མེ་ཏོག་གི་བསུང་ངད་དེ་སྣོམ་བྱེད་དུ་འཚང་ཡོང་།  སྐབས་འདིར་ཉིན་དཀར་གྱི་ཟིང་ཟིང་གི་སྐད་སྒྲ་ཡོད་ཚད་སླར་སོས་བྱུང་མི་འདུག་ཅིང་། ཉི་གཞོན་གྱི་མགོ་བོ་ཡང་ཤར་གྱི་མལ་ཐུལ་ནང་ནས་ཡར་བཀྱགས་མི་འདུག་པས། མཚན་གྱི་ཞི་འཇགས་ལ་ད་དུང་གོ་སྐབས་ཏོག་ཙམ་ལུས་འདུག འདི་ནི་ཚེ་འདིའི་ཞོགས་པ་“བགྲང་ལས་འདས་པའི་”ཁྲོད་ཀྱི་ཆེས་སྤྱིར་བཏང་གི་ཞོགས་པ་ཞིག་ཡིན་ལ།  འདི་ནི་ངས་བླ་ལྷག་གིས་དོ་སྣང་ཅི་ཡང་མི་བྱེད་པའི་གླེང་རིན་མེད་པའི་ཞོགས་པ་ཞིག་རེད།

ཡིན་ན་ཡང་།  དེ་རིང་ངས་ཁྱེད་ཅག་ལ་ཞོགས་པ་འདི་གླེང་འདོད་སྐྱེས་བྱུང་།  ཞོགས་པ་འདིར་ངས་ཁ་བཀྲུ་ལག་བཤལ་རྟེན་འབྲེལ་ཙམ་བྱས་རྗེས་ཁྱིམ་སྒོར་ཐོན།  དེ་དུས་ངའི་མཐའ་འཁོར་ན་ཕྱི་རིམ་ནང་རིམ་གྱིས་བསྒྲིགས་ཡོད་པའི་ཐོག་ཁང་དེ་དག་གི་བར་གསེང་ཞིག་ནས་ཞོགས་ཉིའི་འོད་ཟེར་འཇམ་ཞིང་ལྷོད་པ་ཞིག་ལྗོན་ཤིང་གི་རྩེ་མོ་དང་ཁང་མིག་གི་ཤེལ་ངོས་སུ་ཤར་བྱུང་།  ཞོགས་ཉིའི་འོད་མདངས་ཀྱི་ཀློང་ནས་ཡོད་ཚད་དེ་ལྟར་བབ་ཆགས་ཤིང་ངང་རྒྱུད་རིང་བོས་སོར་ན་གནས་འདུག་ལ། ངའི་ལུས་སེམས་གཉིས་ཆར་ཆོས་ལུགས་ལྟ་བུའི་བདེ་བ་ཞིག་གིས་ཁྱབ་བྱུང་།  ཁྲ་ལམ་མེར་བཞད་པའི་ཡལ་ཀའི་མེ་ཏོག་དེ་དག་ནི་འཛུམ་པའི་མདངས་ཕྱུང་པའི་དགོད་ཉམས་ཅན་གྱི་མི་གང་མང་གི་ཞལ་རས་རེ་རེ་དང་མཚུངས་ཤིང་།  ངས་དབང་མེད་དུ་བྲེལ་ཤ་ཆེ་བའི་གོམ་མཚམས་དེ་རེ་ཞིག་ལ་ལྷོད་ནས་མེ་ཏོག་གི་ལྗོན་པའི་འགྲམ་ནས་ཡུད་ཙམ་ལ་སྡོད་དགོས་བྱུང་སོང་།  དབུགས་བཅད་ནས་དེ་དག་གི་མཛེས་པར་རོལ་དུས།  སྣང་བ་ཞིག་ལ་རྣ་ལམ་དུ་མེ་ཏོག་དེ་དག་གི་དགོད་སྒྲ་ཡང་གྲགས་བྱུང་བའི་ཉམས་སྣང་སྐྱེས།  དེ་ཚོའི་ལུས་དྲི་ཞིམ་པོ་དེ་ནི་མཁའ་དབུགས་ཁྲོད་སྟོར་བའི་གཙང་བསིལ་བསིལ་གྱི་བསུང་ལྡན་བྱུག་ཆུ་དང་འདྲ་ཞིང་སྣ་ཡི་དབང་ཤེས་སུ་སིམ་ནས་ཡིད་ཀྱི་བུ་ཆུང་དེ་བཟི་བར་བྱས་ཡོང་།  ཡུས་ལན་ཟེར་བའི་མེ་ཏོག་འདི་འདབ་མ་ནེམ་ཞིང་འབོལ་ལ་ཞེང་ཀ་ཆེ།  གང་བུའི་གནས་སྐབས་སུ་ཕྱག་ཟུང་ཐལ་མོ་སྦྱར་བའི་ཕྱག་རྒྱ་དང་མཚུངས་ཤིང་།  