གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་གཞུག་སྐྱིད་ཀྱི་སྙན་ངག་བདམས་བཀོད།

2016-10-12 19:34:31 བོད་གཞུག་སྐྱིད། ཀློག་གྲངས། མཆན ཡོད།

SSL20510.JPG
བོད་གཞུག་སྐྱིད།     མདོ་སྨད་ཁྲི་ཀ་ནས་སྐྱེས། 2006ལོར་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན།  2011ལོར་ཨ་རིའི་སློབ་གྲྭ་ཆེན་མོJohns Hopkinནས་ཟླ་བ་དྲུག་རིང་རྒྱལ་སྤྱིའི་ཐུན་མོང་འཕྲོད་བསྟེན་རིག་པར་སློབ་གཉེར་བྱས།  2013ལོར་མཚོ་སྔོན་གསོ་རིག་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུབ་སློབ་མའི་དམ་བཅའ་བླངས།  དེ་དུས་བར་གསེང་གི་དུས་ཚོད་སྤྱད་ནས་ཐེངས་དུ་མར་གཞི་རིམ་སྐྱེས་མ་ཚོར་འཕྲོད་བསྟེན་བདེ་ཐང་གི་རྒྱུན་ཤེས་བརྒྱུད་སྒྲོག་བྱས།  གཞན་ཆེད་ལས་ཀྱི་ཞོར་ནས་རང་གི་དགའ་ཕྱོགས་ཀྱང་མ་དོར་བར་《སྦྲང་ཆར》དང་《གངས་རྒྱན་མེ་ཏོག》《གངས་རིའི་བུ་མོ》སོགས་དུས་དེབ་སྟེང་བརྩམས་ཆོས་སྣ་མང་བཀོད་ཡོད།  2011ལོར་རྒྱལ་ཡོངས་བྱམས་བུད་མེད་རྩོམ་རིག་བྱ་དགའ་ཨང་དང་པོ་ཐོབ།  2015ལོར《སྤྱོད་ལམ་དང་ཁྲིམས་ལུགས》ཞེས་པའི་ཁ་བྱང་གཅིག་པའི་འབོལ་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་མྱོང་།  ད་ལོར་སྙན་ངག་བརྩམས་ཆོས<<སྐྱ་རེངས>>དེབ་སྒོར་ཐོན་ཡོད།  ད་ལྟ་མཚོ་སྔོན་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་ནས་གནའ་དཔེའི་ཞིབ་འཇུག་གི་ལས་ཀ་བྱེད་བཞིན་ཡོད། 

 
                                 དུས་བཅད་འགད་རྫས།

འགད་རྫས་དམར་པོ
སྙིང་ཤག་ཏུ་སླེབས
ཡུན་རིང་ཡུན་རིང་ཞིག་ལ
གླུ་དབྱངས་རྐྱང་རྐྱང་བླངས

ལག་ཟུང་འཇམ་པོས
འགད་རྫས་དེར་བྱིལ་བྱིལ་བྱས
དེའི་ཁ་དམ་པོ་དམ་པོར་བསྡམས་ནས
རྫས་དྲི་སྲོ་མང་ཙམ་ཡང་མ་ཁྱབ

རྣམ་ཤེས་ཕྲ་མོས
འགད་རྫས་དེ་བསྐྱོར
བུམ་པ་དང་འདྲ་བའི་འགད་རྫས་དེ་བསྐྱོར
འོད་བསྩལ
དྲོད་བསྩལ

འཛུམ་མདངས་ཁོ་ནས
མུན་པ་བསལ་བར་བྱས
འགད་རྫས་ལ་གུར་ཁང་བཟོས
འགད་རྫས་ལ་སྲོག་ཞུགས

དགུན་གྱི་ཁ་བ་ཞུ་སོང
དཔྱིད་ཀྱི་མེ་ཏོག་བཞད་སོང
དབྱར་གྱི་ཆར་དུས་འདས་སོང
འབྲས་ལྡན་སྟོན་གྱི་དུས་ལ

འགད་རྫས་ལ་དྲོད་འཕྱུར
ལུས་སེམས་ཙད་པས་རློག
དུས་བཅད་ལ་སླེབས་སོང
འགད་རྫས་རང་བཀད་བྱུང
གུར་ཁང་ཐལ་རྡུལ་དུ་བཟོས

