གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླུ་སྨྱོན་ཧེ་རུ་ཀའི་སྙན་ངག་བདམས་བཀོད།

2017-10-03 00:08:04 ཀླུ་སྨྱོན་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

35EB3318-96B3-4C6B-8F86-F8A6AFE84588-909-000000A9D891C7D0_tmp.JPG

ཆོས་དབྱིངས་རིག་པའི་རྡོ་རྗེ་འམ་སྤྲུལ་སྐུ་ཡེ་ཤེས། ཡང་ན་ཀླུ་སྨྱོན་ཧེ་རུ་ནི་བོད་མདོ་སྨད་མཚོ་སྔོན་མང་རར་སྐུ་འཁྲུངས། སློབ་ཆུང་མཐར་ཕྱིན་པའི་རྗེས་སུ་རེ་ཞིག་བྱིས་པ་གཉོར་སྐྱོང་དང་ནོར་ལུག་གི་རྫི་བོ་བྱས། སྤྱི་ལོ་ ༡༩༨༤ ལོར་རྗེ་བླ་མའི་གདན་ས་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་ཆོས་སྒོར་ཞུགས་ཏེ་བདེ་གསང་འཇིགས་གསུམ་གྱིས་མཚོན་པའི་ཆོས་སྤྱོད་བློ་འཛིན་དང་། ཐུན་མོང་རིག་གནས་སུམ་རྟགས་སྙན་ངག བསྡུས་གྲྭ་དང་ཕར་ཕྱིན་ལམ་རིམ་སོགས་སློབ་གཉེར་གང་ཐད་ནས་རང་དགོན་གྱི་གྲྭ་རིགས་རྩེར་སོན་པའི་གྲས་སུ་བསླེབས། རྗེ་བླ་མ་མཆོག་གིས་ཀྱང་ཆོས་དང་ཟང་ཟིང་གཉིས་ཐད་ནས་བུ་བཞིན་བརྩེ་བས་བསྐྱངས། བོད་ཁུལ་གྱི་དགོན་པའི་དུས་དེབ་ཐོག་མ་《ལྗང་མྱུག》རྩོམ་སྒྲིག་པའི་འགན་ཁུར། བོད་ཁུལ་གྱི《སྦྲང་ཆར》དང《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་སུ་རྩོམ་ཡིག་སྣ་མང་སྤེལ་ཏེ་བྱ་དགའ་ཡང་ཐེངས་གསུམ་ལ་ཐོབ།།

སྤྱི་ལོ་ ༡༩༩༤ ལོ་ནས་སློབ་གཉེར་དང་གནས་མཇལ་གྱི་ཆེད་དུ་བལ་ཡུལ་དང་རྒྱ་གར་དུ་བསྐྱོད། དེ་རུ་ཡང་སྙན་ངག་དང་སྒྲུང་རྩོམ་སྣ་ཚོགས་བྲིས་སྤེལ་བྱས་པས་ཀླུ་སྨྱོན་ཧེ་རུ་ཀ་ཞེས་སྙན་གྲགས་རྒྱས། སྤྱི་ལོ་ ༢༠༠༡ ལོར་ཨ་མེ་རི་ཁར་བསྐྱོད་ནས་ད་ལྟ་བར་ཨ་རི་དང་ཁེ་ན་སྒྲ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་དད་ལྡན་ཚོར་བོད་ཀྱི་ནང་ཆོས་འཆད་སྤེལ་དང་རྩོམ་འབྲིའི་ལས་ཀར་འཇུག་བཞིན་ཡོད། འདས་པའི་ལོ་འདི་དག་གི་རིང་ལ་ཁོའི་བརྩམས་ཆོས་ཁག་ཅིག་ལ་བྱ་དགའ་ཨང་དང་པོ་སོགས་ཐོབ། །

སྤྱི་ལོ་ ༢༠༡༥ ལོ་ནས་སྣུམ་ཚོན་དང་རྡོ་ཚོན་རི་མོ་སྣ་ཚོགས་བྲིས་པར་ཡང་མང་ཚོགས་ཀྱིས་གདེང་འཇོག་མི་དམན་པ་ཐོབ། སྔ་ཕྱིར་བོད་ཡིག་དང་དབྱིན་ཡིག་གི་རྩོམ་དེབ་བཅུ་བཞི་ལྷག་བྲིས་ཤིང་དཔར་སྐྲུན་བྱས། བོད་ཀྱི་ས་དགེ་བཀའ་རྙིང་གི་བླ་མ་བཞི་བཅུ་ཞེ་ལྔ་ཙམ་ལས་མདོ་སྔགས་ཀྱི་ཟབ་ཆོས་ཞུས། ཨ་མེ་རི་ཀ་དང་ཁ་ན་སྒྲ་སོགས་སུ་རྫོགས་ཆེན་གླིང་དང་། བྱམས་བརྩེ་གླིང་། འཁྲུལ་ཞིག་གླིང་སོགས་ནང་བསྟན་ཆོས་ཚོགས་གསར་འཛུགས་བྱས་ཤིང་། དབྱིན་དེབ་བཞི་བརྩམས་ཤིང་དབྱིན་སྐད་ཀྱིས་ཨ་རིའི་མཐོ་སློབ་གྲགས་ཅན་དག་ཏུ་ནང་བསྟན་སྒོམ་སྒྲུབ་སོགས་འཆད་ཁྲིད་དང་། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་ཆེན་སོགས་སུ་ཡང་ཟབ་ཞུགས་དང་དཔྱད་རྩོམ་སྒྲོག་སྦྱང་བྱས།


