གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁུ་བྱུག་སྔོན་མོའི་ལྷུག་རྩོམ་གསར་བ་ཁག་གསུམ།

2017-04-18 17:26:08 ཁུ་བྱུག་སྔོན་མོ། ཀློག་གྲངས། མཆན ཡོད།

IMG_3512.JPG

ཁུ་བྱུག་སྔོན་མོ། མིང་དངོས་ལ་ཀླུ་བྱམས་རྒྱལ་དུ་འབོད།1984ལོར་རེབ་གོང་རྒྱལ་པོ་སྒང་སྡེ་བར་སྐྱེས། 2007ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཤེས་རིག་གླིང་ནས་སློབ་མཐར་ཕྱིན། ད་ལྟ་རྩེ་གཞུང་མི་རིགས་སློབ་འབྲིང་དང་པོའི་མཐོ་འབྲིང་ཚན་ཁག་ཏུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད། སྙན་དེབ《ཙོང་ཆུའི་འགྲམ་གྱི་སྙན་ངག》《ཟླ་བའི་གཙང་བོ》སོགས་པར་དུ་བསྐྲུན། འཐུས་ཚབ་བརྩམས་ཆོས་ལ《གཤོག་པ། གཤོག་པ།》《འུག་པ་གླེང་བ》སོགས་ཡོད།

གཞན། ཉེ་ཆར་ཁོང་གིས་སྙན་ངག་གི་དེབ་ཅིག་དང་ལྷུག་རྩོམ་གྱི་དེབ་ཅིག་ཀློག་པ་པོ་རྣམ་པའི་སྤྱན་སྔར་འབུལ་འཆར་ཡོད་ཀྱང་། མཐུན་རྐྱེན་མ་འཛོམས་པར་གཉན་པོ་གསང་བའི་ཚུལ་དུ་བཞག་འདུག་སྐད།


ཆར་བ།   

    དབྱར་ཁ་སླེབས་ཟིན་ནའང་། ཡུན་རིང་ཞིག་ལ་ཆར་བ་ཞིག་བབས་མ་བྱུང་བས། ངས་ད་ལྟ་རྒྱུན་དུ་ཆར་བ་ཞིག་འབབ་པར་རེ་ཞིང་སྒུག་ཡོད། ངས་རེ་ཞིང་སྒུག་པའི་ཆར་བ་དེ་ནི་ཁངས་ཆར་དང་རྫི་ཆར་སོགས་མ་ཡིན་པར་སྦྲང་ཆར་བསིལ་མར་འབོད་པ་དེ་ཡིན་ཞིང་། སྦྲང་ཆར་བསིལ་མ་འབབ་དུས་འཇའ་ཚོན་ཤར་ཡོང་ངེས་ལ། འཇའ་ཚོན་ཤར་ཚེ་ད་གཟོད་ངས་རང་གི་སེམས་པ་ནམ་མཁའ་ལྟར་བསྐྱེད་ནས་མཛའ་མོ་ལ་སྙན་ངག་བྲིས་ཆོག

    སྐབས་དེ་དུས། སྙན་ངག་དེའི་ཡིད་བརྙན་གཙོ་བོ་གཉིས་ནི་འཇའ་ཚོན་དང་ནམ་མཁའ་ཡིན་ལ། སྐབས་བབས་ཀྱི་བརྗོད་བྱ་ནི་བརྩེ་འདང་གི་གསང་བ་ཞིག་སྟེ། སུ་ཞིག་གིས་གསང་བ་དེ་ཤེས་འདོད་ན་རང་གི་སེམས་ཁོང་གི་མཛའ་མོར་ཕྲིས་དང་། རང་ལ་ནམ་མཁའ་ལྟ་བུའི་སེམས་རྒྱ་ཞིག་ཡོད་ན་ཁོ་མོས་ཕལ་ཆེར་རྟོགས་སྲིད། དེ་ནི་ཁེད་དཀའ་བའི་གབ་ཚིག་ཅིག་དང་ཡེ་ནས་མི་འདྲ།

    ད་ནི་དངོས་འབྲེལ་བསམ་ཐོག་ཏུ་བབས་བྱུང་། དེ་རིང་ནི་བཀྲ་ཤིས་པའི་ཉི་མ་ཞིག་སྟེ། ཏག་ཏག་སྐབས་འདིར་ཆར་བ་ཤག་ཤག་ཏུ་འབབ་མགོ་བརྩམས་བྱུང་། ས་བབ་མཐོ་ཞིང་དབྱར་ཐུང་བའི་ཡུལ་རེབ་གོང་གི་སྟོད་ཕྱོགས་ཀྱི་ས་ཆ་འདིར་མཚོན་ན་། ཆར་བ་འདི་ད་ལོའི་སྦྲང་ཆར་བསིལ་མ་ཡིན་པའི་ཆར་བ་འབབ་ཐེངས་དང་པོ་དེ་ཡིན།  དེ་བས། ཡུལ་འདིའི་མི་སུ་ལའང་ཚོར་བ་སྐྱིད་པོ་ཞིག་འབྱུང་བ་སྨོས་མ་དགོས།   

    ཆར་བ་འབབ་དུས། ངས་སྒེའུ་ཁུང་གི་འགྲམ་ན་ཕྱི་རུ་བལྟས་ཏེ་བསྡད་ཡོད། ཆར་བ་ཤག་ཤག་འབབ་པའི་སྒྲ་ནི་ཆེས་སྙན་ཅིང་འཇེབས་པའི་རོལ་དབྱངས་ཤིག་སྟེ།  ང་རང་ཆེས་རྒྱུན་དུ་ཉན་པར་སྤྲོ་བའི་ས་ཁུ་སིའི་རོལ་དབྱངས་ཀྱང་འདི་ལས་ལྷག་པ་ཞིག་གཏན་ནས་མ་རེད།   ཡང་གཅིག་བཤད་ན་ཆར་བ་འདི་ནི་ནོར་ནག་གི་ཤ་ཤེད་དང་འབྲུ་དྲུག་གི་སྙེ་མ་སྟེ། ཡུལ་མི་ཚོའི་འཚོ་བའི་བདེ་སྐྱིད་ཀྱི་ཕྱྭ་དང་གཡང་ཡིན་པས། སྤྱིར་བཏང་གི་ཆར་བ་ཞིག་ག་ལ་ཡིན།           

    ཆར་བས་ཚ་གདུག་དང་མི་གཙང་བ་ཐམས་ཅད་སངས་པར་བྱས་ཏེ། ནོར་འཛིན་བུ་མོའི་ལུས་ལ་ཁྲུས་གསོལ་དལ་བུར་བྱས་བྱུང་།ཆར་བས་སྐྱེ་དངོས་དང་སྲོག་ཆགས་མང་པོོའི་རེ་ཆད་དང་ཉོབ་སྣང་རྒྱང་དུ་སྤྱུགས་ཏེ། འཛད་དུ་མེད་པའི་སྟོབས་ཤུགས་དང་ཡིད་ཆེས་ཀྱི་དངོས་གྲུབ་ག་ལེར་གནང་བྱུང་།

    ཆར་བ་ཤག་ཤག་ཤག  ཤག་ཤག་ཤག  ཤག་ཤག་ཤག

    ཆར་བ་ངའི་སེམས་ལ་བབས་བྱུང་། 

    ཆར་བ་ངའི་སེམས་ནས་བཞུར་བྱུང་། 

    ཆར་བ་ངའི་སེམས་ལ་འཁྱིལ་བྱུང་།  

    མ་གཞིར། ཆར་བ་ནི་ལོ་ལ་བསྙལ་བའི་ལོ་ཆང་བསིལ་མ་སྟེ། སེམས་ཀྱི་མཛའ་མོས་དྲངས་པ་བཞིན་ཞལ་ཕོར་གང་གིས་ང་རང་སྐད་ཅིག་ཉིད་ལ་བཟི་བར་བྱས་སོང་།