ཤུལ་ན་ཁ་ཆེམས་ཡི་གེ་ཁོ་ན་ལུས་འདུག
དགོངས་དག དགོངས་དག དགོངས་དག
ང་ནི་ཁྲམ་པས་མངགས་པའི་ཕོ་ཉ་སྟེ
བདེན་པ་འདིའང་གསང་རོགས་ཞུ་ཟེར

ཁང་བཟང་གི་གདུང་རྒྱུག་ཆག་རོ་དག
ཧྲུག་ཆག་གི་ཀ་རྡོ་ནག་པོ་དག
རེ་རེ་ས་ན་མིག་ཆུ་ཁྲོམ་ཁྲོམ
རེ་རེ་ས་ན་ཁྲག་དམར་འཛར་འཛར

ཁ་ཆེམས་ཡི་གེ་བར་སྣང་ལ་འཕུར
ནམ་ཞིག
ཁང་བཟང་དེ་སླར་ཡང་ཕུབ་ཐུབ་བམ།

                     2016.08.15

                              སྙན་ངག་ཅིག་ཁེ་གྲིས་གཏུབ།

image003.jpg

སྙན་ངག་དེ་པར་སྒྲོམ་དུ་འཇོག་རྩིས་བྱས
སྙན་ངག་དེ་གྱང་ལྡེབས་ལ་སྦྱར་རྩིས་བྱས
སྙན་ངག་དེ་རུམ་ནས་གཉིད་རྩིས་བྱས
སྙན་ངག་དེ་བློ་ལ་བཟུང་རྩིས་བྱས

སྙན་ངག་དེ་དབྱངས་གསལ་གྱིས་གྲུབ་ཡོད་པས་ཡིན
སྙན་ངག་དེ་ཡིད་ཆེས་ལ་བརྒྱུས་ཡོད་པས་ཡིན
སྙན་ངག་དེ་མ་རུ་བསྒོམས་ཡོད་པས་ཡིན

སྙན་ངག་དེར་ཞིབ་ཏུ་རོལ་ཚེ
སྙན་ངག་དེར་ཅང་མི་འདུག

དེ་ལ་ཚེ་སྲོག་གི་བདེན་པ་མི་འདུག
དེ་ལ་བླ་འགུག་གི་སྤོབས་པ་མི་འདུག
དེ་ལ་ཉི་འོད་ཀྱི་ཟེགས་མ་མི་འདུག
དེ་ལ་བརྩེ་སེམས་ཀྱི་མངར་ཤུགས་མི་འདུག

དེའི་ཚན་པ་དང་པོ་ཕྱི་ཚུལ་ཛ་ཛོར་རེད་འདུག
དེའི་ཚན་པ་གཉིས་པ་ཚུལ་འཆོས་ཟོག་རྫུབ་རེད་འདུག

ཁེ་གྲི་བསྣམས་ཡོང
སྲོག་ཞུགས་མེད་པའི་སྙན་ངག་དེ་གཏུབ
ཀི་ཀུ་གཏུབ
ཞབས་ཀྱུ་དྲས
འགྲེང་བུ་བཅད
ན་རོ་བཤགས

སྙན་ངག་དེས་ངའི་ཡིད་ཆེས་བཀླགས་ཟིན
སྙན་ངག་དེས་ངའི་ཁ་སང་རྨས་ཟིན

ཁེ་གྲི་བསྣམས་ཡོང
ཚོར་བ་རྫུས་མ་དེའི་སྐྱི་པགས་བཀོག
སྣང་བ་ཆལ་ཆོལ་དེའི་གདོང་བ་གཅོག
སྙན་ངག་ལ་རྣམ་ཤེས་ཡོད་དགོས

ཀ་ཡེ  སྙན་ངག་པ
སྙན་ངག་དང་ཁྱེད་གཉིས་ག་བར་ཐག་ཨེ་ཉེ
མི་ཉེ་ན་གཡུག་ཞོག་དང་མི་སྐྱོན

                                              2016.08.16

                             བརྒལ་མ་ཐུབ་པའི་མཚན་མོ་ཞིག

ལོ་ཟླའི་གྲངས་དང་མཉམ་པའི་མཚན་མོ་མང་པོ
རྨི་ལམ་དང་ངལ་དུབ་ཀྱི་སྣང་བས་ཁྱེར་ཡོད
མཚན་མོ་རེ་རེ་མུན་ནག་གིས་བཏུམས་ཀྱང
ནང་སེམས་ན་རང་དབང་གི་ཤོག་བྱ་སྤུར་ཡོད