5AB2ABC0-96CC-49A8-8037-60E547276289-909-000000A9C76CBB25_tmp.JPG


                                        མདོ་སྨད། མཁས་པའི་ཕ་ས། གྲུབ་པའི་འབྱུང་གནས།

རྨ་ཆེན་གངས་རིའི་དབུ་རྩེ་རུ། །
ཉི་ཟླའི་རྣ་ཆ་འབར་བ་འདི། །
མདོ་སྨད་ས་ཡི་ཐིག་ལེ་རུ། །
མཁས་གྲུབ་སྐྱེས་བུ་འབྱུང་བའི་རྟགས། །
ཁྲི་ཤོར་རྒྱལ་མོའི་རྦ་རླབས་ཀྱིས། །
གནམ་སྔོན་ས་རུ་དྲུད་པ་འདིས། །
མདོ་ཁམས་གསེར་མོའི་ལྗོངས་ཆེན་དུ། །
རྨད་བྱུང་ལོ་རྒྱུས་འབྲི་བ་རྟོགས། །
ཡང་དར་བསྟན་པའི་མེ་རོ་ཆེ། །
གསོ་བའི་མཛད་རྗེས་ཟླ་མེད་པ། །
གཟི་འོད་འབར་བའི་རྡོ་རིང་སྟེ། །
བླ་ཆེན་དགོངས་པ་རབ་གསལ་བྱོན། །
ཤར་ཕྱོགས་རིག་པའི་དཔའ་བོ་ཞེས། །
དབུས་གཙང་གྲགས་པས་ཁྱབ་པ་པོ། །
ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག །
མདོ་སྨད་མཁས་པའི་རུ་འདྲེན་ཉིད། །
རྒྱལ་བས་ལུང་བསྟན་རྒྱལ་བ་བཞིན། །
མཁས་བཙུན་བཟང་པོའི་གྲགས་དཀར་གྱིས། །
ས་ཆེན་ཁྱབ་པའི་ཙོང་ཁ་པ། །
གངས་ཅན་མཁས་པའི་གཙུག་རྒྱན་བྱོན། །
གཡུང་དྲུང་བོན་གྱི་བསྟན་པའི་གསོས། །
མཁས་བཙུན་གྲུབ་པའི་འཁོར་ལོས་སྒྱུར། །
གཤེན་རབ་མི་བོ་གཉིས་པ་སྟེ། །
མཉམ་མེད་ཤེས་རབ་རྒྱལ་མཚན་བྱོན། །
གྲུབ་པ་ཐོབ་པའི་གནས་བརྒྱད་དུ། །
གྲུབ་པའི་དབང་ཕྱུག་བརྒྱད་བྱོན་ཏེ། །
བན་བོན་བསྟན་པའི་རྒྱལ་མཚན་བསྒྲེངས། །
འདི་ཡང་བརྗེད་པར་ཕངས་པ་ལགས། །
མདོ་སྔགས་ལེགས་བཤད་རྩོམ་པ་པོ། །
ཨ་མདོ་འཇམ་དབྱངས་བཞད་པ་ཞེས། །
དགེ་ལྡན་བསྟན་པའི་སྲོག་ཤིང་ཞིག །
ད་དུང་དྲན་བཞིན་ངོ་མཚར་སྐྱེས། །
འཆད་རྩོམ་རྩོམ་པའི་མེ་ཏོག་གིས། །
མཁས་རྒུའི་ཡིད་དབང་འཕྲོག་པ་པོ། །
གུང་ཐང་བསྟན་པའི་སྒྲོན་མེ་ཞེས། །
སྐྱེས་བུ་དམ་པ་ཡང་གཅིག་བྱོན། །
རྒྱ་ནག་གོང་མའི་རལ་བ་ཡང་། །
གདན་དུ་བཏིངས་པ་ཙམ་མིན་པར། །
ལེགས་བཤད་བསྟན་བཅོས་རྩོམ་པ་པོ། །
ལྕང་སྐྱ་རོལ་བའི་རྡོ་རྗེ་བྱོན། །
རང་གཞན་གྲུབ་མཐའི་རྒྱ་མཚོ་རུ། །
ལེགས་བཤད་ནོར་བུའི་མཛོད་བླངས་ཏེ། །
དཔྱོད་ལྡན་འགུག་པའི་དེད་དཔོན་ཆེ། །
ཐུའུ་བཀན་ཆོས་ཀྱི་ཉི་མ་བྱོན། །
མི་ལོ་དུ་མའི་སྒོམ་སྒྲུབ་ཀྱིས། །
མི་ལ་གཉིས་པའི་མཚན་སྙན་འབར། །
མདོ་དབུས་གཉིས་ན་གྲགས་ཆེ་བའི། །
ཞབས་དཀར་ཚོགས་དྲུག་རང་གྲོལ་བྱོན། །
མདོ་སྔགས་ལེགས་བཤད་ཉི་ཟླའི་འོད། །
རྨ་ཆེན་གངས་རིའི་འདབས་སུ་བཀྱེས། །
ཡ་མཚན་གྲུབ་པའི་སྐྱེས་བུ་སྟེ། །
ཨ་རིག་དགེ་བཤེས་ཆེན་མོ་བྱོན། །
མཁས་པའི་དབུས་ན་ཏོག་བཞིན་མཛེས། །
གྲུབ་པའི་དབུས་ན་རྒྱལ་མཚན་བཞིན། །
བཙུན་པའི་མཆོག་གྱུར་བྱ་བཏང་བ། །
རེབ་ཀོང་སྐལ་ལྡན་རྒྱ་མཚོ་བྱོན། །
ཡང་གསང་རྫོགས་པ་ཆེན་པོའི་བསྟན། །
ལེགས་བཤད་ཉི་ཟླའི་འོད་ཀྱིས་གསལ། །
གྲུབ་པའི་འཁོར་སྒྱུར་ཆེན་པོ་སྟེ། །
རྡོ་གྲུབ་བསྟན་པའི་ཉི་མ་བྱོན། །
ཟབ་གསང་གཏེར་ལ་དབང་འབྱོར་ཞིང་། །
མཁའ་འགྲོ་འབུམ་གྱི་ཚོགས་རྗེ་ཉིད། །
ཨོ་རྒྱན་པདྨའི་རྒྱལ་ཚབ་ཆེ། །
ཁྲག་འཐུང་བདུད་འཇོམས་གླིང་པ་བྱོན། །
ཞི་ན་ལེགས་བཤད་འདོད་དགུར་རྩོམ། །
ཁྲོས་ན་དགྲ་བགེགས་མཐུ་ཡིས་སྒྲོལ། །
ཕུར་ཐོགས་སྟོང་གི་བདག་པོ་སྟེ། །
ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་བྱོན།
དཀའ་ཐུབ་ཆེན་པོའི་བརྟུལ་ཞུགས་ཀྱིས། །
སྒྲུབ་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། །
རི་སུལ་རས་པས་འགེང་བ་པོ། །
ཡབ་རྗེ་གསེར་ཁང་ཆེན་པོ་བྱོན། །
འཆད་ན་ལེགས་བཤད་རྒྱ་མཚོ་བརྡོལ། །
རྩོད་ན་ལུང་རིགས་བང་མཛོད་བསྙིལ། །
རྩོམ་ན་སྙན་ངག་ཆེན་པོའི་གཏེར། །
སྒེའུ་སྟེང་བློ་བཟང་དཔལ་ལྡན་བྱོན། །
དབུས་འགྱུར་ཆོས་ཀྱི་ཞིང་ས་རུ། །
མཁས་རྒུའི་རལ་བ་གདན་དུ་བཏིངས། །
རྒྱ་བོད་གཉིས་ན་གྲགས་ཆེ་བའི། །
རྡོ་སྦིས་ཤེས་རབ་རྒྱ་མཚོ་བྱོན། །
རྒྱ་ཆེན་ཐོས་པའི་གྲུ་གཟིངས་ལ། །
འཆད་རྩོད་རྩོམ་པའི་དར་ཆེན་བཙུགས། །
མཁས་པའི་རྒྱ་མཚོ་འཕྲེད་ཀྱིས་གཤགས། །
མཁས་དབང་དཔའ་རིས་རབ་གསལ་བྱོན། །
བཤད་པས་མཁས་རྒུའི་ཡིད་དབང་ཕྲོགས། །
སྒྲུབ་པས་རྒྱལ་བ་སྲས་བཅས་མཉེས། །
ལམ་རིམ་བསྟན་པའི་བདག་པོར་བཞེངས། །
ཞྭ་དམར་དགེ་འདུན་བསྟན་འཛིན་བྱོན། །
ཐོས་བསམ་རྡོ་རུས་ཐུག་པ་མཛད། །
ལེགས་བཤད་རྨད་དུ་བྱུང་བ་བརྩམས། །
བསྟན་འཛིན་བུ་སློབ་གྲངས་མེད་བསྐྲུན། །
ཨ་ཁུ་ཤེས་རབ་རྒྱ་མཚོ་བྱོན། །
མདོ་སྔགས་བདུད་རྩིས་རབ་མྱོས་ཏེ། །
རྨད་བྱུང་བསྟན་བཅོས་རྩོམ་པ་པོ། །
སྙན་ངག་མཁན་པོའི་ཁྲིར་དབང་པ། །
ཞང་སྟོན་བསྟན་པ་རྒྱ་མཚོ་བྱོན། །
གསེར་དངུལ་ཁྲི་ལ་མ་འགྱིངས་པར།།
ལྟོ་སྐྱ་གོས་ཧྲུལ་མི་ཚེ་ཡིས།།
ལེགས་བཤད་ཐང་མར་བརྡལ་བ་ཡི།།
ཅོ་ནེ་གྲགས་པ་བཤད་སྒྲུབ་བྱོན།།
རྒྱ་བོད་གཉིས་ཀྱི་ས་མཚམས་སུ། །
རྒྱ་ཆེན་ལེགས་བཤད་མཛོད་བཟུང་སྟེ། །
རྒྱལ་བསྟན་སྤེལ་བའི་མཛད་རྗེས་ཅན། །
ཨ་ཀྱ་བློ་བཟང་བསྟན་རྒྱན་བྱོན། །
བཤེས་གཉེན་དམ་པས་རྗེས་བཟུང་བས། །
ཆོས་གྲྭ་ཆེན་པོ་མ་འགྲིམས་ཀྱང་། །
རྨད་བྱུང་ལེགས་བཤད་འདོད་དགུར་བརྩམས། །
འཇིགས་མེད་དམ་ཆོས་རྒྱ་མཚོ་བྱོན། །
མཁས་བཙུན་བཟང་པོའི་འོད་དཀར་གྱིས། །
རྒྱལ་བསྟན་ཀུ་མུད་ཚལ་ཆེན་བསྐྱངས། །
པཎ་ཆེན་སྣང་མཐའི་རིགས་བདག་ཆེ། །
བླ་ཁོ་རྡོ་རྗེ་འཆང་ཆེན་བྱོན། །
རྒྱལ་ཁམས་རིགས་པས་སྐོར་བ་པོ། །
རྒྱལ་རབས་དེབ་ཐེར་རྩོམ་པ་པོ། །
ཀླུ་སྒྲུབ་དགོངས་རྒྱན་འཆད་པ་པོ། །
མཁས་དབང་དགེ་འདུན་ཆོས་འཕེལ་བྱོན། །
རིས་མེད་མཁས་གྲུབ་དུ་མ་བསྟེན། །
ས་སྟེང་རྒྱལ་བསྟན་བདག་པོར་བཞེངས། །
འཛམ་གླིང་ཞི་བདེའི་དེད་དཔོན་ཆེ། །
རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བྱོན། །
གཞན་དབང་མེ་ལྕེ་འབར་བའི་ཀློང་། །
སྙིང་སྟོབས་གོ་ཆ་ལྷུར་བཞེས་ནས། །
བོད་ཁམས་བསྐྱངས་པའི་དཔའ་བོ་སྟེ། །
པཎ་ཆེན་ཆོས་ཀྱི་རྒྱལ་མཚན་བྱོན། །
བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན། །
ལྔ་རིག་ནོར་བུའི་མཛོད་ལ་དབང་། །
སློབ་བུའི་ཚོགས་ཀྱིས་ས་སྟེང་ཁྱབ། །
ཨ་ཁུ་དམུ་དགེ་བསམ་གཏན་བྱོན། །
ཐ་སྙད་རིག་པའི་གནས་མང་གི །
ལེགས་བཤད་འཆད་རྩོད་རྩོམ་པ་ཡིས། །
ཕྱི་རབས་རྨོངས་པའི་མུན་སེལ་བ། །
ཨ་ལགས་ཚེ་ཏན་ཞབས་དྲུང་བྱོན། །
གསེར་ཁྲིར་བཞུགས་དང་ཁྲི་མུན་འགྲིམས། །
རོ་སྙོམས་འགྲན་མེད་ཐུགས་བསྐྱེད་ཅན། །
སྐྱེས་བུ་སྙིང་སྟོབས་ཆེན་པོ་སྟེ། །
གུང་ཐང་བསྟན་པའི་དབང་ཕྱུག་བྱོན། །
རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི། །
ཆོས་མཛོད་ཆེན་པོའི་སྒོ་ཕྱེས་ཏེ། །
བསྟན་པའི་མེ་རོ་སློང་བ་པོ། །
རྗེ་བཙུན་ལཱ་མོའི་ཡོངས་འཛིན་བྱོན། །
མདོ་སྔགས་ལེགས་བཤད་རྨད་དུ་བྱུང་། །
གསོ་རིག་མཁས་པའི་གཙུག་ན་བརྗིད། །
གནས་བརྟན་འདུལ་འཛིན་ཆེན་པོ་སྟེ། །
དྷྰི་ཚ་ཡེ་ཤེས་རྒྱ་མཚོ་བྱོན། །
གླིང་རབ་གླིང་པའི་ཟློས་གར་ཏེ། །
ཆོས་ཀྱི་གྲོང་ཁྱེར་ཆེན་པོའི་བདག །
བསིལ་ལྗོངས་མཁས་གྲུབ་རྒྱ་མཚོའི་མགོན། །
མཁན་ཆེན་འཇིགས་མེད་ཕུན་ཚོགས་བྱོན། །
སྐྱེས་སྦྱངས་རྣོ་དབལ་འབར་བ་ཡི། །
གསོ་བ་རིག་པའི་རལ་གྲི་ཡིས།
དུས་མིན་འཆི་ཞགས་གཅོད་པ་པོ། །
ཤིང་བཟའ་ཆོས་ཀྱི་རྒྱལ་མཚན་བྱོན། །
ལྔ་རིག་སྤྱི་དང་ཁྱད་པར་དུ། །
མཚོ་བྱུང་སྙན་ཚིག་རིག་པའི་མཛོད། །
ཚངས་སྲས་བཞད་སྒྲ་རྩོམ་པ་པོ། །
བསེ་ཚང་བློ་བཟང་དཔལ་ལྡན་བྱོན། །
རིག་པའི་གནས་མང་ལེགས་སྦྱངས་ཏེ། །
རིག་པའི་ལེགས་བཤད་འདོད་དགུར་སྦྱིན། །
ཤེས་རིག་མེ་ཏོག་འདེབ་པ་པོ། །
དོར་ཞི་གདོང་དྲུག་སྙེམས་བློ་བྱོན། །
མཁས་དབང་དགེ་ཆོས་ཞབས་བསྟེན་ཏེ། །
སྲོལ་རྒྱུན་ལྷ་རིས་གཞུང་ལ་སྦྱངས། །
སྙན་གྲགས་ཅན་གྱི་སྒྱུ་རྩལ་མཁན། །
ལྷ་བྲིས་ཨ་མདོ་བྱམས་པ་བྱོན། །
རོང་འབྲོག་མི་རབས་ཕྱི་མ་ཚོར། །
ཤེས་རིག་ནོར་བུའི་གླིང་བཙུགས་ཏེ། །
མི་ཚེའི་མདུན་ལམ་སྟོན་པ་པོ། །
ར་རྒྱ་འཇིགས་མེད་རྒྱལ་མཚན་བྱོན། །
སྲོལ་རྒྱུན་གསོ་བ་རིག་པའི་གཞུང་། །
དེང་རབས་ལག་ལེན་ཟུང་སྦྲེལ་ཏེ། །
འཇིགས་མེད་བོད་སྨན་སྲོལ་འབྱེད་མཁན། །
ལྷ་རྗེ་རེབ་གོང་འཇིགས་མེད་བྱོན། །
འདི་རུ་སྨྲོས་དང་མ་སྨྲོས་པའི། །
མདོ་སྨད་མི་སྣ་གྲགས་ཅན་ཚོ། །
གངས་ཅན་བོད་ཀྱི་ལོ་རྒྱུས་ཁྲོད། །
ནམ་ཡང་བརྗེད་དུ་མེད་པ་ལགས། །
མཁས་དབང་ཧོར་གཙང་འཇིགས་མེད་ཀྱི། །
མདོ་སྨད་ལོ་རྒྱུས་ཆེན་མོ་ནི། །
ཨ་མདོའི་སྐྱེས་བུ་དམ་པ་ཚོའི། །
མཛད་རྗེས་གསལ་བའི་མེ་ལོང་ཉིད། །
བདག་ནི་ཐོས་ཉུང་ཤེས་རབ་དམན། །
དཔྱད་གཞིའི་ཡིག་རིགས་སྔོག་ལོང་དབེན། །
འདི་ཙམ་མ་གཏོགས་འབྲི་མ་ནུས། །
ཆོལ་གསུམ་སྐྱེས་བུའི་རྒྱན་དུ་ཕུལ། །
དབུས་གཙང་ཁམས་ཀྱི་ཡུལ་ལྗོངས་སུ། །
མཁས་གྲུབ་སྐྱེས་བུ་མང་བྱོན་པ། །
དེ་དག་མཛད་རྗེས་གླེང་རྒྱུ་ཡང་། །
རང་རེའི་ལས་འགན་ཅིས་མ་ཡིན། །

