གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་དུག་ལྕེའི་སྙན་ངག་བདམས་བཀོད།

2017-09-23 12:26:27 རྨ་དུག་ལྕེ།(ཧྥ་རེན་སི) ཀློག་གྲངས། མཆན ཡོད།


FAF5BFA4-C887-4663-BADD-D0658E4E6141-5311-0000047E04B84DAC_tmp.JPG

                སྙན་ངག་གི་གཤིས།

གནམ་ས་བསྣོལ་མར་འདྲེས་བའི་སྲུབས་དབྲག་ན། །
མུན་ནག་འོད་འདྲེས་པའི་རི་ཟུར་ན། །
ངུ་དགོད་དབྱེད་མེད་བསྲེས་པའི་སྙན་ངག་པ། །
ཁ་བའི་ཁྲོད་ཀྱི་གངས་ལྷ་མེ་ཏོག་ཡིན། །

སྣ་མང་འདུ་འཛི་རྒོད་པའི་ཡིད་ངོགས་ན། །
དམར་ནག་ཚོར་བ་འཐབ་པའི་གཡུལ་ས་ན། །
སེམས་ཀྱི་འཆར་སྣང་སྐྱེན་པོའི་ཉིང་ཁུའི་བཅུད། །
སྒྲེན་མོར་སྟོན་མཁས་སྙན་ངག་སྨྲ་བ་ཡིན། །

ཚོར་བ་མྱོང་བར་ཐིམས་པའི་སྟོང་དབྱིངས་ན། །
རྟོགས་པ་འཁྲུལ་ཤེས་འདྲེས་པའི་སེམས་གཤིས་ཤིག །
གནས་ལུགས་ཐལ་བས་སྔོན་པོར་མ་བསྒྱུར་ན། །
སྒྱུ་རྩལ་དུག་ཟེགས་འཐོར་བའི་སྙན་ངག་ཡིན། །

         2014   6   18ཉིན།   ཡིག་འགོད་པ་སྙན་ངག་འཚོལ།

               ཚིག་འགྲོས་མེད་པའི་ཚིགས་བཅད་ནར་ལྡང་མ།
                                
ཀ་བ་གདུང་ལྕམ་མེད་པའི་སྦྲ་ནག་ནས།།
ཁ་ཟས་ངན་ངོན་ཙམ་ལ་བསྟེན་བྱས་ནས།།
ག་ལེར་འཚར་ལོང་བྱུང་བའི་འབྲོག་ཕྲུག་སྟེ།།
ང་ཡི་མི་ཚེ་ཕྱིར་དྲན་ཐེངས་གཅིག་བྱས།།

ཅ་ཅོའི་གཏམ་འཆལ་སྤངས་ནས་ཆོས་སྒོར་ཞུགས།།
ཆ་ལུགས་སྣ་མང་དོར་ནས་ངུར་སྨྲིག་གྱོན།།
ཇ་རྩམ་འཚོ་བ་ཙམ་ལ་བརྟེན་བྱས་ནས།།
ཉ་མོ་ཆུ་ལ་འཛུལ་བཞིན་ཆོས་ལ་སྦྱངས།།

ཏ་ཐཱ་ག་ཏའི་བསྟན་ལ་བློ་རྩེ་གཏད།།
ཐ་ན་ཟས་སྤྱོད་ཡོངས་རྫོགས་བཀའ་བཞིན་སྒྲུབ།།
ད་ལྟ་སངས་རྒྱས་གོ་འཕང་ཐོབ་གྱུར་ཏེ།།
ན་རྒ་འཆི་བའི་སྡུག་ལས་ཐར་བར་རེ།།

པ་མགོ་བཞིན་དུ་ལྟོ་གོས་གཞན་ལ་བརྟེན།།
ཕ་རོལ་གཞན་དོན་ཁ་མིན་སེམས་ནས་དྲན།།
བ་ཕྱུག་བཞིན་དུ་གཉོམ་ཆུང་ཧམ་ཆུང་བྱས།།
མ་རྒན་སེམས་ཅན་དོན་ལ་སེམས་ཁྲལ་བྱས།།

ཙ་རི་གནས་ཡུལ་རྒྱ་གར་ཡུལ་གྲུ་ནས།།
ཚ་གྲང་ཁྱད་གསོད་གཞུང་ལ་འབད་པའི་དུས།།
ཛ་ལང་བསྟན་པའི་གནད་འགའ་རིག་པས་གཏོར།།
ཝ་ལེར་གནས་ལུགས་ཤིག་གི་གསང་བ་རྟོགས།།

ཞྭ་དབྱིབས་སྣ་མང་རིགས་ཀྱི་དེ་ཉིད་མཐོང་།།
ཟ་འདྲེ་མང་པོའི་ངོ་འབག་དམར་རྗེན་རིག །
འ་ཅག་བླ་སྤྲུལ་ཡོངས་ཀྱི་ནང་སྙིང་གཞལ།།
ཡ་ང་བོད་ཀྱི་རྨོངས་པའི་འཇིག་རྟེན་ཤེས།།

ར་ལུག་མེ་ལ་བསྲེག་པའི་ཆོས་པ་མཐོང་།།
ལ་ལུང་སློང་མོར་ཉུལ་བའི་མཚམས་པར་མཇལ།།
ཤ་ཆང་ཚད་མེད་རོལ་བའི་སྔགས་པར་ཐུག །
ས་སྟེང་ཆོས་པས་དཀྲུག་པ་གཞི་ནས་ཚོར།།