ཉིན་མོ་རེ་རེ་ནི་གཅོང་རོང་བརྒལ་སྟངས་རེ་རེ་ཡིན་ན
མཚན་མོ་རེ་རེ་ནི་སེམས་ངལ་གསོ་བའི་བྲག་ཐེམ་རེ་རེ་ཡིན
མཚན་མོའི་སྐར་ཚོམ་གྱི་གསེབ་ནས
ངས་རྨི་ལམ་ལ་མགུལ་རྒྱན་བཏེགས་མྱོང
མཚན་མོའི་ཟླ་འོད་ཀྱི་ཀློང་ནས
ངས་མ་འོངས་པར་བློས་བསླངས་གྲངས་མེད་བྱས་མྱོང་

གྲོང་ཁྱེར་གྱི་མཚན་མོ་རེ་རེར
ཁྲ་ཆིལ་གྱི་གློག་གཞུའི་དབུས་ནས
ངས་དབྱངས་གསལ་ཀྱི་མགྲིན་པ་ཡང་ཡང་བསྐྱོར་མྱོང་བས
མཚན་མོ་ནི་ཡིད་ཀྱི་གར་སྟེགས་ཡིན
སེམས་ཀྱི་རོལ་དབྱངས་ཡིན
འོད་ཀྱི་འཇིག་རྟེན་ཡིན
རང་ཉིད་ལ་དབང་བའི་རྒྱལ་ཁབ་ཆུང་ཆུང་དེ་ཡིན

རྨི་ལམ་སྐྱུར་བོ་ཞིག་གི་སྔ་རྗེས་ཀྱི་ནམ་ཟླ་རྦད་དེ་འགྱུར་འདུག
ཟླ་བ་ཉ་གང་ཞིག་གི་ངོས་ལ་རབ་རིབ་ཀྱི་དྲི་མས་བཀང་འདུག
སྐར་ཚོམ་ཁྲི་འབུམ་གྱི་དགོད་སྒྲ་ས་གཞིར་ཁྱབ་འདུག
རྨི་ལམ་ལས་སད་མ་ཐུབ་པའི་མི་དེའི
མདུན་ཕྱོགས་ནི་བྲག་རི་རེད་ལ
རྒྱབ་ཕྱོགས་ཀྱང་གཡང་གཟར་རེད་འདུག

རྣམ་ཤེས་ཀྱི་འོད་ཐིག་ཕྲ་མོ་དར་ཅིག་འགགས་སོང
བླ་སྲོག་གི་རྒྱུད་སྐུད་ཕྲ་མོ་དར་ཅིག་འདར་སོང

མཚན་མོ་དེའི་རྗེས་སུ་
དུས་ཀྱི་ནམ་མཁའ་གཞི་ནས་ལངས་སོང
ང་ཡི་ནམ་མཁའ་ལངས་རྒྱུ་མ་བྱུང་
ང་ཡི་སེམས་ལ་མུན་པ་རུབ་བྱུང

                    2016.08.17

mmexport1468745428648.jpg

                              ཟི་ལིང་ལ་ཆར་བབས་བྱུང་།


ཟི་ལིང་གི་མི་རྣམས་ཁོམ་དྲགས་ནས་བསྐོར་བྲོ་ཁོ་ནར་གཡེངས་ཡོད
ཟི་ལིང་གི་མི་རྣམས་འདུར་ཆེ་ནས་ཞོགས་ཟས་ཙམ་ཡང་རོལ་ཐུབ་མེད

ཟི་ལིང་གི་རླངས་འཁོར་མང་ཚུལ་ལ་བལྟས་ན་ཨ་རིའི་ནེའུ་ཡོག་དང་འདྲ
ཟི་ལིང་གི་ཐོག་བརྩེགས་མང་ཚུལ་བཤད་ན་རྒྱ་ནག་གི་ཧྲང་ཧེ་དང་འདྲ
ཟི་ལིང་གི་རྒྱ་ལམ་དོག་དྲགས་ཚུལ་བཤད་ན
མི་དང་རླངས་འཁོར་གྱིས་ཁྱོད་ཤི་ང་གསོན་བྱེད་དགོས

