གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕྱན་བྷང་གི་སྙན་ངག་བདམས་བཀོད།

2017-05-08 21:07:44 འཕྱན་བྷང་། ཀློག་གྲངས། མཆན ཡོད།

IMG_4051.JPG

    འཕྱན་བྷང་། གོ་གཉིས་ལོར་སྐྱེས་ཀྱང་ད་ལྟ་རྒས་འཁོགས་སུ་གྱུར་ཡོད། སྙན་ངག་དང་བརྩམས་སྒྲུང་དུས་གཅིག་ཏུ་འབྲི་མགོ་ཚུགས་ཏེ་ལོ་དགུ་འགོར་ལ་ཉེ་ན་ཡང་། གསར་རྩོམ་གྱི་སྣེ་མོ་ཙམ་ཡང་ཟིན་མ་མྱོང་། འོན་ཀྱང་། ང་ནི་ཀློའུ་རྟགས་བསྟན་རྒྱུར་ཤིན་ཏུ་སྤྲོ་སྣང་ལྡན་པས། ཀློའུ་རྟགས་སྟོན་སྟངས་དེ་དག་རང་གི་གཤིས་ཀ་རུ་གྲུབ་པར་སྐོམ་པས་ལྟ་ཡི་ཡོད། ལྷག་ཏུ་གསར་རྩོམ་ལ་འཇུག་མཁན་ཞིག་གི་ངོས་ནས། ཅི་བྱ་གཏོལ་མེད་ཀྱི་དཀའ་ཁག་མང་པོ་ཞིག་དང་དུ་བླངས་ཏེ་འཚོ་བ་སྣ་ཚོགས་ཤིག་ལ་གདོང་གཏད་རྒྱུ་ནི་རྩོམ་པའི་རྒྱུ་རུ་འདོད་པས། ཕལ་བ་ཕལ་བའི་ངལ་རྩོལ་གང་མང་ཞིག་ལ་ཞུགས་དང་ཞུགས་མུས་སུ་ཡོད།

                            ངུ་སླ་བའི་ཧྭ་པ།

ཨ་རག་ཁམ་གང་མིག་ཆུས་རྨས
རྒྱང་རིང་བོར་ཨ་རག་ལྟ་བུའི་རང་ཉིད་དྲུད

                                                  2017.04.02

                            ཁེར་ངུ་།

སྲང་དཀར་པོ་ཁྱི་སྲང་དུ་གྱུར
སྲང་དཀར་པོ་བཙོངས་ཚར
སྲང་རྣའང་བཙོངས་ཚར
སྲང་མིག་ཀྱང་བཙོངས་ཚར
སྲང་དཀར་པོ་རྐུན་སྲང་དུ་གྱུར
རྐྱལ་བ་དེས་རྒྱུ་རྙོག་དྲུད་དཀའ་བ་བརྫི
རྡོག་པ་སྤོས་དང   རྐང་བ་རྡོ་གཅལ་དུ་འགྱུར
འཕྲུལ་ཆས་ཕོན་ཆེན་མུ་རུ་མུར་མུར་ཟ
ཝེ      ང་ཡིས་མགོ་བོ་བོར་སོང

                                                   2017.05.01

                            རྦབ་རྡོ།

ཁ་སོས་མི་སོས་ལས་ཅི་ལའང་འདའ་བར་མི་བྱེད
ཁོག་དྲོད་ཡལ་ཚེ་པགས་པ་དགུ་མགར་གྱོན་ཡང་འགྱེལ
ང་ནི་ངན་པའོ
ཁོ་མོའི་བྱུགས་རྫས་དེ་དག་དྲུད་ཡོང་ནས་ང་ལ་མ་བསྐུ
ཡར་ལ་ལྟོས་དང  ང་ལ་དབང་བའི་ནམ་མཁའ་མེད་ནའང་ཆོག
ལག་པ་དྲོན་པོ་འདིས་སེམས་པར་བསྙབ་ཐུབ་པར་དུ་བ་འགམ
ང་ནི    མིག་ལྡོངས་པར་གྱུར་པའི་གྲོག་མའོ
ངས    རང་གི་སུག་རྐང་ཕྲ་བུ་ཞིག་ཀྱང་མི་ཐེག
མུ་རུ་ཉི་ནུབ་འཇབ་ཡོང་ཚེ    ངའང་དེ་རུ་དལ་མོར་ཆས་འགྲོ
རྦ་རླབས་ཀྱི་རྦབ་རྡོ་ཐུར་ཐུར་ང་ཡི་མུན་དོང་དུ་འགྲིལ་བར་བྱེད

