གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་འདས་པོ་ཞོགས་རླུང་གི་༢༠༡༥ལོའི་ཚིགས་བཅད་སྙན་ངག་འགའ།

2016-08-13 16:10:53 ཞོགས་རླུང་། ཀློག་གྲངས། མཆན ཡོད།

image001.jpg

                                    རྒས་འཁོགས།

ན་རྒས་སྡོང་རྒན་ཉི་འོད་ཆར་ཆུས་མི་ཕན་པས།།
ཉིན་བཞིན་རང་གི་ཡལ་ག་སྐྱ་བོར་ལྟ་ཞིང་ལྟ་ཞིང་སྐྱོ།།
འཆི་བའི་རླུང་ཆེན་གཡུག་དུས་ཐ་མའི་མལ་ས་རུ།།
སེམས་ཀྱི་སྡུག་བསྔལ་མིག་ཆུས་བྲིས་ཏེ་གཏན་དུ་འགྲོ།།

                                          མཚན་མོ།

འདུ་འཛི་ཡི་ཁ་རླངས་མུན་ནག་གིས་བཀྲུས།།
རང་བྱུང་གི་འགྱུར་ཁུག་ལྷིང་འཇགས་ཀྱིས་སྦྲེངས།།
རྒྱུ་སྐར་གྱི་ཚེམས་ཕྲེང་རང་དབང་གིས་འཛུམ།།
མི་ཚོགས་ཀྱི་འདོད་རྔམས་གཉིད་མཐུག་གིས་བཅགས།།

                                         ཉི་མ་ལ་འཁང་བ།

དགུན་ཁའི་ཉི་མ་དམར་ལིང་པོ།།
ཤར་དང་མ་ཤར་ཁྱད་པར་མེད།།
ཁངས་ཆེན་ས་ལ་ལྷུང་བའི་ཉིན།།
སྤྲིན་རྒྱབ་གབ་ནས་མཐོང་རྒྱུ་མེད།།

                                       སྐྱིད་སྡུག་མི་གཅིག་སོ་སོ་ཡིན།

ཟླ་བ་ཉ་གང་དུས་སུ་ཁུ་བྱུག་རང་གི་ནགས་ཚལ་ནས་གྲགས།།
ཟླ་བ་ཚེས་རུའི་དུས་ཀྱང་ཁུ་བྱུག་སྔར་བཞིན་ནགས་ཚལ་ནས་གྲགས།།
ཁུ་བྱུག་སླེབ་པའི་དུས་སུ་ཟླ་བ་རང་གི་ནམ་མཁའ་ན་འཚེར།།
ཁུ་བྱུག་བཞུད་པའི་དུས་ཀྱང་ཟླ་བ་སྔར་བཞིན་ནམ་མཁའ་ན་འཚེར།།

                                          བསྐལ་བ་སྙིགས་མ་ལ།

སྟེང་གི་ནམ་མཁའ་རྡབ་གསིགས་ཀྱིས།།
སིལ་བུར་འཐོར་བའི་ཚུན་ཆད་ནས།།
ཉི་འོད་ནད་པ་ཅག་ཅག་ལྷུང་།།
དུ་སྤྲིན་ནད་པ་ཚོམས་ཚོམས་གཤར།།
ཁ་བ་ནད་པ་སྐབས་སྐབས་འབབ།།
རླུང་བུ་ནད་པ་ཕྱོགས་ཕྱོགས་གཡུག།
རི་བོ་ནད་པ་འགྱེལ་མ་ལང་།།
ཆུ་བོ་ནད་པ་བཞུར་མ་ཆད།།
ལམ་བུ་ནད་པ་ཕར་ཚུར་འཐེན།།
མཁར་གྲོང་ནད་པ་ཐོ་རེ་བར།།
མི་ཚོགས་ནད་པ་སྐྱེ་ཞིང་འཆི།།

                                            ལོ་ཟླ་ནག་པོ།

ཉི་ཟླའི་ནམ་མཁར་མུན་པ་བབས།།
སྐར་མའི་ལུག་ཁྱུ་སྤྱང་ཀིས་གཏོར།།
སྤྲིན་དཀར་ཚོན་པོའི་ནང་སྙིང་ཕྱུང་།།
ཁ་བ་རླུང་བུར་དུད་དྲེག་བྱུགས།།
ཀྱེ་མ་ལོ་ཟླ་ནག་པོ་འདི།།
བཞུར་མཚམས་ཆད་དུས་ནམ་ཞིག་ཡིན།།

