གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབའ་སྲས་ཀྱི་སྙན་ངག་བདམས་བཀོད།

2017-09-03 10:21:09 འབའ་སྲས།(ཧྥ་རན་སི) ཀློག་གྲངས། མཆན ཡོད།

8B6A5B14-BB60-4E27-92FE-7F37DA49FAC2-216-0000001736F26EDF_tmp.JPG

དངོས་མིང་ལ་བསམ་གཏན་རྒྱ་མཚོ་དང་། སྙུག་མིང་ལ་འབའ་སྲས་ཞེས་འབོད། མདོ་སྨད་མཚོ་སྔོན་གྱི་ཆར་གཏོགས་འབའ་ཁ་སྒང་ཞེས་པའི་གྲོང་སྡེ་རུ་སྐྱེས། རང་ལོ་དགུ་བ་ཙམ་ནས་གྲོང་པའི་སློབ་གྲྭ་དང་རིམ་པས་གྲྭ་བའི་ཆོས་ར་ཡང་འགྲིམས་ མྱོང་ལ། ལོ་རབས་དགུ་བཅུ་བའི་ལོ་སྟོད་དུ་རྒྱ་གར་ལ་འབྱོར་ཞིང་། སྔ་རྗེས་སུ་བཙུན་མའི་དགོན་པ་དང་། གསར་འབྱོར་བའི་སློབ་གྲྭ་རུ་ལོ་ངོ་བརྒྱད་ཙམ་རིང་སུམ་རྟགས་སྙན་གསུམ་གཙོས་བོད་ སྐད་ཡིག་གི་དགེ་རྒན་བྱས་མྱོང་། དེའི་རིང་དུ《སྐྱིད་སྣང་མེད་པའི་འཚོ་བ》ཞེས་པའི་སྙན་རྩོམ་དེབ་ཅིག་དང་《སྙན་ངག་གི་བསྟན་བཅོས་ཆེན་མོ་མེ་ལོང་མ་ལས་བྱུང་བའི་རྒྱན་གྱི་དབྱེ་འབྱེད་ དང་། དཔེར་བརྗོད་ཀྱི་དོགས་སློང་ཟིན་བྲིས་སུ་བཀོད་པ་བློ་གསར་འཇུག་བདེ》ཞེས་པའི་ སྙན་གཞུང་དཔྱད་བརྗོད་ཀྱི་དེབ་ཅིག་དང་། 《སྙན་ངག་གི་གྲོང་ཁྱེར》  《གྱི་ལིང་གི་འཚེར་སྐད》 《སྒོ་འགྲམ་གྱི་གསང་བ》 《དགའ་སྐྱོ་ཆགས་སྡང》 《ལས་བྲེལ་གྱི་ཁ་རླངས》བཅས་སྙན་དེབ་བདུན་དཔར་ཡོད་ལ། མི་རིང་བར་སླར་ཡང་སྙན་རྩོམ་གྱི་དེབ་ཅིག་དཔར་འཆར་ཡོད། ད་ལྟ་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་གནས་སྡོད་བྱེད་བཞིན་ཡོད་ཅིང་། མུ་མཐུད་དུ་རང་དབང་གིས་སྙན་ངག་འབྲི་བར་མཚམས་འཇོག་འདོད་མེད་པ་དེའོ།།

                                      དགེ་འདུན་ཆོས་འཕེལ།

རེབ་གོང་ཡུལ་གྱི་བྱིས་པ་སྣབས་ལུག་ཅིག །
ངྷི་ཚ་དགོན་དུ་རིག་པའི་གནམ་ལྕགས་གྱུར།།
བླ་བྲང་དགོན་ནས་ཤེས་རབ་རྣོ་བའི་གྲི །
ལྷ་སའི་ཡུལ་དུ་སྐུ་དྲག་འདར་པའི་འདྲེ།།

འཕགས་པའི་ཡུལ་གྱི་ལམ་ཕྲན་རེ་རེ་ནས།།
གསལ་བྱེད་སུམ་ཅུའི་རྐང་རྗེས་ཕབ་ནས་སོང་།།
བྲག་ལ་བརྐོས་པའི་གནའ་རྫས་དུད་དྲེག་ཅན།།
དཔྱོད་ཤེས་རས་དར་གཙང་མས་ཕྱི་བཞིན་ཆས།།

གཏམ་རྒྱུད་གསེར་གྱི་ཐང་མའི་འཇིག་རྟེན་ལ།།
དཔྱད་གསར་ལུང་རིགས་སྨན་གྱི་དྲི་བསྟིམས་པས།།
སྔོན་མེད་སྐྱེད་ཚལ་ནགས་ཀྱི་རི་དྭགས་དག །
ལྟེ་བའི་དྲི་བཟང་འཛིན་ལ་མདུན་དུ་ལྷགས།།

གངས་ན་གངས་སེང་མེད་པའི་གཏན་ཚིགས་ཀྱིས།།
གཡག་རོག་རི་བོང་ཅན་གྱི་གཟུགས་རིས་ནི།།
རྒྱལ་དར་ཟླ་བའི་ཁྱིམ་ལ་འགོད་དགོས་ཞེས།།
རིན་ཆེན་གསེར་ནག་གསུང་གི་དབྱིག་མ་བཀྲམ།།

སྔོན་གྱི་རྒྱལ་རབས་གསལ་བའི་ཟླ་བ་རུ།།
མ་དག་རི་དྭགས་གཟུགས་ཀྱིས་སྦག་པ་ལ།།
མ་གཟོད་སྔོན་མེད་རྣམ་དཔྱོད་གསར་བ་ཡི།།
དེབ་ཐེར་དཀར་བོའི་འོད་ཀྱིས་མཛེས་པར་སྤྲས།།

གཡུ་སྒྲོན་ལ་སོགས་མཁས་པའི་མིང་གིས་བརྙེད།།
རྒྱ་གར་མཛེས་མ་དག་ནི་སྒོར་གྱིས་ཉོས།།
བརྩེ་བ་ངོ་མའི་བདེ་བ་མ་རོལ་ཡང་།།
འདོད་པའི་བསྟན་བཅོས་ལག་ལེན་ཁྲོད་ནས་བྲིས།།

འདོམས་སྦྱོར་བདེ་བའི་བདུད་རྩི་འཐུང་ན་ཡང་།།
ཚེ་གཅིག་ཆུང་མའི་ཆང་ཕོར་མ་རེག་པར།།
ཤོག་སྐྱ་རྩམ་སྐྱ་གཉིས་ཀྱི་འཇིག་རྟེན་ནས།།
མི་ཚེ་རིག་པས་ཟད་པའི་ཁེར་རྐྱང་བུ།།

ཤེས་བྱའི་ནོར་གྱིས་ཤིན་ཏུ་ཕྱུག་ན་ཡང་།།
དངོས་པོའི་འབྱོར་གྱིས་ཧ་ཅང་དབུལ་བ་ཡི།།
འཇིག་རྟེན་རིག་པས་བསྐོར་བའི་ཁེར་འགྲོ་ཁྱོད།།
སེམས་གསོ་སྙིང་སྡུག་ཅིག་ཀྱང་གང་ན་མཆིས།།

རྒྱལ་ཁམས་རིག་པས་བསྐོར་བའི་མཁས་པ་དང་།།
སློང་མོ་གང་ལ་བསླེབས་པའི་རྐང་རྗེས་གཉིས།།
རྐང་བ་སྤོ་སའི་ལམ་ཁ་འདྲ་ན་ཡང་།།
རྐང་རྗེས་རྡོ་ལ་དཔར་བ་མཁས་པའི་ལུགས།།

རྣམ་དཔྱོད་རིག་པ་ཤོག་སྙུག་བར་ནས་ཟད།།
ཚེ་སྲོག་དམར་བོ་སྐུ་དྲག་ལག་ནས་ཤོར།།
གནའ་ནས་འདས་པའི་རིག་པའི་དཔའ་བོ་ཁྱོད།།
ཁྱད་འཕགས་བསྟན་བཅོས་གསེབ་ན་ད་དུང་གསོན།།

                         15/09/30 ཉིན་གྲུབ།


                                      བོད་ཀྱི་སྙན་ངག་པ་ཆེན་མོ་མཁས་དབང་ཧོར་གཙང་འཇིགས་མེད་མཆོག་ལ་སྤྲིངས་པའི་ཞུ་འཕྲིན་བདུད་རྩིའི་མཆོད་ཡོན་ཞེས་བྱ་བ།

རྣམ་དཔྱོད་འབིག་གིས་ཤེས་བྱའི་ལྕགས་ཟྭ་གཏོར།།
རིག་པའི་ཐོ་བས་མཁས་དྲེགས་ཞབས་རྐང་གཅོག །
དབྱངས་ཅན་པི་ཝང་འཕྲོགས་པའི་དཔའ་སྟོབས་ཅན།།
གངས་རིའི་བུ་རྒོད་དེ་ཡིས་ཤིས་པ་སྩོལ།།

འཁོར་བའི་ལས་གཞག་ཟད་མཐའ་མེད་པའི་མཁའ།།
བྲེལ་འཚུབ་ཁྱུང་སྔོན་སྐྱེས་ཀྱི་རྟ་བཅིབས་ཏེ།།
མངོན་བསྐྱོད་བདེ་སྐྱིད་སྣང་བ་འདྲེན་པའི་མཛོད།།
དཀྱིལ་འཁོར་འོད་ཀྱིས་ཁེངས་པར་བདེ་ལེགས་སམ།།

འདིར་ཡང་ཉི་མའི་འོད་ཙམ་འཐུངས་པ་ཡིས།།
རང་གཟུགས་མེ་ཁྱེར་སྣང་བ་ཕྲ་མོ་ཅན།།
བྲེལ་འཚུབ་རླུང་དང་འགྲོགས་པ་ལྷན་ཅིག་ཏུ།།
རྒས་མེད་འཆི་མེད་ལྕགས་ཀྱི་ངོ་བོར་གནས།།

གང་གི་རྩོམ་གཤིས་ཡིད་འོང་སྒེག་པ་མོའི།།
མཛེས་པའི་རྣམ་འགྱུར་འཛིན་ལ་ལད་མོའི་མིག །
ལྟ་ལ་ཅུང་ཙམ་གོམས་པའི་ན་ཆུང་མ།།
"དགའ་སྐྱོ་ཆགས་སྡང་"ཅན་དེ་ཁ་སང་མངགས།།