344BE4E0-FE3B-4AA9-A32D-9573AEEAF630-909-000000A9D1A707F1_tmp.JPG

                                       ཞང་ཞུང་རྒྱལ་ཁམས་ཉུལ་བའི་གླུ། 

                                                            _____ཞང་ཞུང་རྒྱལ་རྒྱུད་ཀྱི་ཆེ་བ་དང་མཛད་རྗེས་བརྗོད་པའི་སྙན་རྩོམ་རིང་མོ།

ཞང་ཞུང་རྒྱལ་རབས་སྤྱི་བཤད།

༄༅། །གནམ་གྱི་སྟེང་ནས་འོད་ཅིག་ལྷུང་། །
གངས་ཀྱི་རྩེ་ལ་བརྡར་ཙམ་བྱས། །
རི་སུལ་དག་ཏུ་རླུང་བུ་ལྡང་། །
དུས་ཀྱི་འཁོར་ལོས་ཕ་མཐར་བརྐྱངས། །

མུ་ཁྱུད་ཟླུམ་པའི་ཆོས་ཉིད་དང་། །
ཕྱག་རྒྱས་བཏབ་པའི་རང་བྱུང་ཁམས། །
གཅིག་ཏུ་འཁྱུད་པའི་གོ་ལ་འདི། །
ཞང་ཞུང་ཡུལ་གྱི་མ་མར་སྦྲུམ། །

རྒྱལ་ཁམས་ཟིལ་གྱིས་གནོན་པ་དང་། །
ཕྱོགས་བཞིའི་དགྲ་ཚོགས་འཇོམས་མཛད་པའི། །
བྱ་རུའི་མཚན་གྱི་རོལ་མོ་ཡིས། །
སྲིད་གསུམ་གླུ་ངག་གཅིག་ཏུ་འཁྱིལ། །

གནམ་སྔོན་གྱེན་དུ་འཕགས་པ་དང་། །
ས་གཞི་ཨ་ལོང་བཞིན་དུ་ཟླུམ། །
སྤྲིན་ཡང་མེ་ཏོག་བཞིན་བརྩེགས་པའི། །
ཞང་ཞུང་རྒྱལ་ཁམས་གཟི་བརྗིད་འབར། །

རྨུ་ཐག་དཀར་པོའི་དོ་ཤལ་གྱིས། །
ལྷ་རིགས་མི་ཡི་ཡུལ་དུ་དྲངས། །
ཕྱྭ་དང་བསྭོ་ཡི་དབྱངས་རྟ་ནི། །
ལྷ་བསང་སྔོན་མོའི་རྩེ་ནས་མཆེད། །

མཚོན་རྩེ་བརྡར་བའི་འོད་རླབས་ཀྱིས། །
ལྷ་མིན་དཔུང་ཡང་ལན་བརྒྱར་བྲོས། །
རང་སྲིད་སྐྱིད་པའི་དཔལ་ཡོན་གྱིས། །
ལྷ་ཆེན་དག་གི་ཕྲག་དོག་བརྩེགས། །

གངས་དཀར་ཏི་སེའི་གཟི་བྱིན་གྱིས། །
སྲིད་པ་གསུམ་པོའི་ཕྱྭ་གཡང་བཀུགས། །
མ་ཕམ་མཚོ་མོའི་མཛེས་སྡུག་གིས། །
སྣོད་བཅུད་དགེ་ལེགས་མཛོད་དུ་སྦྲུམ། །

གཡུང་དྲུང་འཁྱིལ་བའི་ཁུག་པ་རེར། །
ངོ་མཚར་བོན་གྱི་གྲོང་ཁྱེར་བརྡལ། །
གཟི་ཡི་བྱིན་རླབས་འབར་བའི་འོད། །
ཆེ་རྒུ་དག་གི་རལ་བར་ལྷུང་། །

གོར་མ་བརྩེགས་པའི་ཕོ་བྲང་དག །
རི་རབ་ལྕིད་ཀྱིས་གནོན་པར་བྲེལ། །
དེ་དེར་བཞུགས་པའི་ས་སྐྱོང་དག །
ཞི་རྒྱས་དབང་དྲག་ལས་ལ་མཁས། །

བཀའ་ལུང་སྤྲིང་ཡིག་དམར་པོའི་ཆར། །
འཛིན་མའི་ཁྱོན་ཀུན་ཁྱབ་བཞིན་འབབ། །
བོན་རིག་གསེར་གྱི་ལྡེ་མིག་གིས། །
གཤེན་བསྟན་སྒོ་བརྒྱ་ཅིག་ཅར་ཕྱེས། །

རིག་པ་འཛིན་པའི་དྲང་སྲོང་དག །
ཉིན་མཚན་བཤད་སྒྲུབ་ལྷུར་ལེན་ཅིང་། །
ཞི་བའི་གྲོང་ཁྱེར་ཆེན་པོའི་ཁྱོན། །
ཐར་འདོད་སྐྱེ་བོས་ཡོངས་སུ་དཀྲིགས། །

ས་སྐྱོང་དག་གི་གཟི་བྱིན་གྱིས། །
ཞང་ཞུང་རྒྱལ་ཁམས་ཁྱབ་པ་དང་། །
བཀའ་ལུང་གསེར་གྱི་མེ་ཏོག་ཕོན། །
འབངས་མིས་སྤྱི་བོའི་རྒྱན་དུ་ལེན། །

ཞང་ཞུང་རྒྱལ་བརྒྱུད་བྱེ་བྲག་ཏུ་གླེང་བ།

སྔོན་བསགས་བསོད་ནམས་རྒྱ་མཚོ་ལས། །
བལྟམས་པའི་ཞང་རྒྱལ་དང་པོ་སྟེ། །
ཁྲི་ཝེར་གསེར་གྱི་བྱ་རུ་ཅན། །
ལས་བཞིའི་མཁའ་ཡི་ཉི་མ་བཞིན། །

ཀུན་ལས་རྒྱལ་བས་འཁོར་ལོས་སྒྱུར། །
གཤེན་རབ་སྟོན་པའི་སྦྱིན་བདག་སྟེ། །
བོན་གྱི་སྐྱ་རེངས་འདྲེན་པ་ཡི། །
དོ་ཟླ་མེད་པའི་ས་སྐྱོང་ཆེ། །

ག་ལྗང་གཡུ་ལོ་རྫོང་མཁར་དུ། །
གསང་གསུམ་ཇུས་ཀྱི་འཕྲུལ་འཁོར་གྱིས། །
ཞང་ཞུང་རྒྱལ་རབས་ཆེན་པོའི་སྲིད། །
བཀའ་རྟགས་ཕྱག་རྒྱས་ཐོག་མར་ཕྱེས། །

བོན་སྟོན་གཤེན་རབ་ཆེན་པོ་ཡི། །
ཐུགས་བཅུད་བདུད་རྩི་ཡོངས་བཞེས་ཏེ། །
ནོར་བུ་སྤུངས་བརྩེགས་ཞེས་གྲགས་པའི། །
འགྲན་ཟླ་མེད་པའི་གསས་ཁང་བཞེངས། །

སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་ནི། །
བྱི་རུ་འོད་ཀྱི་བྱ་རུ་ཅན། །
སྟག་ཆེན་རྔམ་པའི་རྫོང་མཁར་དུ། །
རྒྱལ་སྲིད་ཆེན་པོར་མངའ་དབང་བསྒྱུར། །

རྒྱལ་པོ་ཆེན་པོའི་ཐུགས་ཀློང་ལས། །
བོན་སྲིད་ཉི་ཟླའི་འོད་རླབས་ཀྱིས། །
ཞང་ཞུང་རྒྱལ་ཁམས་འཁྱུད་པ་ན། །
རྫོགས་ལྡན་སྣང་བ་ས་ལ་དྲུད། །

ཞང་ཞུང་ཟིལ་གནོན་རྒྱལ་པོ་སྟེ། །
རླབས་ཆེན་ཁྱུང་གི་བྱ་རུ་ཅན། །
འཇིགས་རུང་མཚོན་གྱི་དབལ་རྣོན་གྱིས། །
ཕས་རྒོལ་སྙིང་ལ་ཟུག་རྔུ་བྱིན། །

གང་གི་མངའ་ཐང་འཛིན་མའི་ཁྱོན། །
བྱ་རྒོད་ཉིན་ལམ་བཅོ་བརྒྱད་ཙམ། །
བརྒྱ་བྱིན་ཁྲོས་པའི་དཔུང་ཚོགས་ཀྱང་། །
ཁྱོད་དྲུང་དངངས་པའི་མཐའ་མ་རིག །

ཧྲི་དོ་གྱེར་སྤུངས་རྒྱལ་པོ་སྟེ། །
ཀང་ཀ་ཤེལ་གྱི་བྱ་རུ་ཅན། །
མཁྱེན་བརྩེ་ནུས་པའི་བདག་ཉིད་ཀྱིས། །
སྐྱེ་རྒུ་ཀུན་གྱི་མགོན་གཅིག་བྱོན། །

བྱམས་བརྩེའི་གྲུ་ཆར་སྣུམ་པོའི་རྒྱུན། །
ནོར་འཛིན་ཁྱོན་ཀུན་བབས་པ་ན། །
འགྲོ་ཀུན་དགའ་བའི་པད་ཚལ་གྱིས། །
རྫོགས་ལྡན་བུང་བ་མགྲོན་དུ་བོས། །

གཡུང་ཡར་མུ་ཁོད་རྒྱལ་པོ་སྟེ། །
གཞའ་ཚོན་འོད་ཀྱི་བྱ་རུ་ཅན། །
ལུགས་གཉིས་ཉི་ཟླའི་རྣ་ཆ་ཡིས། །
རྒྱལ་སྲིད་མཛེས་མའི་ལང་ཚོ་བརྒྱན། །

གཤེན་གྱི་གྲུབ་རིག་དྲང་སྲོང་དག །
ཞབས་པད་གཙུག་གི་རྒྱན་མཆོད་ནས། །
མདོ་སྔགས་བོན་གྱི་བདུད་རྩིའི་རྒྱུན། །
ཐུགས་གསང་བུམ་པར་བསྐྱིལ་ལ་བྲེལ། །