ལོ་འདི་འདྲའི་རིང་ལ་ཟི་ལིང་གི་ནམ་ཟླ་ཡང་ཡང་འགྱུར་གྱིན་འདུག
དྲ་འབུ་དག་གིས་དབྱེ་ཞིབ་ལ་ལན་ཅིག་རློམ་ཚེ
ནམ་ཞིག་གནའ་མཁར་འདི་རང་འདྲེ་མཁར་ཡིན་ཟེར

ད་ལོའི་ཟི་ལིང་གི་ཉི་མ་ཚ་གདུག་ཆེ་དྲགས་པས
མྱུར་སྐྱེལ་ཀུང་ཟི་ཚང་གི་ཁ་ལོ་བ་དག་གིས
ཁ་པར་གཏོང་དུས་དབུགས་ཀྱང་ལེན་ཐུབ་ཀྱིན་མི་འདུག

ད་ནངས་ཞོགས་པར
ཟི་ལིང་གི་ནམ་མཁར་སྤྲིན་འཁྲིགས
ཟི་ལིང་གི་ལྗོན་པ་དག་རླུང་བུས་སྒུལ
འབྲུག་ཆུང་གིས་སྔོན་བརྡ་མ་བཏང་གོང་ལ
ཆར་བ་ཤག་ཤག་ཏུ་བྱོ
ལམ་རྐེད་ན་ལུས་པའི་ང་རང
ཕྱི་ཞེན་ནང་ཞེན

མི་རྣམས་ཀྱི་ཧ་ལས་པའི་མིག་མདངས་ལ་གཡོལ་ཆེད
ཤེལ་སྒོའི་ནང་རོལ་ཞིག་ནས་ཆར་གཞོལ་བྱས་ནས་ཆར་ལ་བལྟས
ད་ལོའི་ཟི་ལིང་གི་ནམ་ཟླས་ང་རང་ཚོས་ཚད་བཤད་ན
གོ་རེ་འཚིག་ཏོ་འཚིག་ཏོ་ཞིག་དང་ཅིས་མི་འདྲ

སུ་ཞིག་གིས་ཕོག་ཐུག་བཏང་བ་འདྲ་བའི་གནམ་རྒན་མ
དྲག་ཏུ་ངུས་ནས་མིག་ཟུང་ཆུ་བུར་འདྲ་བ་ས་ངོས་ནས་སྐྲངས་འོང

 ངུ་སྙིང་འདོད་པ་དག་ཀྱང་ཆར་ལ་སིམ་བྱུང
ཁོག་ཏུ་བཞུར་བའི་མིག་ཆུ་དག་ཀྱང་ཆར་གྱིས་བརླན་བྱུང

ཟི་ལིང་གི་ནམ་མཁའ་ངུས་ནས་ཤ་འོད་རྒྱུག་བྱུང
གོ་རེ་འཚིག་ཏོ་ཆར་གྱིས་བརླན་ནས་རེད་པར་གྱུར་སོང

ཆར་བ་ད་དུང་འབབ་ཀྱིན་འདུག
མིག་ཆུ་ད་དུང་བཞུར་གྱིན་འདུག

                                                 2016.08.18

                            ནག་མོ།

image009.jpg

ནག་མོ་ནག་ཆག་ཅེས་ནས་ད་དུང་ཡང་ཡང་བོས་ཤོག
འདྲེ་མོ་བདུད་མོ་ཞེས་ནས་ད་དུང་ཡང་ཡང་གཙེས་ཤོག
ཨ་ཡེ་རྒན་མོ་ཁྱོད་ཅེས་ཡང་ནས་ཡང་དུ་བརྙས་ཤོག

ལྷ་མོའི་སྟེང་ལ་སྒྲོལ་མ་བསྣན་ནས་འབོད་མཁན་ཁྱེད་ཚོ
འཕགས་མའི་སྟེང་ལ་དབྱངས་ཅན་འདོགས་མཁན་ཁྱེད་ཚོ

རང་སྣང་གི་གྲི་ཆུང་མཁའ་ལ་འཕྱར་བའི་ཅོལ་ཆུང་ཁྱེད་ཚོ
ཉམ་ཆུང་མི་མོ་དག་གི་ལུས་བོངས་ཕྲ་མོ
རི་རྩེ་རེ་རེ་ན་འགྱིང་བའི་དར་ལྕོག་རེ་རེ་ཡིན