བཏུང་བ་རྒུན་འབྲུམ་ཆང་དམར་ཞིག་དང་ལྷན།།
ཡིད་འོང་འདི་ཡི་མགྲིན་ལ་འཁྱུད་བྱོས་དང་།།
"གདོན་འཕྲུལ་ལྟ་བུའི་བཟི་ཁ"འཕེལ་གྱུར་ནས།།
"ནག་རིལ་མ་བཞིའི"སྒྱུ་རྩལ་དྲན་པར་འགྱུར།།

"དགའ་སྐྱོ་ཆགས་སྡང་"སེམས་སུ་འཕྱུར་བའི་མཚོར།།
གླེང་བརྗོད་པད་མ་དཀར་བོའི་མཛེས་སྡུག་གིས།།
སྤུད་པར་བྱས་པའི་གྲགས་པ་སྙན་པའི་རླབས།།
གངས་རིའི་ཁྱོན་གྱི་མཐའ་རུ་ངལ་མེད་འཕྱོ།།

བུད་མེད་ལང་ཚོ་རྒྱས་པ་ཁོ་ན་ཡིས།།
འདོད་ལྡན་ཡིད་དབང་འགུག་ལ་དཀའ་གྱུར་ཀྱང་།།
རྒྱན་གོས་མེ་ཏོག་མཛེས་པས་མཆོག་གྱུར་ན།།
དྲུག་རྐང་ཅན་དག་ངང་གིས་འདུས་དང་མཚུངས།།

མཛེས་པར་མཛེས་རྒྱན་བཏགས་པར་བཀའ་དྲིན་ཆེ།།
དམའ་བ་ཡར་ལ་བཞག་པ་ཐུགས་རྗེ་ཆེ།།
མ་ཚང་ཚང་བར་བྱས་པ་བརྗེད་མཐའ་མེད།།
སྔ་ཕྱིས་ཅི་གནང་སེམས་ཀྱི་ཕུག་ཏུ་ཡོད།།

དེ་སྔ་རྡ་སའི་རི་བོའི་ནགས་ཚལ་དུ།།
གླ་བོ་རྨས་མ་ཞིག་གི་ཕུང་བོ་ཅན།།
མི་རིང་མེ་ལ་བསྲེག་འགྲོ་སྙམ་པའི་ཐུགས།།
ཐུགས་འཚུབ་བདག་ལ་གནང་བར་ཐུགས་རྗེ་ཆེ།།

དེང་གི་དུས་ན་རྙིད་པའི་ལོ་མ་ལ།།
སྦྲང་ཆར་ཐིགས་པའི་བཅུད་ཀྱིས་བརླན་པ་བཞིན།།
རིད་པར་གྱུར་པའི་ཆུ་ཤིང་སྐམ་པོ་དེར།།
སྔོན་མེད་གསར་བའི་ལོ་འདབ་ཕང་ཕུང་གཡོ།།

རླུང་གིས་བསྒུལ་བར་མི་ནུས་སྲོག་གི་རྡོ།།
ངལ་ཐང་ཆད་པ་མེད་པའི་ལྕགས་ཀྱི་ལུས།།
དྲན་རྒྱུ་བསམ་རྒྱུ་རྒོད་པའི་གློག་གི་མི།།
ཚེ་སྲོག་གསར་བ་ཞིག་ནི་བདག་ལ་ཐོབ།།

ལོ་རེར་ཚོར་བའི་མངལ་ཏུ་སྦྲུམ་པའི་བུ།།
སྙུ་གུའི་རྩེ་མོའི་སྒོ་ལས་བཙས་བྱས་ཏེ།།
འཇིག་རྟེན་ཡུལ་གྲུའི་བདག་པོ་ཁྱོད་ཡིན་ཞེས།།
ཡངས་པའི་ཁྱོན་དུ་ལྟད་མོར་མངགས་བཞིན་ཡོད།།

སྙན་ངག་ཕ་ཁྱིམ་མཛེས་པའི་སྐྱེད་ཚལ་དུ།།
ཅི་ནུས་དབྱར་གྱི་སྦྲང་ཆར་ཟགས་བཞིན་ཡོད།།
ཨ་མ་གླེང་སྟེགས་མུན་པའི་ཁོར་ཡུག་ཏུ།།
མེ་ལོང་མ་ཡི་འོད་སྣང་སྤྲོས་བཞིན་གདའ།།

རང་ཁྱིམ་རང་ལ་དབང་བའི་སྡིངས་ཁང་ནས།།
སྐྱིད་ཀྱི་འཚོ་བ་མངོན་དགའི་ཚུལ་གྱིས་སྤྱོད།།
ཕྱི་གླིང་བྲེལ་འཚུབ་ཆེ་བའི་ལམ་ཁ་ནས།།
གྱི་ལིང་རྟ་ཡི་གོམ་པ་ངང་གིས་རྒྱུགས།། 

མདོར་ན་སྔོན་དུ་ཤི་ལ་ཉེ་བའི་མི།།
རྣམ་ཤེས་གསར་བ་ཞིག་གི་ལུས་ཐོབ་སྟེ།།
སྙུ་གུ་རྣོན་པོ་ལག་ནས་མ་ལྷུང་བར།།
ཚོར་བའི་གླུ་བ་ཞིག་གི་སྟེགས་སུ་བཞེངས།།

དེང་གི་དུས་ན་སྙུ་གུ་འཛིན་པ་རྣམས།།
ལེ་ལོའི་དབང་གྱུར་ལྟ་བར་ཕྱོགས་ཞེན་ཆེ།།
གཞིས་བྱེས་འཐེན་འཁྱེར་བཤད་པའི་གཏམ་ཐོས་ན།།
བདག་སྙུག་ཕྲ་མོའི་མིག་ཆུ་ངང་གིས་བཞུར།།

ཐོས་དང་བརྩོན་པ་སྔོན་དུ་མ་སོང་ཞིང་།།
འཆད་དང་རྩོམ་ལ་ངོ་གནོངས་མེད་པ་ཅན།།
ཁ་སང་དེ་རིང་མང་དུ་མཐོང་གྱུར་ཚེ།།
"ཁྲག་ཐིགས་ལས་སྐྱེས་ལྗང་སྨྱུག་"ད་ཀོ་དྲན།།

ཆབ་སྲིད་པ་ཚོ་ཀླད་པ་སྟོང་བ་དང་།།
སྙན་ངག་པ་ཚོ་ལག་པ་རྡུམ་པོ་ཡི།།
དུས་རབས་འདི་ལ་ཞིབ་ཏུ་འདང་བརྒྱབས་ན།།
"དྲང་བདེན་གྱིས་བསླུས་"སློང་མོ་བ་དེ་དྲན།།

བསམ་ཞིང་བསམས་ན་ཡིད་ལ་སྐྱོ་བ་འཕྱུར།།
བལྟས་ཀྱིན་བལྟས་ཀྱིན་མིག་ལ་མཆི་མ་འཁོར།།
རང་སེམས་རང་གིས་གསོད་ལ་འཇིགས་ཆེ་བས།།
སྐྱོ་གཏམ་དེ་རིང་མི་ཞུས་འདི་ཙམ་བྱ།

དེ་རིང་ཝུ་ཆང་དགའ་མའི་ངར་ཤུགས་དང་།།
སྙན་ངག་ལྷ་མོ་བཞད་པའི་མཛེས་སྡུག་གཉིས།།
མཉམ་དུ་ཚོར་བའི་མཚོ་ལས་བཞད་གྱུར་བས།།
མཆོག་ཉིད་དགྱེས་པར་བདུད་རྩིའི་མཆོད་ཡོན་དྲངས།།

ཞུ་འཕྲིན་མཆོད་ཡོན་འདི་ཡིས་ཐུགས་དགྱེས་ཏེ།།
དགའ་བ་ཕུན་སུམ་ཚོགས་པའི་གུར་ཁང་ནས།།
སྒྱུ་རྩལ་ཅན་ལ་སྒྱུ་འཕྲུལ་ལྷ་མོ་ཡིས།།
མིག་ཞགས་ལན་ཅིག་འཕེན་པའི་རེ་བ་ཆེ།།

འདི་རུ་བདག་མེད་ཁ་ཡི་སྤྲིན་གསེབ་ནས།།
ཉོག་བཤད་ལྕེ་ཡི་གློག་གི་འོད་ལྡན་ན།།
མཚན་མོའི་མུན་པ་གདོང་ལ་གྱོན་བྱས་ཏེ།།
ཁ་ན་མ་ཐོ་བ་ཡི་གཏམ་དུ་མཁྱེན།།

              15/10/23 ཉིན་ལས་ཞོར་ནས་བྲིས་ཤིང་མེ་འཁོར་ནང་མཇུག་གྲུབ།

CD0ABB09-A026-45A4-ABFE-EF266C7B9ED4-216-0000001725A44560_tmp.JPG

                                     
                                  ཨ་མ་ལགས། ཁྱོད་གཏན་ཏུ་གྲོངས་ཟིན་པ་མིན།

དཀའ་སྡུག་འཚོ་བའི་ནམ་མཁའི་སྤྲིན་གསེབ་ནས།།
བྱམས་བརྩེ་ཐུགས་ཀྱི་སྦྲང་མའི་ཆར་ཕབ་ཏེ།།
ལུས་ཀྱི་མྱུ་གུའི་ལང་ཚོ་རྒྱས་བྱེད་པ།།
ཐུགས་རྗེ་མཚུངས་མེད་དྲིན་ཆེན་མ་ལ་འདུད།།

ལམ་གྱིས་རྒྱང་ཐག་བཅད་པ་མ་ཡིན་པར།།
ཚེ་ཡིས་འདི་ཕྱི་འཇིག་རྟེནགཉིས་སུ་ཕྱེ།།
ཐེངས་གཅིག་གཏན་ཏུ་མཇལ་བ་མེད་པའི་མ།།
ད་དུང་བུ་ངའི་འགྲམ་ན་ཡོད་ཡོད་འདྲ།།