ཀྱི་ལེ་གུ་གེ་རྒྱལ་པོ་སྟེ། །
ཨུན་ཆེན་དུང་གི་བྱ་རུ་ཅན། །
བཀའ་ལུང་སྐྱེ་བ་ལྔ་བའི་སྒྲས། །
འགྲོ་ཀུན་མ་རིག་གཉིད་ལས་བསླངས། །

འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱིས། །
སྐྱེ་རྒུའི་མགོན་དུ་གྱུར་དང་ལྷན། །
གཡུང་དྲུང་བོན་གྱི་བསྟན་པ་ནི། །
ཕྱོགས་མཐར་སྤེལ་བའི་འཕྲིན་ལས་རྨད། །

ཉེ་ལོ་ཝེར་ཡ་རྒྱལ་པོ་སྟེ། །
ཕྲ་ཡེན་འོད་ཀྱི་བྱ་རུ་ཅན། །
རྒྱ་མཚོའི་རླབས་ཀྱི་རྗེས་འགྲོ་བའི། །
འཕྲིན་ལས་ཞང་ཞུང་རྒྱལ་ཁམས་ཁྱབ། །

དུས་སུ་འབབ་པའི་ཆར་བ་བཞིན། །
འགྲོ་བའི་གདུང་བ་སེལ་བ་དང་། །
བྱམས་བརྩེའི་གྲིབ་མ་སྣུམ་པོའི་གདུགས། །
རིས་མེད་ཆབ་འབངས་ཀུན་གྱི་གསོས། །

ཛྭོ་དམར་ཐིས་པུངས་རྒྱལ་པོ་སྟེ། །
མེ་དཔུང་འོད་ཀྱི་བྱ་རུ་ཅན། །
མཐུ་སྟོབས་དུས་མཐའི་མེ་དཔུང་གིས། །
ཕས་རྒོལ་ནགས་ཀླུང་རྨག་མེག་བསྲེགས། །

ཤར་ནུབ་འཛིན་མའི་ཁྱོན་འཕྲོ་བའི། །
མཛད་བཟང་ཉི་ཟླའི་འོད་རླབས་ཀྱིས། །
གཤེན་བསྟན་པད་ཚལ་བཞད་པ་དང་། །
གཡུང་དྲུང་སྦྲང་རྩིའི་བུ་རྣམས་མྱོས། །

བདུད་འདུལ་དབལ་གྱི་རྒྱལ་པོ་སྟེ། །
ཉི་ཤེལ་འོད་ཀྱི་བྱ་རུ་ཅན། །
གཡུལ་གྱི་ལས་ལ་དགྱེས་དྲགས་པས། །
དགྲ་ཚོགས་རྨི་ལམ་དུ་ཡང་འདར། །

ཞི་བས་འདུལ་ལ་ཞི་བ་དང་། །
དྲག་པོས་འདུལ་བས་དྲག་ཤུགས་ཀྱིས། །
ཞང་ཞུང་རྒྱལ་ཁམས་ཆེན་པོའི་ཁྱོན། །
འཛིན་མའི་ཤར་ནུབ་ཀུན་ཏུ་བསྐྱེད། །

ལི་ཝེར་གྱེར་གྱི་རྒྱལ་པོ་སྟེ། །
ཉི་ཤེལ་འོད་ཀྱི་བྱ་རུ་ཅན། །
སྔོ་བསང་དཀྱིལ་འཁོར་མཛེས་པའི་རྒྱན། །
ཉི་མ་བཞིན་དུ་འགྲན་ཟླས་དབེན། །

ཞི་དྲག་བློན་ཆེན་འབུམ་དང་བཅས། །
རྒྱལ་ཕྲན་དུ་མར་མངའ་དབང་བསྒྱུར། །
གཤེན་གྱི་བསྟན་པའི་དགའ་ཚལ་ཆེ། །
རྒྱས་མཛད་དབྱར་གྱི་དཔལ་མོ་བཞིན། །

ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་སྟེ། །
ཛྭོ་དམར་འོད་ཀྱི་བྱ་རུ་ཅན
སྐྱ་རེངས་དམར་པོའི་འོད་སྣང་བཞིན། །
རྫོགས་ལྡན་ཉི་འོད་འདྲེན་ལ་བྲེལ། །

ཕྱོགས་བཞིའི་རྒྱལ་ཕྲན་གུས་པའི་སྐྱེས། །
ཉིན་བཞིན་རྡུལ་གྱི་གྲངས་ལ་འགྲན། །
ཆབ་འབངས་ཁྲིམས་ཀྱིས་ལེགས་བསྐྱངས་ཏེ། །
མཐོ་རིས་དཔལ་ཡོན་ས་ལ་དྲངས། །

ལི་མུར་གོ་བའི་རྒྱལ་པོ་སྟེ། །
བྷེ་དྷུས་འོད་ཀྱི་བྱ་རུ་ཅན། །
སྲིད་པ་ཆགས་པའི་ལྷ་ཆེན་དག །
ཁྱོད་ཀྱི་བཀའ་ལུང་གུས་པས་ལེན། །

རླབས་ཆེན་བསོད་ནམས་དཔུང་ཤུགས་ཀྱིས། །
རང་གི་རྒྱལ་སྲིད་བསྐྱངས་པ་དང་། །
གཤེན་གྱི་བསྟན་པའི་སྒོ་འཕར་ཡང་། །
ནམ་མཁའ་མཛོད་དུ་ཕྱེས་པར་གྲགས། །

ཉེ་ལོ་ཝེར་ཡ་རྒྱལ་པོ་སྟེ། །
གནམ་ལྕགས་དབལ་གྱི་བྱ་རུ་ཅན། །
གཤེན་གྱི་དྲང་སྲོང་ཁྲི་སྟོང་གིས། །
ཁྱོད་ཀྱི་སྲིད་ལ་ཕྱྭ་གཡང་བཀུགས། །

ཉིན་བཞིན་སྲིད་ཀྱི་ཁ་ལོ་བསྒྱུར། །
མཚན་གྱི་དཀྱིལ་འཁོར་སྒྲུབ་ལ་བརྩོན། །
རྫོགས་པ་ཆེན་པོའི་རྒྱལ་ས་རུ། །
ཚེགས་མེད་གཤེགས་པའི་ས་སྐྱོང་ཞིག །

གུ་ཝེར་ནོར་གྱི་རྒྱལ་པོ་སྟེ། །
ག་ལྗང་འོད་ཀྱི་བྱ་རུ་ཅན། །
ཕོ་བྲང་ཆེན་པོ་གསེར་གྱི་མཁར། །
མཛེས་པའི་རྒྱན་གཅིག་དེ་རུ་བྱུང་། །

ཞི་རྒྱས་གསེར་གྱི་ཀྱོ་བའི་འཕྲུལ། །
འབངས་རྣམས་འགུག་པའི་གཡང་ཆགས་ཞིང་། །
དབང་དྲག་དམག་རྟའི་རྨིག་རྡུལ་གྱིས། །
མཐའ་བཞིའི་རྒྱལ་ཁམས་མོག་པོར་བྱས། །

སྟག་སྣ་གཟི་བརྗིད་རྒྱལ་པོ་སྟེ། །
ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན། །
སྟག་སྣ་དབལ་གྱི་རྫོང་མཁར་དུ། །
ལྷ་དབང་གཉིས་པའི་དོ་ཟླ་བྱུང་། །

ཤེས་རིག་གསེར་གྱི་རྒྱལ་མཚན་རྩེར། །
གཤེན་བསྟན་ནོར་བུའི་ཏོག་སྤྲས་ཏེ། །
ཞང་ཞུང་རྒྱལ་ཁམས་ཆེན་པོའི་ཁྱོན། །
དགེ་ལེགས་དབྱིག་གི་ཆར་ཆེན་ཕབས། །

སད་ཧྲི་གྱེར་གྱི་རྒྱལ་པོ་སྟེ། །
ཨུཏྤལ་འོད་ཀྱི་བྱ་རུ་ཅན། །
ཞང་ཞུང་ཁ་ཡུག་ཡུལ་ལྗོངས་སུ། །
མུ་རྫོང་ཁྲོ་ཆུའི་མཁར་དུ་བཞུགས། །

བྱམས་བརྩེའི་གྲིབ་མ་སྣུམ་པོ་ཡིས། །
ཆབ་འབངས་ཚ་གདུང་ཡོངས་བསལ་ཅིང་། །
མཐུ་སྟོབས་གནམ་ལྕགས་ཐོག་མདའ་ཡིས། །
ཕས་རྒོལ་བྲག་རིའི་རྒྱལ་ཁམས་བསྙིལ། །

སླས་ཀྲ་གུ་གེའི་རྒྱལ་པོ་སྟེ། །
རིན་ཆེན་འོད་ཀྱི་བྱ་རུ་ཅན། །
ཁྱུང་ལུང་དངུལ་མཁར་དཀར་པོ་སྟེ། །
ཁྲོ་ཆུའི་རྨང་རྡོ་ཅན་དུ་བཞུགས། །

ལྷ་ཀླུ་གཉན་གྱི་གྲོགས་དང་བཅས། །
གཤེན་བསྟན་དཔུང་བ་དགུང་དུ་བཏེགས། །
ཕྱོགས་བཞིའི་རྒྱལ་ཕྲན་གྲངས་མེད་པ། །
སྤྲིངས་ཡིག་གཅིག་གིས་ཞབས་ལ་བཏུད། །

མུ་མར་ཐོག་རྒོད་རྒྱལ་པོ་སྟེ། །
ཨེ་ཎ་འོད་ཀྱི་བྱ་རུ་ཅན། །
ཞང་ཞུང་ཆེན་པོའི་རྒྱལ་ཁབ་ཀྱི། །
རུ་ཐོག་གནམ་རྫོང་མཁར་དུ་བཞུགས། །

རང་ཡུལ་བདེ་སྐྱིད་སྣང་བས་གཏིབས། །
གཞན་ཡུལ་ཤེས་རིག་ནོམ་ལ་བླངས། །
འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན། །
ལས་བཞིའི་འཕྲིན་ལས་གློག་ལྟར་མྱུར། །

དེ་ལྟར་ཞང་ཞུང་རྒྱལ་ཁམས་ཀྱི། །
བྱ་རུ་ཅན་གྱི་རྒྱལ་པོ་ཚོའི། །
ཆེ་བ་བརྗོད་པའི་སྙན་ངག་ཕྲེང་། །
ཀླུ་སྨྱོན་སོར་མོས་བགྲངས་པ་དགེས། །

གངས་རི་ཏི་སེའི་དབུ་རྩེ་ནས། །
གཡུང་དྲུང་ལྷ་ཡི་རྨུ་ཐག་ཅིག །
མ་ཕམ་གཡུ་མཚོར་ལྷུང་བ་ཡི། །
རྒྱལ་རབས་མི་བརྗེད་དྲན་པར་ཤོག །