                                                   2017.04.13

                           ཚིགས་རུལ་པ།

མིག་ལྕིབས་ཁོགས་དང
མིག་དཀར་ནག་ཀྱང་ཤོལ་དང
ང་རང   ཆེས་སྡང་ཡུལ་ནི་ལྒང་ལིའོ

རྒས་ལ་ཉེ
རྒྱུ་བ་ཆད་ལ་ཉེ
བྱ་རྒོད་མཆེ་བས་གཏུབ་ལ་ཉེ
ཚེ་དང་ཚེ་སྦྲེལ་པ་གཅད་ལ་ཉེ
ང་ནི    ལྟོགས་ནས་ཤི་ལ་ཉེ
ངས     འཆི་བ་མ་མཐོང
ང་ཡི་ཁོག་པར་སྐམ་པས་དཀྲུགས

                                                  2017/03/28

                            སོས་ཁ་བསླེབ་ལ་ཉེ།

གློ་བུར་ཏུ      སོ་ཁ་བསླེབ་ལ་ཉེ་བ་རློན་པར་བསྙལ
ཤ་རུ་འབྱར་བའི་ཆབ་རོམ་ཞུ་རུ་བཅུག
ཁ་སྣ་བརྫད་པའི་སྲང་བཙོག་པོའང་བདག་བྱས
དལ་མོར   ཙག་དཀར་པོ་བཅུག་པའི་ཙག་སྒམ་ཡང་བཅགས
ང་རང  མི་མིན་ནའང་ཆོག་སྙམ་སྟེ་བཅའ་ལག་བསྡུ་གསོག་བྱས
རླབས་དཀར་པོ་ཞིག་སྙོར་བར་གྲུ་དཀར་པོ་རུ་བསྡད་པར་བྱ
མ་ཡེ     ད་ནི་གང་ལ་འགྲོ་ཡི་འགྲོ་ཡི་ཁྲག་འཁྱོག་འགྲོ
ཁྲག་ལ་མཐོ་དམའ་ཤོར་འགྲོ
རླངས་འཁོར་ཆག་པོ་གཉིས་སུ་གྱུར་ཏེ་རྡུང་ཁ་གཏུགས
སྐྱེ་བ་འདི    ཤར་ལྷོ་གཉིས་སུ་གྲིས་ཚལ་བར་བགོའོ་ཟེར
ང་ཡི་མིག་ཆུ་སྐམ་སྲིད་ནའང་ཁྲག་གི་མཆི་མས་ས་ཆུ་ཁྱོག་གམ
ང་ཡི་སོས་ཁ  ང་ཡི་ཁྲག་སྐམ་པར་གྱུར་ཚེ་ང་ངོ་མས་སོད་ཐོངས
རླབས་དཀར་པོ    ང་ལ་འཆི་བའི་ཐག་ནག་ཁོལ་མ་སྩོལ