བཞད་པའི་ཚེ་ན་མེ་ཏོག་གི་དཀྱིལ་འཁོར་ཆེ་ཞིང་འདབ་མ་རབ་ཏུ་རྒྱས།  འདི་ནི་ཡུས་ལན་ཤིང་གི་ཡལ་ཀར་བཞད་པ་སྟེ་ཁ་དོག་དཀར་དམར་གཉིས་ཡོད་པ་ཞིག་རེད།  ཡུས་ལན་མེ་ཏོག་སྒོ་རའི་ནང་དུ་བཞད་ཐེངས་རེར་ང་ཚོས་ཕན་ཚུན་ལ་དཔྱིད་ཀ་སླེབས་བྱུང་དཔྱིད་ཀ་སླེབས་བྱུང་ཞེས་བཤད་བཞིན་ཡོད།  ཞོགས་པ་འདིར། ང་འདི་ལྟར་རེ་ཞིག་ལ་ཞོགས་ཉིའི་འོད་མདངས་ཀྱི་ཀློང་ནས་ཡུས་ལན་མེ་ཏོག་གི་མདུན་ནས་ལུས་སོང་།

དུས་རྒྱུན་ངས་འདི་ལྟར་ཞོགས་པ་ཚོར་བས་ཟིན་མྱོང་མེད། ང་མལ་ལས་ལངས་རྗེས་ཅི་ཞིག་གི་རྗེས་སུ་ལུས་དོགས་ཀྱིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁྱིམ་ནས་ཐོན་པ་དང་ཡང་བྲེལ་བ་འཚུབ་འཚུབ་ཀྱིས་ལས་ཁུངས་ཀྱི་ཇ་ཁང་ནས་ཁ་ཟས་ཁ་ནང་དུ་འཇུག་ཅི་ཐུབ་བྱས་ཤིང་།  ཡང་གོམ་པ་མྱུར་མོར་བསྒྱུར་བཞིན་གཞུང་སྒྲུབ་ཁང་དུ་བསྐྱོད་དེ་གློག་ཀླད་ཀྱི་ཁ་ཕྱེས་པ་ན།  མཚམས་རེར་དབང་མེད་དུ་དབུགས་རིང་ཞིག་ཕྱུང་བ་དང་།  དེ་ནི་རྒྱང་རྒྱུགས་ལུས་རྩལ་པ་ཞིག་གིས་རྒྱུགས་ལམ་གྱི་སྣེ་ནས་སྟ་གོན་གྱི་ཚུལ་གྱིས་དབུགས་རིང་ལེན་ཐེངས་གཅིག་བྱེད་པ་དང་མཚུངས།  དེ་ནས་ཉིན་གང་གི་ལས་ཀའི་མགོ་བརྩམས་པ་ཡིན། ངས་འདི་ལྟ་བུའི་འཚོ་བ་ཡང་དང་བསྐྱར་དུ་ཟློས་ནས་ལོ་ཡི་འཁོར་མོ་བཅུ་ཕྲག་ཙམ་འཁྱུག་ཙམ་གྱིས་ཤོར་སོང་།  གལ་ཏེ་མི་ཚེ་ནི་དུས་ཚིགས་བཞི་ཡིས་གྲུབ་པའི་ལོ་འཁོར་གཅིག་ཡིན་ཚེ།  ད་ནི་དཔྱིད་ཚར་དབྱར་ཟད་ཀྱིས་ནམ་ཟླ་སྟོན་ལ་ཉེ་ཞིང་།  གལ་ཏེ་མི་ཚེ་ནི་ཉིན་གཅིག་གི་ཆོ་འཕྲུལ་ཙམ་དུ་ཟད་ན་ད་ནི་ཉིན་གུང་ཡོལ་ལ་ཉེ།  ཡིད་སྐྱོ་བ་ནི་མི་ཚེ་གནས་སྐབས་འདི་ལྟ་བུར་སླེབས་པ་དེ་མ་ཡིན་པར་གནས་སྐབས་འདིར་ཇི་ལྟར་སླེབས་པ་ཡང་མ་ཤེས་པར་འཐམ་འཐོམ་ངང་མཚམས་འདིར་སླེབས་པ་དེ་ཡིན་སྲིད།  གང་ལྟར་ཀྱང་།   ཆེས་སྤྱིར་བཏང་གི་ཞོགས་པ་འདིར་ངས་སྒོ་རའི་ནང་ནས་གོམ་ཁ་ལྷོད་པ་ཡིན། ནམ་ཞིག་ལ་ཚེ་ཡི་འདུ་བྱེད་སྟོང་ལ་ཉེ་དུས་ངའི་མིག་ལམ་དུ་དེ་རིང་གི་འདི་ལྟ་བུའི་ཞོགས་པ་ཞིག་ལ་ཡུས་ལན་མེ་ཏོག་གི་ཁ་གཏད་དུ་ཧད་ནས་སྡོད་པའི་སྐྱེས་པ་ཞིག་འཆར་སྲིད་དམ།  དེ་དུས་སྔ་མོ་སྔ་མོ་ཞིག་ལ་བྲེལ་བྲེལ་འཚུབ་འཚུབ་ཀྱི་ཚེ་འདིའི་འགྲོས་སུ་ལྷོད་ལ་བབས་ནས་ཡོད་པའི་སྣང་བརྙན་ཞིག་ཡིད་འཛིན་དུ་ཉར་རྒྱུ་ཡོད་པ་དེར་དབུགས་དབྱུང་སྐྱེས་ངེས་སམ། 