ཧ་ཧའི་གད་རྒྱང་སྒྲོགས་པའི་ཆོས་སྐྱོང་དག །
ཨ་མཚར་སྲོག་གཅོད་ལག་དམར་ཉིད་དུ་ཤེས།།
ཨ་ཨ་ད་ནི་རྨོངས་རྗེས་མི་འབྲངས་པར།།
ཧ་ལས་གསང་གནས་འགའ་ཞིག་གཏོར་དགོས་སྙམ།།

ས་སྟེང་ཆོས་ཀྱིས་བཤིག་པའི་ལོ་རྒྱུས་འདི།།
ཤ་ཞེན་བོད་ལ་ཡོད་ན་བཤད་རན་རེད།།
ལ་ལུང་ཡོད་ཚད་གྲུབ་མཐས་གཏོར་བ་འདི།།
ར་སྤྲོད་བྱ་རྒྱུའི་དམ་བཅའ་སྙིང་ལ་བརྐོས།།

ཡ་ང་སྙིང་རྗེ་བྲལ་བའི་ཆོས་པ་དང་།།
འ་ཅག་བོད་ཀྱི་རྨོངས་པའི་དད་པ་གཉིས།།
ཟ་འདྲེས་ཁེ་བཟང་ཟ་བའི་ངང་ཚུལ་ལས།།
ཞ་འཐེང་འཁར་རྒྱུག་བར་གྱི་འབྲེལ་བ་མིན།།

ཝ་བཞིན་གཡོ་སྒྱུ་ཆེ་བའི་ཆོས་ཚུལ་དང་།།
ཛ་དྲག་ལོག་ལམ་སྟོན་པའི་མི་དགེའི་བཤེས།།
ཚ་ཚོང་ཙམ་གྱི་དམིགས་འདུན་མ་ཡིན་པར།།
ཙ་ཏུར་མཆེ་བ་བསྐལ་བར་བསྲིང་བ་ལགས།།

མ་རྒན་སེམས་ཅན་དོན་ཞིག་བྱ་འདོད་ན།།
བ་ཕྱུགས་རྟ་ནོར་འབུལ་བ་མེད་ན་ཡང་།།
ཕ་རོལ་གཞན་དོན་སྒྲུབ་ལ་བརྩོན་ཅིག་དང་།།
པ་སངས་ལྟར་དཀར་སེམས་པ་གསལ་ནས་ཡོང་།།

ན་རྒ་འཆི་བའི་འཇིག་པ་སྤངས་བྱས་ནས།།
ད་ལྟ་ཉིད་དུ་གཞན་དོན་མི་སྒྲུབ་པར།།
ཐ་ཤལ་སྤྱོད་པའི་མི་ཚེ་འདའ་མཁན་ལ།།
ཏ་སྒུར་བཞིན་དུ་མགོ་བོ་སུ་ཡིས་དུད།།

ཉ་ཤ་ར་ཤ་ལུག་ཕག་གླང་ཤ་སོགས།།
ཇ་ཡུན་ཙམ་ལ་སྤོང་བར་མི་ནུས་པའི།།
ཆ་ལུགས་ཡ་མ་ཟུང་གི་ཆོས་པ་འདི།།
ཅ་དག་ཆོས་ལུགས་ཤིག་གིས་བསྐྱེད་ནུས་སམ།།

ང་རྒྱལ་མེ་ལྟར་འབར་བའི་དགེ་བཤེས་དག །
ག་ལེར་སོམས་དང་ངར་འཛིན་གཞན་ལས་ཆེ།།
ཁ་ནས་སེམས་ཅན་གླེང་བ་ཙམ་ཞིག་ལས།།
ཀ་ར་དུག་སྦྱར་བཞིན་དུ་གཟབ་པར་འཚལ།།

ཨི་མིང་ཅན་ཞེས་བོས་ཀྱང་ཁྱད་པར་མེད།།
ཨུ་ཡོ་བཏགས་ནས་གཤེ་ཞིང་བརྡེག་ཀྱང་ཆོག།
ཨེ་གསང་ལྡག་མཁན་ལབ་ནས་སྨོད་ན་ཡང་།།
ཨོ་ཟོབ་གསལ་བར་བསྟན་ཡོད་ཤེས་བར་གྱིས།།

                             23/02/2017

486A0131-E8E6-4BE3-A6DC-1BB7888E7334-5311-0000047E2C7733BD_tmp.JPG

               ལྟ་བའི་ཟུར་ནས་བལྟས་པ།
                                   
ཕྲེང་ཞགས་རིང་མོ་ཕྱི་མའི་ཡུལ་དུ་བསྲིངས།།
རེ་བ་གསོན་པོ་དགའ་ལྡན་གནས་སུ་བཏགས།།
མིག་ཟུངས་ཟད་པོ་ཁྱིམ་གྱི་ཕུག་ལ་གྱེར།།
གཟུགས་མེད་བཙན་གཡེམ་ཐེབས་འདི་ཀྱེ་མ་སྐྱོ།།

བསམ་ན་ཡོད་ཡོད་འདྲ་བའི་གཏན་ཚིགས་བརྒྱ།།
དེད་ན་མེད་མེད་འདྲ་བའི་རྒྱུ་མཚན་སྟོང་།།
བཏང་ན་ཆག་ཅིང་བཟུང་ན་འཚིག་པ་ཡི།།
འགལ་འདུའི་ཚོར་འདུ་ཀླད་པའི་གཏིང་ནས་འཁྲུག།