                                                  2017/03/27
IMG_4049.JPG

                           མི་བཙོག་པོ།

ཁྱི་སྐྱག    ཁྱོད་རང་སྔ་མོ་ནས་མགོ་སྐེ་གདུ་སར་འགྲོ་རན
ཁྱི་སྐྱག་ཁྱོད    ཁེར་རྐྱང་གི་ཡུགས་སར་བུད་ལའང་ཉེ
ཁྱི་སྐྱག་ཁྱོས་ཚེར་མའི་མིག་ཆུ་ཟོམ་ཟོམ་མགར
ཁྱོད་ཁོ་ནས་མིག་ཟུང་དུ་རུམ་པའི་མིའང་གསོན་གཙབས་བྱས
ང་ལ་ཤོད་དང   ཁྱི་སྐྱག་ཁྱོས་ཅི་ཞིག་ད་དུང་ཡང་མ་ཟིན
བདེ་སྐྱིད་སྡུག་བསྔལ་དུ་གྱུར་པ་ཡིས་སྲོག་དག་ལའང་འཇབས
ཁྱི་སྐྱག་ཁྱོས་ཁ་རླངས་བཟོས་ཏེ་ཤུན་སྐོགས་ནས་བུད་མ་ཐུབ
གང་ནའང་མེད་པ    ཁྱི་སྐྱག་ཁྱོད་དོ
ཁང་མིག་འདི་ནས  ངས་ཆེས་ངན་པའི་སྡར་ཁྱི་ཞིག་ལ་རྨུགས

                                                 2017/03/17

                             མཐའ་ཁ།

ཁྱོད་རང་མཐའ་ཁ་རུ་བཙན་པོར་བཅར
མཐའ་ཁ་རུ་གོ་རེ་སྐམ་པོ་གཟུགས་ལས་ཡལ་ནའང་འདུར
ལག་ཏུ་ལྷམ་ཆད་པོ་ལས་ཅི་ཡང་སྟོངས་ནའང་མཐའ་ཁ་རུ་རྒྱུག
གློ་ཁུག་ཐེད་པོ་རུ་ཤད་ཐག1འགའ་དྲུད
རང་ཉིད་ཀྱི་མགོ་མི་ཤོངས་ས་དག་ཏུའང་རང་ལས་ལྗིད་པ་དྲུད
ཀླད་པ་རུ་ཁ་པར་ཆག་པོ་ལས་ཐེངས་བརྒྱ་ལ་རྨས་པ་དྲུད
གོར་ཐིག་མང་པོ་རུ་སླར་ཡང་ཐམས་ཅད་ལ་གྱེས་པ་དྲུད
ལམ་འགྲམ་འབུ་མི་ཤོངས་པ་རུ་རང་ཉིད་དྲུད
ལྗིད་ཡོར་ཡོར ཡ་ཡོ་གང་སར་སྤུར་བའི་གྲོང་ཁྱེར་དུའང་དྲུད
མཐའ་ཡས་རྒྱ་མཚོ་དྲུད འབྲོག་སྟོང་དྲུད
ལྗིད་པོ་འབུམ་ལས་ལྗིད་པོ་གཅིག་ནི ཁོ་མོའི་མིག་ཆུ་དྲུད་པའོ