ཤིན་ཏུ་བསམས་ན་གཏན་ཏུ་བྲལ་བ་ཤེས།།
ཚོར་བའི་ཀློང་ན་འཛུམ་པའི་དགོད་སྒྲ་ཐོས།།
རྟག་དང་མི་རྟག་སེམས་ཀྱི་སྣང་ངོ་རུ།།
གོས་ཀྱི་རི་མོ་བཞིན་དུ་ལྷམ་མེར་གསལ།།

ཚེ་ཡི་རྒྱུན་གྱི་ཕྲེང་ཐག་ཆད་པ་ཡིས།།
མ་བུའི་ཕྲེང་རྡོག་སོ་སོར་ཐོར་བ་མིན།།
སྐྱེས་ཤིང་སྐྱེས་ནས་སྐྱེ་བ་མཐའ་མེད་པར།།
ཚེ་རབས་ཀུན་ཏུ་ཁྱོད་ནི་བདག་གི་མ།།

ཕལ་བའི་སྣང་ངོར་མཐོང་དུ་མེད་པའི་མ།།
དག་པའི་ལས་ཀྱིས་བྲལ་བ་མེད་པའི་མ།།
འདི་ཕྱི་གཉིས་ལ་བཀའ་དྲིན་ཆེ་བའི་མ།།
དྲིན་ཆེན་མ་ཁྱོད་བདེ་ཞིང་གང་དུ་བཞུགས།།

འོད་ལྡན་ལྷ་ཡི་ཞིང་དུ་ཕེབས་བྱས་ཏེ།།
འཕགས་པ་སྟོང་གི་ཐུགས་རྗེའི་འཁོར་འོག་ཏུ།།
འཛད་མེད་ཆོས་ཀྱི་བདུད་རྩི་ལོངས་སྤྱད་དེ།།
སངས་རྒྱས་ས་ལ་བཀོད་པར་བཞུགས་ལགས་སམ།།

འདི་ན་བུ་དང་ཚ་བོ་ཚ་མོ་སོགས།།
རིགས་ཀྱི་རྒྱུད་དུ་སྐྱེས་པའི་མྱུ་གུ་གང་།།
ཤེས་བྱའི་སྦྲང་ཆར་འཐུང་བའི་རྩེ་དགའ་བཅས།།
ལུས་ཀྱི་འཁྲི་ཤིང་རྒྱས་པའི་ཆོ་ག་འཛིན།།

དེ་ལྟ་མོད་ཀྱང་གངས་རིའི་རྒྱབ་མདུན་དུ།།
སོ་སོར་གྱེས་པའི་མི་ཚེ་ལས་ཀྱིས་ཟད།།
འོན་ཀྱང་མཛའ་བ་དམ་པའི་གསེར་ཐག་གིས།།
གོང་བུ་གཅིག་ལ་བརྒྱུས་ཡོད་དྲིན་ཆེན་མ།།

ནམ་ཞིག་ལས་ཀྱི་ཟམ་པ་མ་འཇིག་པར།།
ལམ་སྣེ་གཉིས་སུ་བརྟན་པར་གནས་གྱུར་ན།།
མཛའ་བའི་རྐང་པ་རང་སར་མི་སྡོད་པར།།
ལག་ལ་ལག་པ་འཇོག་འདོད་དྲིན་ཆེན་མ།།

དེ་ལྟ་ཕྱིར་ན་བདག་གི་དྲིན་ཆེན་མ།།
ས་གསུམ་གང་དུ་སྐྱེས་པ་བཞེས་ཀྱང་རུང་།།
རྗེས་ཆགས་སྤྱན་ལ་མཆི་མ་མི་འཛིན་པར།།
སངས་རྒྱས་ས་ལ་བགྲོད་པའི་སྨོན་ལམ་བརྟན།།

དྲིན་ཆེན་མ་ཡི་དྲིན་ལམ་མ་འཇལ་བ།།
ཁབ་ཤུལ་སྐུད་པས་མ་ཁེབས་རུལ་སུངས་པ།།
རྒྱང་རིང་ས་མཐའི་ཡུལ་ལ་བྲོས་པའི་བུས།།
ཤིན་ཏུ་འགྱོད་པའི་མཆི་མ་དོག་པོས་བྲིས།།

འདི་ལྟར་བྲིས་པའི་དགེ་བ་འཕགས་མེད་དེ།།
སྙན་ངག་ཚིག་ཕྲེང་གཅིག་གིས་གང་དེ་ལ།།
བསྟོད་དང་དགའ་བས་བརྩམས་ལ་ལྷད་མེད་ན།།
སངས་རྒྱས་ས་རུ་བགྲོད་པའི་ལམ་ཞེས་གསུངས།།

              ༡༢/༠༨/༡༥ ཉིན་ལས་ཞོར་དུ་དྲིན་ཆེན་ཨ་མའི་དགོངས་རྫོགས་དུས་དྲན་དུ།

                                   
                                     བོད་ལ་ཡིག་རྨོངས་པ་མང་དོན།

བོད་ཀྱི་རིག་གནས་དར་ས་དགོན་པ་སྟེ།།
དགོན་པ་འདེབས་ས་དབེན་པ་རྒྱང་རིང་གནས།།
གནས་དེ་སློབ་མ་སེར་མོ་རྐྱང་བ་ལས།།
སྐྱ་བོར་འབྲེལ་བ་རིང་བ་དེ་ཡིས་ལན།།

སྐྱ་སེར་འབྲེལ་བ་ཐུན་མིན་དབང་ལུང་དང་།།
ལྷ་སྡེ་ཡིན་པས་མང་ཇ་སྐོལ་བ་སོགས།།
འབུལ་བ་ཆོས་འབྲེལ་ཙམ་ལས་ཐུན་མོང་གི །
ཤེས་རིག་སྤེལ་ཐུབ་མ་བྱུང་འདི་ཡིས་ལན།།

བླ་མ་གཅིག་གིས་དགོན་པ་བརྒྱ་བཏབ་པ།།
སྔོན་བྱུང་ལོ་རྒྱུས་དག་ན་མང་དུ་མཐོང་།།
བླ་མ་བརྒྱ་ཡིས་སློབ་གྲྭ་གཅིག་བཙུགས་པ།།
སྔོན་གྱི་དུས་ན་ཉུང་བ་འདི་ཡིས་ལན།།

དབེན་པའི་གནས་སུ་དགོན་པ་མང་བ་བཞིན།།
རོང་སྡེ་འབྲོག་ན་སློབ་གྲྭ་མེད་པས་ལན།།
ཆོས་ཀྱི་གླེགས་བམ་དགོན་པར་རི་ལྟར་བརྩིགས།།
རོང་འབྲོག་ཁྱིམ་དུ་དེབ་གཅིག་མེད་པས་ལན།།

གྲྭ་བ་ཆོས་པ་ཡིན་ཞེས་དགོན་ནས་བསྡད།།
མི་སྐྱ་ཁྱིམ་པ་ཡིན་ཞེས་གྲོང་ནས་བསྡད།།
དགོན་གྲོང་ས་མཚམས་དཀར་ནག་ལས་ཀྱིས་བཅད།།
སྐྱ་སེར་ཆོས་དང་འཇིག་རྟེན་དབྱེ་བས་ལན།།

སྐུ་དྲག་དཔོན་པོས་དབང་དང་གོ་ས་བརྩད།།
བླ་མ་ནང་སོས་ལྷ་སྡེ་མི་སྡེ་བརྩད།།
རང་རང་ས་ནས་རང་གི་སྒེར་དོན་ལས།།
དམངས་དོན་གཙུག་ཏུ་མ་བཟུང་ཤིན་ཏུ་ལན།།

རོང་བའི་ཞིང་ས་རྨོ་དུས་མཛོ་དང་རྟ།།
སྟོན་འབྲས་བསྡུས་དུས་རང་གི་ལག་པ་གཉིས།།
ལོ་ལེགས་ཆར་བས་མ་བརྡུང་ཆོག་པ་ཡི།།
སློབ་གསོ་གཞན་ཞིག་མེད་པ་འདིས་ཀྱང་ལན།།

འབྲོག་པའི་སྦྲ་ནག་རང་གིས་བཟོ་ཤེས་ཡོད།།
མ་བཏབ་རང་བྱུང་རྩྭ་ཡིས་ཕྱུགས་ཟོག་རྒྱགས།།
ཉིན་རེའི་འཚོ་བ་འདི་ཙམ་སོང་བས་འགྲིག །
ཡི་གེ་མཁོ་བ་མེད་པ་འདིས་ཀྱང་ལན།།

མདོར་ན་བོད་ལ་ཡིག་རྨོངས་མང་བ་ཡི།།
རྒྱུ་རྐྱེན་བཙལ་ན་བོད་ཀྱི་ཡི་གེ་ནི།།
དབེན་པའི་གནས་ནས་ཆོས་སུ་སྤྱད་པ་ལས།།
རོང་འབྲོག་གཉིས་སུ་དགོས་མེད་གྱུར་བས་ལན།།

ལྟོས་དང་མི་རིགས་གཞན་གྱི་དགོན་པ་ནི།།
གྲོང་ཁྱེར་སྡེ་བ་མི་ཚོགས་མང་སར་ཆགས།།
དགོན་གྲོང་སྐྱ་སེར་ཆོས་ལུགས་འཇིག་རྟེན་གྱི།།
དབྱེ་བ་མེད་པར་དགོན་པས་གྲོང་སྡེ་སྐྱོང་།།

             སྐད་འཕྲིན་གྱི་ཚོམས་གང་མང་ཞིག་གི་ནང་དུ་བོད་ཡིག་མ་བསྐུར་ངས་བོད་ཡིག་མི་ཤེས་ཟེར་མཁན་གྱི་བོད་རིགས་མང་མང་ཞིག་ཡོད་པས་བདག་གིས་བོད་ལ་ཡིག་རྨོངས་པ་མང་བའི་དོན་འདི་འདྲ་ཞིག་མི་ནམ་སྙམ་པས་ས་འོག་མེ་འཁོར་ནང་དེ་མ་ཐག་བྲིས།  ༢༠༡༥/༠༧/༡༥ ཉིན།