བསགས་པའི་ནོར་རྫས་ལྷ་བླའི་མདུན་ནས་ཟད།།
སྐྱེས་པའི་སེན་མོ་ཤིང་ཕྲེང་སྟེང་ནས་ཟད།།
དགའ་སྐྱིད་ཚོར་བ་སྡུག་གི་བསླབ་བྱས་ཟོས།།
སྐྱིད་པའི་མི་ཚེ་སེམས་ཁྲལ་ཀློང་ནས་ཟད།།

མ་གིའི་དམྱལ་བར་གཞིགས་པའི་དོགས་པ་ཞིག །
ཡ་གིའི་ཞིང་ལ་སྨོན་པའི་རེ་བ་ཞིག །
རེ་དོཊ་སྤྲིན་ནག་འཐིབ་པའི་སེམས་ཁམས་འདིས།།
མི་ཚེ་སྡུག་ལ་འཛད་འདི་ཨ་རེ་ཕངས།།

ངན་སོང་སྡུག་བསྔལ་དྲན་པའི་དབུགས་རིང་ཞིག །
འཁོར་བའི་ཉེས་དམིགས་བསམ་པའི་དངན་པ་ཞིག །
རིན་ཐང་བྲལ་བའི་མི་ཚེའི་འགྲུལ་ལམ་ནས།།
བསམ་པའི་ལོག་གཡེམ་ཕོག་འདི་ཨ་ཙ་མ།།

རིགས་དྲུག་བྱམས་བརྩེས་སྐྱོང་བའི་ལམ་སྟོན་ཞིག །
གཉེན་ཉེ་སྦྲུལ་དུ་ལྟ་བའི་བསླབ་བྱ་ཞིག །
ཞིབ་མོ་རྣམ་འཐག་མེད་པའི་རིག་ལམ་འདིས།།
སེམས་ཀྱི་མཛེས་སྡུག་ཕྲོགས་འདི་ཡ་རེ་ང་།།

དགྲ་ལ་ལྷག་ཏུ་བརྩེ་བའི་ཆོས་ལུགས་ཤིག །
དགྲ་གཉེན་བློས་བཏགས་ཙམ་གྱི་ལྟ་བ་ཞིག །
བློ་ཡང་དོན་དམ་མེད་པའི་གྲུབ་མཐའ་འདིས། །
ཆེད་དུ་ཀླད་ཞོ་དཀྲུགས་སམ་འཕྱང་མོ་ཉུག །

འཇིམ་མྱིར་གསེར་ཆུ་བྱུག་པའི་དད་རྟེན་ཞིག །
གསེར་དངུལ་དེ་ལ་འབུལ་བའི་ལམ་སྲོལ་ཞིག །
དཀོན་གཉེར་དྲན་འཕྲུལ་རྒོད་པོའི་སྒྱུ་འཕྲུལ་ལས།།
ས་སྐུས་མི་སྐད་སྨྲ་འདི་ཨ་ཚ་ཚ།།

དར་གོས་རླུང་ལ་སྤུར་བའི་རིམ་གྲོ་ཞིག །
འབྲུ་དྲུག་མེ་ལ་བསྲེག་པའི་བསང་མཆོད་ཅིག །
གསེར་དངུལ་ས་ཆུར་བསྟིམ་པའི་ཆོ་ག་འདིས།།
མི་ཚེ་དབུལ་ལ་སྦྱར་འདི་ཀྱེ་མ་ཧུད།།

བགྲང་བྱ་བརྒྱ་ཕྲག་བརྩེག་པའི་ཡ་ཐོག་ནས།།
ཕ་མེས་ཡང་མེས་སྟོང་གི་གཅེས་པའི་ནོར།།
འབག་སྐུའི་མདུན་རི་ལྟར་སྤུངས་ན་ཡང་།།
ཁ་བ་མཚོ་ལ་ཐིམས་བཞིན་ཡལ་འདི་སྐྱོ།།

མ་འོངས་མདུན་ལམ་རིང་མོ་སྨུག་པས་བཏུམ།།
འདས་པའི་རྐང་རྗེས་མག་མོག་སྡུག་གིས་ཟད།།
མི་རབས་ཆོས་པའི་བྲན་དུ་བཀོད་པ་ཡི།།
མི་ལོ་སྟོང་གི་རྨུ་གབ་ཅི་ལྟར་བཀོག །

 སེམས་ཅན་མ་རུ་བཀུར་བའི་བན་ཆོས་ཤིག །
དགྲ་བགེགས་སྲོག་ལ་རྔམ་པའི་སྔགས་ཆོག་ཞིག།
གཉིས་ཀ་ཉམས་སུ་ལེན་པའི་བྱ་སྤྱོད་འདིས།།
གཏན་གྱི་འདུན་མ་མེད་པའི་བརྡ་ཞིག་བསྟན།།

དངོས་པོ་བདེན་གྲུབ་སྟོན་པའི་མདོ་ལུང་བརྒྱ།།
ཡོད་ཚད་བདེན་མེད་སྒྲུབ་པའི་བཀའ་བསྟན་སྟོང་།།
གཉིས་ཀ་འཐད་ལྡན་སྒྲུབ་ལ་གཏན་ཚིག་ཁྲི།།
རྣོ་མྱུར་རྣམ་དཔྱོད་མེད་ན་མགོ་རྙོག་འབུམ།།