    སྐབས་དེར། ཆར་བའི་རོལ་དབྱངས་དེས་ངའི་ཚོར་བའི་ཀློང་ཆེན་གློ་བུར་དུ་བརྡོལ་དུ་བཅུག་པ་འདི་ལྟར།། ཆར་ཟིམ་མུ་ཏིག་རོལ་མོའི་སྒྲ་ལས་འཐོར།། ཚོར་བའི་ཟིལ་བ་སེམས་ཀྱི་འདབ་མར་ཆགས།། ནམ་མཁའ་སེམས་ཡིན་སེམས་ནི་ནམ་མཁའ་སྟེ།། དགོད་དམ་ངུ་བའི་མིག་ཆུ་ཅི་ལ་བཞུར།། བསིལ་རླུང་འཇམ་པོ་ཆར་བའི་ཁྲུས་ལ་རོལ།། ཚོར་བའི་སྨུག་སྤྲིན་སེམས་ཀྱི་ལྗོངས་ལ་འཐིབས།།  ནམ་མཁའ་སེམས་ཡིན་སེམས་ནི་ནམ་མཁའ་སྟེ།། དགེ་དང་སྡིག་པའི་འགྱུ་བ་ཅི་ལ་འབྱུང་།། ··· ···  ཨ་ཨ། འདི་ནི་ཆུ་མིག་ཅིག་དང་འདྲ་བར་བཀག་ཀྱང་མི་ཁོག་པར་བཞུར་སོང་།།

    ཆར་ཐིགས་གཅིག  ཆར་ཐིགས་བརྒྱ། ཆར་ཐིགས་སྟོང་། ཆར་ཐིགས་ཁྲི··· ···

    ཆར་བ་སྔར་བཞིན་ཤག་ཤག་འབབ་ཀྱིན་འདུག    ངས་སྒེའུ་ཁུང་སྔར་ལས་ཀྱང་ཡངས་པོར་ཕྱེས་ཏེ་སེམས་ཀྱི་སྐྱོ་བ་དང་ངལ་དུབ་ཡོད་ཚད་ལོགས་སུ་བསྐྱུར་ནས་ཡུན་རིང་ཞིག་ལ་ཉམས་སུ་མྱང་མ་མྱོང་བའི་ཆར་བའི་རོལ་དབྱངས་ལ་རྣམ་ཤེས་སྒྲིམ་སྟེ་ཉན་པ་ཡིན།ཆར་བའི་རོལ་དབྱངས་ནི་ཤིན་ཏུ་དམའ་བ་ནས་དམའ་བ་ཙམ་དང་། དེ་ནས་དེ་ལས་མཐོ་བ་ཙམ་དང་དེ་ནས་དེ་ལས་མཐོ་བ། དེ་ནས་གློ་བུར་དུ་དམའ་བར་འགྱུར་བ། དེ་ནས་གློ་བུར་དུ་མཐོ་བར་འགྱུར་བ་ཞིག་སྟེ། མཚམས་རེར་ལྡོག་ནས་ཀྱང་གྲག  དེ་བཞིན་དུ་ཕྲ་སྤོམ་ལ་ཡང་འགྱུར་བ་དེ་དང་འདྲ་བར་འགྲོས་ཚད་མང་དུ་མཆིས། རོལ་དབྱངས་དེའི་ཁྲོད་ནས། ང་རང་དྭངས་གཙང་གི་ཆུ་འགྲམ་ཞིག་ནས་འཇམ་མཉེན་གྱི་ནེའུ་གསིང་ཞིག་ཏུ་སླེབས་ཤིང་། དེ་ནས་སྔོ་ལྗང་གི་རི་སུལ་ཞིག་དང་དེ་ནས་སྤྲིན་དཀར་གྱི་ཀླད་དང་། དེ་ནས་གློ་བུར་དུ་སྤང་ལྗོངས་ཤིག་ཏུ་སླེབས་ཤིང་། དེ་ནས་གློ་བུར་དུ་ལྗོན་ཚལ་ཞིག་ཏུ་སླེབས། དེ་ནས··· ···

    དུས་ཚོད་ཅི་ཙམ་ཞིག་འགོར་བ་མི་ཤེས་མོད།      སྐབས་ཤིག་ལ་ང་རང་གློ་བུར་དུ་ཕྱིར་སྒེའུ་ཁུང་གི་འགྲམ་དུ་སླེབས་འདུག  མཚར་སྣང་དང་བཅས་ཏེ་སྒེའུ་ཁུང་ལས་ཕྱི་རུ་བལྟས་པ་ན། ཆར་བ་འགྲམས་བཞིན་འདུག་ལ། ནམ་མཁའི་སྤྲིན་དཀར་ལ་ངེ་ལིང་ངེའི་གསེབ་དག་ནས་ཉི་ཟེར་འཇམ་པོ་མངོན་ཆུང་གིས་འཕྲོ་ཞིང་འཕྲོ།               

    སྙན་འཇེབས་ལྡན་ལ་ཡིད་དབང་འཕྲོག་པའི་དེ་རིང་གི་ཆར་བའི་རོལ་དབྱངས་ཁྲོད་ཀྱི་འགྲུལ་བཞུད་དེ་ནི་ང་ལ་མཚོན་ན་སྣང་བ་ཙམ་ཞིག་མ་ཡིན་ཏེ། དབང་ལྔའི་སྤྱོད་ཡུལ་གྱི་འདོོད་ཡོན་དག་ཀྱང་རང་ཆོས་སུ་ཀུན་ནས་རྫོགས་འདུག  འགྲུལ་བཞུད་འདི་འདྲ་སྐྱེས་པ་ནས་ད་ལྟའི་བར་དུ་བྱས་མ་མྱོང་ལ་། ཕྱིས་ཀྱི་དུས་སུ་ཡང་ཧ་ཅང་བྱེད་དཀའ་འོ།། ཆར་བའི་རོལ་དབྱངས་ཁྲོད་ཀྱི་འགྲུལ་བཞུད་དེས་ང་ལ་མི་ཚེའི་སྤྲོ་སྣང་དང་མཛེས་སྡུག་ཅེས་པའི་ཐ་སྙད་ལ་གོ་བ་གཞན་ཞིག་ཡོད་པ་ཤེས་སུ་བཅུག་བྱུང་།  

    སྔོན་ཆད། བོད་པ་རྣམས་གཡུང་དྲུང་རྨུ་ཐག་གི་སྣེ་མོར་འཇུས་ནས་འགྲུལ་བཞུད་བྱས་སྐད། དེའི་རྗེས་སུ། བོད་པ་རྣམས་ལྷ་བབས་མཆོད་རྟེན་གྱི་སྐས་རིམ་ལ་འཛེགས་ནས་འགྲུལ་བཞུད་བྱས་སྐད། ད་ལྟ། བོད་པ་རྣམས་དངུལ་ལོར་གྱི་ཁུད་དུ་བཙངས་ནས་འགྲུལ་བཞུད་བྱེད་ཀྱིན་འདུག  ཡིན་ནའང་། ང་གཅིག་པུ་ཆར་བའི་རོལ་དབྱངས་ཁྲོད་ཀྱི་འགྲུལ་བཞུད་ལ་དགའ་ཞིང་། ད་དུང་དཔྱིད་རླུང་གི་རོལ་དབྱངས་ཁྲོད་ཀྱི་འགྲུལ་བཞུད་དང་ཟླ་འོད་ཀྱི་རོལ་དབྱངས་ཁྲོད་ཀྱི་འགྲུལ་བཞུད་སོགས་ལའང་མོས་སོ།།