                                             སྐྲ་རིང་མ་འདི་ཚོ་ཤ་ཚ།

བུད་མེད་མིག་གིས་ཐག་ཉེར་ལྟ།།
ཉེན་ཁར་ཐོན་དུས་བཟུར་ས་མེད།།
བུད་མེད་ལག་པ་ཁྲ་ཁྲར་སྙོབ།།
ཚོན་རྩི་ཞུ་དུས་སྟོང་པ་ཡིན།།
བུད་མེད་མིག་ཆུ་རྒྱུན་དུ་གཏོང་།།
དགོས་པའི་ཉིན་མོར་རིན་ཐང་མེད།།
བུད་མེད་ཡོད་པ་མོ་སྒོ་རེད།།
དེ་ཡང་སྐྱེས་པའི་ལོངས་སྤྱོད་ཡིན།།    

                                             ས་གོ་ལའི་སྟེང་གི་མིས།

མཚན་མོ་ལོང་བས་མིག་བགྲད་དེ།།
ནག་པོ་རེད་ཅེས་གང་སྔ་ལབ།།
རྡོ་བ་ཞ་བས་སྟེང་དུ་འགོམ།།
དུད་འགྲོ་ལྐུག་པས་རང་དབང་འཕྲོག།
ཅ་ལག་འོན་པས་དམོད་མོ་བོར།།
མི་ཡང་རྒུད་པ་མཐོང་བ་ན།།
གམ་ལ་མི་གཅར་བཟུར་ནས་འགྲོ།།

                                                  ངའི་སྙན་ངག

ནམ་ཞིག་ང་ཡི་སྙན་ངག་དག།
གཤོག་པ་ཐོགས་ནས་འཕུར་དུས་ན།།
ང་ནི་རང་གི་ལུང་ཀྱོག་ཏུ།།
གཞའ་སྟེ་སྔར་བཞིན་སྙན་ངག་འབྲི།།
ང་ཡི་ཀླད་རུས་སར་ལྷུང་ནས།།
བུ་གར་རྩྭ་ཕྲན་སྐྱེ་དུས་ཀྱང་།།
སྙན་ངག་འདི་དག་གསོན་ཡོད་ན།།
དུར་ཁང་ནང་ནས་བློ་བདེ་འོ།།

                                        རྨི་ལམ་དེ་མ་སད་ན་བསམས།

སྲོག་གི་རྐང་མར་བདོག་པ་དང་།།
དབྱངས་ཀྱི་ལྡེམ་འགྲོས་བསྟུན་པ་ཡི།།
སྙན་ངག་ཁལ་རྒྱབ་ལོངས་པ་ཞིག།
མདང་ནུབ་རྨི་ལམ་ནང་དུ་བྲིས།།
ད་ནངས་བྱ་ནག་ཁྭ་ཏ་ཞིག།
བདག་པོ་གཉིད་པའི་སར་བཅར་ཏེ།།
ཨག་སྐད་འཛེར་འཛེར་གྲགས་བྱུང་བས།།
རྨི་ལམ་སད་དེ་སྙན་ངག་ཡལ།།

                                            རླུང་དཀར་པོ།

གངས་ཀྱི་ཟོམ་དང་ཕྲག་པ་ནས།།
རྔ་རྔོག་སྔོན་པོ་རྩེ་བཞིན་དུ།།
ཞོགས་པའི་རྟ་ཁྱུ་དཀར་པོ་སྟེ།།
ཁ་བའི་རླུང་བུ་བསིལ་མ་འཇམ།།
མཐོ་སྒང་གཞིས་ཀའི་སྲོག་དབུགས་ཡིན།།

                                         རྨི་ལམ་དུ་བྲིས་པའི་སྙན་ངག

ཉི་མའི་རྒྱབ་ཀྱི་མཚན་མོ་འམ།།
གཙང་བོ་ནག་པོ་སྒྲ་མེད་དུ།།
བཞུར་ཞིང་འཁྱིལ་བ་འདི་ཡི་ནང་།།
མི་རྣམས་བཟི་ཞིང་རྣམ་ཤེས་ཀྱིས།།
མར་མེ་མཚན་ཐུབ་གཅིག་གི་ཡུན།།
དགའ་སྐྱོའི་ཐ་གུ་ཁྲ་ཁྲ་ཞིག།
ཕར་འཐེན་ཚུར་འཐེན་བྱས་ཏེ་ངལ།།
ཐོབ་ཤོར་བར་ནས་བགད་ཅིང་ངུ།།
མི་ཚེ་ཟེར་བའང་འདི་བཞིན་ནོ།།