མི་ཡི་འཚོ་གནས་བདེ་འགྲོའི་གནས་ཞེས་བསྔགས།།
རིཊ་དྲུག་གནས་ལས་མཆོག་ཅེས་རྒྱལ་བས་བསྔཊ།།
ཡུལ་ངན་སྤོངས་ཞེས་བདེ་གནས་སྤང་བྱར་གདམས།།
ལན་རེར་ར་བཟིའི་གཏམ་དང་ཅིས་མི་མཚུངས།།

མི་ཡི་ལུས་རྟེན་སྐུ་ལྔའི་བདག་ཉིད་སྨྲ།།
དེ་ལ་སྨོད་ན་ཉེས་ལྟུང་འབྱུང་ཞེས་བཤད།།
ལན་རེར་སྡུག་བདེན་རྣམ་སྨིན་ཕུང་བོ་ཞེས།།
ལུས་སེམས་ཡོངས་ལ་རྒྱུག་པས་ལེབ་རྡུང་མཛད།།

མི་ཡི་ལྟ་ཞོག་བྱ་དང་ཁྱི་ཡིས་ཀྱང་།།
བཟའ་བར་མི་བཏུབ་ཟན་རིལ་གཏོར་མའི་ཚོགས།།
རྩ་གསུམ་ཡུལ་ལ་འབུལ་བའི་ཡུལ་སྲོལ་འདིས།།
སྐྱབས་གནས་ཤིག་གི་དེ་ཉིད་གསལ་ཙམ་མཐོང་།།

ཁོ་བོའི་གསལ་མྱུར་ཤེས་རབ་མེ་བོ་ཆེ།།
ལྟ་སྤྱོད་ཡ་མ་ཟུང་གི་ཚང་ཚིང་ལ།།
རྣམ་དཔྱོད་རླུང་དང་སྦྲན་ནས་སྤར་ན་ཡང་།།
བག་ཆགས་ཐལ་བ་བསྲེགས་པར་ཧ་ཅང་ངལ།།

                               23/02/2016

                ངའི་འདོད་པའི་སྙན་ངག་གི་དེ་ཉིད།                

དམར་ཆེན་གཏོར་མས་བསྒྲལ་པར་མི་ནུས་འཇིགས་མེད་སེམས་ཀྱི་གསལ་ཆ་ཞིག།  
སྔགས་ནག་འབུམ་གྱིས་སྐུམ་པར་མི་བཏུབ་ཚོར་བ་ཕྲ་མོའི་ཐིམ་རིམ་ཞིག། 
ཧོམ་ཁུང་སྟོང་གིས་བསྲེག་ནུས་བྲལ་བའི་རྣམ་དག་སེམས་ཀྱི་དྭངས་ཆ་ཞིག།
ཁོ་བོའི་སེམས་ན་དགོད་ཅིང་རྩེན་པའི་དྭངས་གཙང་སྙན་དངགས་ལྟ་བ་སྟེ།།             
གཏན་ཚིགས་སྐམ་པོའི་མཛུབ་སྟོན་མི་མཁོ་རང་བཞིན་འོད་ཀྱི་ཟེགས་མ་ཡིན།།
ཆོས་ཉིད་རྒན་མོའི་འཁར་རྒྱུག་མི་མི་དགོས་ཐེག་རེག་བྲལ་བའི་འཇའ་ཚོན་ཡིན།། 
གཞུང་ལུགས་དོག་པོའི་ཚད་ཐིགས་མི་འོས་རླུང་བུར་ཞོན་པའི་རྣམ་ཤེས་ཡིན།།   
ལོང་འཁྲིད་བོང་བུའི་སྲབ་མདའ་མི་དགོས་སྟོན་ཀའི་མཚན་མོའི་སྐར་མདའ་ཡིན།།    
འདྲེན་བྱེད་ཀུན་གྱིས་སྤྱད་བྱ་མ་ཡིན་ན་ཆུང་བུ་མོའི་མྱོས་བུམ་ཡིན།།  
སྒྲ་འཛིན་ཚང་མས་མཉན་བྱ་མ་ཡིན་མཛེས་མ་ཆགས་པའི་འཁུན་སྒྲ་ཡིན།། 
དྲི་འཛིན་ཡོངས་ཀྱིས་སྣོམ་བྱ་མ་ཡིན་བདྨའི་རིགས་ཀྱི་ལུས་དྲི་ཡིན།། 
ལུས་ཅན་ཀུན་གྱིས་རེག་བྱ་མ་ཡིན་མེ་ཏོག་མ་ཡི་གསང་མཚན་ཡིན།།    
བསླད་དང་སྐྱོན་གྱིས་མ་གོས་ཟླ་དཀར་བཞུས་པའི་ཁུ་བ་ཡིན།། 
རིན་ཐང་ནོམ་གྱིས་གཞལ་ཐབས་བྲལ་བ་ཉི་ཟེར་འབུམ་གྱི་འོད་ཐིག་ཡིན།།
མཛེས་སྡུག་སྨྲ་བསམ་བརྗོད་ལས་འདས་པ་སྐར་ཚོགས་ཐོར་བའི་སྐེ་རྒྱན་ཡིན།། 
མཐའ་དང་རྒྱ་ཁྱོན་དཔག་མཐའ་བྲལ་བ་ཨ་སྔོན་དགོང་གི་ཁ་ཞེང་ཡིན།།    
དཔེ་དོན་རྒྱན་གྱི་སྒྲིབ་གཡོགས་མི་དགོས་དགུ་གཞུང་ཐང་གི་མེ་ཏོག་ཡིན།།
འཆད་འཁྲིད་མཁན་པོའི་ཁ་མཆུ་མི་མཁོ་རང་གཤིས་རྫ་ཆུ་བསིལ་མ་ཡིན།།
བཅད་ལྷུག་ཚིག་གི་འཐབ་ར་མི་དགོས་ཚོར་བ་ཕྲ་མོའི་འཕོ་རིམ་ཡིན།། 
དབྱངས་ཅན་ལྷ་མོའི་བྱིན་རླབས་མི་དགོས་ཁྱེད་ཀྱི་སེམས་དང་མཉམ་གནས་ཡིན།།     
རྡ་ལི་ཞིག་གི་བྲོ་བ་མ་ཡིན་འབྲི་ནག་སྟོང་གི་འོ་བཅུད་ཡིན།། 
མ་ཧེ་ཞིག་གི་སྐྱི་གཉེར་མ་ཡིན་བྲེ་སེར་འབྲོང་གི་སྙིང་རྩིད་ཡིན།། 
རྒད་པོ་ཞིག་གི་འཁར་དབྱུག་མ་ཡིན་གཞོན་ནུའི་སེམས་ཀྱི་མཛེས་སྡུག་ཡིན།།
རྒྱལ་སྲས་ཤིག་གི་ལས་བྱ་མ་ཡིན་མཛེས་དཔྱོད་ལྟ་བའི་བསྡུས་གཟུགས་ཡིན།། 
མེ་ལོང་ནང་གི་སྣང་བརྙན་མ་ཡིན་གཉུག་སེམས་དྭངས་མའི་ཆུ་ཤེལ་ཡིན།། 
ཚིག་ཤོམ་སྟོང་གི་སྒྲོམ་ཉམས་མ་ཡིན་རང་བཞིན་རྫ་རི་སྨུག་པོ་ཡིན།། 
སར་གནས་སེམས་དཔས་རྟོགས་བྱ་མ་ཡིན་སྟུ་ཆུ་དྲོད་མོའི་རོ་མཆོག་ཡིན།། 
འགྲེལ་བརྗོད་ཙམ་གྱིས་བརྗོད་ནུས་མ་ཡིན་བདུད་རྩི་ཆང་གི་བཟི་ཁ་ཡིན།།       