                                                 2017/03/06

                             ལུང་སྟོང་གི་སྙན་ངག

ལུང་སྟོང རི་སྒང གངས་རྩེ་རུ་སྐྲག་ཞོར་འདར་ཞོར་འགོས
ཕྱིར་བལྟས་པ་རུ་ངོས་འབར་འབུར ཐིག་འཁྱོག་པོ ཆུ་བྱངས*སྨྱོ
ཙག་སྒམ་བཙོན་ཁང སྲང་སྟོང་བ་རུ་ང་རང་ཐེངས་མང་འགྱེལ
ཉི་འོད་མེད་པ་རུ་རྩོལ་བས་རྔུལ་ཆུ་ཁུར་ཏེ་གཡམ་པོར་རྒྱུགས
ང་ཅི་ལ་སྐྱོན་ཏེ་ཐག་རིང་གམ་ནས་ང་ལ་ཉེ་བ་འཚུབ་པོར་རྒྱུ
ཞག་ཞག་བརྩིགས་ཏེ་བསྒུགས་བསྒུགས་མཐར་བརྒྱལ
རྨི་ལམ་དུ་རྨི་ལམ་བསྣན་ཏེ་མཁུར་ཚོས་ཆུ་རུ་ཡང་ཡང་བྱན
ཆུ་ཚོད་དུ་ཆུ་ཚོད་བཀལ་ཏེ་ཟས་ཚ་མོ་མི་འདྲ་བ་ལྕགས་སུ་ཕྱིད
གམ་དུ་འབྱོར་ཀྱང་ལག་ཏུ་མ་ཟིན་པར་བརྒྱལ
སླར་ཡང་ས་མཐའ་རུ་གྱེས་པས་བརྒྱལ
ངའང་རྒྱུས་མེད་ཆང་ཁང་ངམ་སྲང་ཀྱོག་ནས་གདུང་བས་བརྒྱལ
ངའང་འཕྲིན་པ གསར་རྩོམ་སྐྱོ་གར་ཁང་ནས་རྐྱང་བས་བརྒྱལ
འཇིགས་པ་ཕྱི་རལ་ནང་རལ་ཕྱི་ཡག་ནང་ཡག་གིས་ཀྱང་བརྒྱལ
སུན་པ ངལ་བ སྐྱོ་བ་དེད་པའི་གྲུ་རུའང་བརྒྱལ
གྲང་བ ལྟོགས་པ སྐོམ་པ ཐེད་པོ་རུམ་པའི་སྨུག་རྡུལ་དུའང་བརྒྱལ
ངོ་ཤེས་འོས་མི་འོས་པ་དག་ངོ་གདོང་དུ་རྒྱུག
ཁྲོ་བ སྡང་བ དོར་བ ཤོར་བ་བརྒྱ་དང་བརྒྱད་པོས་ང་རང་ཞོན
རླུང་བུ་འཇམ་རྩུབ་གཉིས་ཀ་ང་ཡི་མིག་ཐག་ནས་འཁྲུགས
འདང་རྒྱག་གིན་རྒྱག་གིན་ང་ཡི་ནང་རྩུབ་པའི་རྩེ་མོར་འགོས
མི་རེ་རེས་སྒང་གཞོང་གཉིས་བརྒྱུད་དགོས་ཀྱང་བརླ་དོར་ངོམ
སྙན་ངག་འདིས་ཀྱང་བཙོན་པ་བཅའ་བར་གྲ་སྒྲིག་གྱ་ནོམ་བྱས
བརྩམས་སྒྲུང འཁྲབ་གཞུང་དུའང་ངར་སྐད་སྲོག་བཅད་པས་སྡོ
གྲིབ་ནག་གུག་པ་ལ་ང་རང་བཟུར་ཙམ་ཡང་མ་མྱོང
བརྩེ་བ་གྲིབ་ནག་ཏུ་གུག་པར་མ་བྱས་ཚེ ང་འཆི་ཡང་མི་གཟུར
གལ་ཏེ ང་ལ་ཀི་རིང་བོ་ལས་མ་ལྷག་ནའང་སུ་ལའང་མི་གཟུར

                                                   2017/02/01
                                                   *ཆུ་བྱངས། སོས་ཁ་དར་ཕོན་ཆེན་ཆུ་ནང་དུ་རླབས་ལྟར་གཤར་བ་ལ་གོའོ།།