བྱ་རུ་ཅན་གྱི་རྒྱལ་པོ་ཚོའི། །
ངོ་མཚར་མཛད་བཟང་ཉི་ཟླའི་འོད། །
ས་ཆེན་ཁྱོན་ཀུན་དཀྲིགས་པ་ཡི། །
ལོ་རྒྱུས་དེ་དག་དྲན་པར་ཤོག །

བདག་ནི་སྙན་ངག་མཁན་པོ་སྟེ། །
གང་དྲན་གླུ་རུ་ལེན་ལ་མཁས། །
ཞང་ཞུང་རྒྱལ་ཁམས་ཆེན་པོ་ཡི། །
བྱུང་བ་ཐ་ཚན་མུ་ཙུག་སྨར། །

345F8749-D039-4FB4-B1DA-B9A765210631-909-000000A9D4F18E11_tmp.JPG

                                     སོ་སྐྱེས་སྙན་ངག་བརྒྱ་བ། དང་པོ།

སྐྱེ་བ་སྐྱེ་བར་གསེར་མདོག་གི །
ཞིང་གྲོང་ཉུལ་བའི་རླུང་བུར་ཤོག །
རླུང་བུ་དེ་ཡིས་བསྐལ་པའི་བར། །
གང་སར་འཁྱེར་བའི་དྲི་ཞིམ་ཤོག །
སྒེའུ་ཁུང་ནང་གི་ཡུལ་ལྗོངས་ནི། །
ཁྱེད་ལ་བྲིས་པའི་སྙན་ངག་སྟེ། །
ནམ་མཁའ་སྔོན་པོའི་ཟུར་ཞིག་ན། །
ཟླ་བའི་མཆི་མ་རྒྱུ་སྐར་བཞིན། །
ཁྱེད་ཀྱི་མཆུ་འདབ་དམར་ན་ཡང་། །
འོ་ཡི་སྦྲང་རྩི་ཞིམ་ན་ཡང་། །
སྒེའུ་ཁུང་བརྒྱུད་པའི་རླུང་བུ་འདིས། །
བདག་ནི་བསྲེགས་ཏེ་ཐལ་བར་བྱས། །
ཐར་པ་ཐོབ་ནས་ཅི་ཞིག་བྱ། །
དབེན་པ་བསྟེན་ནས་ཅི་ཞིག་བྱ། །
མཛེས་མའི་ནམ་མཁའ་སྔོན་པོའི་དབུས། །
སྤྲིན་པ་དཀར་པོ་ཟོལ་དུ་ཉལ། །
དབྱར་གྱི་ལོ་འདབ་སེར་པོ་བཞིན། །
ལང་ཚོའི་མཛེས་པ་སྐད་ཅིག་ཙམ། །
མཛེས་མའི་སྙན་ངག་རྒུན་ཆང་བཞིན། །
ཁྱོད་ལ་དེ་ཀོ་བདག་གིས་སྦྱིན། །
ནགས་ཀླུང་ཉུལ་བའི་རླུང་བུ་བཞིན། །
ཞིང་གྲོང་བརྒྱུད་ནས་ཡལ་བར་ངེས། །
མཛེས་མའི་མྱོས་བུམ་བྷ་ག་སོགས། །
ཡོད་ཚད་ལོ་ཟླས་རྙིད་པར་ངེས། །
སྙིང་ལ་འདོད་པའི་མེ་འབར་ཞིང་། །
མིག་ལ་མཛེས་མའི་གཟུགས་བརྙན་བརྐོས། །
རལ་བ་བཅད་པས་ཅི་ཞིག་ཕན།། །
ཏིང་འཛིན་སྒོམ་པས་ཅི་ཞིག་ཕན། །
དགོང་མོར་ཚང་དུ་ལོག་པའི་བྱ། །
ཉི་ཟེར་ཁྲོད་དུ་སྟོན་ལོ་བཞིན། །
ཆར་བའི་ཁྲོད་དུ་སྦངས་པའི་བདག །
མཛེས་མ་སྒོམ་བཞིན་འཆི་བར་ངེས། །
གཟན་ཤམ་བདག་ལ་ཅི་ཞིག་བྱ། །
ལྷུང་བཟེད་བདག་ལ་ཅི་ཞིག་བྱ། །
མཛེས་མས་བདག་ལ་ཅི་ཞིག་བྱ། །
བྷ་གས་བདག་ལ་ཅི་ཞིག་བྱ། །
བདག་ནི་ཞོགས་པའི་སྨུག་པ་བཞིན། །
ཁྱེད་ཀྱི་ཉི་མར་མཆུ་སྦྱོར་ཡང་། །
ཁྱེད་ནི་གློག་གི་ཞགས་པ་བཞིན། །
བདག་གི་བྲང་ལ་འཁྱུད་མི་འགྱུར། །
བུད་མེད་འདི་དག་ནམ་མཁའ་བཞིན། །
ཆགས་ལྡན་རྒྱུ་སྐར་སུ་ཡང་པང་། །
སྐྱེས་པ་འདི་དག་ཆུ་བོ་བཞིན། །
མཛེས་མའི་མེ་ཏོག་ཡོད་ཚད་འཁུར། །
བྷ་ག་དམ་པས་ཅི་ཞིག་བྱ། །
ནུ་མ་མཁྲངས་པས་ཅི་ཞིག་བྱ། །
ཞག་གཅིག་འདོད་པའི་རྩེ་དགའ་ནི། །
མགོ་བོ་གཅོད་པའི་ན་ཟུག་བཞིན། །
མི་འཆི་ཚེ་རིང་འདོད་ན་ཡང་། །
རྒས་པའི་སྡུག་བསྔལ་མི་འདོད་པའི། །
སྐྱེ་བོ་ཤེས་རབ་ཅན་འདི་དག །
བདག་གི་གྲོགས་དང་ཁྱེད་ཀྱི་དགྲ །
གཟུགས་ལ་ཆགས་པའི་མི་འདི་དག།
འདོད་པར་ཆགས་པའི་མི་འདི་དག།
ཕྱེ་མ་ལེབ་དང་མེ་ལྕེ་བཞིན།།
འཆི་བདག་དྲུང་ན་སྐྱིད་སྐྱིད་འདྲ།།

ཆུ་བོ་བཞུར་བའི་གནས་དེ་རུ། །
མེ་ཏོག་སྐྱེས་པའི་གནས་དེ་རུ། །
ཁྱེད་ཀྱི་རྐང་རྗེས་ཡོད་དམ་ཅི། །
ཁྱེད་ཀྱི་དྲི་ཞིམ་ཡོད་དམ་ཅི། །
ལོ་མ་ལྗང་ཁུས་སྦྱར་སྡོང་བཀབ། །
ཉི་འོད་གསེག་སྟེ་ནགས་ཀློང་འབབ། །
ཁྱེད་ཀྱི་མྱོས་བུམ་འདི་ན་སྣང་། །
ཁྱེད་ཀྱི་བྷ་ག་འདི་ན་གདངས། །
ཆུ་མོ་དྭངས་ཤིང་དྭངས་ཤིང་བཞུར། །
རླུང་བུ་བསིལ་ཞིང་བསིལ་ཞིང་ལྡང་། །
ངང་བ་ཁྱོ་ཤུག་འདི་གཉིས་ཀྱིས། །
རླབས་ཀྱི་སྙན་ངག་འདོད་དགུར་འབྲི། །
ཉི་འོད་འབར་བའི་རྣ་ཆ་ཟུང་། །
འགྲམ་པའི་ངོས་ན་འོད་དུ་འཚེར། །
དགོད་མ་འཛུམ་གྱི་ཁྱོད་གདོང་ལས། །
མི་ལོ་སྟོང་གི་མཛེས་སྡུག་རྙེད། །
གནག་སྣུམ་སྐྲ་ལོའི་འདབ་མ་རུ། །
དྲི་ཞིམ་རླུང་གི་མེ་ཏོག་དཔྱངས། །
ཁྱོད་ཀོ་དྲི་ཟའི་འཇིག་རྟེན་ནས། །
མདང་ནུབ་བདག་གིས་བརྐུས་སམ་ཅི། །
དམར་ལ་སྣུམ་པའི་མཆུ་སྒྲོས་ནི། །
བྱུ་རུའི་ནགས་སུ་འཁྲུལ་བ་སྟེ། །
དེ་ལས་འཐུལ་བའི་དྲི་ཞིམ་གྱིས། །
བདག་ནི་མྱོས་ཤིང་བརྒྱལ་བར་བྱེད། །
མི་སྡུག་ཁ་བ་དཀར་པོའི་ཆར། །
བདག་གི་སྐྲ་ལོའི་རི་བོར་བབས། །
དེ་ནི་མི་རྟག་རྒྱང་གླུ་སྟེ། །
འཁོར་འདས་གཉིས་ཀའི་གཤིས་ལ་འབྱམས། །
མདང་ནུབ་འབུས་པའི་མེ་ཏོག་ཁྱེད། །
དེ་རིང་ཞོགས་པར་མ་རྙིད་པར། །
འོ་འཛིན་ཟླུམ་པོའི་དཀྱིལ་འཁོར་དུ། །
བདེ་བའི་སེན་རྗེས་འབྲི་བར་སྐུལ། །
ལྷུག་ལྷུག་གཡོ་བའི་མྱོས་བུམ་ཟུང་། །
འཁོར་འདས་མཚོན་པའི་བརྡ་ཡིག་སྟེ། །
རྔུལ་ཆུའི་དོ་ཤལ་གྱོན་པ་ན། །
འཆི་བ་འགོག་པའི་ཚེ་བུམ་བཞིན། །
ལྷ་ཁང་གཡེར་དྲིལ་འཁྲོལ་བ་ན། །
ཕུག་རོན་གདངས་སུ་བབས་པ་ན། །
ཉི་ཟེར་ཕྲ་མོའི་སྐུད་པ་ལས། །
ཁྱེད་ཉིད་བྱོན་པ་ལན་གཅིག་མིན། །
རྨི་ལམ་ན་ཡང་ཞེན་ཆགས་ཀྱི། །
མིག་འོད་གཉོམ་པོའི་གཟི་འོད་ཅན། །
སྨྲ་བསམ་བརྗོད་པའི་ཡུལ་འདས་ཁྱོད། །
ལྷན་སྐྱེས་མཁའ་འགྲོ་ཡིན་ནམ་ཅི། །
མཁའ་ནས་ཆར་བའི་ཟོལ་དུ་འབབ། །
ས་རུ་མེ་ཏོག་བཞིན་དུ་སྐྱེས། །
སྙིང་ལ་ཆགས་པའི་ཟུག་རྔུ་བཞིན། །
ནམ་ཡང་འབྲལ་བ་མེད་འདི་ཅི། །
ཟླ་མཚན་འབབ་པའི་དུས་དེར་ཡང་། །
རྐེད་སྐབས་ལྕི་བའི་དུས་དེར་ཡང་། །
ཉི་མའི་གུང་གི་དུས་དེར་ཡང་། །
ཁྱོད་ཉིད་མ་བྱོན་དུས་དེ་གང་། །
གསེར་གྱི་པྲོག་ཞུའི་གཟི་འོད་ཀྱིས། །
འོ་འཛིན་ལྷག་ཏུ་རྒྱས་པ་སྟེ། །
དཀར་ལ་འཇམ་པའི་བྲང་གཞུང་ན། །
དཀའ་ཐུབ་བསྲེག་པའི་མེ་ལྕེ་འཁྱིལ། །
རི་མོར་བྲིས་པ་མ་ཡིན་པར། །
སྙན་ངག་བརྩམས་པ་མ་ཡིན་པར། །
པར་དུ་བླངས་པ་མ་ཡིན་པར། །
རྨི་ལམ་བྱེ་བ་བརྒྱ་རུ་གཏུབས། །
ཆུ་བོའི་ངོས་སུ་རླབས་རིས་བཞིན། །
ཞིང་གྲོང་དེ་རུ་རླུང་བུ་བཞིན། །
སྔོ་བསང་ནམ་མཁའི་རྒྱུ་སྐར་བཞིན། །
གཟི་བརྗིད་ཉམས་པ་མེད་པའི་ཁྱོད། །
ལྷ་ལས་བབས་པའི་མི་མོ་བཞིན། །
མི་མོའི་ཕྱག་རྒྱའི་གར་མཁན་བཞིན། །
ཆོ་འཕྲུལ་སྟོང་གི་ནགས་ཀློང་ལས། །
འདོད་པའི་ལོ་འདབ་ཤིག་ཤིག་གཡོ། །
ཚུར་ཤོག་དགའ་བའི་དགའ་སྟོན་སྩོལ། །
ཚུར་ཤོག་འདོད་པའི་རོ་མངར་བྱིན། །
ཚུར་ཤོག་སྟོན་ཟླ་དཀར་པོ་ཁྱེད། །
ཚུར་ཤོག་ནམ་མཁའ་སྔོན་པོ་ཁྱེད། །