ཞོགས་པ་འདིར། བསེག་ནས་འཕྲོས་ཡོང་བའི་ཉི་འོད་ཀྱིས་ངའི་གྲིབ་གཟུགས་རིང་དུ་བསྲིངས་འདུག སྔོན་ཆད། ལོ་ཉི་ཤུའི་སྣང་བ་འཛིན་པའི་སྐབས་ཤིག་ལ།  ངས་རང་རྙེད་བོར་བརླག་ཏུ་གྱུར་པའི་སྐོར་ལ་བསམ་གཞིགས་ནན་ཏན་གྱིས་བཏང་མྱོང་།  ཡིན་ན་ཡང་ད་ལྟའི་བར་དུ་ངས་རང་ཉིད་ངོ་མ་དེ་རྙེད་ཐུབ་མེད་ལས་ཆེ་སྟེ།  ང་སྔར་བཞིན་རབ་རིབ་དང་འཐམ་འཐོམ། ཡང་ན་བྲེལ་འཚུབ་དང་མག་མོག་གིས་འཚོ་བཞིན་ཡོད།  དེ་དུས་ང་ལ་རང་གི་གྲིབ་གཟུགས་འཚོལ་བའི་གོམས་སྲོལ་ཆགས།  ང་ལ་མཚོན་ན་གྲིབ་གཟུགས་ནི་རང་ཉིད་མངོན་སུམ་ཚད་མ་ཡིན་པའི་བདེན་དཔང་ཉག་གཅིག་ཏུ་གྱུར་ཡོད་ཅིང་།  རྣམ་ཀུན་འཚོ་བའི་ཁྲོད་དུ་གྲིབ་གཟུགས་ལ་དོ་སྣང་ཡང་ཡང་བྱས་ཤིང་གྲིབ་གཟུགས་མཐོང་ཐེངས་རེར་ངའི་བློ་ཁ་བདེ་མྱོང་།  ཕྱིས་སུ་ང་རང་ལས་གནས་ནས་རིམ་གྱིས་འཁོར་རྒྱུགས་ཆེན་པོ་ཞིག་གི་དབང་འོག་ཏུ་ཚུད་ཅིང་།  ཉིན་རེར་རྫོགས་མཐའ་མེད་པའི་ལས་ཀ་གལ་ཆེན་མང་པོ་ཞིག་ལ་དམིགས་པ་གཏོད་མཁན་ཞིག་ཏུ་གྱུར་ཅིང་།  དུས་སྐབས་ཀུན་ལ་རང་སེམས་སུ་རིན་ཐང་ཡོད་མེད་ཀྱི་གདེང་ཚོད་ཅི་ཡང་མེད་པའི་བྱ་བར་བྲེལ།  དེ་ནས་གྲིབ་གཟུགས་ལ་དོ་སྣང་བྱ་རྒྱུ་ཡང་མ་བྱུང་ལ།  ལོ་ངོ་བཅུ་ཕྲག་ཙམ་མིག་རྡེབ་ཡུན་ཙམ་དུ་ཤོར།  ཞོགས་པ་འདིར།  ངས་རང་གི་གྲིབ་གཟུགས་ཉི་འོད་ཀྱིས་རིང་དུ་བསྲིངས་པ་མཐོང་སྐབས་མ་གཞིར་མི་ཚེ་ནི་མགོ་བརྩམས་མ་ཐག་ནས་ཡོད་ཚད་ཤོར་བཞིན་པའི་གོ་རིམ་ཞིག་ཡིན་པ་ཚོར།  ཕྲུ་གུའི་དུས་སྐབས་ཀྱི་སྟབས་བདེ་འཆར་འཕྲུལ་དང་གཡའ་དག་པའི་བྱིས་བློ་དེ་དག་གཞོན་ནུའི་དུས་སྐབས་སུ་སྣ་དགོད་གཅིག་གིས་ཕར་གཡུགས་ངེས་ལ།  དེ་རང་རྒྱང་དུ་གྱེས་པར་ཕངས་སེམས་ཅི་ཡང་བྱུང་མྱོང་མེད། ཡང་གཞོན་ནུའི་དུས་ཀྱི་ཕུགས་བསམ་དང་བརྩེ་དུང་།  