47C1FAAC-8756-4336-AAB9-AA58C5DFBC6B-216-0000001729C199E7_tmp.JPG


                                     ལུས་ཀྱི་ལེགས་བཤད།

ཁ་ནི་ཁ་ཟས་བཟའ་བྱེད་དང་།།
སྐད་ཆ་བཤད་སྤྱད་གཉིས་ལ་མཁོ།།
ཟ་རྒྱུ་མང་ན་ཕོ་ལོག་འགྲོ །
བཤད་རྒྱུ་མང་ན་གྱོད་ཀ་དཀྲུགས།།

ལག་པ་དགོས་དངོས་འཛིན་བྱེད་དང་།།
མི་དགོས་འཕེན་བྱེད་གཉིས་ལ་མཁོ།།
ཡོད་ཚད་བཟུང་ན་མགོ་མི་འཐོམས།།
ཡོད་ཚད་འཕངས་ན་ཁ་མི་སོས།།

རྐང་བ་མདུན་དུ་སྐྱོད་བྱེད་དང་།།
ཕྱི་ནུར་བྱེད་སྤྱད་གཉིས་ལ་མཁོ།།
མདུན་དུ་ཐོན་ན་ཕྲག་དོག་མང་།།
རྗེས་སུ་ནུར་ན་འཕྱ་བར་འགྱུར།།

ལིངྒ་སྟུ་ལ་རྒྱོ་བྱེད་དང་།།
གཅིན་པ་གཏོང་བྱེད་གཉིས་ལ་མཁོ།།
རྒྱོ་ཤེས་མེད་ན་བཟའ་ཐོར་བྱུང་།།
གང་སར་གཅིན་གཏོང་ཉེས་པ་འཕོགས།།

ཡིད་ཀྱི་རྣམ་པ་གཉིས་པོ་དང་།།
རྐུབ་ཀྱི་བྱ་བ་གཅིག་པོ་ནི།།
གནོད་ཕན་དེ་ཙམ་མི་ཆེ་བས།།
ལེགས་བཤད་གསར་བའི་གཏམ་དུ་མིན།།

ལུས་ཀྱི་ལེགས་བཤད་གསར་བ་འདི།།
ཚིག་སྙན་འཇའ་ཡིས་མ་སྤྲས་པར།།
དོན་གནད་གལ་ཆེན་ཁ་སྐད་ཀྱིས།།
ཁྱེད་ཀྱི་ཁ་རུ་སྨན་བཞིན་བཞག །

            ༡༣/༠༥/༡༥ ལམ་བར་ནས།


                                    མི་ཡི་རང་བཞིན་བརྗོད་པ། 

དང་པོ་སྐྱེས་དུས་ངུ་སྐད་འུར་ལོང་ལོང་།།
བར་དུ་དར་དུས་འཛུམ་འདང་ཤིག་སེ་ཤིག །
མཐའ་མར་འཆི་དུས་མིག་ཆུ་ཤ་ར་ར།།
བདེ་སྡུག་ཤིང་རྟ་འདྲེན་པའི་རྟ་མཆོག་ཅིག །

ཅི་ཙམ་ཡོད་ན་དེ་ཙམ་མི་འདང་བ།།
ག་ཚོད་སྤྱད་ཀྱང་འདོད་པ་མི་ཁེངས་པ།།
གཞན་གྱི་ནོར་ཡང་རང་ལ་དབང་འདོད་པ།
ཆོག་ཤེས་མེད་པའི་དོང་རིང་ཞབས་རྡོལ་ཞིག །

རྒྱུ་དང་འབྱོར་བས་ཁེངས་དང་དྲེགས་པ་འཛིན།།
མཚན་དང་སྙན་གྲགས་རྒྱས་ན་ང་རྒྱལ་མཐོ།།
ལྟོ་གོས་གཏམ་གསུམ་དོན་ལ་འབད་འབད་ཀྱང་།།
ཕྱི་མར་འགྲོ་དུས་རྩམ་ཁུག་སྟོང་བ་ཞིག །

འབྱོར་བའི་དུས་སུ་ཁ་ཆེན་གདངས་མཁན་ཞིག །
དབུལ་བའི་སྐབས་སུ་མིག་མེད་ཞ་ར་ཞིག །
འབྱོར་དུས་མཐོང་ཤིང་དབུལ་དུས་མི་མཐོང་བའི།།
ཉི་འོད་ཀྱིས་བཞད་ཧ་ལོ་མེ་ཏོག་ཅིག །

སྐྱིད་པའི་དུས་ན་སྐྱག་སྦྲང་བཞིན་དུ་འཁོར།།
སྡུག་པའི་སྐབས་སུ་ནགས་ཀློང་འཇའ་ལྟར་ཡལ།།
སྐྱིད་སྡུག་དབྱེ་འབྱེད་ལག་གཉིས་མིག་གཉིས་ཅན།།
ཁ་གཅིག་མཆེ་བ་མང་བའི་ཆུ་སྲིན་ཞིག །

གཞན་གྱི་སྐྱོན་ཆ་རི་རབ་བཞིན་དུ་མཐོང་།།
རང་གི་ནོར་བ་རྡུལ་ཕྲན་བཞིན་དུ་དཀའ།།
གཞན་ངོ་མཐོང་བ་ཉི་མ་འོད་ཆེན་ཞིག །
རང་ངོ་མི་མཐོང་མེ་ལོང་ནག་པོ་ཞིག །

ཁྱོད་ཀྱི་མདུན་ནས་ཁྱོད་ལ་བསྔགས་ཤིང་བསྟོད།།
ང་ཡི་མདུན་ནས་ཁྱོད་ལ་སྨད་པ་མང་།།
ཁྱོད་དང་ང་ཡི་མདུན་ན་མི་གཅིག་པའི།།
མི་ཤ་རློན་པ་བཟའ་བའི་གསོན་འདྲེ་ཞིག །

རང་ཉིད་རྒྱལ་དུས་མགོ་བོ་རི་ལས་མཐོ།།
ཕམ་པའི་དུས་ན་རྐང་བ་འཛུག་ས་མེད།།
མི་དང་མི་ཡིས་འཇིག་རྟེན་གང་ན་ཡང་།།
དོན་ཐོག་བབས་ན་མི་ནི་ཁེར་རྐྱང་ཞིག །

མི་ནི་མི་ལ་ཕན་བདེ་སྐྲུན་མཁན་ཟེར།།
མི་ནི་མི་ལ་བརྩེ་བ་སྤྲོད་མཁན་བརྗོད།།
མི་དང་མི་ཡིས་ཁྱབ་པའི་སྤྱི་ཚོགས་ན།།
ང་ནི་མི་ཡིན་མི་ལ་ཤིན་ཏུ་འཇིགས།།

                ༡༥/༠༥/༡༥ མཚན་མོར།

4078E935-08E3-426C-9FDB-7DC72AE241EE-216-00000017725E46D0_tmp.JPG

                                    
                                  མི་དང་མི། ད་དུང་དྲི་བ་གཅིག

ཐ་མག་རྐང་གཅིག་འདྲ་བའི་མི་ཚེ་དང་།།
ཝུ་ཆང་ཕོར་གང་ལྟ་བུའི་འཚོ་བ་འདི།།
འཇའ་ཡི་འོད་ལྟར་ངང་ཚུལ་མི་བརྟན་ཕྱིར།།
རྒྱང་རིང་ལམ་ཁ་ངལ་བས་ཅི་ལ་བགྲོད།།

མི་གཙང་རྣག་ཁྲག་གདོས་བཅོས་ལུས་ཕུང་དང་།།
དུག་གསུམ་ཉོན་མོངས་སྣེ་འདྲེན་སེམས་པ་འདི།།
ཤི་བ་ཉིད་ནས་འཇིགས་རུང་རོ་ཕྱིར་ན།།
ང་བཟང་ཁྱོད་ངན་རྩོད་པ་ཅི་ལ་བྱེད།།

ཨ་མའི་མངལ་ལས་སྐྱེས་དུས་ཚང་མ་ངུ།།
འཆི་བའི་གནས་སྐབས་འཇིགས་སྐྲག་ཚང་མར་འོང་།།
སྐྱེ་འཆི་རྒ་བ་མེད་པའི་མི་མེད་ཕྱིར།།
ཕན་ཚུན་གདོང་ལ་མཆིལ་མ་ཅི་ལ་གཏོར།།

སྐྱིད་པའི་དུས་ན་འཛུམ་མདངས་སུས་ཀྱང་སྟོན།།
སྡུག་པའི་སྐབས་སུ་མིག་ཆུ་ཁོག་མཁན་དཀོན།།
མགོ་ཐོག་སྐྱིད་སྡུག་འཁུར་ཚུལ་འདྲ་བས་ཕྱིར།།
ཐོད་པའི་གཉེར་མར་དགོད་ཅིང་ཅི་ལ་འཕྱ།།

བསགས་པའི་ནོར་གྱིས་ཐར་ལམ་སུ་ལ་བསྐྲུན།།
བཀྲེས་སྐོམ་སྡུག་པས་རི་ཁྲོད་སུ་ཞིག་ཤི།།
མི་ཚེ་བདེ་སྡུག་འབྱོར་བས་མིན་ཕྱིར་ན།།
མི་ཡིས་མི་ལ་འབྱོར་བས་ཅི་ལ་བསླུས།།

མི་ལ་རས་པ་བྲག་ཕུག་ནང་ནས་རྒས།།
མ་ཧཱ་ནག་པོ་གསེར་ཁང་ནང་ནས་ཤི།།
ཤི་ཟིན་རོ་ལ་ཁྱད་པར་ཡོད་མེད་ན།།
མ་འཆི་ལུས་ཀྱི་ཡག་བཙོག་ཅི་ལ་རྩོད།།

དང་པོར་སྐྱེས་དུས་རྒས་པ་སུ་ཡང་མེད།།
རྒས་ནས་ཆུང་དུ་འགྲོ་བ་སུ་ཞིག་ཡོད།།
ཆེ་ཆུང་ཁྱད་པར་ལོ་ན་མིན་ཕྱིར་ན།།
རྒན་གཞོན་བར་གྱི་ཁྱད་པར་ཅི་ལ་རྩོད།།

རྐང་བ་ཡོད་དོ་སྤོ་ས་ས་གཞི་དང་།།
མགོ་བོ་ཡོད་ཚད་འགྱོག་ས་ནམ་མཁའ་སྟེ།།
ས་དང་ནམ་མཁའི་བར་སྟོང་མེད་སོང་ན།།
མི་ཡི་ལུས་གཟུགས་ཤོང་ས་ཡོད་དམ་ཅི།།