715E9708-E594-409B-95A6-69028F614203-909-000000A9DC25B063_tmp.JPG

                                     འདས་ལོག

སྐར་མ་རྡོག་གཅིག་ས་རུ་ལྷུང་བ་འམ། །
ཆུ་རྡུལ་ཕྲ་མོ་གནམ་དུ་འཕུར་བ་བཞིན། །
རྣམ་ཤེས་ཁེར་རྐྱང་སྨུག་པའི་ཞོགས་ལྗོངས་སུ། །
སྟོན་ལོ་སེར་པོ་ཞིག་གི་ཁུག་ཏུ་སྐྱེས། །
འབུ་སྲིན་གཅིག་ལ་གཅིག་བཟའི་ཟློས་གར་གྱིས། །
མི་ཚེའི་གོ་རིམ་གཏམ་རྒྱུད་བཞིན་དུ་བྲིས། །
ལམ་ཞུགས་མགྲོན་པོའི་སྐད་ཆ་རྫོགས་མེད་ཀྱིས། །
འཆར་ཡན་གཡོ་སྒྱུའི་ངོ་འབག་གྱོན་སྟངས་སྦྱངས། །
རི་བོ་རལ་ཞིང་ཆུ་གཏེར་འཁྲུག་པ་ཡི། །
དེབ་ཐེར་ཆེན་མོ་ཞིག་གི་ཀློག་མཚམས་སུ། །
ལུག་ཁྱུའི་འབའ་སྒྲ་ལྷང་ལྷང་ཐོས་པ་ན། །
ཚེ་རབས་དུ་མའི་ཕ་ས་ལན་གཅིག་དྲན། །
སྐྱེ་བ་ཞེས་བྱ་རྫ་རིའི་ཆུ་ཕྲན་བཞིན། །
ཐོག་མེད་ནས་འོངས་གནམ་སའི་མཐའ་རུ་བཞུར། །
སོར་མོ་བཅད་པའི་ཁྲག་དམར་ཐིགས་པ་གཅིག །
འདི་དང་འདྲེས་ནས་སྲིད་པའི་གཞི་རུ་འཐིམས། །
ལོ་དང་ཟླ་བའི་ཞགས་པས་སྐེ་བསྡམས་པའི། །
འགྲོ་བ་ཀུན་ཀྱང་མུན་ནག་མགྲོན་པོ་སྟེ། །
རྣམ་ཤེས་སྒྲོན་མེ་ཆུང་ཆུང་གྲངས་མེད་ཅིག །
མཚན་མོའི་འདས་ལོག་མཛད་སྒོར་ཞུགས་པ་ཡིན། །
ལྗོན་པ་རྒས་ཤིང་ལོ་འདབ་ཟགས་པ་ཡི། །
ཆུ་འགྲམ་གྲོང་གསེབ་བྱ་ཕོའི་སྐད་སྙན་ཅན། །
རྡོ་ཁང་སྲུབ་ནས་རྣམ་ཤེས་གྲངས་མེད་ཀྱིས། །
རྒྱང་རིང་སྤྲིན་པའི་ཚོགས་ལ་ཅེར་རེར་ལྟ། །
ལྷས་རར་ལྕི་དྲི་འཐུལ་བའི་འབྲོག་ས་རུ། །
རྣམ་ཤེས་ཁྱུ་ཞིག་འོད་ཀྱི་བཞོ་ལོང་སྟེང་། །
གཉིད་ཙམ་སད་ཙམ་བྱིས་པའི་ལོ་ཟླ་དག །
ཨ་མའི་རྒས་གཉེར་གསེབ་ཏུ་འབྲི་བར་བྲེལ། །
མདུན་ཅོག་ཟད་པོའི་སྟེང་གི་ཉི་འོད་ཀྱིས། །
ས་རྡུལ་འཕྱགས་ནས་ཤོག་བུའི་ཐིག་ཕྲེང་གསལ། །
སྒྱུ་མའི་སྨྱུ་གུ་ལག་ཏུ་བཟུང་བའི་མོད། །
གཙང་པོར་མཆོངས་ནས་རང་སྲོག་བཅད་ན་སྙམ། །

                                    གནམ་ནས་བརྐྱངས་པའི་སྐས་གདངས།

ཏག་ཏག་ཉིན་གུང་ཞིག་ལ།
ཆར་བ་བབས་མཚམས་བཞག་པའི་ཉིན་གུང་ཞིག་ལ།
རི་ཀླུང་ཐང་གསུམ་སྨུག་ཤིག་གེ་ཡིན་པའི་ཉིན་གུང་ཞིག་ལ།
གློག་ཞགས་ཤིག་གི་རྗེས་སུ་འཇའ་ཚོན་སྣ་ལྔ་འཕྲོ་རིམ་འཕྲོར་ཤར་བྱུང་།
ཚོ་དཔོན་དང་ཡུལ་མི་ཚང་མ་རྐང་རྗེན་ཡིན་ལ།
རྒན་རྒོན་དང་བྱིས་པ་ཚང་མའི་ངོ་གདོང་དྲེགས་པས་འཚོས་ཡོད།
གློ་བུར་དུ།
ནམ་མཁའི་དབྱིངས་ནས་མེ་ཏོག་གི་ཆར་བ་བབས་བྱུང་།
ཆེ་བ་ཤིང་རྟའི་འཕང་ལོ་དང་ཆུང་བ་བྱིས་པའི་རྐང་རྗེས་ལྟ་བུའི་མེ་ཏོག་གི་ཆར་བ་བབས་བྱུང་།
ཆར་བ་འདི་འབབ་ཡུན་ཅུང་རིང་བས།
རྡོ་ཁང་དང་སྦྲ་ནག་དག་གི་སྟེང་དུ་ཡང་དྲི་བསུང་འཐུལ་བཞིན་ཡོད་ལ།
གཡག་རོག་དང་རྟ་རྒོད་ཚོའི་སྒལ་གཞུང་དུའང་བྱིན་རླབས་འཁྱིལ་བཞིན་འདུག

སྐབས་དེར། གློ་བུར་དུ།
ཆེས་མཐོ་བའི་བར་སྣང་ཁམས་ནས།
མེ་ཏོག་གི་ཆར་བའི་ཀློང་ནས།
རིན་པོ་ཆེ་ལས་གྲུབ་པའི་སྐས་གདངས་རིང་པོ་ཞིག་ཐུར་དུ་བརྐྱངས་བྱུང་།
གཏིང་མཐའ་བྲལ་བའི་ནམ་མཁའི་མཐའ་དབུས་ཤིག་ནས་བརྐྱངས་བྱུང་།
མི་ཚོགས་ལ་གཡོ་འགུལ་དྲག་པོ་ཞིག་ཐེབས་བྱུང་།
མི་ཚོགས་ལ་དད་གདུང་དྲག་པོ་ཞིག་སྐྱེས་བྱུང་།
ཁོ་ཚོའི་ཟུམ་པ་མེད་པའི་མིག་ཟུང་གིས་ངོ་མཚར་བའི་རྐང་གདངས་དེ་དམ་དུ་བཟུང་།
མི་སུ་གཅིག་གིས་སྐད་ཆ་མ་བཤད་ན་ཡང་།
ཚང་མའི་རེ་སྨོན་ནམ་ཡིད་ཆེས་ཉག་གཅིག་ནི།
ད་སོ་མར་གནམ་ནས་ས་རུ་བརྐྱངས་པའི་སྐས་གདངས་འདི་བརྒྱུད་དེ།
གནམ་ས་ཁ་ལོ་སྒྱུར་ཐུབ་པའི་སྐྱེས་བུ་ངོ་མཚར་ཅན་ཞིག
མགོ་ནག་དབང་དུ་བསྡུ་ཐུབ་པའི་མི་བུ་ཡ་མཚན་ཅན་ཞིག
ནམ་མཁའི་ཕྱི་རོལ་གྱི་དག་ཞིང་གང་ཡང་རུང་བ་ཞིག་ནས།
གནས་འདི་རུ་ཐོགས་མེད་དུ་འབྱོན་རྒྱུ་དེ་རེད།