    ཆར་རྗེས་ཀྱི་ནམ་མཁའ་ནི་སུ་ཞིག་གི་སེམས་པ་ཡིན་ནམ། 

    ཆར་རྗེས་ཀྱི་བསིལ་རླུང་ནི་སུ་ཞིག་གི་བརྩེ་བ་ཡིན་ནམ།

    ཆར་བ་འགྲམས་དུས། ཆར་རྗེས་ཀྱི་གནམ་གཤིས་བཟང་བོ་ཉམས་སུ་མྱོང་སླད། ང་རང་སྡོད་ཤག་ལས་བུད་དེ་ཕྱི་རོལ་དུ་སོང་། ཕྱི་རོལ་གྱི་གནམ་གཤིས་ནི་བསིལ་ཞིང་དྭངས་པས། བདེ་སྣང་གི་ཚོར་བ་ཡན་གར་བ་ཞིག་ཡང་ཡང་སྟེར་བར་བྱེད།  སྤྲིན་དཀར་ལ་ངེ་ལིང་ངེའི་གསེབ་ཀྱི་ཉི་ཟེར་འཇམ་པོ་ནི་དྭངས་གཙང་གི་ཆུ་རྡུལ་ལ་འཕྲད་དེ། ཅུང་ཟད་རྒྱང་རིང་བའི་བར་སྣང་ཁམས་ནས་འཇའ་ཚོན་ཞིག་ག་ལེར་འཆར་ནས་འོངས། སྐབས་དེར། བུ་མོ་ཞིག་ཀྱང་ཅུང་ཟད་ཐག་རིང་བའི་ས་ན་ང་ལ་ཕྱོགས་ནས་ཚུར་ཡོང་བཞིན་མཆིས།   

   འཇའ་ཚོན་དེ་ཇེ་གསལ་ནས་ཇེ་གསལ་རེད།   

   བུ་མོ་དེ་ཇེ་ཉེ་ནས་ཇེ་ཉེ་རེད།

   འཇའ་ཚོན་དེ་ཁ་དོག་སྣ་བདུན་གྱི་མདངས་ཀྱིས་མཛེས།

   བུ་མོ་དེ་མཚར་སྡུག་གི་འཕྱོར་ལྭས་ཀུན་ནས་སྒེག

   གལ་ཏེ། འཇའ་ཚོན་དེ་ནི་ནམ་མཁའ་དང་ངེད་གཉིས་བར་གྱི་གསེར་ཟམ་ཞིག་ཡིན་ན། བུ་མོ་དེ་ནི་གསེར་ཟམ་དེའི་སྟེང་ན་ཚུར་ཡོང་བཞིན་པ་དེའོ།། བུ་མོ་དེ་ནི་སུ་ཡིན་ནམ། ང་དང་ཁ་གཏད་ནས་ཡོང་དགོས་དོན་ཅི་ཡིན་ནམ།

    དེ་ལྟར་བསམས་དུས། བུ་མོ་དེས་འཇའ་ཚོན་གྱི་གསེར་ཟམ་རྒྱབ་ཏུ་བསྐྱུར་ནས་ངའི་མིག་མདུན་དུ་སླེབས་འདུག  ཁོ་མོའི་གདོང་ལ་འཛུམ་ཞིག་རྒྱས་ནའང་མིག་ཀོང་ནས་མིག་ཆུ་རྡོག་པོ་རེ་རེ་ཆད་པ་མེད་པར་འགྲིལ་ནས་བཞུར་བྱུང་། ང་རང་གློ་བུར་དུ་ལྐུགས་པ་ཞིག་ཏུ་གྱུར། སྨྲ་བ་མེད་པར་ཁ་རོག་གེར་ཁོ་མོའི་གདོང་ལ་ཅེར་ནས་བསྡད།

    མིག་ཆུ་དེ་ནི་ཆར་བའི་རིགས་གཞན་ཞིག་སྟེ། དེ་ནི་ད་ལོའི་ཆར་བ་འབབ་ཐེངས་གཉིས་པ་རེད། ཆར་བ་དེའི་རོལ་དབྱངས་ནི་ཆར་བ་འབབ་ཐེངས་དང་པོའི་རོལ་དབྱངས་ལས་ཀྱང་ལྡབ་འགས་ལྷག་ཅིང་། ཆར་བའི་རོལ་དབྱངས་དེས་རང་དབང་མེད་པར་ང་རང་འཇིག་རྟེན་གཞན་ཞིག་ལ་ག་ལེར་ག་ལེར་ཁྲིད་བྱུང་།

    ད་ནི་ཡུན་རིང་ཞིག་ལ། ངས་རྡུལ་ཕྲ་རབ་ཀྱི་ཉམ་ང་ཞིག་ལ་སེམས་ཁྲལ་བྱེད་པའང་ལོགས་སུ་གཡུག་ཆོག

    ངས་རྩྭ་རྐང་གཅིག་གི་ཁོག་པ་ནས་འཇིག་རྟེན་ཞིག་རྙེད་པའང་བོར་དུ་བཅུག་ཆོག

    ངས་བྱེ་ཐང་ན་རྔེའུ་ཞིག་ཁེར་རྐྱང་དུ་ལུས་ཡོད་པའང་མ་མཐོང་ཁུལ་བྱས་ཆོག

    ངས་མཁར་གྱང་གི་སྲུབས་ཀ་ནི་ལོ་རྒྱུས་ཤིག་ཡིན་ཚུལ་རྟོགས་པའང་སྣང་མེད་དུ་བསྐྱུར་ཆོག

    ངས་གཞུང་ལམ་དང་ཆུ་བོའི་བར་དུ་རྐང་ལམ་ཞིག་བཏོད་པར་ཡང་རྒྱང་དུ་བཀྱེད་ཆོག

                                                      2017.4.11

               

                    མེ་ཏོག  མེ་ཏོག

     ངས་རང་ཤག་གི་ལྷས་ནས་མེ་ཏོག་ཅིག་གསོས་ཏེ། དེའི་འཚར་ལོངས་ལ་སེམས་ཀྱིས་རེ་བཞིན་མིག་གིས་འཚོས་ཡོད།

     མེ་ཏོག་དེ་ནི་ཕ་ཡུལ་གྱི་མེ་ཏོག་པད་མ་དང་ཨ་གར་མིན་ལ། གཞན་ཡུལ་གྱི་མེ་ཏོག་རྒྱ་སེ་དང་ལུག་མིག་ཀྱང་མིན་པར་ཡན་གར་བ་ཞིག་སྟེ།  དེ་ནི་ངས་ན་ནིང་གི་སྟོན་ཁའི་མཚན་མོ་ཞིག་ལ་རླུང་ཁྲོད་ནས་རྙེད་ཅིང་དགུན་ཁ་ཧྲིལ་བོར་ཉར་ཏེ་དཔྱིད་ཀར་ད་གཟོད་རྫ་བུམ་དུ་བཙུགས་ཤིང་།  སྐྱེ་སྟངས་དང་ཁ་དོག  དབྱིབས་སོགས་གང་ལ་བལྟས་ཀྱང་སྔོན་ཆད་ལར་ནས་མཐོང་མ་མྱོང་བ་ཞིག་ཡིན་པས།  མིང་ལ་ཅི་ཞིག་ཟེར་བ་ཡེ་ནས་མི་ཤེས།

    ངས་མིང་མི་ཤེས་པའི་མེ་ཏོག་དེ་དེ་ལྟར་གསོས་པ་ཡིན།  དེ་ནི་ལས་དབང་ཞིག་གིས་ཡིན་པ་འདྲ་ལ།  སྟེས་དབང་ཞིག་གིས་ཀྱང་ཡིན་པ་འདྲ།  

    མེ་ཏོག་དེ་ཐོག་མར་གསོ་དུས། ལས་དེ་འདྲ་ནི་རང་གི་ལས་ཀ་ལྷག་མ་ཞིག་རེད་བསམ་ནའང་།  གཞུང་རྟ་དང་ཡལ་ཀ་དག་ལ་སྔོ་ཅུང་ཟད་འབུས་པ་ནས་བསམ་ཚུལ་དེ་ཡོངས་སུ་འགྱུར་ཏེ་རང་གི་ཁོར་ཡུག་གམ་མདུན་ལྗོངས་ཤིག་ཇེ་སྐྱིད་དང་ཇེ་ཡངས་སུ་འགྲོ་བཞིན་པའི་སྣང་བ་ཞིག་སྟེར་བར་བྱེད་ལ། རང་ཤག་ཏུ་མེ་ཏོག་དེ་ཡོད་པ་ནས་རང་ཉིད་ཁེར་རྐྱང་ཡིན་པའི་སུན་སྣང་ཡང་གར་སོང་ཆ་མེད་དུ་གྱུར་སོང་།