དེ་བས་མི་ཡིས་མི་གདོང་ཤེས་ན་བཟང་།།
རང་ཉིད་གང་ན་ཡོད་པ་མཐོང་ན་མཆོག །
མི་དང་མི་ཡི་ཁ་དང་སྣ་ཡི་བར།།
མི་དང་མི་ལ་དྲི་བ་འདི་ཙམ་བཏང་།།

              ༡༦/༠༣/༣༧ ཉིན་རང་ཁྱིམ་ནས།


                                    སན་གཙང་བོའི་མེ་ཏོག་གླིང་ཀ

སྤྲིན་གྱི་ཐིགས་པ་ཟགས་པས་བརླན་ཞིང་གཤེར།།
རྒྱ་མཚོའི་རླངས་པ་འཐིབས་པས་བསིལ་ཞིང་འཇམ།།
དཔྱིད་ཀྱི་དཔལ་ཡོན་ཤར་བས་ལྟ་ན་སྡུག །
མེ་ཏོག་གང་བུ་རྒྱས་པས་ཡིད་དུ་འཚེར།།

ཉི་ཟེར་རྡུལ་ཕྲེང་ས་རུ་འཕྲོ་འཕྲོ་ཙམ།།
རླུང་བུ་ལྡང་བའི་སྒྲ་ཙམ་ཐོས་པ་ཉིད།།
རང་སེམས་བདེ་བར་འགོད་ཕྱིར་སན་གཙང་བོའི།།
མེ་ཏོག་གླིང་ཀ་དེ་རུ་དལ་གྱིས་ཆས།།

ཚོམ་བུར་བཀྲ་བའི་མེ་ཏོག་འདབ་མ་རུ།།
གཡུ་སྦྲང་དག་གིས་གཤོག་པས་གར་བསྒྱུར་ཅིང་།།
ལོ་མ་རླུང་གིས་གཡོ་བའི་འཇོ་སྒེག་གིས།།
འདོད་ལྡན་སྦྲང་མའི་སྙིང་གི་རྩ་བར་འཁྱུད།།

རྩི་ཆགས་འདོད་པ་རྒྱས་པའི་མེ་ཏོག་རེར།།
དཔུང་བ་སྦོམ་པའི་གཡུ་སྦྲང་རེ་ཡིས་འཇིབས།།
བྲང་ངོས་རྨ་བྱའི་སྒྲོ་དང་འབྲུག་གི་རིས།།
བྲིས་པའི་ལག་བརྒྱ་མ་ཡང་ལྐོག་ཏུ་འཁྱིལ།།

ལྟ་བཞིན་བལྟས་ཀྱིན་མེ་ཏོག་གླིང་ཀ་མཛེས།།
བསམ་བཞིན་བསམས་ཀྱིན་མི་ལ་སྐྲག་དགོས་བྱུང་།།
གཙང་བོ་སན་གྱི་མེ་ཏོག་གླིང་ཀ་ནི།།
སྐད་ཅིག་ཉིད་དུ་གད་སྙིགས་ཕུང་བོར་གྱུར།།

གཡས་དང་གཡོན་དུ་འཁྱོག་ནས་བཞུར་བ་ཡི།།
གྲོང་ཁྱེར་ཕ་རི་སི་ཡི་སན་གཙང་བོའི།།
ཉེ་འགྲམ་མེ་ཏོག་གླིང་ཀའི་མེ་ཏོག་དང་།།
དེར་འཁྱུད་སྦྲང་མ་དག་ལ་དགོངས་དག་ཞུ།། 

             ༡༦/༠༥/༠༦ ཕྱི་དྲོར་སན་གཙང་བོའི་ཉེ་འགྲམ་ནས།


                                    སྙན་ངག་གི་དགོས་པ་གླེང་བ།

མིང་དང་ཐ་སྙད་བསྒྲིགས་པ་ཡིས།།
སྙན་ངག་འོད་སྣང་འབར་མི་བྱེད།།
སེམས་ཚོར་གློག་དམར་འཁྱུག་པ་ཡིས།།
ནམ་མཁའ་མཛེས་བྱེད་སྙན་ངག་ཡིན།།

ཚིག་གི་ངོ་གདོང་མཛེས་བྱེད་དུ།།
མིང་ཚིག་གསར་བའི་ཚོན་བགོས་པ།།
ཕྱི་ཡི་རྫུན་སྤྲས་རྒྱན་ཁོ་ན།།
ནང་སེམས་མཐོང་བའི་སྙན་ངག་མིན།།

རླབས་ཀྱི་འགྲམ་དུ་མེ་ཏོག་བཀྲ།།
གཏིང་ན་རིན་ཆེན་ནོར་བུས་ལྕི།།
གཏེར་གྱི་འོད་སྣང་ཆེམ་ཆེམ་འཕྲོ།།
སྙན་ངག་གཏིང་ཟབ་རྒྱ་མཚོ་ཡིན།།

མཚོན་དོན་བྲག་དང་རི་བོར་སྤྲུལ།།
དུངས་སེམས་ཆུ་དང་གཙང་བོར་འདྲེས།།
སྙིང་གཏམ་གངས་དང་ཁ་བར་བསྡོངས།།
སྙན་ངག་ས་གཞི་ཆེན་པོ་ཡིན།།

དོན་གྱི་བརྗོད་བྱ་ཉི་ཟླ་གཉིས།།
ཚིག་གི་སྒྱུ་རྩལ་སྐར་ཚོགས་འབུམ།།
མཚོན་དོན་འཇའ་ཚོན་སྣ་ལྔའི་རིས།།
སྙན་ངག་མཐའ་ཡས་ནམ་མཁའ་ཡིན།།

གངས་ཀྱི་ཁ་བ་མི་ཡི་གཤིས།།
ཁ་བ་མཐུག་པོ་ལ་རྒྱ་སྟེ།།
མེ་དང་ཚ་བས་མི་བཞུས་པ།།
སྙན་ངག་གངས་དཀར་ཏེ་སེ་ཡིན།།

སྐྱིད་པའི་དུས་སུ་སྙན་ངག་འབྲི།།
སྡུག་པའི་སྐབས་ཀྱང་སྙན་ངག་འབྲི།།
དགའ་སྡུག་གང་ལ་འཕྲད་ན་ཡང་།།
སྙན་ངག་སེམས་གསོ་སྨན་མཆོག་ཡིན།།

ང་ཡི་ཕ་ཡིས་སྙན་ངག་བྲིས།།
ང་ཡི་མ་ཡིས་སྙན་ངག་གྱེར།།
ང་དང་ཁྱོད་ཀྱིས་སྙན་ངག་གླེང་།།
སྙན་ངག་རྡོ་རྗེ་མདུད་པ་ཡིན།།

དབྱུག་པ་ཅན་གྱིས་སྙན་ངག་བརྩམས།།
རྒྱལ་དབང་ལྔ་བས་སྙན་ངག་བྲིས།།
རྒྱ་བོད་མཁས་པ་ཡོད་དོ་ཅོག །
སྙན་ངག་མ་བྲིས་ཤི་ནི་མེད།།

དེ་བས་ཚང་མས་སྙན་ངག་ཕྲིས།།
སྙན་ངག་ཚེ་སྲོག་དམར་བོ་ཡིན།།
ཤི་ཡང་གཏན་ཏུ་གསོན་ཡོད་པ།།
སྙན་ངག་ཤི་མེད་རྒས་མེད་ཡིན།།

                                    15/09/24 མཚན་གུང་དུ།

460602BC-C4F2-4C54-86E7-F8E4A53976F1-216-000000172FE17F92_tmp.JPG


                                     བུད་མེད་བརྟག་ཐབས་ཀྱི་རྣམ་བཤད།

འདོད་པའི་ཁམས་ཀྱི་འདོད་པ་ལྷུར་ལེན་པ།།
བརྩེ་སེམས་འཇའ་ཡི་འོད་ཀྱི་སྒྲིབ་གཡོག་ཅན།།
ཆགས་མིག་ཉི་ཟླས་འཇིག་རྟེན་གསལ་བྱེད་མ།།
སྟོང་བའི་ལྷ་མོ་དེ་ལ་ཕྱག་འཚལ་ལོ།།

འདི་ན་ཁ་ཅིག་བརྩེ་དུང་སྨག་རུམ་ནས།།
བརྩེ་བ་ཡང་དག་འོད་དེ་མ་མཐོང་བར།།
ཁ་ཡག་མེ་ཁྱེར་ཙམ་ལ་བློ་གཏད་ནས།།
མི་ཚེ་མུན་པར་ལྟུང་བ་བདག་གིས་མཐོང་།།

དེ་བས་འདོད་གཏམ་མཚོ་ལ་བསྐྱོད་པའི་ཉ།།
གོམས་པའི་འཁྱུག་རྩལ་མྱུར་བ་གློག་གི་གྲོགས།།
ངོ་གནོངས་འཕྱ་བའི་གོས་གཡོག་ཕུད་བྱས་ཏེ།།
བུད་མེད་བརྟག་ཐབས་གློག་གི་རྣམ་བཞག་འཁྱུག །

དྭངས་པའི་མཚོ་ཞབས་ཤིན་ཏུ་རིང་གྱུར་པས།།
གཏིང་གི་ནོར་བུ་གསལ་བོར་མཐོང་མིན་ལྟར།།
བུད་མེད་སེམས་ཀྱི་དྭངས་པའི་བརྩེ་དུང་ཡང་།།
སྤྲིན་བྲལ་ཉི་འོད་བཞིན་དུ་གསལ་ལེར་མེད།།

འོ་མ་ཡང་ཡང་དཀྲུགས་ན་རིམ་གྱིས་མར།།
ཉི་འོད་གསལ་ལེར་འཕོགས་ན་མེ་ཏོག་ཁ།།
རིམ་གྱིས་མངོན་པའི་རྒྱུ་དང་འབྲས་པའི་གཤིས།།
ཕོ་སྐྱེས་དར་མ་དག་གིས་ཤེས་བྱར་ལོངས།།