ལོ་ངོ་དུ་མ་ཞིག་འགོར་སོང་།
མཛེས་ཤིང་ལྟ་ན་སྡུག་པའི་སྐས་གདངས་རིང་པོ་དེར་ས་རྡུལ་ཆགས་སོང་།
མི་ཚོགས་ཀྱི་མིག་མཐའ་རུ་ཡང་རྒས་གཉེར་བབས་སོང་།
ཡིན་ན་ཡང་།
ཁོ་ཚོའི་སེམས་ཁོང་ན་གཟི་བརྗིད་འབར་བའི་སྐྱེས་བུ་དེ་ད་དུང་འབྱོན་རྒྱུ་མ་བྱུང་།
ཁོ་ཚོའི་མིག་ལམ་ན་ཡལ་བ་མེད་པའི་རྨི་ལམ་དེ་ད་དུང་རྨི་མཚམས་མ་བཞག

image009.jpg

                                    ཉི་མ་དྲོ་དུས།

ཉི་མ་དྲོ་དུས་ཅི་ཞིག་བྱེད་དགོས།
མཚོ་འགྲམ་དུ་སྤྲོ་འཆམ་ལ་བསྐྱོད་དགོས།
དེ་རུ་འོད་ཀྱིས་སྒེག་པའི་རྦ་རླབས་རེ་རེའི་ལྟེབ་ཁུག་ན།
མཛེས་མ་རེ་རེའི་མྱོས་བུམ་ལྷུག་ལྷུག་ཏུ་འཁྱོམ་བཞིན་ཡོད་ལ།
དེ་རུ་མེ་ལྟར་ཚ་བའི་བྱེ་ཟེགས་ཀྱི་གདན་སྟེང་དུ།
མཛེས་མ་རེ་རེའི་འཕོང་ཚོས་དང་སྒལ་གཞུང་གིས་ཁྱོད་ལ་བསྒུགས་ཡོད།
ལྷ་ཁང་ནང་དུ།
སངས་རྒྱས་ཀྱི་མདུན་དུ།
སྐྱིལ་ཀྲུང་བཅས་ནས།
མིག་ཟུང་བཙུམས་ཏེ།
འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ཚུལ་བསྒོམས་མྱོང་ཡང་།
ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཡིན་ལུགས་བསམས་མྱོང་མོད།
མཚོ་འགྲམ་དུ་བསླེབས་དུས།
མཛེས་མ་དག་མཇལ་དུས།
མི་རྟག་པ་ཡོད་ཚད་རྟག་པར་འགྱུར་འགྲོ་ལ།
སྡུག་བསྔལ་ཐམས་ཅད་ཀྱང་བདེ་བར་སྣང་ཡོང་།
འདི་ནི་ཐོག་མ་མེད་པ་ནས་འཁྲུལ་སྣང་གིས་བསླུས་པའི་དཔང་རྟགས་གསོན་པོ་ཞིག་མིན་ན་ཅི།
འདི་ནི་ང་ཚོས་ད་དུང་འདོད་པའི་འདོད་ཆགས་སྤོང་དཀའ་བའི་བརྡ་རྟགས་གསལ་བོ་ཞིག་མིན་ན་ཅི།
                    *གོང་གི་འདྲ་པར་དེ་ནི་ལོ་འདིའི་ཟླ་དང་པོའི་ནང་ཁོ་བོ་འཛམ་གླིང་གི་མཛེས་ལྗོངས་གྲགས་ཅན་ཧ་ཝ་ཡུའུ་ལ་ལྗོངས་རྒྱུ་དང་ཆོས་སྤེལ་དུ་སོང་དུས་བླངས་པ་ཡིན།

                                    མཚོ་གཏིང་གི་སྙན་ངག་གི་གྲོང་ཁྱེར།


མདང་དགོང་མཚན་མོའི་རྨི་ལམ་ནང་དུ།།
བར་དོ་ལྟ་བུའི་འཕྲང་རིང་འགྲིམས་རྗེས།།
རྦ་རླབས་རྩེ་རུ་ཉི་འོད་འཚེར་བའི།།
མཚོ་ཆེན་ཞིག་གི་འགྲམ་དུ་བསླེབས་སོང་།།
མཚོ་ནང་ཟུག་པའི་རྡོ་ཐེམ་སྟེང་དུ།།
ལུས་ཡོངས་སྡོམ་གྱི་དྲ་རྒྱས་སྦྲེལ་ཅིང་།།
སྐྲ་ལོ་རིང་པོས་བྱེ་ཐང་ཁེབས་པའི།།
མི་རྒན་ཞིག་གི་གཏམ་རྒྱུད་ཉན་ཡིན།།
ལོ་ངོ་སྟོང་དང་ལྔ་བརྒྱའི་གོང་དུ།།
མཚོ་འདིའི་ཤུལ་དུ་གྲོང་ཁྱེར་ཆགས་ཤིང་།།
ཇ་ཁང་ཆང་ཁང་མགྲོན་ཁང་མ་ལུས།།
སྙན་ངག་མཁན་ཚོས་བདག་གིར་བཟུང་ཡོད།།
དགའ་བའི་དུས་སུ་དགོད་སྒྲ་སྙན་ངག།
སྐྱོ་བའི་ཚེ་ན་མཆི་མ་སྙན་ངག།
དགའ་སྐྱོ་བར་མའི་ཚོར་བ་སྙན་ངག།
གནས་འདིའི་མཁའ་དབུགས་ཀྱང་ནི་སྙན་ངག།
སྙན་ངག་ལྗོན་ཤིང་བཞིན་དུ་སྐྱེས་ཤིང་།།
སྙན་ངག་མེ་ཏོག་ཇི་བཞིན་བཞད་དེ།།
སྙན་ངག་དྲི་ཞིམ་བཞིན་དུ་འཐུལ་བའི།།
སྙན་ངག་པ་ཡི་དག་ཞིང་གྲུབ་ཡོད།།
སྐྱེ་བོ་ཀུན་གྱི་སེམས་ཀྱི་གཤིས་ལུགས།།
ཆུ་ཤེལ་བཞིན་དུ་དྭངས་ཤིང་གཙང་ལ།།
ཕན་ཚུན་སྙན་པའི་ངག་གི་མེ་ཏོག།
དུས་དང་དུས་སུ་འབུལ་བའི་སྲོལ་ཡོད།།
རི་བོ་དག་ནི་གངས་བྲག་རྫ་གསུམ།།
སྐྱེ་དངོས་དག་ནི་སྨན་གྱི་འཁྲི་ཤིང་།།
བྱ་བྱེའུ་འབའ་འབུ་སྲོག་ཆགས་ཀུན་ཀྱང་།།
རང་བྱུང་ལོ་འབྲས་དག་གིས་འཚོ་འོ།།
དུས་བཞིའི་དྲོ་གྲང་ཧ་ཅང་སྙོམས་ཤིང་།།
མ་ཚང་མེད་པའི་ལོ་ཏོག་སྨིན་ཏེ།།
སྐྱེ་བོ་ཐམས་ཅད་འདོད་པའི་དཔལ་གྱིས།།
ཉིན་མཚན་ཀུན་ཏུ་བཟི་བར་གྱུར་ཏོོ།།
གྲོང་ཁྱེར་ཆེན་མོའི་ཟང་ཟིང་མེད་པར།།
ཁུ་སིམ་གྲོང་དང་གྲོང་བརྡལ་དག་ཏུ།།
རྐང་ལམ་གཡས་གཡོན་མེ་ཏོག་སྣ་བརྒྱའི།།
དྲི་ཞིམ་དུས་ཚོད་ཉེར་བཞིར་འཐུལ་ལོ།།
བདག་གི་ན་ཚོད་ཆུང་ངུའི་དུས་ནས།།
སྙན་ངག་རྩོམ་པའི་ལས་ལ་གཞོལ་བས།།
ཕོ་ལོ་ཉེར་གསུམ་དུས་སུ་བསླེབས་དུས།།
སྙན་པའི་གྲགས་པ་འབར་བར་གྱུར་ཏོ།།
གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས་དག།
བདག་ལ་སྙན་ངག་མིན་པ་མེད་ཅིང་།།
དགའ་སྐྱོ་བར་མའི་ཚོར་བ་ཡོད་ཚད།།
བདག་གི་སྙན་ངག་སྐུད་པར་བརྒྱུས་ཡོད།།
དེ་དུས་མཚོ་བྱུང་དབྱངས་ཅན་ལྷ་མོ།།
ད་ལྟ་བཞིན་དུ་རྒྱང་ན་མེད་པར།།
ཉིན་རེ་བཞིན་དུ་པི་ཝང་བསྣམས་ཏེ།།
གྲོང་གི་བཞི་མདོར་གླུ་དབྱངས་ལེན་ནོ།།
ཇ་ཁང་ཆང་ཁང་མགྲོན་ཁང་སོགས་ཀྱི།།
རྩིགས་ལྡེབས་མ་ལུས་སྙན་ངག་བྲིས་ཤིང་།།
ཆུ་ཚོད་ཉེར་བཞིར་བརྙན་འཕྲིན་དག་ལས།།
བདག་གི་སྙན་ངག་གྱེར་འདོན་བྱེད་དོ།།
བཞི་མདོ་མཚོ་འགྲམ་རི་བོའི་རྩེ་རུ།།
བདག་གིས་སྙན་ངག་འབྲི་ཀློག་བྱེད་དུས།།
ཤེས་རབ་ལྡན་པའི་སྐྱེ་བོ་དུ་མ།།
བདག་གི་དྲུང་དུ་འདུ་བ་ཉིད་དོོ།།
བདག་གི་ལུས་ཀྱི་ཕྲ་ཕུང་རེ་རེ།།
སྙན་པའི་ངག་གི་འོད་ཕུང་རེ་རེ།།
བདག་གི་དབུགས་ཀྱི་འབྱིན་རྔུབས་རེ་རེ།།
སྙན་པའི་ངག་གི་རྦ་རླབས་རེ་རེ།།

                                        ནམ་གུང་གི་རང་ཉིད།

མུན་ནག་ནང་དུ་རྩིགས་པར་བསྙེས་ཏེ་མིག་ཟུང་བཙུམས་པའི་སྐད་ཅིག་མར།།
ངལ་བས་དུབ་པའི་མགོ་བོ་ལྕི་མོ་གཞོག་གཅིག་ལྷུང་བའི་འཇིགས་སྐྲག་གིས།།
གློག་ཀླད་གྲུ་བཞིའི་མཐེབ་གཞུང་འཇམ་པོར་སོར་རྩེས་བསྣུན་པའི་བདེ་སྣང་གིས།།
ནམ་མཁའི་གློག་ཞགས་སྙིང་མགོར་འཁྱུག་པའི་ཚོར་བ་དྲག་པོའི་རྦ་རླབས་འཕྱུར།།

སྒེའུ་ཁུང་ངོས་སུ་ཆར་བས་བརྡུངས་ཚེ་དབྱངས་ཅན་པི་ཝང་རྒྱུད་སྐུད་ཆད།།
མཛེས་མའི་ནུ་འབུར་ཕྱེད་ཙམ་མཐོང་དུས་དགེ་སྦྱོང་རྒྱབ་ཀྱི་ཆོས་གོས་ལྷུང་།།
རྨི་ལམ་ནང་དུ་དམྱལ་བར་ཕྱིན་པས་སད་དུས་འཇིག་རྟེན་ཞེན་པ་ལོག།
སྦྲང་ནག་ཁྱུ་གཅིག་ཕོར་བར་འབྱར་བས་འོ་ཇ་མངར་མོ་མིད་པར་འཐོག།

སྨན་ཤར་ཞིག་གིས་བརླ་ཤ་བསྟན་པས་ཙན་དན་དམར་པོའི་ཕྲེང་ཐག་ཆད།།
ཟ་ཁང་ཇ་ཁང་མགྲོན་ཁང་མ་ལུས་ཐལ་རྡུལ་ཁྲོད་དུ་སྔར་མུས་བཞིན།།
ལོ་མ་སྐམ་པོ་མིག་ཆུ་ཡིན་ནམ་བྱང་རླུང་གྲང་མོ་ངུ་ཤུམ་བཞིན།།
བཀྲེས་ལྟོགས་ཀྱིས་གཟིར་ཕུག་རོན་མགྲིན་པ་རྩུབ་ཅིང་མཁྲེགས་པའི་གླུ་ཡིས་མནན།།