                                        རྒོངས་ཀའི་སྙན་ཚིག

ཉི་ནུབ་གྲིབ་སོ་གུག་པའི་རྒོངས་ཀར།།
མཁའ་མཐའི་སྤྲིན་དམར་མཚེ་འུའི་མདོག་བརྗེས།།
རྫ་ཁའི་གངས་ཞི་ཕུ་མདའི་ཆུ་བྲུག།
རླུང་བུ་ཇེ་བསིལ་རྩྭ་མགོ་ལྡེམ་མེ།།
རི་འདབས་སྦྲ་རྒན་ཁ་ཚབ་ནང་ནས།།
ས་དཀར་སྒྱེད་པུའི་དུ་བ་གཤར་དུས།།
རྫི་བོས་ཁྱིམ་དྲན་ལུག་ཁྱུས་ལྷས་དྲན།།

                                         འཆི་བའི་རྗེས་ནས།

ཚེ་ཡི་ཁབ་སྐུད་འཕྲོ་མ་གློ་རྡེག་ཆད་དེ།།
འཆི་བའི་སྒྲ་ཆེན་འཇིགས་པའི་ཉམས་ཀྱིས་གྲགས་ཤིང་།།
སྲིད་པ་ཞིག་པའི་གནམ་ས་དྲག་ཏུ་གཡོ་དུས།།
རྣམ་ཤེས་བྱི་འུ་འདར་བཞིན་གང་དུ་འཕུར་དགོས།།
བར་མ་དོ་ཞེས་འབོད་པ་དངོས་འབྲེལ་ཡོད་དམ།།
དཀར་ནག་ལམ་བུ་གང་འདེམས་རང་དབང་ཨེ་ཡིན།།
ལམ་སྣེ་ཞིག་ལ་གནས་གཞི་ཡོད་པ་བདེན་ནམ།།
དེར་ཡང་འདི་ལྟར་སྐྱེས་ཤིང་གསོན་ན་ཆོག་གམ།།

                                         འཇིག་རྟེན་འཁོར་བ།

འཇིག་རྟེན་འཁོར་བ་གཉིད་ཐུན་གཅིག་ཙམ་གྱི།།
རྨི་ལམ་ཟ་ཟིའི་ནང་ན་འགུལ་བ་ཡི།།
མི་མངོན་ཐང་ན་བཞད་དེ་བསྐམ་འགྲོ་བའི།།
ཁ་དོག་མ་ངེས་འཛིན་པའི་མེ་ཏོག་ཅིག།
དེ་ཡི་གེ་སར་ལ་ལས་ཚེར་མར་མཐོང་།།
ལ་ལས་མི་འདོད་བཞིན་དུ་དེ་ཉིད་བོར།།
མང་ཞིག་དེ་རུ་ཆོ་ངེ་འདེབས་ཀྱིན་ཡོད།།
འོན་ཀྱང་དེ་ཉིད་བཀྱེད་པར་རབ་ཏུ་སྐྲག།

                                         ནམ་གུང་གི་གླུ།

གནམ་ངོ་གློ་བུར་བརྡིབས་ནས།།
མཚན་སྨག་ཆར་བས་བངས་སོང་།།
ང་ཡི་སྐར་ཁྱུ་ཁྲ་བོ།།
དོ་ནུབ་གང་ལ་གྲམ་དགོས།།

                                           ཕྱིར་ལ་ཆས་པ།

ཟླ་བས་གཉིད་ཅོག་བརྒྱབ་ནས།།
ལ་མོའི་ཕར་ནང་གཟིམས་སོང་།།
སྐར་མ་གཅིག་རྗེས་གཉིས་མཐུད།།
ནམ་མཁའི་དབྱིངས་སུ་བཤར་ཐལ།།
ང་ཡང་བྱམས་པ་བཞག་ནས།།
ཕྱིར་ལ་ཆས་པའི་སྒང་ཡིན།།