    མེ་ཏོག་དེའི་ཆེད་དུ།  ངས་མེ་ཏོག་ཇི་ལྟར་གསོ་དགོས་པའི་གཞུང་ལུགས་བསླབས་ཤིང་། བྱ་གཞག་དང་འདུན་མ་མང་པོ་ཞིག་སྣང་མེད་དུ་བསྐྱུར། ད་དུང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་བཞིན་གད་བདར་བྱེད་པ་དང་། ཟས་གཡོ་བ། ཆུ་ལེན་པ། མེ་འབུད་པ་སོགས་ལས་ཙག་ཙིག་ལ་འཁོར་ཏེ་ང་ནི་ཁྱིམ་མི་ཚེགས་ཡང་ཅན་ཞིག་ཏུ་གྱུར་སོང་།

    མེ་ཏོག་དེ་གསོས་པ་ནས། ངས་ཉིན་མཚན་ཀུན་ཏུ་ཆུ་ལུད་དྲོད་གསུམ་གྱིས་ལེགས་པར་བསྐྱངས་པས། མེ་ཏོག་དེའི་སྐྱེ་འབྲས་ཉིན་རེ་ལས་ཉིན་རེར་ཇེ་རྒྱས་དང་ཇེ་མཛེས་སུ་འགྱུར་བཞིན་གདའ། དེ་ནི་ངའི་མི་ཚེའི་དྲན་ཤིང་གི་ཉིན་ཐོའི་གསེབ་ལ་མཛེས་སྡུག་གིས་ག་ལེར་ག་ལེར་བབས། སོར་གཅིག  སོར་གཉིས།  སོར་གསུམ...  ...  

    དཔྱིད་ཀ་སྔ་མོ་ནས་ཕར་འདས་ཏེ། ད་ནི་དབྱར་གཞུང་ལ་སླེབས་པར་ཐག་མི་རིང་།  མེ་ཏོག་དེའི་སྐྱེ་འབྲས་སྔར་ལས་ཀྱང་མཚར་ཞིང་།  ཅང་མ་འགོར་བར་ལང་ཚོའི་འདབ་ལོ་ཡོངས་སུ་གྲོལ་ཏེ་ཟེའུ་འབྲུ་ལྷུག་པོར་སྨིན་སོང་། གཡུ་ཡི་གཞུང་རྟ་དང་ལོ་མ།  དུང་གི་འདབ་མ།  གསེར་གྱི་ཟེའུ་འབྲུ... ...   ཡོད་ཚད་ཇི་འདྲའི་མཛེས་པ་ལ་ཨང་། གྲོང་སྡེའི་མེ་ཏོག་གཞན་དག་གློ་བུར་དུ་ཟིལ་གྱིས་མནན་ཅིང་། མགྲོན་པོ་སུ་ཞིག་ཡོང་ཡང་བསྟོད་བསྔགས་དང་ཡིད་སྨོན་མི་བྱེད་མཁན་གཅིག་ཀྱང་མེད། དྲི་བསུང་ཞིམ་པོ་ནི་བསིལ་རླུང་གིས་བརྐུས་ནས་ཐག་རིང་ལ་འཁུར་ཏེ། བྱ་བྱེའུ་སོགས་སྲོག་ལྡན་མང་པོ་ཞིག་གཏན་དུ་བཟི་རུ་བཅུག་སོང་། དེ་བས།  ངས་ད་ལྟ་མེ་ཏོག་འདི་གསོས་པར་དངོས་གནས་དོན་སྙིང་ངེས་ཅན་ཞིག་འདུག་གོ་སྙམ་བྱུང་།

    མེ་ཏོག་དེའི་ལང་ཚོ་དེ་ལྟར་སྨིན་སྒང་ལ། རྒྱང་རིང་གི་གྲོགས་པོ་ཞིག་གིས་མེ་ཏོག་དེ་འདྲ་ཞིག་གསོས་ཡོད་པ་ཐོས་ཏེ།  ཁ་པར་ལས་མེ་ཏོག་དེའི་པར་ཞིག་བསྐུར་དགོས་པའི་རེ་བ་བཏོན་པར།   ང་ནི་མི་འཐད་ནའང་སྔོན་ཆད་ཀྱི་མཛའ་བརྩེ་བསམ་ནས་བསྐུར་པ་ན།  ཁོས་བལྟས་མ་ཐག་ཏུ།  “མེ་ཏོག་མེ་ཏོག་དེ་ལྟར་མ་བཞད་རོགས།  ང་ཡི་སེམས་པ་དགུན་གྱི་དཀྱིལ་ཞིག་ཡིན”ཞེས་བསྐུར་བྱུང་།  དེ་ལས་ངས་ཁོའི་བྲལ་གདུང་ལྕི་མོ་ཞིག་གི་ཟབ་ཚད་རྟོགས་སོང་བས།  ཕྱིར་སེམས་གསོའི་ཚུལ་དུ“སེམས་པ་མ་སྐྱོ་དང་།  གཞིས་བྱེས་ལྷན་འཛོམས་བྱུང་ཚེ་ཁྱོད་ཀྱིས་ཀྱང་མེ་ཏོག་དེ་འདྲ་གསོས་ཆོག”ཅེས་བསྐུར་པ་ཡིན།  ཁོས་དེའི་ལན་དུ“རེ་བ་དེ་འདྲ་ཞིག་མངོན་འགྱུར་བྱུང་ཚེ་ངའི་མི་ཚེ་འདིའི་ཕུགས་བསམ་གཙོ་བོ་འགྲུབ་སོང་ནི་ཡིན”ཞེས་བསྐུར་བྱུང་།

    གནམ་གཤིས་བཟང་དུས། གསེར་སྦྲང་དང་གཡུ་སྦྲང་ཡང་མང་པོ་མང་པོ་ཞིག་མེ་ཏོག་དེར་སྙེག་ནས་རང་ཤག་གི་ལྷས་སུ་འཁོར་ཡོང་ནའང་།  ང་ནི་འདབ་ལོ་སྐྱོམ་པར་ཡིད་མི་དགའ་ཞིང་ཟེའུ་འབྲུ་ལ་སེར་སྣ་ཆེ་དྲགས་པས།  ཕྱགས་མ་བཟུང་སྟེ་ཕར་གཡུག་ཚུར་གཡུག་གིས་རེ་རེ་བཞིན་ཕྱིར་ལ་འདེད་ལུང་བདའ་བྱས་པ་ཡིན། ཐེངས་ཤིག་ལ་གློ་བུར་བའི་རླུང་འཚུབ་ཅིག་གི་དབང་གིས་སྦྲང་མ་སྔོ་སེར་ཞིག་ལ་ཕྱགས་མས་ཕོག་སྟེ་ལུས་པོ་བསྣད་པར་གྱུར་ནས་སར་ལྷུང་མོད།  འོན་ཀྱང་།  ངས་སྙིང་རྗེ་ཅུང་ཙམ་ཡང་མ་སྒོམ་པར་སྙིགས་སྣོད་དུ་དེད་དེ་གྲོང་རྡལ་གྱི་ལུང་མདོའི་གད་སྙིགས་མང་པོའི་ཁྲོད་དུ་འཕངས་པ་ཡིན། 

    རང་ཤག་དང་ཁ་བྲལ་ཏེ། ང་གནས་གང་དུ་ཕྱིན་ཡང་།  མེ་ཏོག་དེའི་སྣང་བརྙན་སེམས་སུ་ཡང་ཡང་འཁོར་འོངས་ཤིང་། ཅི་ཞིག་བོར་སོང་བའམ་གང་ཞིག་བརྗེད་ཟིན་པའི་སྣང་བའང་ཡང་ཡང་འབྱུང་། དེ་ནི་བརྩེ་བ་ཞིག་ཡིན་ངེས་ལ།  ཞེན་ཆགས་ཤིག་ཡིན་ཡང་སྲིད།  གང་ལྟར།  མེ་ཏོག་དེ་གསོས་པ་ནས་ང་སྔོན་ཆད་ཀྱི་མི་དེ་འདྲ་ཞིག་གཏན་ནས་མ་རེད།