བྲག་གི་རི་བོ་ཐོག་གིས་གཏོར་བ་དང་།།
རྩེ་མོ་ཅན་གྱིས་རྩྭ་སྐྱ་བསྲེགས་པ་བཞིན།།
རྒྱུ་འབྲས་ལྷན་ཅིག་འབྱུང་བའི་རེ་བ་ཆེ།།
སེམས་ལ་ནན་གྱིས་འཛིན་པ་རིང་དུ་སྤོངས།།

གནའ་བོའི་གཡག་ལམ་ད་ལྟའི་གནམ་གྲུ་ལམ།།
ཕྱི་ཡི་དངོས་པོ་འཕེལ་རྒྱས་མགྱོགས་ན་ཡང་།།
རང་ཅག་བོད་ཀྱི་བུད་མེད་སེམས་ཀྱི་ཁམས།།
སྒོ་ངའི་ནང་གི་སེར་རིལ་བཞིན་དུ་གནས།།

ལན་རེར་བལྟས་ན་དགའ་བའི་མཚོན་བྱེད་མང་།།
སྐབས་རེར་སོམས་དང་དགའ་མིན་རྟགས་མཚན་གསལ།།
འདི་ཞེས་མེ་ལོང་ནང་གི་གཟུགས་བརྙན་བཞིན།།
རང་བཞིན་གཅིག་ཏུ་གནས་པ་རི་བོང་རྭ།།

དེ་བས་ཕྱིར་ན་བུད་མེད་སེམས་ཀྱི་ཞིང་།།
བརྩེ་དུང་མྱུ་གུའི་ས་བོན་འདེབས་འདོད་ན།།
འབའ་སྲས་ཁ་ཡི་རལ་ཁུར་སྟུག་པའི་ཀློང་།།
ཛ་ཧུ་བུ་མོའི་རྒྱུན་བཟང་ཡུར་བུར་དྲོངས།།

ཕྱི་ཡི་མཛེས་སྡུག་བཀྲ་བའི་འཇའ་རིས་ཀྱིས།།
ནང་སེམས་བྱིས་པའི་བློ་ལ་མཚར་བ་སྟེར།།
དེ་ལྟ་ན་ཡང་སྨིག་རྒྱུ་ཆུ་ཡི་རྒྱུན།།
མཐོང་ནས་རྒྱུགས་པ་རི་དྭགས་ངལ་བའི་རྒྱུ།།

མི་ནི་མི་ལ་ལྐོག་ཏུ་གྱུར་བས་ན།།
བུད་མེད་སེམས་པ་དེ་བས་ལྐོག་གྱུར་ཏེ།།
འཛུམ་དང་དགོད་པའི་འོ་དཀར་འཕྱུར་ན་ཡང་།།
ཞོ་གསར་མར་ལོ་གསང་བའི་གསེབ་ཏུ་གནས།།

དང་བོ་འཕྲད་དུས་ཧ་ལོ་མེ་ཏོག་ལས།།
སེམས་ཀྱི་རྒྱ་སེ་འབུལ་མཁན་སུ་ཡང་མེད།།
ཡུན་གྱིས་འགྲོགས་ན་སྙིང་གི་སྐྱེད་ཚལ་ནས།།
མི་ཚེ་གསེར་ཆེན་འབུལ་མཁན་བུད་མེད་མང་།།

མཐོང་མ་ཐག་ནས་ལང་ཚོའི་མདོག་སྟོན་པ།།
འདྲིས་པ་ཉིད་ནས་གསང་བ་རྡོལ་ཐུབ་མཁན།།
མཐུན་པའི་ཙ་ན་གཉིས་སྦྱོར་ཁས་ལེན་པ།།
སྨད་འཚོང་ལས་གཞན་བུད་མེད་ནང་དུ་དཀོན།།

དེ་ལྟ་ན་ཡང་བུད་མེད་སྐྱེས་པ་དང་།།
སྐྱེས་པ་བུད་མེད་མི་དགའ་སུ་ཞིག་མཆིས།།
སྐྱེས་པ་བུད་མེད་གཉིས་ཀྱི་ས་མཚམས་སུ།།
གནོངས་པའི་བར་ཐག་ཡོད་པ་ཤེས་པར་གལ།།

བུད་མེད་ཡིན་ཡང་བུད་མེད་མི་འདྲ་ཞིང་།།
སྐྱེས་པ་དག་ཀྱང་དེ་བཞིན་མི་འདྲ་སྟེ།།
འགའ་ཤས་གནས་སྐབས་སྐོམ་གདུང་ཆུ་ལ་རྔམ།།
ལ་ལ་མི་ཚེའི་ལམ་རིང་བགྲོད་རོགས་ཉིད།།

ཕར་ལ་འཛུམ་ཙམ་དགོད་ཙམ་བྱས་པའི་བརྡར།།
ཚུལ་ལ་དེ་བཞིན་སྟོན་པ་དགའ་བ་མིན།།
མིག་གིས་ཕར་ལ་བལྟས་ན་མགོ་བོ་དམད།།
ཁྱོད་ལ་དགའ་བའི་རྟགས་མཚན་དང་བོ་ཡིན།།

དྲིས་པའི་སྤྲིན་ལས་ལན་གྱི་ཆར་མྱུར་བ།།
དགའ་བའི་སྦྲང་ཆར་ཟགས་པའི་མཚོན་བྱེད་མིན།།
བསམ་བློའི་སྨུག་སྤྲིན་ཡུན་རིང་འཐིབས་པ་ལས།།
ཆུ་ཐིགས་ཟགས་པས་དགའ་བ་གཉིས་པ་མཚོན།།

སྐད་ཆ་བཤད་ན་མགོ་བོ་ཕར་ལ་འཁོར།།
ལུས་པོས་རེག་ན་ལག་པས་རྩྭ་མགོར་རེག །
ཅི་ཡང་མི་སྨྲ་ཉམ་ཆུང་འདུག་པ་ནི།།
ཁྱོད་ལ་དགའ་བའི་རྟགས་མཚན་གསུམ་པ་ཡིན།།

ད་ཤོག་བོས་ན་རྒྱུགས་ནས་བསླེབས་པ་ནི།།
སྒེར་གྱི་དོན་ལས་བརྩེ་བས་དགའ་བས་མིན།།
ཕར་ལ་མ་སོང་ཕར་ཤོག་འབོད་པ་ཡང་།།
སྒེར་བའི་དོན་ཏེ་མི་ཚེ་བརྟེན་བྱ་མིན།།

བུད་མེད་ལ་ལར་སྡུག་མེད་སྡུག་སྐད་མང་།།
ཁྱོད་ཀྱི་ལག་ནས་སྒོར་འགའ་འཕྲོག་འདོད་ཡིན།།
ཟ་མ་ཟས་ཐུན་གཅིག་གི་དོན་ལ་ཡང་།།
ཁ་པར་གཏོང་བ་བརྩེ་བ་ངོ་མ་མིན།།

འགའ་ཞིག་དེ་ལས་ལྡོག་སྟེ་ཉམས་གྱུར་ཀྱང་།།
རོགས་ཕན་དྲིས་དང་མི་དགོས་རྒྱུ་མཚན་མང་།།
དེ་ནི་ཁྱོད་ལ་དོ་ཁུར་བྱས་པ་དང་།།
ཁྱོད་ལ་དགའ་བས་མི་ཚེའི་ཆུང་མར་རུང་།།

ནམ་ཡང་རྒྱན་དང་གོས་ཀྱི་སློང་མོ་བ།།
རྟག་ཏུ་ཁྱོད་ཀྱི་དྲུང་ན་འཛུམ་འཛུམ་གནས།།
འཇའ་ཡི་གཟུགས་ཀྱིས་བསླུས་དང་ཁྱད་མེད་པས།།
མི་ཚེ་མགོ་ར་མི་ཉན་བརྟན་དུ་སྤོངས།།

དཀའ་སྡུག་ཆེ་ཡང་ངོ་གདོང་འཛུམ་གྱིས་ཁེངས།།
བདེ་སྐྱིད་འཛོམས་ཀྱང་མེད་དང་མུ་གེ་འདོན།།
ཉི་མའི་འོད་དང་མཚན་གྱི་འུག་པ་གཉིས།།
དང་བོ་བླང་བྱ་གཉིས་པ་དོར་བར་གལ།།

འདི་ལྟར་བུད་མེད་སེམས་ཀྱི་མེ་ཏོག་ལས།།
གང་ལ་སྦྲང་རྩི་གང་ལ་དུག་ལྡན་པ།།
གསར་བུ་སྐྱ་སྟོང་རྣམས་ཀྱིས་མི་ཤེས་པས།།
རྒད་པོ་ཉམས་མྱོང་ཅན་གྱིས་ཞིབ་ཏུ་བཤད།།

འཇིག་རྟེན་གསང་བའི་མཚོ་མོའི་ཕ་རོལ་ན།།
སྒྲིབ་གཡོག་མེད་པའི་ངག་རིག་ལྷ་ཞིག་ཡོད།།
འོ་འཛིན་མཚོ་མོ་ལྗགས་ཀྱིས་སྐྱོམ་པ་ཡི།།
རེག་པ་མངར་བའི་སྙན་ངག་འདི་ཙམ་མོ།།

          ༡༥/༠༩//༠༦ ཉིན་བོད་ཡིག་འཛིན་གྲྭ་གྲོལ་རྗེས་ས་མཐའི་རང་ཁྱིམ་དུ།

     
                                         མཛངས་མ་དཔལ་འབྲུག་མོ་ལགས་ལ་བསྔགས་པ་དབྱངས་ཅན་པི་ཝང་དངོས་དཀྲོལ་ཞེས་བྱ་བ།

དྲིས་མྱོང་མེད་ཀྱང་གོ་མྱོང་ཡོད་པས་རྣ་བའི་ལམ་དུ་སྙན་ལྷང་ལྷང་།།
འགྲོགས་མྱོང་མེད་ཀྱང་མཐོང་མྱོང་ཡོད་པས་མིག་གི་ལམ་དུ་འོད་འཚེར་འཚེར།།
དྲན་མྱོང་མེད་ཀྱང་སེམས་སུ་ལྷུང་བས་སེམས་པའི་གཏིང་ན་ལྗིད་ཏིག་ཏིག །
རྨ་ཡུལ་འབྲོག་གི་གསེར་གྱི་མེ་ཏོག་མ་བཟང་བུ་མོ་དཔལ་འབྲུག་མོ།། 