                                          ཁྱིམ་ཆུང་ནང་གི་དཔོན་ལུ།

བཟའ་ཚེ་རོགས་གཉོག་པའི་བུ་རྒོད་པོ།།
ཁྱིམ་ཆུང་ནང་གི་དཔོན་ལུ་ཡིན།།
གོས་ཚ་རུ་མནབས་ནས་འདུག་མཁན་ཡིན།།
ལས་ཀ་ལྕི་མོ་བྱེད་མི་དགོས།།
ཟས་སྡེར་ཁའི་ནང་ནས་བརྙབས་བསྡད་ཆོག།
གཏམ་ཡ་མེད་བཤད་དེ་འགྱིང་ཡང་ཆོག།
དུས་རྒྱུན་དཀའ་ཚེགས་མ་མྱོང་བས།།
གདོང་སེར་ཁ་གས་པའི་ཆུང་མ་ལས།།
ངོ་ཤ་དཀར་ལ་འཇམ་ཞིག་ཡོད།།
གཟུགས་པོ་ཐང་ལ་སྟོབས་ཤིག་ཡོད།།
འགྲོ་ན་ཁྱིམ་མིའི་གྲ་སྒྲིག་ཡོད།།
མི་འཚག་ལིང་ངེའི་སྡུག་མི་མྱོང་།།
འོང་ན་ཁྱིམ་མིས་བསྒུག་བསྡད་ཡོད།།
ཟས་རླངས་པ་འཕྱུར་བཞིན་ཚོས་ནས་ཡོད།།
རྐང་བསུང་དྲི་དྲོ་ན་ཆུང་མས་འཁྲུད།།
རྒྱབ་སྒལ་བ་གཟེར་ན་བུ་ཡིས་འཕུར།།
དེ་ཡི་ལན་དུ་ཐལ་ལྕག་དང་།།
རྡོག་ཐོ་བུ་དང་ཆུང་མར་ཡོད།།
ཁོག་ཤེས་རྒྱས་དབུལ་ཡང་མི་ཕོ་དེའི།།
ལུས་སྟོབས་དར་མ་གཡག་དང་འདྲ།།
ཁུ་ཚུར་བཅངས་ན་གནམ་ས་འདར།།
དཔའ་སྐད་འཐེན་ན་ཕ་བོང་གས།།
བདུད་ཀླུ་བཙན་མན་ལ་མི་ལྷུང་བའི།།
ཨ་མའི་གཅེས་ཕྲུག་ལང་ཤོར་པོ།།
རྐང་བུ་ཕྲུག་གིས་ཡིད་སྨོན་འཆོར་ས་ཡིན།།
ཁྱིམ་བཟའ་ཟླ་ཝ་བྲོས་བྱེད་ས་ཡིན།།
ཕྱི་སྡེ་བས་ལྐོག་སྨད་གཏོང་ས་ཡིན།།

                                     མགུར་ཐུང་།

བུ་ཚའི་གྲལ་མཐའ་ཡི་རྒན་མོ་དེ།།
སྐྲ་ནག་པོ་ཚར་ནས་སྔོ་དཀར་སྐྱེས།།
གཟུགས་པོ་སྒུར་ཞིང་ཞ་འཐེང་འགྲོ།།
སེམས་སྙི་མོ་རེས་དགའ་རེས་སྡུག་བྱེད།།
ཁྱིམ་ཕྱི་ནང་གི་ལས་ཀ་ཙག་ཙིག་པོ།།
ད་རུང་སྒུར་རེ་སྒུར་རེ་ལས།།
བུ་དང་ཚ་བོ་སྙིང་རིང་པོར།།
མཚན་རྨི་ལམ་ནང་དུའང་སེམས་ཁུར་བྱེད།།
ད་ཁ་ཆུ་འཛར་འཛར་བཤད་པའི་གཏམ།།
སུ་ཡི་རྣ་ལའང་མི་འགྲོ་བས།།
ལྷ་ཐུགས་རྗེ་ཆེན་པོར་བློ་གཏད་ནས།།
མ་ཎི་ཚར་རེ་འདོན་ན་ཨང་།།

                                         སྐྱོ་མགུར་ཕ་མའི་མིག་ཆུ།

བུ་དེ་ཁྲམ་པ་གཉའ་རེངས་པོ།།
ཡུལ་ཕ་མའི་རྩིབ་ལ་མི་འཁྲི་བར།།
ཕོ་འཁྱམ་མོ་ལྡོམ་ཚོའི་ཁྱུ་བསྒྲིགས་སར།།
ཁོ་ཡང་འཚང་ག་བརྒྱབ་ཏེ་ཐལ།།
མཚན་ཆང་ཁང་ནང་ལ་འགྲོ་ཐེངས་རེར།།
ཨ་རག་གླུ་ཆུང་ལེན་བཞིན་འཐུང་།།
ཁ་ཚོད་མེད་པོས་ཡས་བཤད་མས་ལབ་བྱེད།།
མི་སེམས་ལ་རྨ་ཁ་ཚོད་མེད་ཕབ།།
ནམ་རྒྱུན་སྨན་ཁང་ཁྲིམས་ཁང་ལ།།
རེས་མོས་ཀྱིས་སོང་བ་རྩི་མི་ལང་།།
དྲིན་ཕ་མས་གནང་བའི་ལུས་པོ་ལ།།
ད་གཞན་གྱིས་གཏོད་པའི་རྨ་ཤུལ་མང་།།

 

                                                                            རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།