ངར་ཤུགས། དྭངས་གསལ།  གླུ་སྐད། དགོད་སྒྲ་སོགས།  དར་མའི་དུས་སུ་སྨིན་པའི་ཉམས་ཤིག་གིས་ཡོད་ཚད་རྒྱང་དུ་སྤྱུགས། དེ་ནས་དར་མའི་དུས་ཀྱི་བརྟན་བརླིང་དང་བབ་ཆགས།  གཟི་བརྗིད་ཀྱི་ཚོར་བ་སོགས་རྒས་ནས་འཆི་བའི་དྲུང་ལ་སླེབས་པའི་ཚེ་ཀུན་ལ་སྙིང་བོ་མེད་པའི་བསྡོམས་ཚིག་ཅིག་གིས་ཕངས་མེད་དུ་དོར།  མདོར་ན། མི་ཚེ་ནི་སྙིམ་མཐིལ་གྱི་བྱེ་མའི་འཆིང་བུ་ཞིག་དང་མཚུངས་པར་ཇི་ལྟར་ང་ཚོས་ཤོར་དོགས་ཀྱིས་ཧུར་ཐག་འབད་ཐག་གིས་སྤར་ཁ་ཤུགས་ཀྱིས་དམ་དུ་བསྡམས་ན་དེ་ལྟར་བྱེ་མ་དག་མཛུབ་བར་ནས་ཟགས་འགྲོ། 

ཞོགས་པ་འདིར།  ངས་རྣམ་ཀུན་དོ་སྣང་བྱས་མྱོང་མེད་པའི་རང་གི་ཁོར་ཡུག་གི་བྱུང་རིམ་ཕྲ་མོ་དང་ཆ་ཤས་ཞིབ་མོ་དེ་དག་ལ་དམིགས་ཀྱིས་མཐོང་ཆེན་དང་ནན་ཏན་བྱས་ཤིང་།  ངས་ཕྲ་ཞིབ་དེ་དག་ལས་སྔར་མཐོང་མ་མྱོང་བའི་མཛེས་བ་ཞིག་དང་མཛེས་ཚོར་དེས་སྔར་བྱུང་མ་མྱོང་བའི་སྐྱིད་སྣང་ཞིག་བསྟབས་སོང་།  ངས་དཔྱིད་མགོ་མའི་བསིལ་རླུང་འཇམ་པོ་ཞིག་གི་རྒྱུ་བ་ཡང་མོ་དེ་ཚོར་བྱུང་། དེ་ལ་ཡང་མེ་ཏོག་གི་བསུང་ངད་སིམ་འདུག་ཅིང་ལྗང་མྱུག་འབུས་པའི་ལྕུག་ཕྲན་རེ་གཉིས་སྒུལ་ཙམ་སྒུལ་ཙམ་བྱེད་ལ།  ངའི་ཐོད་པའི་སྐྲ་ལོ་ཡང་འཕྱོ་ཙམ་བྱས་སོང་།  ལྗོན་ཤིང་མཐོན་པོ་(ངས་ད་ལྟའི་བར་དུ་སྒོ་རའི་ནང་གི་ཤིང་སྡོང་འདིའི་མིང་ལ་ཅི་ཟེར་བར་རྩད་གཅོད་བྱས་མྱོང་མེད)དེའི་རྩེ་མོའི་ཡལ་ཀར་སྐྱ་ཀ་ཁྲ་མོ་ཞིག་བབས་ཏེ་རྩི་ཤིང་གིས་བཟོས་པའི་ཚང་མལ་དེར་མཆུ་ཏོས་བསྣུན་བཞིན་ཞིག་གསོ་བྱེད་བཞིན་མཆིས།  ད་ལྟའི་བར་དུ་ངས་ལྗོན་པ་དེའི་རྩེ་རུ་བྱ་ཚང་ཞིག་ཡོད་པར་ཡང་དོ་སྣང་ཅི་ཡང་བྱུང་མ་སོང་། བསིལ་རླུང་གིས་བྱ་ཚང་ཡང་ཡོམ་ཙམ་བྱས་ཤིང་སྐྱ་ཀས་གཤོག་རྡེབ་ཅིག་བྱས་ནས་སྐད་གསེང་སྒྲོག་སོང་།  ཉི་འོད་སེར་པོ་ཁ་གཏད་ཀྱི་ཐོག་ཁང་གི་ཤེལ་ངོར་ཕོག་ནས་ལྡོག་འོད་ལམ་ལམ་ཅིག་འཚེར་བ་དང་།  ངས་ཆུ་ཡི་སྦུ་གུ་ནག་པོ་ཞིག་གི་ནང་ནས་དངས་གསལ་གྱི་ཆུ་མོ་ཤག་ཤག་ཏུ་ཐོན་ཡོང་ནས་དགུན་གྱི་འཁྱག་པ་ལས་གྲོལ་བའི་ལྡུམ་ར་དེའི་ནང་དུ་བཞུར་བཞིན་པ་མཐོང་ཞིང་།  