ང་ལ་བརྙས་ཆོག་ང་ལ་སྡང་ཆོག་ང་རང་བསླུས་ཆོག
ང་ཡི་བརྩེ་བ་འཁྱེར་ཆོག་དུས་ཚོད་བརླགས་ཆོག་དྲན་པ་རྨས་ཆོག
ང་ལ་ཁྲེལ་མེད་བྱས་ཆོག་དཀའ་ལས་གཏད་ཆོག་འོ་བརྒྱལ་བཟོས་ཆོག
ང་ལ་སྣང་མེད་བྱས་ཆོག་མྱི་ཁ་བཏང་ཆོག་ཕ་གིའི་རི་ལ་སྤྱུགས་ཆོག

ང་ཡི་གློ་བ་དཀར་ནས་བརྩེ་བ་བརྟན་ནས་ཁྲེལ་གཞུང་ཡོད་ན་དེས་ཆོག
ང་ཡི་རྒྱུ་འབྲས་བསྣམས་ནས་དམ་ཚིག་བརྩིས་ནས་སེམས་པ་ཡོད་ན་དེས་ཆོག

ང་རང་ལན་བརྒྱར་གཏུབ་ཀྱང་ཁྱེད་ཚོས་ང་རང་རྨས་པ་ཡིན་ན་མི་སྐྱོན
ང་རང་ལན་དགུར་བསད་ཀྱང་ཁྱེད་ཚོས་ལག་དམར་བྱས་པ་ཡིན་ན་མི་སྐྱོན

ནག་མོ་ནག་མོ་ཟེར་ནས་ནག་པོའི་ཆ་དེ་ཡང་ཡང་མ་སློང
འདྲེ་མོ་འདྲེ་མོ་ཟེར་ནས་འདྲེ་མོའི་སེམས་དེ་ཡང་ཡང་མ་སྒུལ

ནམ་ཞིག་མི་མོའི་སེམས་པ་རྡོ་ལ་ཐོགས་དུས
ཁྱེད་ཚོའི་ཚུལ་འཆོས་ཀྱི་ངོ་གདོང་ལ་སྦར་འགྲད་བྱེད་ན་ཐང
ཁྱེད་ཚོའི་བརྟན་ཚུགས་མེད་པའི་རྐང་པ་རེ་རེ་རྡོ་ཡིས་གཅིར་ན་ཐང
ཁྱེད་ཚོའི་བློ་གཏད་མེད་པའི་ཁྲེལ་གཞུང་ས་ལ་བསྲེས་ན་ཐང
ཁྱེད་ཚོའི་བཀའ་དྲིན་ཞུ་མི་ཤེས་པའི་ཁ་ངོ་དེ་ལ་མཆིལ་ཞགས་འདེབས་ན་ཐང
ཁྱེད་ཚོའི་སྡར་མ་ཝ་འདྲེའི་ལས་དེ་ཉིན་ཐོར་འདེབས་ན་ཐང

མི་མོའི་ཡིད་ཀྱི་ཞིང་ཁམས་ལ་ཐེངས་ཤིག་འགྲིམས་ན་འདོད་ཚེ
ང་ཚོར་བཙན་པོའི་རྒྱལ་རབས་ཀྱི་རྣམ་ཐར་བཤད་རོགས
ང་ཚོར་གེ་སར་སྒྲུང་གི་རྟོགས་བརྗོད་གླེང་ཤོག
ང་ཚོར་ནོར་བཟང་རྒྱལ་པོའི་བརྩེ་བ་གླེང་ཤོག
ང་ཚོར་མི་ལ་རས་པའི་སྙིང་རུས་ལོབ་ཤོག

ང་ཚོར་ཕ་ས་ཕ་ཡུལ་གྱི་འགྱུར་ལྡོག་གླེང་ཤོག
ང་ཚོར་ནོར་ལུག་འབྲུ་རིགས་ཀྱི་རིན་གོང་གླེང་ཤོག
ང་ཚོར་ནང་མི་སྤུན་ཟླ་ཡི་གོད་ཆག་གླེང་ཤོག
ང་ཚོར་དཔལ་ཡོན་རིག་གནས་ཀྱི་ཉིང་བཅུད་གླེང་ཤོག