    སྨག་ཧ་ཅང་ནག་པའི་མཚན་མོ་ཞིག་ལ།  ང་རང་སྐྱི་གཡའ་བའི་རྨི་ལམ་གྱི་འཇིགས་པ་ཞིག་ལས་གློ་བུར་དུ་སད་པ་ན།  གློག་དམར་ལམ་ལམ་དུ་འཁྱུག་ཅིང་འབྲུག་སྒྲ་ལྡིར་ལྡིར་དུ་གྲག་སྟེ།  ཕྱི་རོལ་ན་དྲག་ཆར་ཟོ་ཁས་བྱོ་བ་ལྟར་ཤག་ཤག་འབབ་བཞིན་འདུགང་རང་བྲེལ་འཚུབ་ཀྱིས་ཡར་ལངས་ཏེ་རང་ཤག་གི་ལྷས་ན་ཡོད་པའི་མེ་ཏོག་ལ་ཉམས་ཆག་བཟོས་ཡོད་སྙམ་པའི་སེམས་ཁྲལ་དང་བཅས་ཕྱི་རུ་བརྒྱུགས།  མ་བསམས་ས་ནས་ཕྱི་ནས་སར་འགྱེལ་ཏེ་རྐང་བར་རྨས་ལྕི་མོ་ཞིག་ཕོག་ནའང་།  ལས་བཟང་བ་ཞིག་ལ་མེ་ཏོག་གི་འདབ་ལོ་ཞིག་ལ་གནོད་པ་ཅུང་ཟད་ཅིག་བཟོས་ཡོད་པ་མ་གཏོགས་གནོད་པ་ཆེ་ཞིག་བྱུང་མི་འདུག་པས།  ངས་གྱོལ་མ་ལྡིང་གིས་རྫ་བུམ་དང་བཅས་པ་ནང་དུ་སྤར་བ་ཡིན།  དེ་ནི་ངས་གཏན་དུ་བརྗེད་མི་སྲིད་པའི་དོན་དག་ཅིག་ཡིན་ལ།  དེ་ནས་བཟུང་དེ་འདྲའི་དྲག་ཆར་ལ་མཉམ་འཇོག་ཡང་ཡང་བྱས་ཤིང་།  དྲག་ཆར་དེ་འདྲ་འབབ་པ་ཤེས་འཕྲལ་རྫ་བུམ་དང་བཅས་པ་ནང་དུ་སྤར་བ་ཡིན།

    དེ་རིང་ཞོགས་པར། བསིལ་བསིལ་གྱི་རླུང་བུ་ཞིག་དལ་བུར་ལྡང་ཞིང་དྲོད་འཇམ་གྱི་ཉི་ཟེར་ཡང་ལམ་ལམ་འཕྲོ་བའི་ཡུལ་ལྗོངས་ནི་ངའི་སེམས་ཁམས་དང་ཀུན་ནས་མཚུངས། དྭངས་གཙང་གི་ཡུལ་ལྗོངས་དེའི་ཁྲོད་ན་ཡི་གར་འོང་བའི་མེ་ཏོག་ཅིག་ཀུན་ལས་འཕགས་པ་ནི་རང་ཤག་གི་ལྷས་ན་བཞད་པའི་མེ་ཏོག་དེའོ།། ད་ནངས་ཡང་སྔར་དང་འདྲ་བར་མེ་ཏོག་དེར་ཆུ་འགྲེམ་དུས། ང་ལ་མེ་ཏོག་དེར་རེག་འདོད་པའི་སེམས་བྱུང་ཞིག་ག་ལེར་སྐྱེས་ཤིང་། དེ་མུར་ལག་པས་དལ་བུར་རེག་པ་ན། བློ་ཡིད་ལས་འདས་པ་ཞིག་ལ་ལག་པར་རྣོ་ཁབ་ཅིག་གིས་གཙགས་སོང་བ་ལྟར་ཚ་བེར་སེར་བཏང་སོང་།  ཞིབ་ཏུ་བལྟས་པ་ན་མེ་ཏོག་དེའི་གཞུང་རྟ་དང་ལོ་འདབ་ཧྲིལ་བོ་ཕྲ་ཞིང་རྣོ་བའི་ཚེར་མ་ཆུང་ངུ་མང་པོས་ཁེངས་འདུག

    ཨ་ཙི།  འདི་ནི་ཅི་ཞིག་ཡིན་ནམ།  ངའི་མེ་ཏོག་ལ་ནད་ཅིག་ཕོག་སོང་བ་ཡིན་ནམ།  

    སྐབས་དེར། ངའི་སེམས་པ་ཡུད་ཙམ་ཞིག་ལ་འཚེར་སྣང་དང་ཞེད་སྣང་འདྲེས་མ་ཞིག་གིས་ཁེངས་པར་གྱུར།  དེ་ནས་མེ་ཏོག་དེའི་སྟེང་གི་ཚེར་མ་ལ་གཟབ་ནན་གྱིས་ཞིབ་ལྟ་ཡང་ཡང་བྱེད་བཞིན་བསམ་གཞིག་གི་ཀློང་ལ་ཚུད།  འོ།  ངས་གསལ་བོར་རྟོགས་བྱུང་།  མ་གཞིར་ཚེར་མ་ནི་མེ་ཏོག་དེའི་ལྷན་སྐྱེས་སུ་གྲུབ་འདུག  དེ་བས། ཕར་མེ་ཏོག་ལ་རེག་ན་ཚེར་མས་གཙགས་ངེས་པ་ནི་མེ་ཏོག་དེའི་ཁྱད་གཤིས་ཉིད་དོ།།

    ཉིན་དེར།  ལག་པ་ཚ་བེར་སེ་ཇི་ལྟར་བཏང་ནའང་མེ་ཏོག་དེར་ཐེངས་འགར་རེག་པ་ཡིན།  དེ་དུས་མེ་ཏོག་གི་སྣང་བར་བདེ་བའི་ཚོར་བ་ཞིག་འབྱུང་བཞིན་པ་འདྲ་སྟེ། སྐབས་དེར། མེ་ཏོག་གི་བཀྲག་མདངས་དང་དྲི་བསུང་ནི་སྔར་ལས་ཇེ་མཛེས་དང་ཇེ་ཞིམ་དུ་འགྲོ་བའི་སྣང་བ་ཞིག་སྟེར་བས་ཡིན།

    དེ་ནས་བཟུང་། ངས་ཉིན་རྒྱུན་དུ་མེ་ཏོག་དེར་ལག་པས་རེག་ཅིང་།  ལག་པས་རེག་ཐེངས་རེ་རེར་ཚེར་མས་གཙགས་ཡོང་། དེ་ལྟར་ལག་པས་རེག་དུས་ངས་ནི་རང་གི་སེམས་ཀྱིས་རེག་པའི་འདུ་ཤེས་བཟུང་བས། ཚེར་མར་རེག་པའི་ཚོར་བ་མེད་པར་བལ་དཀར་ཞིག་ལ་རེག་པའི་ཚོར་བ་འདུག དུས་ཚོད་མང་པོ་ཞིག་འགོར་སོང་།  སྐབས་ཤིག་ནས།  མེ་ཏོག་དེའི་ཚེར་མར་ལག་པས་རེག་རྒྱུ་ནི་ངའི་ཁྱད་གཤིས་ཤིག་ཏུ་གྱུར། དེ་ནས་དེ་ནི་ངའི་འཚོ་བའི་གྲུབ་ཆ་ཞིག་དང་བདེ་སྐྱིད་ཀྱི་ཁ་དོག་ཅིག་ཏུ་གྱུར།  