                      ཁོ་བོས་སྙན་ངག་ནི་སེམས་ཚོར་ཞིག་ལས་ངག་ཅིག་གཏན་ནས་མིན་པར་བརྗོད་པས་མང་བོ་ཞིག་གིས་ཁྱེད་ཀྱིས་སྙན་ངག་བལྟ་སྟངས་སྐོར་ནས་ཁ་གསལ་མདོར་བསྡུས་ཤིག་འབྲི་བར་བསྐུལ་བའི་ལན་དུ།   ཕེ་རིས་ནས།                  19/12/2014

198664AB-E8B3-4206-B08F-DCC349FD6A52-5311-0000047E36FAC291_tmp.JPG

                སྙན་དངགས་སྲིད་པའི་རྒྱན་གཅིག

སེམས་ཀྱི་ངོས་ན་གསལ་བའི་དྭངས་ཆ་ཞིག།
གསལ་བའི་དྭངས་མར་སྟོང་བའི་ངོ་བོ་ཞིག།
གསལ་སྟོང་ཆུ་དང་ཆར་བའི་འདྲེས་མཚམས་ན།།
སྙན་དངགས་དྭངས་ཤིང་གསལ་བའི་ཆུ་ཐིགས་ཡིན།།

སེམས་པ་ཡུལ་ལ་འཕྲོ་བའི་ལམ་བུ་ཞིག།
སྣང་ཚད་ཚོར་བ་ཕྲ་མོས་མྱོང་སྟངས་ཤིག།
ཡུལ་དང་ཡུན་ཅན་འཐབ་པའི་གཡུལ་ས་ན།།
སྙན་དངགས་གཉུག་མའི་སེམས་ཀྱི་གསལ་ཆ་ཡིན།།

འདུ་འབྲལ་ངེས་བརྟན་མེད་པའི་འཇིག་རྟེན་ཞིག།
དགའ་སྐྱོ་དྲན་གདུང་བསྐྱིལ་བའི་སེམས་ཁམས་ཤིག།
རེ་འདུན་ལུགས་ལྡོག་འབྱུང་བའི་མི་ཡུལ་ན།།
སྙན་དངགས་སེམས་ངལ་གསོ་བའི་ཇ་ཁང་ཡིན།།

ཚད་མཐའ་མེད་པའི་དཀོན་མཆོག་བྱིན་རླབས་ཅིག།
གཏིང་མཐའ་མི་མངོན་འཁོར་བའི་གོད་ལམ་ཞིག།
གསོལ་འདེབས་ངུ་འབོད་འདྲེས་མའི་འཁོར་བ་ན།།
སྙན་དངགས་རྨི་ལམ་ནང་གི་དག་ཞིང་ཡིན།།