                            སྐྱེ་བ་འདིའི་བདག་མོ།

སྐྱེ་བ་འདིའི་བདག་མོ    ཡེ་ཤེས་འཚོ
ང་རང    ཆང་གིས་མྱུར་ཏུ་བད་ལ་ཉེ་བ་ལྟར་འཆི་ལའང་ཉེ
ང     ཚེ་མི་རིང     ཚེ་རིང་བ་ནི་ང་ཡི་དམ་ཚིག་དང་འགལ་བའོ
ཁྱེད་ཀྱི་མིག་དཀར་པོས་ཞིབ་མོར་ལྟོས་དང    ང་ཡི་ལྕམ་མོ
ཉིན་མོའི་མཚན་མོ་འདིར     ང་ཡི་སྐྲ་རིང་པོ་རུ་མཚོན་བརྒྱ་དང་བརྒྱད་རྒྱུགས
ཁང་རྒན་འདིའི    སྡོང་རྒན་འདིའི་གྲིབ་མ་སེར་པོའི་འོག་ཏུ་དུག་རྡུལ་ག་ཙམ་སྦས
ང་ཡི་ལྕམ་མོ    ཁྱེད་ནི་ང་ཡི་སྐྱེ་བ་ཕྱི་མའི་ཕྱི་མ་ཡི་བདག་མོའང་ངོ
ངས    ཁྱེད་ཀྱི་ཆུ་ཚོད་ལ་འཁང་ར་ཐེངས་མང་བྱས་མྱོང
བྲང་དུ་ལྷོག་ལྷོག་ཁོལ་པའི་ཞེ་འདིས་བདག་བྱེད་ཚུལ་ཤིན་ཏུ་རྩུབ་པ་ཆོས་ཉིད་དོ
གཡོག་ཏུ་ཚུད་པའི་མི་འཛུགས་སྐྲུན་དེ་དག་ང་ཡིས་བཤང་ལམ་དུ་དོར་བཏང
ཤུལ་ཏུ     ང་ལ་སྒོ་གཅིག་ཡོད
འཆི་བས་མིག་ཟུང་བཙུམས་སུ་བཅུག་ཀྱང་སྒོ་མོ་དེ་ཁྱེད་ཁོ་ནར་དབང
མ་ཤི་བའི་ཡར་སྔོན་དུ    ཡག་མྱོང་ལ་བཙོག་མྱོང་བའི་རང་ཉིད་ཁྱེད་ལ་ཕུལ
ཁྱེད་ཀྱི་ཁྱོ་ག    མ་འཆི་བའི་ཡར་སྔོན་ཡག་བཙོག་གི་རང་དབང་གང་ཡང་མེད
གལ་ཏེ       རྩ་ཐག་འདི་དག་ཆད་སོང་ཚེ
ང་ཡི་བློ་འགྱོད་ནི་སྐྲ་རིང་བོ་ཞིག་བཞག་ནས་ཁྱེད་ཀྱི་སྔུན་ནས་འགྱིང་མ་ཐུབ་པའོ