    དེ་ནས་བཟུང་།  མེ་ཏོག་དེ་ངའི་སེམས་ཁོང་ནས་སྔར་ལས་ཀྱང་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར། རེད་དེ།  འཇིག་རྟེན་འདིར་མེ་ཏོག་བགྲང་ལས་འདས་ཤིང་།  དེ་དག་རེ་རེ་ལའང་ཡོན་ཏན་དང་ཁྱད་ཆོས་ཧ་ཅང་མང་ཡང་།  ང་ལ་མཚོན་ན་རང་ཤག་གི་ལྷས་ན་བཞད་པའི་མེ་ཏོག་དེ་ལས་ལྷག་པ་ཞིག་གཏན་ནས་མེད། སྔོན་ཆད་དེ་འདྲ་ཞིག་མིན་ཡང་། ད་ལྟ་ནི་དེ་བཞིན་ཡིན་ལ། རྗེས་ཕྱོགས་ཀྱང་འགྱུར་བ་མེད་པར་དེ་བཞིན་ནོ།།

    ངས་བསམས་ན།  ཁྱད་གཤིས་ཀྱི་འབྲེལ་མཐུན་དེ་ནི་གནས་ལུགས་ཤིག་སྟེ། གཞན་གྱི་གནོད་པ་ནི་མཐའ་གཅིག་ཏུ་གནོད་པ་ཡིན་པར་བལྟ་མི་རུང་།  གཞན་གྱི་ཕྱོགས་ནས་མནོ་བསམ་བཏང་ཚེ་དེ་ནི་གནོད་པ་ཡེ་ནས་མ་ཡིན་པར་ལྷན་སྐྱེས་སུ་གྲུབ་པའི་ཁྱད་གཤིས་ཡིན་ཞིང་། རང་ཉིད་དེ་ལ་གོམས་པར་བྱས་ན་ད་གཟོད་བདེ་སྐྱིད་ཅེས་པ་ལ་གོ་བ་གཞན་ཞིག་ལོན་ཐུབ། 

    ད་ལྟ།  ང་ལ་མཚོན་ན་མེ་ཏོག་དེའི་སྟེང་གི་ཚེར་མ་ནི་མེ་ཏོག་དེའི་མཛེས་པའི་ཆ་ཡོངས་ལས་ཆེས་ཁྱད་དུ་འཕགས་པ་ཉིད་ཡིན་ལ།  དེ་ནི་ཞི་དུལ་དང་ལྷུན་ཆགས། མཛེས་སྡུག་གིས་རང་སེམས་ཀྱི་གཏིང་དབུས་ན་རིན་ཐང་ཆེ་བའི་འགྱུར་རྡོ་ཞིག་ཏུ་འགྱུར་བཞིན་ཡོད་དོ།།  

                                     2017.4.12

                    

             སྒེའུ་ཁུང་ལས་བལྟས་པ།

    སྐབས་འདིར། ཡང་ངས་སྒེའུ་ཁུང་ལས་ཕྱི་རུ་ལྟ་བཞིན་ཡོད།

   འདི་ནི་ངའི་འཚོ་བའི་དགའ་ཕྱོགས་ཤིག་དང་། ཡང་ན་བསྐྱར་ཟློས་ཀྱི་གོམས་གཤིས་ཤིག་སྟེ། བསྒྲུབ་ཀྱང་རུང་ལ་མ་བསྒྲུབ་ནའང་རུང་ལ། གལ་ཆེན་དུ་བརྩིས་ཀྱང་ཆོག་ལ་མ་བརྩིས་ནའང་ཆོག་པའི་ལས་ཁུངས་ཀྱི་བྱ་བ་ཙག་ཙིག་གི་བར་བར་དག་ནས་ངས་སྒེའུ་ཁུང་ལས་ཕྱི་རུ་ལྟ་བཞིན་ཡོད།

   ཡིན་ནའང་། དེ་རིང་ངས་སྒེའུ་ཁུང་ལས་ཕྱི་རུ་ལྟ་བ་ནི་ཡར་སྔོན་དང་གཏན་ནས་མི་འདྲ་སྟེ། ད་ནངས་ཞོགས་པར་ཉི་ཐིག་ཅིག་ཁང་རྩེག་མང་པོའི་བར་གསེང་ནས་སྒེའུ་ཁུང་བརྒྱུད་དེ་ངའི་ལས་ཤག་གི་མདུན་ཅོག་གི་ངོས་སུ་འཕྲོས་འདུག  ནམ་རྒྱུན་ཡིན་ན་ཉི་ཐིག་དེ་འདྲ་སྒེའུ་ཁུང་ལས་མདུན་ཅོག་གི་ངོས་སུ་འཕྲོ་རྒྱུ་ཧ་ཅང་དཀའ་སྟེ། གྲོང་ཁྱེར་འདི་ནས་ཉི་མ་གསལ་ཐག་ཆོད་པ་ཞིག་མཐོང་རྒྱུ་ཧ་ཅང་ཉུང་བས་ཡིན། དེ་བས། ངས་ཉི་ཐིག་དེ་དེད་ནས་སྒེའུ་ཁུང་ལས་ཕར་བལྟས་པ་ན། ཕྱི་རོལ་ཡུལ་གྱི་ཁོར་ཡུག་གིས་ནང་རོལ་གྱི་ང་ལ་ཚོར་བ་གཞན་ཞིག་བྱིན་བྱུང་བས། ངས་ཀྱང་དེ་རིང་སྒེའུ་ཁུང་ལས་ཕྱི་རུ་ལྟ་དུས་མིག་གཞན་ཞིག་གིས་བལྟ་འདོད་ཅིག་དྲག་ཏུ་སྐྱེས་བྱུང་།

    སྒེའུ་ཁུང་ལས། དེ་རིང་ངས་ཉི་མ་མཐོང་བྱུང་ལ། ཉི་འོད་ཀྱི་འོག་ཏུ་རྒྱུག་པ་དང་འདུར་བའི་རླངས་འཁོར་དང་མི་ཚོགས་མང་པོ་ཡང་མཐོང་བྱུང་། རླངས་འཁོར་དང་མི་ཚོགས་མཐོང་དུས། ངས་འཇིག་རྟེན་གྱི་མི་དག་ནི་ཧ་ཅང་ཁོམ་ལོང་བྲལ་བའི་སྲོག་ཆགས་ཤིག་ཡིན་པ་རྟོགས་ཤིང་། ཡར་མར་དང་ཕར་ཚུར་ལ་འགྲོ་བའི་བྲེལ་བྲེལ་འཚུབ་འཚུབ་ཀྱི་འདུ་འགོད་ནི་གྲོག་ཚང་གི་ཁ་ཕྱེས་པ་དང་འདྲ།

    སྒེའུ་ཁུང་ལས། དེ་རིང་ངས་ད་དུང་ཁང་རྩེག་མང་པོ་ཞིག་མཐོང་བྱུང་ལ། ཁང་རྩེག་དེ་དག་གི་ནང་དུ་ང་དང་འདྲ་བའི་མི་མང་པོ་ཞིག་ཡོད་པའང་ཤེས་བྱུང་། མི་དེ་དག་ཀྱང་ང་དང་འདྲ་བར་བལྟས་ཚོད་དུ་ཙོག་ནས་བསྡད་ཡོད་པ་འདྲ་ཡང། དོན་དུ་སེམས་པ་ལ་ཁོམ་ལོང་ཡེ་ནས་མེད་དེ། སེམས་སུ་ལས་གནས་མཐོན་པོ་དང་རླངས་འཁོར་རྫིག་པོ། རྒྱན་གོས་མཚར་བོ་དག་དྲན་བཞིན་ཉིན་མོར་ཡང་རེ་དོགས་ཀྱི་རྨི་ལམ་ལ་ཞུགས་ཡོད།

    སྒེའུ་ཁུང་ལས། དེ་རིང་ངས་མི་མང་པོ་ཞིག་གི་སྒེའུ་ཁུང་ཇི་ལྟར་ཕྱེས་ཡོད་པ་ཡང་གསལ་བོར་མཐོང་བྱུང་། མི་ལ་ལའི་སྒེའུ་ཁུང་ཕྲག་དོག་ལ་བསྐོར་ནས་ཕྱེས་འདུག  མི་ལ་ལའི་སྒེའུ་ཁུང་ཞེ་སྡང་ལ་བསྐོར་ནས་ཕྱེས་འདུག  མི་ལ་ལའི་སྒེའུ་ཁུང་འདོད་ཆགས་ལ་བསྐོར་ནས་ཕྱེས་འདུག  མི་ལ་ལའི་སྒེའུ་ཁུང··· ···