སྒྱུ་རྩལ་སྟོང་ཁམས་ཆེན་མོའི་དབྱིངས་རིམ་ཞིག།
སེམས་ཀྱི་ཀུན་རྟོག་འཕྲོ་བའི་རི་མོ་ཞིག།
ཕ་མཐའ་བྲལ་བའི་ཚོར་འདུའི་ཁུག་སོ་ན།།
སྙན་དངགས་དབྱངས་ཅན་ལྷ་མོའི་ཟླ་མཚན་ཡིན།།

སྦྲ་ནག་རླུང་གིས་སྐྱོམ་པའི་བྱང་ཐང་གི།
མཚན་མོའི་ལྷིང་ཞིང་འཇགས་པའི་འབྲོག་སྡེ་རུ།།
འབྲོག་ཁྱིའི་སྐོར་འཐེན་ལྕགས་ཐག་སིལ་སྒྲའི་ཁྲོད།།
སྙན་དངགས་འབྲོག་མོའི་སྙིང་གི་བྲེལ་ཤ་ཡིན།

ཆོས་དུང་ལྷང་ལྷང་གྲག་པའི་དབེན་དགོན་གྱི།།
གཡེར་དྲིལ་སིང་སིང་འཁྲོལ་བའི་ཆོས་གྲྭ་ན།།
བན་ཆུང་རྩེ་གཉིས་སེམས་ཀྱི་འགལ་འདུའི་ཁྲོད།།
སྙན་དངགས་ཨ་ཅེ་འབྲུག་མོའི་སོར་གདུབ་ཡིན།།

བྲག་དམར་གནམ་ལ་ཟུག་པའི་མཚམས་ཁང་དེར།།
རྦབ་ཆུ་ཆལ་ཆིལ་འབབས་པའི་ཟིལ་བའི་ཁྲོད།།
སྒོམ་ཆེན་ཏིང་འཛིན་ཟབ་མོའི་སྣང་ངོ་ན།།
སྙན་དངགས་རྒྱང་རིང་བུ་མོའི་རྫི་གླུ་ཡིན།།

དགའ་བ་ཟད་མཐའ་མེད་པའི་དུས་ཤིག་ན།།
དུངས་པ་རྫོགས་མཐའ་བྲལ་བའི་གནོན་ནུ་མའི།།
གསང་དོར་ཐོག་མར་ཕུད་པའི་བར་གསེང་ན།།
སྙན་དངགས་མིག་ཡིད་འཕྲོག་པའི་གསང་མཚན་ཡིན།།

གསེར་འོད་ལམ་ལམ་འཕྲོ་བའི་བཙུན་དགོན་དེར།།
བྱུར་དམར་ཕྲེང་ལ་བརྒྱུས་འདྲས་ན་མཉམ་ཁྲོད།།
མཆོད་དབྱངས་གླུ་རུ་གྱེར་བའི་འགྱུར་ཁུག་ན།།
སྙན་དངགས་བཙུན་མ་གཞོན་ནུའི་སྨྱོས་བུམ་ཡིན།།

སྐར་ཚོགས་ས་ལ་འཕོས་འདྲའི་གྲོང་ཁྱེར་དེར།།
གློག་འོད་ཆལ་ཆིལ་གཡོ་བའི་གར་སྟེགས་སྟེང་།།
ཟུར་མིག་སྙིང་ལ་འཕེན་པའི་གར་མའི་ཁྲོད།།
སྙན་དངགས་གསང་དོར་བརླན་པའི་གཡའ་ཆུ་ཡིན།།

ཟླ་དཀར་འོད་ཀྱིས་འཁྱུད་པའི་མཚན་ལྗོངས་ཀྱི།།
གཙང་བོ་འཁྱག་པས་བསྡམ་པའི་དགུན་གཞུང་ན།།
སྨིན་དྲུག་སྨེ་བདུན་འཇོ་སྒེག་ངོམ་པའི་དུས།།
སྙན་དངགས་འཁྱག་རོམ་གས་པའི་ཚག་སྒྲ་ཡིན།།

བཅུ་དྲུག་ལང་ཚོ་རྒྱས་པའི་མེ་ཏོག་མས།།
འཚེར་ཞིང་ངོ་ཚའི་བཞིན་མདངས་དམར་བཞིན་དུ།།
དར་ཟབ་ན་བཟའི་སྐ་རགས་བཀྲོལ་བ་ན།།
སྙན་དངགས་མེ་ཏོག་གཏོར་བའི་མཚལ་ཐིགས་ཡིན།།

སྦྲ་གུར་ནོར་ལུག་བསྲེས་འདྲའི་རུ་སྡེ་དེར།།
འབྲོག་མོས་འོ་མ་བཞོ་བའི་རོལ་དབྱངས་ཁྲོད།།
སྟག་ཤར་རྟ་མཆོག་ཁ་སྐོར་དཀྱུ་བའི་དུས།།
སྙན་དངགས་འབྲི་མོའི་འོག་གི་ཟུར་མིག་ཡིན།།

འེན་ཆུང་རྐང་རྗེས་དགོན་ནས་གྲོང་ལ་འཐེན།།
དུས་ཆད་བཏབ་པའི་མཛེས་མས་ལག་འགྱུའི་གློག།
དག་གཙང་མགྲོན་ཁང་དེ་རུ་འཁྱུག་པའི་དུས།།
སྙན་དངགས་ཤམ་ཐབས་རལ་བའི་སག་སྒྲ་ཡིན།།