                                                    ༢༠༡༦/༡༢/༢༤

IMG_4050.JPG

                           འཇིགས་པ།

གཡུལ་ལས་གྲིས་ཚལ་བར་གཤགས་པའི་འཇིགས་པ
འདྲེ་སྒྲུང་ལས་སྙིང་གསོན་པོར་གཏུབ་པའི་འཇིགས་པ
དམྱལ་ཟངས་ལས་ཕུང་པོ་སྣུམ་ཁོལ་དུ་བཙོ་བའི་འཇིགས་པ
དེ་རིང   ངས་སྨྱོ་ཧམ་ཆེན་པོས་འཇིགས་པ་མ་ལུས་ཕུང་པོར་འཕོ་རྒྱུ
ང་རུ་གྲུབ་པའི་བརྩེ་བ་སྨུག་རྡུལ་གྱིས་གཤགས་པ
ང་རུ་གྲུབ་པའི་ཆུང་མ་མིག་སྔུན་ནས་བཙན་གཡབ་བྱེད་པ
ང་རུ་གྲུབ་པའི་བུ་ཆུང་མིག་སྔུན་ནས་ཉའི་ཁོག་པ་བཀྲད་བཀྲད
ང་རུ་གྲུབ་པའི་ཕ་མ་ཡི་རྒྱུ་མ་གསོན་པོར་འཐགས་པ
ང་རུ་གྲུབ་པའི་སྲིང་མོ་ཅེར་ཅེར་ལ་གཡབ་པ
དེ་རིང    ཁོག་པ་ནག་པོར་བཏང་བའི་རྫས་ཆག་པོ་ཡི་གཟེར་བཏུང་རྒྱུ
ངུ་ལྡིར་ལྡིར་ཁྱུར་མིད་གཏོང་བའི་བྱིས་པ་དག་ལ་ལྟ་བ
ཤ་རུས་པགས་པ་ཕྱེད་ཀ་བཀོག་སྟེ་ལྕགས་ཚབ་མཐུད་པ
མུ་གེས་མནར་པའི་ཁ་ནང་དུ་ཁྲོ་ཆུ་བླུགས་པ
བྲང་ལ་འབྱར་པའི་ལྟོགས་མཆིན་ཞ་ཉེ་རུ་བཙོ་བ
ང་ཡིས   མིག་འཕྲུལ་པའི་འཇིགས་པ་ལས་གཟུགས་མེད"ཁྲག་གྲིའུ"བཏུང་རྒྱུ
ཁྱོད་རང་བརྫུས་ནས་ཁྱོད་རང་ཞ་བོར་འཇིབས་པ
ཁྱོད་ཅེས་ཁྱོད་ཀྱི་པགས་པ་དང་དབང་པོར་བསྙབས་པ
ཁྱོད་ཅེས་ཟ་ཐུར་རྐུབ་སྟེགས་བརྙན་འཕྲིན་དུ་བསྒྱུར་པ
ཁྱོད་ཅེས་རྐང་ལག་མགོ་བོ་བོར་པའི་ནད་གཡོག་པ་རུ་བསྒྱུར་པ
ང་ཞེས་ཚི་ཁུ་བཞར་བྱེད་ཀྱི་ལག་ཆར་གྱུར་པ
ང་ཞེས་སྐད་འཕྲིན་སྙོར་མཁན་གྱི་མཉེས་ཆས་སུ་གྱུར་པ
ང་ཞེས་ཅི་ཡང་འདི་ཡང་མེད་པར་སྙིང་ནད་འཕོ་བས་ཚིམས་མཁན
ང་ཞེས་ཚིག་ལུད་ཁ་ལུད་གང་སར་གཅིན་སྐྱག་ཏུ་གཏོང་མཁན
ང་ཞེས་ཉལ་ཐ་ཤི་བོ་སྒམ་གང་གྲུབ་པའི་གད་སྙིགས
ང་ནི་ལྕགས་སུ་འགྱུར་ལ་ཉེ ང་ཡི་འཇིགས་པ་རྒྱང་རིང་མེད་པའི་ཡུལ་དུ་འབྲོ
སྙིང་ཉེ་བའི་རོ་སྙུགས   ཁྱོད་རང་གློ་བུར་ཏུ་ང་ཡི་གམ་ནས་ཐག་ཉེ་རུ་བོར་པ
ལོ་འདི་དག་ཙད་པས་སྨྱོས་པ དཀར་ངོགས་ཀྱི་མི་མང་པོ་ཞིག་དོང་དུ་བོར་པ
མིག་གིས་མི་ཟིན་པའི་ཕྲ་མཐོང་དུ་སོ་ཁ་བརྡར་པའི་ཐུ་གུས་བཅུགས་པ
ཆུ་ཚོད་མང་པོ་ཞིག་གྱང་ལ་ཧད་ནས་རྩིག་པ་བརྩིག་སྟེ་གཟད་དགོས་པ
མི་འདི་དག་བོར་བྱེད་ཀྱི་རྐྱེན་མི་དགོས་པར་རང་ཉིད་བོར་པ
རྔུལ་ཁྲག་གཏུལ་མྱོང་བའི་ཕྲ་ཕུང་བཙོ་སྦྱང་མེ་ཐ་རུ་བསྲེས་པ
ཐག་ཉེའི་ཤ་མདོག་སྨུག་པོ་དག་རབ་རིབ་ནས་དམྱལ་བའི་རྒྱ་མཚོར་གཡུཊ་པ
སྨུག་རྡུལ་གནམ་གཤིས་འདིས་པེ་ཅིང་བཅིངས་པ    ལྷ་ས་བཅིངས་པ
ཕྱི་ཤུན་བཀོག་པའི་བེམ་པོ་དག་བཙོག་ཅིང་རྣམ་ཤེས་ཚའོ་གཟེར་རོ་གྲང་ངོ
ང་ཡིས    བོར་སོང་བའི་མིག་ཆུ་དག་ཕྱིར་ལྡུད་རྒྱུ
ང་ནི    འཇིགས་པས་བཀངས་པའི་སྡར་མ་ཞིག་བཅའ་བར་འཁྲེང

                                                          ༢༠༡༦/༡༠/༡༦


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།