ས་འདམ་གྱི་དྲི་མ་སྙིང་ཉེ་བ་ཞིག་སྣོམ་བྱེད་དུ་ཁྱབ་ཡོང་།  ལྡུམ་ར་སྐྱོང་མཁན་གྱི་རྒད་པོ་དེ་མཐོང་ཡུལ་དུ་མི་འདུག  ཆུ་ཡི་བརླན་གྱིས་ས་ནག་རིམ་གྱིས་བྲན་ཡོང་བའི་གོ་རིམ་དེ་ལ་བློ་བདེ་བག་ཕེབས་ཀྱི་སྐྱིད་ཉམས་ཀྱིས་ཁེངས་འདུག  དཔྱིད་མགོ་མའི་ཞོགས་པ་འདིར།  ང་ནི་མིག་ཟུང་གསར་དུ་ཕྱེས་པའི་བུས་པ་ཞིག་དང་མཚུངས་པར་ཁོར་ཡུག་གི་ཡོད་ཚད་ལ་མཚར་སྣང་གིས་ཁེངས་སོང་།  ལོ་འདི་འདྲ་མང་པོ་ཞིག་ལ་ང་ནི་ར་བསྐོར་འདིའི་ནང་དུ་འཚོ་ན་ཡང་ངས་དེ་རིང་གི་འདི་ལྟར་རང་གི་འཚོ་བའི་བར་སྟོང་འདིར་དོ་སྣང་བྱས་མྱོང་མེད།  ང་རྣམ་ཀུན་ལུས་སེམས་གཉིས་ཀ་བྲེལ་འཚུབ་ཀྱིས་ཁེངས་ནས་ཡོད།  ངས་གོམ་པ་མགྱོགས་མོར་ལེན་བཞིན་ཡོད།  ཚོར་སྣང་དུ་ངས་རང་ཉིད་ཇི་ལྟར་ཇེ་མགྱོགས་སུ་བཏང་ན་དུས་ཚོད་དང་ལོ་ཟླའི་འཁོར་སྐྱོད་དེ་ལྟར་ཇེ་མགྱོགས་སུ་གྱུར་འགྲོ་ཞིང་ཆེས་མཐར་མཇུག་ང་ཡང་མཐའ་འཁོར་གྱི་མི་གཞན་དག་དང་མཚུངས་པར་ངག་ནས་དུས་ཚོད་འདི་མགྱོགས་པ་ལ་ཨང་ཞེས་ལབ་མཁན་ཞིག་ཏུ་གྱུར་སོང་ལ།  ཐ་ན་དེ་རིང་གི་འདི་ལྟར་ལྷོད་ལ་བབས་ནས་ཞོགས་པ་ཞིག་ལ་རོལ་མྱོང་བྱ་བའི་དུས་ཚོད་ཀྱང་མེད་པར་གྱུར།

ང་ལ་རྒྱུས་ཡོད་པ་དང་མེད་པའི་ཁོར་ཡུག་གི་མི་མང་པོ་ཞིག་སོ་སོའི་ཚེ་སྲོག་གི་བཞུར་རྒྱུན་ཁྲོད་ནས་འདི་ལྟར་ཞོགས་པ་ཞིག་གི་དུས་ཚོད་དུ་རང་ཉིད་ཇེ་དལ་དུ་བཏང་མྱོང་ཡོད་དམ།  ད་ལྟའི་དུས་རབས་འདི་ནི་མིའི་རིགས་ལ་མཚོན་ན་རང་གི་ལོ་རྒྱུས་སུ་མི་རྣམས་བྲེལ་བ་ཆེས་ཆེ་བའི་དུས་ཤིག་ཡིན་སྲིད་དེ།  སྤྱི་ཚོགས་ཀྱི་འཁོར་རྒྱུགས་ཆེན་པོ་དེ་དཔལ་ཡོན་གྱི་མཐར་ཐུག་སྙེག་པའི་ལམ་དུ་ཤུགས་ཀྱིས་འཁོར་དུས།  བྱེ་བྲག་ཏུ་གྱུར་པའི་གང་ཟག་ཕལ་བ་རེ་རེ་ཡང་དབང་མེད་དུ་བྲེལ་འཚུབ་ཅན་དུ་གྱུར།  ཅི་ཞིག་གི་རྗེས་སུ་ལུས་དོགས་ཀྱི་སེམས་ངལ་དང་ཅི་ཞིག་བདེ་ལེགས་ངང་འགྲུབ་མི་ཐུབ་པའི་སེམས་ཁྲལ་གྱིས་ང་ཚོའི་ཚེ་གཅིག་གི་གོ་རིམ་གྱི་ཆ་ཤས་མང་པོ་ཞིག་ཟིན་ཡོད་ལ།  