ཁ་བ་ལྷབ་ལྷུབ་དལ་གྱིས་སྐོར་འབབ་བྱས།།
སྐབས་བཅོལ་བུ་ལོས་ཕ་ཡུལ་ལྷག་ཏུ་དྲན།།
ཞེ་སྡང་གཡུལ་ལ་ཆས་པའི་སྟོང་བསམ་ཁྲོད།།
སྙན་དངགས་རྡུལ་ཕྲན་འབར་གས་སྒྲ་ཆེན་ཡིན།།

1621DEEF-5F20-4483-8FA1-A408233ACEC3-5311-0000047DFBB0831E_tmp.JPG

                ས་ཆེན་པོར་དཔར་བའི་རྐང་རྗེས།

ཁ་སང་བོར་ཟིན་པའི་ལོ་ཟླ་དེ་དག་ནི། །
དེ་རིང་རྙེད་ཟིན་པའི་རྒས་གཉེར་དག་ཡིན་ནམ། །
ཡང་ན་རྙེད་འགྱུར་གྱི་འཆི་ལམ་ཕྲ་མོ་ཡིན། །
མ་གཞིར་མི་ཚེ་ནི་དྲི་བ་རྐྱང་ཡིན་ནམ། །

སང་སིང་གི་རྫི་གླུ་དག་བྲག་ཆར་ཐིམ་ཞིང་། །
བྱིས་དུས་ཀྱི་རྐང་རྗེས་དག་ཀྱང་ཆར་བས་བཀྲུས། །
འདས་དོན་ཆུ་ལ་བྲིས་བའི་རི་མོ་མིན་ཡང་། །
བྲག་ལ་བཏབ་པའི་ཀུ་ཅོ་བཞིན་ཚུལ་ལ་འཆར། །

སྐྲ་ལོའི་གསེབ་ན་དུང་མདོག་གིས་འཚེར་བ་དག །
ཐོབ་ཟིན་པའི་དངོས་གྲུབ་ཡིན་ནམ་ཡང་ན་ནི། །
དཔྲལ་ངོས་སུ་འཐེན་པའི་ལམ་ཆེན་དེའི་ཁྲོད་དུ། །
བཞུད་ཟིན་པའི་རྐང་རྗེས་དག་གཏེར་དུ་སྦས་ཡོད། །

འཇིག་རྟེན་ལ་སྲིད་པ་ཞེས་པའི་རྗེས་གྲུབ་ཀྱི། །
ཐ་སྙད་གསོན་པོ་ཞིག་བཏགས་ནས་ཡུན་རིང་འདས། །
འོན་ཀྱང་མི་སྲིད་པ་མང་པོ་ཞིག་ད་དུང་། །
སེམས་ཀྱི་གསེང་དང་རེ་བའི་ཁྲོད་ངུ་བཞིན་ཡོད། །

མ་གཞིར་མི་ནི་རེ་བ་རྐྱང་གིས་གྲུབ་མོད། །
རེ་བ་དང་མི་ཚེ་ལ་རིང་ཐུང་མེད་པའི། །
གནས་ལུགས་འདི་མི་ཡིས་ནམ་ཡང་གཞལ་མི་ནུས། །
དེས་ཕྱིར་རང་གི་རྐང་རྗེས་དག་རེ་རེ་བཞིན། །

བཞིན་རས་དང་སྐྲ་ལོ་དག་ཕྱི་ལ་མངོན་འགྲོ། །
འདི་ལྟར་བསམ་ན་ང་མདུན་དུ་སྤོ་ཁག་མོད། །
ངའི་ལུས་ལ་ཐོག་པའི་རྐང་པ་ཆ་གཅིག་ནི། །
རེ་བས་བཙན་གྱིས་དེད་ཅིང་རེ་བས་སྤོས་འགྲོ། །

ངས་གོམ་པ་རེ་རེ་མདུན་སྤོ་ཙ་ན།  །
དུས་ཚོད་དང་ལང་ཚོ་ཡང་ང་དད་མཉམ་དུ། །
ཐུར་འབབ་ཀྱི་ཆུ་བོ་བཞིན་སྟོབས་ཀྱིས་རྒྱུག་པ། །
སུས་འགོག་ནུས་སམ་ཞེས་པ་ནི་དྲི་བ་མིན། །

དྲི་བ་མིན་མོད་དྲི་རྟགས་ཀྱི་ཚུལ་གྱིས་སམ། །
སྐྱོ་སྣང་གི་སྲོལ་གྱིས་ནམ་ཡང་དབུགས་རིང་དང་། །
མཉམ་དུ་འདས་མ་ད་གསུམ་ལ་གཏོར་དགོས་པ། །
ཆོས་ཉིད་ཀྱིས་སྤྲད་པའི་ལེགས་སྐྱེས་ལྕི་མོ་དེའོ། །

            2016  6  20ཉིན།  ཡིག་འགོད་པ་སྙན་ངག་འཚོལ།

               འཇིགས་པ་མེད་པའི་རྒྱལ་མཚན།
                                    
རྨ་ཆེན་གངས་རི་གྲགས་སྙན་ཅི་ཙམ་ཆེ་ཡང་།།
དད་པས་བློས་བསླང་བྱས་པའི་ཞིང་ཁམས་ཙམ་ཞིག །
རྨ་ཆུ་སྔོན་མོར་སྒྲོ་བཏགས་ཅི་ཙམ་བྱས་ཀྱང་།།
གཤེར་གཟུཊ་ཕུང་པོ་བསཊ་པའི་དལ་འགྲོས་ཙམ་ཤིག།