དེ་མིན་ཕར་ལ་སོང་ ཕར་ནས་ཕར་ལ་སོང
ནག་མོ་ངའི་གླུའུ་ཁ་མ་སློག
ནག་མོ་ངའི་ནག་ཆ་མ་རློག

ང་ད་དུང་འཛུམ་མདངས་ཀྱིས་གསོན་དགོས
ང་ད་དུང་ཞི་འཇམ་ངང་འཚོ་དགོས

                   2016.08.19

                             འཆི་བ།

ས་རུབ
ནམ་མཁའ་ལངས
སྐྱེ་འཆི་ཡང་དེ་བཞིན་ཨེ་ཡིན

ནང་ཁོག་བྲུས
རྣམ་ཤེས་འཆལ
གསོན་པ་ཡང་བརྡ་རྟགས་ཙམ

མཛེས་སྡུག་དང་བདེ་སྐྱིད
དགོད་སྒྲ་དང་མིག་ཆུ
རེས་མོས་ཀྱི་འཁོར་ལོ་བསྐོར

མིག་གི་མཐོང་ས་ནས
སེམས་ཀྱི་ཉེ་ས་ནས
ཚེ་སྲོག་ནི་བ་སྤུ་ལས་ཡང

འུ་ཐུག་གི་འཛུམ
ལས་དབང་གི་ཁྲལ
ག་དུས་གཞལ་ཚར་རམ

གློ་བ་ཉེ་མཁན
སྙིང་ལ་གཙེ་མཁན
ཟུངས་ཁྲག་གི་ལས་ཀྱང་ཁོགས

མིག་བཙུམ
སེམས་པ་བཏང
ཕ་རོལ་ནི་སྐྱེ་བ་ཕྱི་མ

འཆི་བ
རང་དབང་ལ་ཕྱོགས
ང་རྒྱལ་གྱིས་བཏེགས
རྩིས་ཐང་ལ་བཀོད

འཆི་བ
མཐོ་ས་མཐོ་ས་ཞིག་ནས་དྲན་ཡོང
དམའ་ས་དམའ་ཞིག་ནས་དྲན་ཡོང

ཚེ་སྲོག་གི་སྐུད་སྣེ་ལ་འཇུ་མཁན་དག
སྲུང་འཁོར་བཞིན
མགུལ་ན་གནས
སེམས་ལ་བརྒྱུས
སླར་ཡང
ཁྱེད་ཚོའི་གམ་ལ་ལོག

                           2016.08.23

                            རང་གི་རྩར་བརྟག་པ།
image013.jpg

ཉི་འོད་ཁྲོད་ཀྱི་མུན་པར་སྡང་ཡོང
མུན་ནག་ཁྲོད་ཀྱི་དཀར་པོར་ཞེན་ཆགས
སྨྲ་བ་ལྡབ་ལྡིབ
གོམ་འགྲོས་འཁྱར་འཁྱོར

ཟས་ལ་དཀར་གསུམ་མངར་གསུམ
སྤྱོད་པ་བདེན་དགེ་མཛེས་གསུམ
དུས་ཀྱི་དབང་གིས་མིན་ན
གདོན་གྱི་དབང་གིས་ཡིན་སྲིད

ལུས་ཀྱི་དྲོད་གྲང་མི་སྙོམས
འཕར་རྩའི་རྒྱུ་བ་སྟོང
ཆུ་ཡི་ཁ་དོག་འཁྲུགས

དོན་གྱི་རྒྱལ་པོར་དྲོད་མེད
རྒྱལ་པོའི་བློན་པོར་དབང་མེད
གློ་སྙིང་དྲག་ཏུ་འཕྱོ

ན་ཟུག་རྟུལ་བོ་ཞིག་གིས
སྣོད་ཀྱི་སླ་ང་ཕོ་བ་དེ་ཡང་ཡང་སྒུལ་བས
མྱག་བྱེད་ཀྱི་མེ་བསད
འཇུ་བྱེད་ཀྱི་མེ་བསད
མེ་མཉམ་ཀྱི་མེ་བསད