རང་གི་རྣ་བ་དོན་ཡོད་འདོད་ན་དཔལ་གྱི་འབྲུག་མོའི་སྐད་ལ་ཉོན།།
མིག་གིས་མཛེས་པ་མཐོང་བར་འདོད་ན་དཔལ་གྱི་འབྲུག་མོའི་གདོང་ལ་ཅེར།།
སྨྲ་བྱེད་ལྕེ་ལ་ཟད་པ་མེད་ན་མཛངས་མའི་ཡོན་ཏན་གཏམ་དུ་ལོངས།།
བསྔགས་འོས་བསྔགས་པར་མི་བྱེད་བླུན་ཞེས་ཞང་ཞུང་ཆོས་དབང་གྲགས་པས་གསུངས།། 

"རྨ་ཡུལ་འགྲམ་གྱི་སྨན་རྩྭ་ཟོས་"པས་ལུས་ལ་ཙན་དན་དྲི་མ་གཤེར།།
རྫ་རིའི་འདབས་ཀྱི་གཙང་ཆབ་འཐུངས་པས་ངག་ལ་དབྱངས་ཀྱི་འགྱུར་ཁུགས་ལྡན།།
གཡང་དཀར་ལུག་གུའི་རྩེད་རོགས་བྱས་པས་སེམས་པ་བལ་དཀར་མདངས་དང་མཚུངས།།
རྩྭ་ཐང་སྟེང་ནས་གཉོམ་ལག་རྒྱས་པས་ལང་ཚོ་གསར་སྐྱེས་མེ་ཏོག་འདྲ།།

ཚོན་གྱིས་མ་བསྒོས་དཀྱུས་རིང་སྨིན་མ་རྒོད་པའི་འདབ་གཤོག་བརྐྱངས་བཞིན་མཛེས།།
བིམ་པའི་ཁ་དོག་ཉམས་པར་བྱེད་པའི་མཆུ་སྒྲོས་རྒྱ་སྐྱེགས་མདངས་ལ་བསྡེབས།།
མ་བྲིས་རང་བྱུང་ལང་ཚོ་མཆོག་གིས་བཟོ་བའི་ལག་པ་འདར་བར་བྱེད།།
གང་ཞིག་ཡན་ལག་ཆ་ཤས་ཙམ་གྱིས་མཛེས་མ་གཞན་དག་རྨོངས་སུ་འཇུག ། 

གནག་སྣུམ་སྐྲ་ལོ་ཐུར་དུ་དཔྱངས་པ་འདོད་ལྡན་སྐེ་ལ་ཞགས་པ་འདྲ།།
བྲང་སྐྱེས་རིན་ཆེན་ཤ་རྡོག་ཟླུམ་པོ་ཆགས་ཅན་མགོ་ལ་ལྕགས་རྡོ་བཞིན།།
དུང་སོ་སུམ་ཅུ་འཕྲེང་བས་མཛེས་པ་སྲེད་ལྡན་བཙོན་འཇུག་ར་བ་འདྲ།།
དམར་བོའི་ཁ་སྒོ་ཅུང་ཙམ་འཛུམ་པ་ཆགས་ལྡན་སྲེག་བྱེད་སླ་ང་བཞིན།། 

སྲེད་བྱེད་རྟ་གདོང་མེ་རི་འཐུངས་པའི་མིག་ཟུང་ཉི་མའི་དཀྱིལ་འཁོར་ལས།།
ཟུར་མིག་འོད་ཀྱི་མེ་ལྕེ་འབར་ཚེ་འདོད་ལྡན་སྙིང་གི་འཁྱག་རོམ་བཞུས།།
རྨ་སྒྲོ་ཐིག་ལེ་འཇའ་རིས་དང་མཚུངས་སྨིག་རྒྱུ་འོད་དུ་འཚེར་བ་ཡིས།།
ཆགས་ཅན་སྐྱེ་བོ་རེ་བའི་རི་དྭགས་རེ་མེད་རྐང་བར་མྱ་ངན་སྟེར།།

བརྒྱ་བྱིན་ལྟ་བུའི་སྤྱན་གྱིས་གཟིགས་ན་ཐིག་ལེ་མཆོག་མའི་གཟུགས་བརྙན་འཆར།།
རཱ་མ་ཎ་ཡི་གཞུ་ལ་བཀུགས་ན་ངོ་མཚར་སྤྲུལ་གྱི་རི་དྭགས་གཟུགས།།
གླིང་རྗེ་གེ་སར་མིག་གི་བལྟས་ན་གླིང་གི་ཨ་ཅེ་འབྲུག་མོ་དངོས།།
སྣ་ཚོགས་འཕྲུལ་གྱིས་སྣང་ངོར་མི་གཅིག་ལས་དབང་ཡོད་མིན་ཐ་དད་འགྱུར།། 

ལུས་ཀྱི་མཛེས་པ་བསམ་བློའི་ཡོན་ཏན་བུད་མེད་གཞན་དང་བསྡུར་ན་ལྷག །
གཤིས་དང་སྤྱོད་པ་བཟང་བ་ཉིད་དོ་ཁོ་བོས་ཅུང་ཙམ་བརྟག་པས་ཤེས།།
མི་ཡི་ཚོགས་ན་མཛངས་མ་འཚོལ་བའི་སྐྱེས་བུ་འགའ་ཞིག་ཡོད་གྱུར་ན།།
སྒྲེན་མོའི་མིང་གི་འཛིན་པ་དོར་ཏེ་དཔལ་འབྲུག་མོ་ཞེས་ཡང་ཡང་ཟློས།། 

ཉོན་མོངས་ཅན་གྱི་དབང་དུ་མི་འགྲོ་རང་ཚུགས་ཀ་རྡོ་བཞིན་དུ་བརྟན།།  
ཁྱིམ་ལ་མཁས་ཤིང་ཐབ་ལ་བརྩོན་པ་མཛའ་དང་སྙིང་ཉེ་ཕྱི་ཐག་རིང་།། 
ང་དང་ཁྱོད་ཅེས་སྐད་ཆ་མི་མང་སྤྱི་ཡི་དོན་ལ་བློ་སེམས་དྲང་།།
ལས་ལ་ཡང་ཞིང་ལག་འབྲས་གཙང་བའི་མཛངས་མའི་ཡོན་ཏན་ལྡན་པ་ཉིད།།

སྙིང་གི་ཆགས་པ་རླུང་གིས་གཡོས་པས་འབྲུག་མོའི་ལྗོན་བཟང་སྒུལ་བ་མིན།།
སྙན་ངག་ཚིག་གི་མཐེ་བོང་བསྒྲེངས་ནས་འབྲུག་མོར་ངོ་བསྟོད་བྱས་པ་མིན།།
རྡ་རམ་ས་ལར་ཀུན་སྤྱོད་མཐོང་ཞིང་དྲ་ངོས་ཚོམས་སུ་བསམ་བློ་མཐོང་།།
གང་ཞིག་མཐོང་བ་མཛེས་དང་མཛངས་མའི་ཡོན་ཏན་ཡིན་ཕྱིར་འདི་ཙམ་བསྔགས།།

                                      ༡༥/༠༦/༡༨ ཉིན་གྲུབ།

FE27CC11-041C-4AE2-8580-AF6EF6F1DF0A-216-00000017506A521F_tmp.JPG


                                         མཛའ་འཕྲིན་དེ་འབྱོར་སོང་ངམ།

ཁ་འབབ་རླབས་སུ་བྲིས་པའི་སྙིང་གི་གཏམ།།
ཛ་ཧུའི་བུ་མོའི་རྒྱུན་དུ་བསྲིངས་པའི་འཕྲིན།།
འཁྱུག་རྩལ་གཤོག་པ་ལྡན་པའི་ཕོ་ཉ་མོས།།
ཁྱེད་ཀྱི་ཕྱག་ཏུ་བདེ་བར་བཞག་སོང་ངམ།།

མེ་ཏོག་ཟུར་མིག་དགོད་པའི་མཛེས་པ་ལ།།
རྡོ་ཡིས་དམ་བཅའ་བརྗོད་པའི་ཕྲ་རྒྱན་ཅན།།
དྲན་པ་རླུང་གི་དཀྱིལ་འཁོར་བཅིབ་པ་ཡང་།།
རི་བོ་སྟོང་གིས་མ་ཁོག་བསླེབ་སོང་ངམ།།

སྤྲིན་པས་མིག་ཆུ་གཏོར་བའི་ཐིགས་པ་དག །
སྙིང་གི་འདབ་མར་བཀོད་པའི་མུ་ཏིག་ཕྲེང་།།
ཡི་གེའི་འཇའ་རིས་སྐུད་པར་བརྒྱུས་བྱས་ཏེ།།
ཤོག་བུའི་ཕོ་ཉར་སྤྲིངས་ཡོད་སྤྲད་སོང་ངམ།།

སྦྲང་མའི་དུངས་སེམས་མེ་ཏོག་བརྗོད་པའི་གླུ།།
ཁྲུང་ཁྲུང་མོན་ལ་འཁྲེང་ཞིང་གདུང་བའི་དབྱངས།།
སྤྲིན་ཆར་འཐུངས་པས་རྨ་བྱ་བཟི་བའི་མགུར།།
དཔྱིད་ཀྱི་རླུང་བུར་བསྐུར་ཡོད་ཞུ་སོང་ངམ།།

སྟོན་ལོ་ཁེར་འཕུར་གསེར་གྱི་ལྭ་བ་ཅན།།
ཞོགས་པའི་ཉི་ཟེར་འོད་ཀྱིས་མྱོས་གྱུར་པས།།
སྐྱོ་བ་སེམས་སུ་འཐིམས་པའི་མཚན་མོའི་སྨག །
མཚམས་སྤྲིན་མདོག་ཏུ་བསྡེབས་པ་བསྟན་སོང་ངམ།།

ལྡུམ་རའི་མེ་ཏོག་མཉེན་པའི་ལག་མཐིལ་ནས།།
འཛུམ་ཞིང་དགོད་པའི་མདང་གི་རྨི་ལམ་ཞིག །
ཚིག་ལ་རྣམ་ཤེས་ཞུགས་པའི་སྙན་ངག་གི །
ལྷ་མོ་དེ་ལ་བསྐུར་ཡོད་མཇལ་སོང་ངམ།།