སྡུག་བསྔལའམ་ཅི་ཡིན་མི་ཤེས་པའི་སེམས་ཁ་དེ་བདེ་ལ་ཕབ་ཆེད། ང་ཚོས་ཆུང་བྱིས་པའི་དུས་ནས་བཟུང་རང་གི་རལ་གྲི་དེ་ཡང་ཡང་བརྡར། ཡང་ཡང་བརྡར་བས་ད་ལྟ་ཁོར་མོ་ཡུག་ཀུན་ཏུ་རལ་གྲི་རྣོ་དབལ་ཅན་སྐེད་པར་གཟར་ནས་འགྲོ་མཁན་མང་ནས་མང་དུ་འགྲོ་བཞིན་འདུག་ཅིང་།  རལ་གྲི་ཐོགས་མཁན་དག་ལ་སེམས་ནང་དུ་གཟུགས་མེད་པའི་དགྲ་ཞིག་གམ་ཡང་ན་མིག་མདུན་དུ་མངོན་སུམ་གྱི་བགེགས་ཤིག་ཡོད་ཅིང་། ཁོ་ཚོ་དུས་ནམ་ཡང་དེ་ཚར་གཅོད་པར་རྔམས་ཡོད་ལ་དེ་ཚར་གཅོད་པའི་འཇོན་ཐང་ཡང་དཔེ་མེད་ཅིག་ལྡན། འདི་ནི་ང་ཚོས་མྱངས་བཞིན་པའི་སློབ་གསོ་དེ། དེ་ནི་རལ་གྲི་ལ་ངར་ལྡུད་པའི་སློབ་གསོ་ཞིག་རེད།  སློབ་གསོ་འདི་འདྲའི་འོག་ནས་ང་ཚོས་རིམ་གྱིས་རང་ཉིད་བོར་ཅིང་།  ཁ་ཕྱོགས་ཀྱང་ནོར།  ང་ཚོ་ཚང་མ་རིམ་གྱིས་རལ་གྲི་རྣོ་ངར་ཅན་འཛིན་མཁན་གྱི་གང་ཟག་རེ་རེར་གྱུར་ཅིང་།  འཚོ་གནས་ཀྱི་འཐབ་ར་ནས་འདོད་ཡོན་གྱི་ས་མཚམས་ཆེ་རུ་བསྐྱེད་པར་ཤིན་ཏུ་དཔའ་ལ་རབ་ཏུ་འཇོན་པར་གྱུར།  འཇོན་ཐང་ཅན་གྱི་མི་འདི་དག་ད་ནི་བྲེལ་འཚུབ་ཤིན་ཏུ་ཆེ་བས།  ངས་ཁོ་ཚོའི་རྣ་ལམ་དུ་ཞོགས་པ་འདིའི་མཛེས་ཉམས་ཕྲ་མོ་དང་ལྷོད་ཉམས་ཀྱི་དགེ་མཚན་བརྗོད་པ་ནི་བཞད་གད་ཀྱི་རྒྱུ་རུ་མི་འགྱུར་བའི་ངེས་བ་མེད།

ཆེས་སྤྱིར་བཏང་གི་ཞོགས་པ་འདིར།  ངས་ལས་ཁུངས་ཀྱི་ཇ་ཁང་ནང་ནས་ཞོགས་ཟས་ལ་རོལ་དུས་བཟའ་བཏུང་གི་ཞིམ་མངར་དང་བདེ་སྐྱིད་ཚོར་བྱུང་།  སྔོན་ཆད།  ཟས་ལ་རོལ་བ་ནི་ལྟོགས་སྐོམ་སེལ་བའི་ཆེད་ཡིན་ལ།  ལྟོགས་སྐོམ་སེལ་རྗེས་མུ་མཐུད་དུ་ལས་གནས་ཀྱི་གཡུལ་དུ་ཞུགས་དགོས།  དམིགས་ཡུལ་མངོན་སུམ་ཡིན་པའི་ཟས་ཐུན་རེ་རེ་ཁ་སྒོར་འཇུག་པ་ནི་རླངས་འཁོར་ལ་རླངས་སྣུམ་ལྡུག་པ་དང་མཚུངས་ཤིང་།  རོ་དང་བྲོ་བ་དུས་ཚོད་ཕལ་མོ་ཆེ་རུ་སེམས་ཀྱིས་ཚོར་ཐུབ་མཁན་ག་ཚོད་ཡོད་དམ།  ངས་སྲན་ཁུ་དེ་ལྕེ་ཐོག་ཏུ་བླངས་པ་ན་དེ་མ་ཐག་རང་བྱུང་ཁམས་ཆེན་མོའི་རོ་བཅུད་ཞིམ་པོ་དེ་ཚོར་བར་སིམ་ཡོང་ཞིང་།  ཞོགས་པ་འདིར་ངས་འདི་ལྟར་ཅོག་ཙེའི་ངོས་ཀྱི་བཟའ་བཏུང་དེ་དག་ལ་ཡང་ནན་ཏན་དང་མཐོང་ཆེན་བྱས་པ་ཡིན།  