རླུང་རྣམས་རྒྱུ་བའི་རྩ་བཀག
མ་ཞུ་བ་གང་དེ་གཅོང་ནད་དུ་གྱུར

དོན་རྣམས་འཆོལ
སྣོད་རྣམས་འཁྲུགས

སུ་ལའང་མ་བཤད
སུ་ཡིས་ཀྱང་མ་ཚོར

གཅིག་བྱས་ན་ནད་རྟགས་ཁྱེད་ལ་མི་གསལ
གཉིས་བྱས་ན་གཉེན་པོ་ཁྱེད་ཀྱིས་མི་ངེས

 སྐྱེ་བདུན་རིལ་བུ་ལ་སྒུག་འདོད་མེད་ཀྱང
འཁོར་བའི་ཆགས་ཞེན་གྱི་ཞགས་པ་ཤིན་ཏུ་དམ

ཟས་ལ་གསར་བཅུད་འབྲི་འོ་ནོར་ལུག་ཤ་སྦྱིན
སིལ་ལ་སེ་འབྲུ་སྟར་བུ་རྒུན་འབྲུམ་རིགས་བསྟེན

སྤྱོད་ལམ་ནི་ལུས་རྩལ་སྦྱོང
སེམས་ཁམས་ཡངས
བག་ལྷོད་བྱ
སྐལ་བ་དང་ལྡན་ན
ཡིད་འོང་གི་གྲོགས་དང་བསྡོངས

སྨན་ལ་སེམས་ཀྱི་བདེ་སྐྱིད་བསྟེན
རྣམ་ཤེས་སོར་བཅུག་བཏང
སྲོག་འཛིན་བཅུ་གཅིག་བླུད
དཔྱད་ལ་མེ་བཙའ་འཕེན
གཏར་ག་གདབ

རླུང་རླུང་གི་གནས་སུ་འཕོ་རུ་ཆུག
ཁྲག་ཁྲག་གི་གནས་སུ་བཞུར་དུ་ཆུག

འབྱུང་བཞི་ལ་གོད་ཆག་མ་བྱུང་ན
དྭངས་མ་དྭངས་མའི་ལམ་དུ་རྒྱུ་ངེས
སྙིགས་མ་སྙིགས་མའི་ལམ་ནས་དོར་ངེས

                    2016.08.25

                             ཁ་བྱང་ལ་འཁོར་བ།

mmexport1468745421780.jpg

ཞོགས་པའི་དུས་ནས་ང་རང་ཤར་ཕྱོགས་ལ་འགྲེངས
མདུན་གྱི་ཉི་འོད་དང་སྤྲིན་དཀར་ལ་ཆགས

ཀྱ་ཀྱུའི་ལམ་བུ་ནི་སྨིག་རྒྱུ་བཞིན
སུས་ཀྱང་ཕན་ཚུན་ལ་འཛོམས་ཆད་བཏབ་མེད

ངས་ནི་བྱེའུ་གཤོག་ཐོགས་བཞིན་
རང་ཉིད་ཀྱི་ནམ་མཁའ་སྲུང
ལག་གཡས་ན་ཐར་བ
ལག་གཡོན་ན་འཁོར་བ
རྣམ་ཤེས་ནི་བུང་བ་བཞིན་གར་དུ་རྩེན

ལས་ཀྱི་རླུང་གིས་བཏེགས་འོང་བའི་ཁྱེད
དར་ལྕོག་བཞིན་ཟད་པའི་ངའི་ལང་ཚོར་འཁྱིལ

བརྟན་ཅིང་རླིང་བ་ལ
སྙན་ཞིང་འཇེབས་པ་ལ
དྭངས་ཤིང་གཙང་བ་ལ

འདུས་པ་དང་བྲལ་བ་སྐད་ཅིག
ཐོབ་པ་དང་ཤོར་བ་སྐད་ཅིག

སེམས་ལ་བུད་ཤིང་ཡང་ཡང་བསྒྲིགས་པའི་མི
སྙིང་ལ་ཞེ་འདང་ཡང་ཡང་བསྐུ་བའི་མི

རླུང་ནག་འཚུབ་མ་ཐེངས་ཤིག་གིས
ལས་དབང་ཞིག་ཁ་ཁར་བཏང
ལམ་ཁ་ནས་སོ་སོར་གྱེས

དེའི་རྗེས་སུ
རྒྱབ་ཕྱོགས་ཀྱི་རླུང་བུ་ཅི་འདྲ་རྒོད་ཀྱང
དགུན་ཟླ་ལྷག་མ་ཞིག་རོལ་དགོས་ཡོད་ཀྱང

ད་ནི་ཁ་བྱང་ལ་འཁོར་བར་བྱ
གདོང་མུན་ནག་ལ་གཏད་པར་བྱ
སེམས་གྲིབ་མ་ལ་འཁེན་པར་བྱ

ནམ་ཡང
ཞེ་འདང་གི་རྨ་ཤུལ་མནབས་པའི་རྟག་བརྟན་གྱི་བྲག་རི་བཞིན
དྲན་གདུང་གི་ཟེགས་མ་འཕྱོ་བའི་ཞི་འཇམ་གྱི་རྒྱ་མཚོ་བཞིན