འོན་ཀྱང་རྨ་ཡུལ་རྭ་རྒྱའི་སྐྱེས་མཆོག་གང་ཉིད།།
ཤེས་རབ་འོད་ཀྱིས་འབར་བའི་ཉི་ཟླ་གཉིས་ཡིན།།
ལོང་བ་ཁྲི་འབུམ་ཁྲོད་ཀྱི་འཇིག་རྟེན་མིག་ཡིན།།
དམ་པའི་མཚན་སྙན་མེད་པའི་མགོན་དང་སྐྱབས་ཡིན།

སངས་རྒྱས་བྱང་སེམས་སྟོང་གི་སྤྲུལ་བ་མ་ཡིན།།
མགོ་ལོག་རྟ་བོར་ཐང་གི་འབྲོག་ཕྲུག་ཅིག་ཡིན།།
དབང་ལུང་བོད་ལ་བཙོང་བའི་ཚོང་བ་ཞིག་མིན།།
སྤྲི་ཆུར་ནུབ་ལ་འདྲེན་པའི་སྲོལ་འབྱེད་ཅིག་ཡིན།།

བདེ་གསང་འཇིཊ་གསུམ་སློབ་པའི་དབྱུག་འཛིན་ཞིག་མིན།།
སུམ་རྟཊ་དག་གསུམ་སློབ་པའི་སྙུག་འཛིན་ཞིག་ཡིན།།
ང་རྒྱལ་སྒང་དབུགས་ཞོན་པའི་གླེན་ནག་ཅིག་མིན།།
གར་འགྲོ་འཛུམས་ཀྱིས་གང་བའི་གྲྭ་རྐྱང་ཞིག་ཡིན།།

"ང་ནི་འཇིག་རྟེན་འདི་ན་མཆོག་"ཅེས་མ་གསུངས།།
"ས་སྟེང་འདི་ན་ང་"ཞེས་ཁ་ཕོ་མ་བསྒྲགས།།
ས་འོག་དར་ཐག་བརྒྱུད་ནས་ཆོ་ལོ་མ་བླངས།།
ས་ཆེན་ལྷག་བསམ་དཀར་པོའི་འོད་ཀྱིས་བཀང་ཡོད།།

གསེར་སྲང་ཕུལ་ནས་བླ་སྤྲུལ་མིང་སྟོང་མ་ཉོས།།
འཕོ་བ་བཙོང་ནས་རྟ་ནོར་ལུག་ཁྱུ་མ་ཉོས།
ཀ་ཁ་ག་ངའི་ལམ་བུ་གཙང་མ་བརྒྱུད་ནས།།
ཁ་བ་རི་བའི་ལྗོངས་ལ་འོད་སྣང་གནང་ཡོད།།

ཁ་བཏགས་དཀར་པོ་ལྟ་བུའི་ལྷག་བསམ་གཙང་མ།།
ཁ་བཤད་ལག་ལེན་ཐུབ་པའི་སྙིང་སྟོབས་ཆེན་པོ།།
ཁ་བའི་བུ་རྒོད་གང་གི་མཛད་རྗེས་རེ་རེ།།
ཁ་ལྕེ་འདི་ཙམ་ཞིག་གིས་བརྗོད་ཐབས་བྲལ་སོང་།།

ཁ་མིག་གཤིན་པོར་གདང་བའི་བླ་སྤྲུལ་ནི་མིན།།
ཁ་ནས་མི་མང་ཟེར་བའི་དཔོན་ངན་ཀྱང་མིན།།
ཁ་བའི་ཡུལ་གྲུ་ཞིག་གི་ལས་དབང་ཆེད་དུ།།
ཁ་བའི་སྐྲ་ལོ་མནབས་འདི་ཅི་འདྲའི་བརྗིད་ཨང་།།

ལམ་སྔགས་སྙན་བརྒྱུད་གདམས་པ་ཁྲི་མ་འབུམ་ལས།།
ཁྱེད་ཀྱི་སློབ་ཚན་གཅིག་གི་འཆར་འགོད་ཟབ་ལ།།
བླ་སྤྲུལ་འབུམ་གྱི་ཐུགས་སྨོན་སྐྱབས་འཇུག་དག་ལས།།
ཉིད་ཀྱི་ལམ་སྟོན་བཀའ་སློབ་ཚིག་གཅིག་མཁོ་ཨང་།།

ལྷག་བསམ་ཟབ་མོ་ཞིག་གི་བྱིན་རླབས་ངོགས་ནས།།
ཀ་ཁའི་གླུ་དབྱངས་སྙན་མོ་ཕྱོཊ་བཞིར་མཆེད་ཅིང་།།
བགྲང་བྱ་ཁྲི་ཕྲག་རིང་གི་རྨོངས་པའི་འཁྱག་ཀླུང་།།
གཟན་ཤམ་ཐ་རྐྱང་ཞིག་གི་དྲོད་ཀྱིས་བཞུས་ཡོད།།

ཤིང་ནགས་བསྲེགས་ནས་ལྷ་ལ་དངོས་གྲུབ་མ་ཞུས།།
མཚོ་གཏེར་སྦས་ནས་དྭང་གཙང་མཚེའུ་མ་བརྫད།།
ཛམ་ལྷ་ཆུ་ལ་སྦངས་ནས་རྨོངས་ལས་མ་བྱས།།
འབྲི་འོ་ནུབ་ལ་དྲངས་འདི་གདམས་ངག་ཅིག་ཡིན།།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།