དེ་ལྟར་སྡོད་དུས་ངའི་འཐའ་འཁོར་དུ་ང་དང་མཚུངས་པའི་ལས་ཞུགས་པ་རིམ་གྱིས་ཇེ་མང་དུ་གྱུར་ཅིང་།  ཁོ་ཚོས་གདོང་པ་གནག་ནས་ཁ་ཟས་ཟ་ཞིང་ཕན་ཚུན་ལ་མིག་གིས་ཀྱང་མི་ལྟ།  སྔོན་ཆད་ཡིན་ཚེ་ང་འདི་ལྟ་བུའི་རྒྱུན་ལྡན་གྱི་རྣམ་པར་ཤིན་ཏུ་གོམས་ཡོད་མོད།  ཆེས་སྤྱིར་བཏང་གི་ཞོགས་པ་འདིར་ང་དོགས་མི་བདེ་བར་གྱུར་ཅིང་།  ངའི་སྣང་བ་ཞིག་ལ་ཁོ་ཚོས་རལ་གྲི་རྣོན་པོ་དེ་གོས་ཀྱི་ཐུ་འོག་ཏུ་སྐུང་འདུག་ཅིང་དུས་ངེས་མེད་དུ་ཕར་རྒོལ་ལ་གྲ་སྒྲིག་བྱས་ཡོད་པའི་སེམས་ཁྲལ་བྱུང་།  ཁོ་ཚོའི་གདོང་ན་འཛུམ་ཉམས་ཅི་ཡང་མི་འདུག  ཁོ་ཚོའི་གདོང་གི་འཛུམ་མདངས་དེ་སུ་ཡིས་བརྐུས་པ་ཡིན་ནམ།

མི་ཟེར་བ་འདིར་ཅི་འདྲའི་འཇོན་ཐང་ལྡན་ཨང་།  ཆེ་ས་ནས་ཁོ་ཚོར་ལག་ཆ་བཟོ་བ་དང་། རང་བྱུང་ཁམས་ཆེན་མོར་བསྒྱུར་བཀོད་བྱེད་པ།  སྤྱི་ཚོགས་ཀྱི་སྡོམ་རྒྱ་འཐེན་པ།  དཔལ་ཡོན་བསྐྲུན་པ།  དམག་འཁྲུག་རྒྱག་པ།  ཟླ་བའི་གོ་ལར་བགྲོད་པ་སོགས་ས་སྒང་རིལ་མོ་འདིའི་སྲོག་ལྡན་གཞན་དག་གིས་མི་ལྕོགས་པའི་ལས་ཀ་ཆེན་པོ་སྒྲུབ་པའི་འཇོན་ནུས་ལྡན་ཞིང་།  ཆུང་ས་ནས་རྩ་འཛུགས་བྱེད་པ། གོ་རིམ་སྒྲིག་པ།  ཁེ་ཕན་གཉེར་པ། ཐ་ན་སྐད་ཆ་ཤོད་མཁས་པ། དོན་སྒྲུབ་པར་དཔའ་བ་སོགས་མི་འཇོན་པ་གཅིག་ཀྱང་མི་འདུག  མི་རེ་རེར་འཇོན་ཐང་རེ་ཡོད་ཅིང་། མི་རེ་རེར་རལ་གྲི་རེ་ཡོད།  འཇོན་ཐང་ངོམས་ཤིང་རལ་གྲི་གཡུགས་ཏེ།  འཚོ་གནས་ཟེར་བའི་འཐབ་ར་ཞིག་བསྐྲུན་ཅིང་འགྲན་རྩོད་ཟེར་པའི་གཡུལ་འགྱེད་ཅིག་བཤམས།  ཁྱོད་ཤི་ང་གསོན་བྱེད།  ཨ་ཨ།  མི་ཡུལ་འདི་ཨང་།  དུས་རབས་འདིར་འདི་ལྟ་བུའི་འཇོན་ཐང་ལ་མཐོང་ཆེན་ནན་ཆེར་བྱེད་བཞིན་ཡོད་དེ།  ཁོ་ཚོས་འཇོན་ཐང་གི་ཆེད་དུ་འཇོན་ཐང་སྦྱངས།  ཡིན་ན་ཡང་།   ཞོགས་པ་འདིར།  ངས་ང་ཚུད་པའི་མི་མང་པོ་ཞིག་ལ་ཆེས་གནད་འགག་གི་འཇོན་ཐང་ཞིག་མི་ལྡན་པའི་སྟོང་ཆ་དེ་མཐོང་བྱུང་།   འཇོན་ཐང་དེ་ནི་སྦྱངས་རྒྱུ་ཆེས་ཁག་པོ་དེ་ཡིན་སྲིད་ལ་ཡང་ཆེས་སླ་བ་དེ་ཡང་ཡིན་སྲིད།  དེ་ནི་རང་སེམས་སྐྱིད་ལ་འགོད་པའི་འཇོན་ཐང་དེ་ཡིན་ཏེ།  