འཁྱག་རོམ་ཁྲོད་ནས་མ་ཤི་འབར་བའི་མེས།།
རྡོ་ལ་གས་ཆག་གཏོང་བའི་ལྗང་མྱུག་ཅིག །
མཚོ་མོའི་རླབས་རིས་ཁུར་བའི་གྲུ་ཆུང་དེར།།
སེམས་ཀྱི་མཆོད་པར་བརྫངས་པ་འབྱོར་སོང་ངམ།།

རྨི་ལམ་མེ་ཏོག་བཏུས་པའི་གཡུ་སྦྲང་གི །
ཞོགས་པར་གཤོག་ཟུང་ཟད་པའི་ངལ་དུད་ཀྱི།།
སྐྱོ་གླུས་ཟེའུ་འབྲུ་འདར་བའི་མྱ་ངན་ཚིག །
སྦྲང་རྩིའི་བཅུད་དུ་མཛོད་ལ་བསྒྱུར་ཏེ་སྤྲིངས།།

བརྩེ་བའི་མེ་ཏོག་སད་ཀྱིས་མ་བཅོམ་ཡང་།།
དྲན་པའི་རླུང་གིས་བསྒུལ་ན་མྱ་ངན་ལྕི།།
སྨུག་པ་སེམས་སུ་འཐིབས་པའི་སྐྱོ་གླུ་འདི།།
རི་དྭགས་ཁེར་འགྲོ་ཞིག་གིས་ཁྱོད་ལ་ལེན།།

ཁྲུང་ཁྲུང་ཆ་གཅིག་འཁྱུད་པའི་གཤོག་པ་ཡིས།།
ལྷོ་ཕྱོགས་མོན་གྱི་རི་བོའི་ཉི་འོད་འགོག །
མུན་གནག་མཚོ་མཐའི་ངང་ཕོ་སྐྱོ་བའི་གླུ།།
ཉོན་དང་མཚོ་གཏིང་ཉ་མོའི་ཁ་ནས་ཐོས།།

               ༡༧/༠༡/༡༢ ཉིན་གུང་ལས་ཀའི་བར་གསེང་ནས།


                                    མཛའ་གཞས་གང་དྲན་མ།

མཚན་མོའི་ཟླ་འོད་ཀྱི་འོག་ནས།།
འཇམ་པོའི་མལ་སྟན་གྱི་སྟེང་ནས།།
གཉིད་ཀྱི་རྣ་བ་དེ་གཏོད་དང་།།
གསང་གཏམ་རྨི་ལམ་ལ་བསྐུར་ཡོད།།

མལ་ལས་མ་ལངས་ཀྱི་ཡར་སྔོན།།
འགྲམ་པའི་མཁུར་ཚོས་ལ་རེག་དང་།།
ལག་མཐིལ་དྲོད་སྣང་ཞིག་སྟེར་བའི།།
བདག་སེམས་མེ་ལྕེ་རུ་སྦར་ཡོད།།

ཞོགས་པའི་ཉི་ཟེར་དང་བསྡོངས་ཏེ།།
ལང་ཚོ་མུ་ཏིག་ཏུ་སྤྲུལ་བའི།།
རྩྭ་མགོའི་ཟིལ་བ་ལ་གཟིགས་དང་།།
ཁོ་བོའི་རྣམ་ཤེས་དེ་སྦྲུམ་ཡོད།།

སྐྱ་རེངས་ཆབ་ཆུ་ཡིས་བཀྲུས་པའི།།
མཛེས་སྡུག་མེ་ལོང་གི་ཞལ་རས།།
ཉི་མའི་དཀྱིལ་འཁོར་ལ་ལྟོས་དང་།།
དུངས་སེམས་འོད་ཟེར་དུ་བསྒྲོན་ཡོད།།

ཟླ་བ་མོག་མོག་རེད་མ་བསམས།།
བདག་གི་སྐྱོ་སེམས་དེ་འཁུར་ཡོད།།
རི་བོང་གཟུགས་རིས་ལ་མ་འཕྱ།།
སེམས་ཀྱི་ནག་ཐིག་དེ་བསྟན་ཡོད།།

མེ་ཏོག་མགོ་ལྕོག་གི་གཡོ་སྒུལ།།
སེམས་ཀྱི་འགྱུར་ལྡོག་དེ་མ་ཡིན།།
སྦྲང་མའི་གྱེར་གླུ་ལ་ཉོན་དང་།།
བདག་གི་མཛའ་གཞས་དེ་གོ་ཐུབ།།

ཤེལ་དཀར་ཆང་ཕོར་གྱི་ཁ་ན།།
ཝུ་དཀར་ཁྲུང་ཁྲུང་བཞིན་བསྟར་པ།།
མཛའ་བརྩེ་མོན་ཡུལ་ལ་འཁྲེང་བའི།།
ཁྱོད་ཞལ་མེ་ཏོག་གིས་བཟི་འདོད།།

གསོལ་ཇ་ཧུབ་གང་རང་འཐུངས་པས།།
དཀར་ཡོལ་འབྲུག་མ་ལ་ཞེ་ཆགས།།
མཛེས་མའི་ཕྱག་སོར་གྱིས་བླུགས་པའི།།
འབྲུ་མར་སེར་པོ་ཡི་དྲིན་ཡིན།།

བདུད་རྩི་རྒྱ་མཚོ་ཡི་བཏུང་བ།།
ཚེ་གཅིག་འཐུང་སྐལ་རང་མེད་ཀྱང་།།
མཆུ་སྒྲོས་སྦྲང་རྩི་ཡི་དོག་པ།།
ཐེངས་གཅིག་བཞིབ་པ་དེས་ཆོག་ཨང་།།

བྱུ་རུའི་སྐེ་རྒྱན་གྱི་སྣེ་མོ།།
དངུལ་དཀར་ཨ་ལོང་གིས་མདུད་པ།།
སེམས་པ་ཐ་དད་རང་ཡིན་ཡང་།།
མཛའ་བ་གཅིག་འདྲེས་དེ་མཚོན་ནམ།།

འཚོ་བ་ཟླ་བ་དང་འདྲ་བས།།
འཕེལ་འགྲིབ་ལན་ཆགས་ནི་ལྕི་ཡང་།།
འགྱུར་མེད་བརྩེ་དུང་གི་རྒྱ་མཚོ།།
བསྐལ་བའི་མེ་དཔུང་གིས་མི་སྐམ།།

ཨེ་བདེན་མི་བདེན་རང་འདོད་ན།།
ཆུ་བོ་མར་བཞུར་ལ་མ་འདྲི།།
གསང་གཏམ་སོ་བར་ནས་ཤོར་འགྲོ །
སྙིང་གི་ཁ་དོག་དེ་འགྱུར་འགྲོ །

བདེན་པར་ཡིད་ཆེས་ཁྱོད་ཡོད་ན།།
སྤྲིན་པ་ཡར་འགྲོ་ལ་དྲིས་དང་།།
གཏན་ཚིགས་སྦྲང་ཆར་གྱི་གསེབ་ནས།།
མནའ་ཚིག་མེ་ཏོག་དེ་ཕུལ་ཡོང་།།

ཐ་མག་དུ་སྣེ་ཡི་སྟེང་ན།།
ངེད་གཉིས་མི་ཚེ་ནི་ཐུང་ཡང་།།
ཆང་ཕོར་རྒྱ་མཚོ་ཡི་ངོགས་ན།།
ཚེ་རབས་རླབས་ཕྲེང་གིས་མཐུད་ཆོག །

མི་ལུས་ཐེངས་གཅིག་གི་རིན་ཐང་།།
གྱང་ཁའི་རྩྭ་སྐྱ་དང་མི་དོ།།
སྨོན་ལམ་ཚེ་བསགས་ཀྱི་སྒྲོན་མེ།།
འདི་ཕྱི་གཉིས་ཀ་ནས་བསྒྲོན་ཆོག །

བརྩེ་བ་འགྱུར་འགྲོ་རང་མ་བསམས།།
སྙིང་གི་ལྷུན་པོ་ལ་བརྐོས་ཡོད།།
རྡོ་རྗེ་བྲག་རི་དེ་ཞིག་ཀྱང་།།
སྙིང་གི་རྣམ་ཤེས་དེ་གསོན་ཡོད།།

བདག་གི་ངོ་གདོང་ན་འཕྱང་བའི།།
སྐྲ་ལོ་དྲན་གདུང་གི་མདུད་པ།།
གྲོལ་བའི་སོར་མོ་ཡི་སྐྲ་ཤད།།
སྙིང་གི་མཛའ་མོ་ཁྱོད་ཁོ་ན།།

ང་ཡི་བྲང་གཞུང་གི་ཁྲི་ན།།
ཞེ་མཐུན་རྒྱལ་མོ་ཁྱོད་བཞུགས་ཡོད།།
དབང་བསྒྱུར་བརྩེ་དུང་གི་གཡོག་པོ།།
ཁོ་བོ་ཆབ་འོག་ནས་མ་འདོར།།

ཁོ་བོའི་མིག་ཟུག་གི་མཐའ་རུ།།
བརྩེ་དུང་རྒྱ་མཚོ་ཞིག་འཁྱིལ་ཡོད།།
དྲན་གདུང་མཚམས་སྤྲིན་གྱི་གསེབ་ནས།།
ཟླ་བའི་དེད་དཔོན་དེ་ཁྱོད་ཡིན།།

རྟ་ནག་ཅང་ཤེས་དེ་ཁྱོད་བྱོས།།
གསེར་ནག་སྒ་ཆ་དེ་ང་བྱེད།།
ད་ཐེངས་རྒྱུག་མཚམས་ནས་བདེ་མོ།།
དབུས་ལམ་ག་ལེར་ངང་བགྲོད་ཆོག །

མཛའ་མོ་རི་བོང་གི་རྭ་ལ།།
མཛའ་གཞས་ནམ་མཁའ་ཡི་མེ་ཏོག །
ཆང་ཕོར་དགུན་དུས་ཀྱི་ཚལ་ནས།།
མཚན་མོའི་ཁུ་བྱུག་གིས་བླངས་སོ།།

                  ༡༧/༠༢/༠༢ ས་རུབ་ཁར།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།