                               2016.08.28

                             ལྕི་བ་འཐུ་བའི་བུད་མེད་ཅིག་བྱེད་འདོད།

image017.jpg

ནམ་མཁའ་ལ་ལན་རེར་བལྟས་པ་མིན་ན
ཉིན་མོ་ལའང་ཉི་འོད་ཚོར་གྱིན་མི་འདུག

ས་གཞིའང་རི་བོ་བཞིན་རྒས་འཁོགས་ནས་རྒས་འཁོགས་སུ་གྱུར
རྩྭ་ཐང་དང་ནོར་གནག་རྨི་ལམ་ལ་འཁོར་བཞིན་རྨི་ལམ་ནས་ཡལ་འགྲོ

ཨར་འདམ་དང་གྱིག་རྩེ་ལས་གྲུབ་པའི་རྩེད་ར་ལྟ་བུའི་གྲོང་ཁྱེར
འཛུམ་མདངས་དང་དགོད་སྒྲ་མ་ལུས་ཀྱང་གྲུ་བཞི་གླིང་བཞི

རེ་བའི་མིག་ཟུང་འོད་ལ་གཏད་ཀྱང
སྡར་མའི་ལག་པ་བྲང་ལ་སྙོབས་མཁན་གྱི་མི་ཚོགས

བརྩེ་བའི་ལག་ཟུང་མཐོ་རུ་བཏེགས་ཀྱང
ཞུམ་པའི་སྐད་ངག་འདར་འདར་གྱི་མི་ཚོགས

བརྩེ་བའི་གདངས་ལ་བརྩེ་བ་མངོན་རོགས
འཛུམ་པའི་བརྡ་ལ་འཛུམ་ཆུང་མངོན་རོགས

ད་ནི་ལྕི་བ་འཐུ་བའི་བུད་མེད་ཅིག་བྱེད་འདོད
སྤང་དང་གྲམ་པ་པང་ལ་བླངས་ཏེ
སླེ་བོ་གྲུ་བཞི་རྒྱབ་ལ་འཁུར་ནས
ལྕི་བ་འཐུ  བུད་ཤིང་སྒྲིག
མེ་འབུད་ཆུ་ལེན་བྱས་ཆོག
རང་གི་གོ་ཁ་སྲུང་ཆོག

སྤང་ཨ་ལོང་མེ་ལོང་འཁྱིལ་ས་ནས
ན་མེ་ཏོག་སྟོང་ལྡན་བཞད་ས་ནས

མེ་ཁ་གསོ་བྱེད་ཀྱི་ལྕི་བ་འཇམ་པོ་དག་འཐུ
སྨན་གྱིས་མ་གོས་པའི་ལོ་ཏོག་བཟང་པོ་ཞིག་འདེབས
དྲི་མས་མ་ལྷད་པའི་སེམས་པ་གཙང་མ་ཞིག་སྲུང

རྒྱུ་འབྲས་ནི་མ་ཎི་བཞིན་ཡང་ཡང་བཟློ
ཁྲེལ་གཞུང་འཚོ  བདེན་གཏམ་སྨྲ
ཕ་གཞིས་ཀྱི་ཀ་བ་སྲུང་
ཡབ་མེས་ཀྱི་གཏམ་རྒྱུད་གྱེར

ཐོབ་ཤོར་གྱི་ལས་དག་ཡིད་ལ་མི་བརྣགས
དཀར་ནག་གི་ངོ་གདོང་ཐོད་ལ་མི་ལེན

ལྕི་བ་འཐུ  ལོ་ལེགས་ལེན
རྒན་གཉོར་བྱིས་སྐྱོང་
ཚེ་སྲོག་ལོ་དང་ཟླ་ལ་ཕུལ་ཡོང་

རྒྱབ་རི་དང་ལྗོན་ཤིང་ནང་བཞིན་བརྟན་པོར་འགྲེངས་ཏེ
རང་དབང་གི་མཁའ་དབུགས་རྔུབ
སུ་ལའང་སྤྲང་ལག་མི་གཟེད
རང་ཁ་རང་གིས་གསོ

                 2016.10.05


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།