མི་ཚེ་དལ་ལ་ཕབ་ནས་འཚོ་བ་ལྷོད་ལ་འབབ་པ་དང་།  འདོད་པ་ཆུང་དུ་བཏང་ནས་སྡུག་བསྔལ་ཉུང་དུ་གཏོང་པ།  མཛེས་པར་རོལ་མྱོང་བྱེད་པའི་ཚོར་བ་རྣོ་ལ།  སྐྱིད་ཀྱི་འཛུམ་དཀར་སེམས་གྱི་ལྗོན་རྩེ་ནས་བཞད་སླ་བར་བྱེད་པའི་འཇོན་ཐང་དེ་ཡིན་སྲིད། མཐར་གཏུགས་ན་འདི་ནི་ང་ཚོ་ཚེ་འདིར་གསོན་པའི་རིན་ཐང་ཆེས་ཆེ་བ་དེ་ཡང་ཡིན་སྲིད། དེ་ལས་ལྡོག་ན་ནི་ཚེ་སྲོག་གི་ཕམ་ཁ་སྟེ་མི་རུ་སྐྱེས་ཀྱང་སྐྱིད་པའི་ཚོར་བ་རྙེད་པའི་ནུས་བ་མེད་པ། མིག་ཟུང་ཡོད་ཀྱང་མཛེས་པའི་ཉམས་མི་མཐོང་པ། རྣ་བ་ཡོད་ཀྱང་སྙན་པའི་སྒྲ་མི་ཐོས་པ། ཁ་ཡོད་ཀྱང་ཞིམ་པོའི་ཟས་མི་ཚོར་བ་སོགས་ནི་ཅི་འདྲའི་ཞེ་ཕངས་པ་ཞིག་རེད་ཨང་།

ཞོགས་པ་འདིར།  ངས་འདི་དག་བསམས་ནས་གཞུང་སྒྲུབ་ཁང་དུ་སླེབས་ཤིང་།  དེ་ནས་གློག་ཀླད་ཀྱི་ཁ་ཕྱེས་པ་ན།  སྣང་བ་ཞིག་ལ་འཇིག་རྟེན་གྱི་ཟང་ཟིང་མ་ལུས་དེ་མ་ཐག་ཁ་སང་གི་རྒྱུན་མཐུད་ནས་སླར་སོས་བྱུང་སོང་ལ་ངའི་རྣ་ལམ་དུ་རླངས་འཁོར་གྱི་དུང་སྒྲ་དང་མི་ཚོགས་ཀྱི་སྐད་སྒྲ་འཚང་ཁ་ཤིག་ཤིག་གིས་འཛུལ་ནས་སླེབས་བྱུང་།  ང་གློ་བུར་དུ་ཟིང་ཟིང་དུ་གྱུར་ཅིང་བྲལ་འཚུབ་ཏུ་གྱུར་ཏེ།  ཁ་སང་ངམ་ཁེ་ཉིན་ཡང་ན་གཞེས་ཉིན་གང་རུང་ལ་སྒྲུབ་འཕྲོར་ལུས་པའི་འཛད་མཐའ་མེད་པའི་ལས་ཀ་དེ་དག་སྒྲུབ་མགོ་བརྩམས་་་་་་་་དེ་དུས་ངས་དབུགས་གཏིང་རིང་པོ་ཞིག་རྔུབ་གཏོང་བྱས་པ་ཡིན།

 

                                                   ༢༠༡༦ལོའི་སྤྱི་ཟླ་༣པའི་ཚེས་༢༥ཉིན་པེ་ཅིན་ནས་སྦྱར།


                                                                                                     རྩོམ་སྒྲིག་པ། སྐྱ་བོ།

                                                                                 
                                                                                                   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།