    འཚོ་བ་ནི་མ་གཞི་ནས་མེ་ལོང་ཞིག་དང་འདྲ་སྟེ། མིས་དེར་བལྟས་ནས་བགད་ན་དེས་ཀྱང་མིར་བལྟས་ནས་དགོད་པར་བྱེད་ལ།མིས་དེར་བལྟས་ནས་ངུས་ན་དེས་ཀྱང་མིར་བལྟས་ནས་ངུ་བར་བྱེད། ཡིན་ནའང་། མིས་མེ་ལོང་དེར་བལྟས་ནས་རྒྱུན་དུ་ངུ་བཞིན་འདུག་སྟེ། ངས་སྒེའུ་ཁུང་ལས་ཕྱི་རོལ་ལ་ཏབ་ཅིག་ལ་བལྟས་ཤིང་བསམ་པའི་ཚེ་ན། ངུ་སྐད་དེ་རྣ་ལམ་དུ་ལྷང་ལྷང་གྲགས་ཡོང་།

    ངུ་སྐད་དེ་ནི། རླངས་འཁོར་དང་མི་ཚོགས་ཀྱི་དུང་སྒྲ་དང་གོམ་སྒྲ་རེད། ཁང་རྩེག་ནང་གི་ང་དང་འདྲ་བར་ཙོག་ནས་བསྡད་ཡོད་པ་དག་གི་ཤུ་སྒྲ་དང་སྐྱོ་གླུ་རེད། ངུ་སྐད་དེ་དག་གི་ཁྲོད་ནས་ངས་འདོད་ཆུང་ཆོག་ཤེས་ཀྱི་བདེ་བ་དངོས་མ་དེ་འབོར་བཞིན་པ་ག་ལེར་ཚོར་བྱུང་། ད་དུང་མི་དག་གི་ཁྲོད་དུ། མེ་ལོང་དེར་བལྟས་ནས་རྒྱུན་དུ་ངུ་བས་མི་ཚད། དེའི་སྟེང་དུ་ཁུ་ཚུར་གྱིས་གཞུས་ནས་གས་ཆག་འགར་གཏོང་སྐབས། གས་ཆག་དེ་དག་རང་གི་སྙིང་ལ་ཟུག་པར་གྱུར་བའི་སྨྱོན་པ་ཡང་ཇི་འདྲའི་མང་ཨང་།

   མ་གཞིར། སྒེའུ་ཁུང་གི་ཕྱི་ནང་གཉིས་ནི་འཚོ་གནས་ཀྱི་གཡུལ་ས་ཆེན་པོ་གཉིས་ཏེ། གཡུལ་འགྱེད་དེའི་ལག་ཆ་གཙོ་བོ་ནི་དངུལ་སྒོར་རེད། གཡུལ་འགྱེད་དེའི་ཁྲོད་དུ། མི་རྣམས་ཀྱིས་རང་རང་གི་གདོང་ལ་ཧ་ཅང་སྲ་ཞིང་མཁྲེགས་པའི་འབག་ཅིག་གོན་འདུག  ཧ་ཅང་སྲ་ཞིང་མཁྲེགས་པའི་འབག་དེར་ཚོས་མདངས་མི་འདྲ་བ་འགའ་ཡོད་ལ། དེ་དག་ནི་ཁོར་ཡུག་དང་བསྟུན་ནས་འགྱུར་བཞིན་མཆིས་ཏེ། ཚོས་མདངས་དེ་དག་ནི་གཡོ་སྒྱུ་དང་ཚུལ་འཆོས། སྤྲེལ་ལད་དང་བསླུ་བྲིད་སོགས་རེད།

    སྒེའུ་ཁུང་ལས། དེ་རིང་ངས་ནམ་མཁའི་མཐོངས་སུ་རྒོད་པོ་ཞིག་ཤུགས་ཀྱིས་འཕུར་བ་ཡང་མཐོང་བྱུང་། ནམ་མཁའ་ལ་མཐའ་མེད་པས། ནམ་ཞིག་རྒོད་པོ་དེའི་རང་སྟོབས་བྲི་ནས་འཆི་དགོས་པར་འགྱུར་བ་ལས། ནམ་མཁའ་ཟད་ནས་གསོན་པར་འགྱུར་བ་ཞིག་ག་ལ་ཡིན། དེ་ནི་དཔེ་གསོན་པོ་ཞིག་སྟེ། མི་ནི་བྱ་རྒོད་དེ་དང་འདྲ་ལ། འཚོ་བ་ནི་ནམ་མཁའ་དང་མཚུངས་ཨང་། ཡིན་ནའང་། མི་རྣམས་ཀྱིས་གནས་ལུགས་དེ་གཏན་ནས་ཤེས་དཀའ་ལ། དེ་ལྟར་བསམ་གཞིག་ཀྱང་གཏོང་མི་སྲིད།

   དེ་བས། སྒེའུ་ཁུང་ལས། ཚ་གདུག་ཤིན་ཏུ་ཆེ་བའི་དེ་རིང་ངས་ནི་དྲག་ཆར་ཞིག་བབས་ནས་ཕྱི་རོལ་གྱི་མི་རྣམས་ལ་ངལ་གསོ་ཏོག་ཙམ་ཐོབ་ན་སྙམ་ལ། དེ་བཞིན་དུ་སྒེའུ་ཁུང་ཡངས་པོར་ཕྱེས་ནས་བསིལ་རླུང་ཞིག་ནང་དུ་བསུས་ཏེ། ནང་རོལ་གྱི་མི་རྣམས་ལའང་དབུགས་དབྱུང་ཕྲན་ཙམ་ཞིག་བྱུང་ན་སྙམ། ཡིན་ནའང་། དོན་དངོས་སུ་ཡང་དེ་རིང་དེ་ལྟར་བྱུང་ཞིང་བསྒྲུབས་ཀྱང་། ཕྱི་ནང་གཉིས་ལ་རྔོ་ཅི་ཡང་མ་ཐོགས། རྔོ་ཅི་ཡང་མ་ཐོགས། 

   སྒེའུ་ཁུང་ལས། ངས་དྲག་ཆར་འབབ་བཞིན་པར་བལྟས། གློག་དམར་ལམ་ལམ་འཁྱུག་ཅིང་འབྲུག་སྒྲ་ལྡིར་ལྡིར་གྲག་པའི་དྲག་ཆར་གྱི་ཁྲོད་དུ། རླངས་འཁོར་གྱི་རིགས་ནི་སྨྱོན་པ་ལྟར་རྒྱུག་ཅིང་། མི་ཚོགས་ཀྱིས་ཀྱང་འཛེམ་དོགས་ཅི་ཡང་མི་བྱེད་པར་ཆར་གདུགས་རེ་བཟུང་ནས་བྲེལ་འཚུབ་ཀྱིས་འདུར། ངས་ནི་སྒེའུ་ཁུང་ཕྱེས་ཏེ་བསིལ་རླུང་ཞིག་ནང་དུ་བསུས་ཤིང་ཆར་བའི་ཤག་སྒྲ་ལ་ཉན། ཡིན་ནའང་། ལས་གྲོགས་ཚོས་ཇི་འདྲའི་སུན་པ་ལ་ཨང་ཟེར་ཞིང་ང་ལའང་དེ་འདྲའི་ཚོར་བ་བྱུང་།

   སྒེའུ་ཁུང་ལས་ཕྱི་རུ་ལྟ་དུས། དེ་རིང་ངས་སྒེའུ་ཁུང་གི་ཁ་རུ་མེ་ཏོག་ཅིག་བཞག་འདུག་པའང་གསལ་བོར་མཐོང་ཞིང་། དེ་ནི་མ་གཞིར་འགྱིག་གི་མེ་ཏོག་ཅིག་ཡིན་པའང་ད་གཟོད་ཤེས་བྱུང་། འཁྲུལ་སྣང་ཞིག་ལ། སྐམ་རིད་དུ་གྱུར་བའི་མི་ཞིག་གིས་བྱེ་ཐང་ཞིག་ན་འགྱིག་གི་མེ་ཏོག་དེ་ལག་ཏུ་བཟུང་ནས་སྣོམ་ཙམ་སྣོམ་ཙམ་བྱེད་བཞིན་འདས་ཟིན་པའི་ཁོར་ཡུག་ཅིག་ལ་ཕྱིར་དྲན་བྱེད་བཞིན་འདུག  ཞིབ་ཏུ་བལྟས་ན། དེའི་གཟུགས་བྱད་ནི་ང་དང་ཤིན་ཏུ་འདྲ། རེད་དེ། དེ་ནི་དོན་དུ་ང་ཚོའི་མ་འོངས་པའི་དུས་ཤིག་གི་སྣང་ཚུལ་ཞིག་ཡིན་པ་འདྲ་སྟེ། དེ་མིན་ན་ངའི་ལས་ཤག་གི་སྒེའུ་ཁུང་གི་ཁ་རུ་ཡོད་པའི་འགྱིག་གི་མེ་ཏོག་མི་དེས་རང་གི་ལག་ཏུ་བཟུང་དོན་མི་འདུག་ཨང་། ད་དུང་དེ་ནི་ངའི་བུ་རབས་ཚ་རྒྱུད་ཅིག་ལོས་ཡིན་ཏེ། དེ་མིན་ན་ང་དང་འདྲ་བ་ཞིག་ཡིན་དོན་ཅི་ཡིན་ནམ།

   སྒེའུ་ཁུང་ལས། དེ་རིང་ངས་ང་དང་ཕྱི་རོལ་གཉིས་ཀྱི་བར་ན་རྩིག་གྱང་མཐོན་པོ་ཞིག་ཡོད་པའང་མཐོང་ལ། རྩིག་གྱང་མཐོན་པོ་དེའི་ངོས་ན་སྒེའུ་ཁུང་མང་པོ་ཞིག་ཡོད་པའང་མཐོང་བྱུང་། ད་དུང་འཚོ་གནས་ཀྱི་འགྲན་རྩོད་ཁྲོད་ཕམ་ཁ་ཉོས་པའི་མི་འགའ་ཞིག་སྒེའུ་ཁུང་བརྒྱུད་ནས་ཁང་རྩེག་མཐོན་པོ་ནས་མར་མཆོངས་ཏེ་ལྕེབས་པའང་དྲན་པར་འཁོར་བས། ང་ནི་སྒེའུ་ཁུང་གི་འགྲམ་ནས་ཅུང་ཟད་ཕྱི་རུ་བཀྱེད། དེ་ལྟར་བཀྱེད་པས་སྣང་བ་ཞིག་ལ་རང་ཉིད་རང་ཉིད་ཀྱི་ངལ་དུབ་དག་དང་ཅུང་ཟད་བྲལ་སོང་བ་ལྟ་བུའི་བདེ་སྣང་ཕྲན་ཙམ་བྱུང་།

   ཁང་བ་རེ་རེའི་ཕྱི་ནང་སྦྲེལ་བྱེད་ནི་སྒེའུ་ཁུང་ཡིན་པ་དང་འདྲ་བར་མི་རེ་རེའི་ཕྱི་ནང་སྦྲེལ་བྱེད་ནི་མིག་ཡིན། ཡིན་ནའང་། ལྗོངས་དངོས་འདྲེན་བྱེད་ཀྱི་མིག་གིས་དཔྱོད་ཤེས་ཀྱི་མིག་ཤེལ་གཞན་ཞིག་མ་གོན་ཚེ་ནམ་ཡང་སེམས་ཀྱི་སྒེའུ་ཁུང་འབྱེད་དཀའ་སྟེ། སྒེའུ་ཁུང་གི་འགྲམ་ནས། དེ་རིང་ངས་རང་སེམས་ཀྱི་སྒེའུ་ཁུང་ཡངས་པོར་འབྱེད་བསམ་ཡང་གཏན་ནས་འབྱེད་ཐབས་མ་བྱུང། སེམས་པ་ནི་རུལ་མྱགས་སུ་གྱུར་བའི་མཁའ་དབུགས་ཤིག་གིས་ཁེངས་འདུག  མཁའ་དབུགས་དེའི་ཁྲོད་དུ། འཇིགས་སུ་རུང་བའི་འབུ་ཕྲ་མང་པོ་ཞིག་འཚར་ལོངས་བྱུང་བཞིན་འདུག  

    ད་དུང་། དེ་རིང་ངས་སྒེའུ་ཁུང་ལས་བར་ཐག་གི་སྡུག་བསྔལ་ཞིག་ཀྱང་ངང་གིས་ཚོར་བྱུང་། ངས་སྒེའུ་ཁུང་ལས་ཕྱི་རོལ་ཡུལ་གསལ་བོར་མཐོང་ཡང་། ཕྱི་རོལ་ཡུལ་གྱིས་ང་གཏན་ནས་མི་མཐོང་སྟེ། དེ་ནི་དོན་དུ་བུ་མོ་ཞིག་དང་ངེད་གཉིས་ཀྱི་བར་ཐག་དང་འདྲ།ང་བུ་མོ་དེའི་ཁ་གཏད་ན་ཡོད་ཀྱང་བུ་མོ་དེས་ང་གཏན་ནས་མི་མཐོང་བ་དེ་ནི་ང་ལ་མཚོན་ན་འཇིག་རྟེན་སྟེང་གི་ཆེས་རིང་བའི་བར་ཐག་དེ་རེད། ང་དང་ཕྱི་རོལ་ཡུལ་གྱི་བར་ན་སྒེའུ་ཁུང་དང་བཅས་པའི་རྩིག་གྱང་ཞིག་ལས་ཅི་ཡང་མེད་ལ། ང་དང་བུ་མོ་དེའི་བར་ན་གློག་ཀླད་དང་བཅས་པའི་ཅོག་ཙེ་ཞིག་ལས་ཅི་ཡང་མེད།  ཡིན་ནའང་། བར་ཐག་ནི་དེ་ལྟར་རི་ཆུ་ཁྲི་སྟོང་གིས་བཅད་པ་ལས་ཀྱང་ཤིན་ཏུ་རིང་།

   སྒེའུ་ཁུང་ལས་ཕྱི་རུ་ལྟ་ཞོར་སྡོད་དུས། སྐབས་ཤིག་ལ་དེ་རིང་གི་ཉི་མས་རང་ཉིད་ཀྱི་སྒེའུ་ཁུང་ཡོངས་སུ་བརྒྱབ་པ་དང་ཆབས་ཅིག  མུན་ནག་གིས་རང་ཉིད་ཀྱི་ཡོལ་བ་ཆེ་རུ་བརྒྱངས་བྱུང་བས། སྐབས་དེར། ངས་རང་གི་ལས་ཤག་གི་གློག་བཀར་ནས་ཉེ་འཁོར་དུ་ཞིབ་ཏུ་བལྟས་པ་ན་རང་ཉིད་གཅིག་པུ་ལུས་འདུག་པ་མཐོང་བྱུང་ལ། ཅོག་ཙེའི་སྟེང་གི་སྣག་ཆུ་དམར་པོའི་ཤེལ་སྣོད་དེ་མར་ལོག་ནས་ཞོགས་པར་ཉི་ཐིག་འཕྲོ་སའི་གནས་དེར་དམར་པོར་བཏང་འདུག་པའང་མཐོང་བྱུང་། 

    སྒེའུ་ཁུང་ལས། དེ་རིང་ངས་ཅི་ཡང་མཐོང་ལ་ཅི་ཡང་ཐོས། ད་དུང་ཅི་ཡང་མྱངས། ཡིན་ནའང་། སྒེའུ་ཁུང་ལས་དབུགས་དབྱུང་དང་བཅས་བག་ལྷོད་པོས་ངལ་གསོ་སའི་འཚོ་བའི་སྒེའུ་ཁུང་ཞིག་གཏན་ནས་རྙེད་མ་བྱུང་།

 
                                                                2016.12.8

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།