མུན་ནག་སྦར་བའི་སྐར་མདའི་མེ་ལྕེ་གཤིན་པོ་དག་གི་རྣམ་ཤེས་བཞིན།།
གསལ་ལ་མི་གསལ་སྲང་ལམ་གློག་གཞུ་སྲོག་གཅོད་རལ་གྲིའི་ཁྲག་འོད་དངོས།།
གྲག་འགུལ་མེད་པའི་རྒྱང་རིང་རི་ཚོགས་དུར་བྱང་ཇི་བཞིན་འཇིགས་སྣང་འབྱིན།།
སྙིང་གི་གྲོགས་པོ་རེ་རེའི་སེམས་སུ་ཁྱེད་རང་གསོད་པའི་འཆར་གཞི་སྒྲིག།

གསེར་གྱི་ཚིགས་ཁེབས་དེ་ཡི་འོད་ལས་སྟག་ཤར་བརྒྱ་ཡི་གད་རྒྱངས་ཐོས།།
དངུལ་གྱི་བཞོ་ལུང་དེ་ཡི་ངོས་ལས་མཛེས་མ་སྟོང་གི་འཛུམ་མདངས་རྙེད།།
གཟི་ཡི་སྐེ་རྒྱན་དེ་ཡི་མདངས་ལས་མེས་པོ་རྣམས་ཀྱི་རྣམ་ཤེས་མཇལ།།
ད་ནི་སྲོག་གཅོད་དུག་ཁུ་འཐུངས་ཀྱང་ལྷ་ཡི་བདུད་རྩིས་འགྲན་ནུས་མིན།།

ནམ་མཁའ་སྔོན་པོའི་བླ་སྲོག་ལས་སྐྱེས་བྱ་རྒོད་གཤོག་པས་སྤྲིན་ནག་གཤགས།།
ཐོལ་གྱིས་བྲིས་པའི་སྙན་ངག་གཅིག་གིས་བསྐལ་པ་འཇིག་པའི་མུན་ནག་སྦར།།
མཛའ་མོའི་མྱོས་བུམ་འཇིབ་ཐེངས་གཅིག་གིས་ལོ་བརྒྱའི་སུན་སྣང་ཆུ་ལ་བསྐྱུར།།
ད་ནི་ཕྱིང་དཀར་ཆར་ལྭ་གྱོན་ནས་སྨུག་པའི་རི་ལུང་ལོས་ཀྱང་འགྲིམ།།

                                     ཡང་སྐྱར་བྱིས་པའི་དུས་དེ་དྲན་པ།

སྟོན་མཇུག་ཅིག་ལ་ཕ་མ་གཉིས་ཀྱིས་མུན་ནག་ཁྲོད་ནས་འཁོར་བའི་ཞིང་ས་རྨོས། །
ང་ཡི་རྣམ་ཤེས་འཁྱམ་པོ་དེ་ནི་ས་བོན་ལ་བརྫུས་ཁུ་ཁྲག་དཀྱིལ་དུ་སྦས། །
ཟླ་བ་དགུ་དང་ཞག་མ་བཅུ་ལ་གཉིད་མ་སད་དུ་ངལ་གསོ་བརྒྱབ་ནས་བསྡད། །
ཉིན་མཚན་གཉིས་ཀར་བདེ་སྡུག་གང་བྱུང་ཚོར་བས་ཟིན་ཀྱང་རེ་དོགས་མེད་འདི་སྐྱིད། །
རི་ཀླུང་ཐང་གསུམ་རྩྭ་ལྗང་རྦ་རླབས་བར་མེད་གཡོ་བའི་དབྱར་གཞུང་ཉིན་གུང་ཞིག །
ཁོ་བོ་ཨ་མའི་མངལ་ལས་འཇིག་རྟེན་འདི་ལ་ཐོག་མར་བསླེབས་པའི་དུས་ཚོད་དེར། །
ངེད་ཚང་སྦྲ་ནག་ཧྲུལ་བོ་དེ་ཡི་ཀླད་དུ་འཇའ་ཚོན་སྒོར་སྒོར་སྙིང་རྗེ་བོ། །
ཁྱིམ་མཚེས་དག་གིས་མཐོང་སྟེ་བུ་ཞིག་རེད་ཅེས་བརྗོད་ཚུལ་ལོ་མང་རྗེས་སུ་ཐོས། །
ལུས་པོ་ཆུང་ཆུང་རྐང་རྗེས་ཆུང་ཆུང་མེ་ཏོག་ཅིག་གི་འདབ་མ་འདྲའོ་ཞེས། །
དྲིན་ཆེན་ཨ་མས་ཡང་ཡང་གསུངས་ཤིང་ས་རྡུལ་ཁྲོད་དུ་ཕུ་བོའི་མཉམ་དུ་འཚར། །
ལོ་གཅིག་རྗེས་ནས་ནུ་བོ་བཙས་པས་ཨ་མའི་ནུ་ཞོ་འཇིབ་པའི་སྐལ་བ་ཤོར། །
ཡིན་ཡང་ལང་ཚོའི་མེ་ཏོག་ཆུང་ཆུང་ལོ་ཟླའི་ཆུ་བོའི་འགྲམ་དུ་འཚར་ལོངས་བྱུང་། །
བྱིས་པ་ཆུང་ཆུང་བེའུ་ཆུང་ཆུང་རེའུ་ལུ་གུ་ཆུང་ཆུང་མཉམ་དུ་རྩེད་མོ་བརྩེས། །
མེ་ཏོག་སེར་ཆེན་སྐེ་རྒྱན་བསླེས་ནས་ཁྱི་རྒན་རྒྱ་སྟག་སྐེ་ལ་འདོག་པར་བྲེལ། །
ཆུ་རྡེལ་ལེན་དུས་མིག་གཉིས་བཙུམས་ཏེ་ཆུ་ནང་རྡེའུ་དཀར་ནག་མ་འདྲེས་པར། །
སུ་ཡིས་ལེན་ཐུབ་འགྲན་སྡུར་བྱེད་དུས་འཇིག་རྟེན་འདི་ན་དེ་བས་སྐྱིད་ཅིག་མེད། །
ཞོགས་པ་རེ་རེར་དྲིན་ཅན་ཨ་མས་འབྲི་མོ་བཞོ་བའི་དུས་སུ་བསླེབས་པ་ན། །
བེའུ་རེ་རེའི་སྐེ་ཐག་འཇུས་ཏེ་ཕར་འདྲུད་ཚུར་འདྲུད་བྱེད་པའི་དུས། །
བེའུའི་རྨིག་པ་རྣོན་པོ་དེ་ཡིས་རྐང་པ་ཆུང་ཆུང་སྟེང་དུ་དྲུད་པའི་ཚེ། །
ན་ཟུག་མ་བཟོད་མིག་ཆུ་ཐར་སེ་ངུ་ཡང་མ་ཤེས་དུས་ཚོད་ད་དུང་དྲན། །
ན་མཉམ་བྱིས་པ་མཉམ་དུ་འཛོམས་ཏེ་ཚང་མ་གསར་བུ་གསར་མོ་ཡིན་ཁུལ་གྱིས། །
ཞི་མོ་དག་གིས་ཕྱུ་བའི་ཐུ་ཕྱེས་ཞི་ལིས་རྐང་སྣམ་སྒྱིད་ཁུག་ཏུ་འཕངས་ནས། །
མཇེ་ཚད་གཉའ་ཚད་ཡ་ད་འཛོགས་ཞེས་རང་རང་ཐད་ཀའི་ཞི་མོ་དེ། །
འོག་ཏུ་མནན་ནས་མཇེ་ཉུང་གཉའ་ཆུང་དཀའ་ལས་སྤྲད་པ་དྲན་ན་དགོད་རྒྱུ་ཡོང་། །
སྤེན་མའི་མདའ་གཞུ་ལྕགས་སྐུད་རྣོན་པོའི་མདེའུ་དུ་མ་ལྐོག་ནས་བཟོས་པ་དང་། །
མཚན་དཀྱིལ་རེ་ལ་ཁྱིམ་མཚེས་ཚང་གི་སྦྲ་ནག་ཀླད་དུ་མདའ་མོ་དྲག་ཏུ་འཕངས། །
ཅི་འདི་ག་རེ་ཟེར་བཞིན་བཟའ་ཚང་གང་བོ་སྒོ་ལ་བུད་པ་ཐེངས་གཅིག་མིན། །
དགུན་དུས་ནོར་ནག་ཤི་བའི་རོ་ལ་ཤིག་གསོད་དུག་སྨན་གློག་གཞུའི་སྨན་རྫས་སོགས། །
སྦྱར་དུག་སྣ་ཚོགས་ཕ་མས་མ་ཚོར་ཕྱི་ནང་མེད་པར་བྱུགས་ཏེ་བསྒུགས་པ་ན། །
བྱ་རྒོད་སྣ་ཚོགས་ཁ་བ་འབབ་འབབ་དུས་ཚོད་གཉིས་ཀྱི་རྗེས་སུ་ནམ་མཁའ་ནས། །
འུར་སྒྲ་དང་བཅས་ཐང་དཀར་རྒོད་ཅིག་དུག་གིས་བཟི་ནས་ས་ལ་ལྷུང་བར་བྱས། །
སློབ་གྲྭ་ནས་ཀྱང་སློབ་གྲོགས་མཉམ་དུ་ཁྱི་ལྡོམ་ཞིག་བཟུང་ཐག་རིང་རྒྱ་གྲོང་བསྐྱོད། །
ཨ་རག་བཙན་པོ་དམ་བུ་གང་དང་ཐ་ནག་སྤུས་ཞན་སྒམ་ཆུང་འགར་བཙོངས་ནས། །
སྐྱིད་པོ་དཔེ་མེད་བཏང་བའི་རྗེས་སུ་མགོ་བོ་ན་ཞིང་སྐྱུག་མེར་ལངས་པ་དང་། །
སློབ་གྲྭ་ཁྱི་བདག་གཉིས་ཀར་སྐྲག་སྟེ་གཅིན་ཡང་འཆོར་ལ་ཁད་ཀྱི་འཇིགས་སྐྲག་མྱངས། །
ཙི་ཙི་འཇུས་ནས་ཞི་མོ་ཆུང་ཆུང་ཉལ་གོས་བར་དུ་བཞག་ནས་ངུ་རུ་བཅུག །
གསང་སྤྱོད་ནང་གི་ཟླ་མཚན་ཤོག་བུ་བུད་མེད་དགེ་རྒན་ཞིག་གི་སྒོ་ཁར་སྤུངས། །
དགེ་རྒན་ངོ་ཚས་ཉི་མ་གང་བོར་སློབ་ཁྲིད་བྱེད་དུ་མ་ཡོང་ནང་དུ་འཛུལ། །
ཁྱི་དང་བྱི་ལ་མཉམ་དུ་སྦྲེལ་ཏེ་ལྷན་དུ་མངགས་ནས་འཛིང་དུ་བཅུག །
ས་དང་ཤིང་གི་སྒམ་ཆུང་མང་པོ་སྦལ་བ་ཐག་པས་སྦྲེལ་ནས་འཐེན་དུ་བཅུག །
བྱེའུ་དག་གི་གཤོག་པ་གཉིས་པོ་ཤིང་ཐུར་ཕྲ་མོས་བརྒྱངས་ཏེ་ལྕགས་ཁབ་བཙུགས། །
འགྱིག་མདའ་བཟུང་ནས་བྱེའུ་ཨབ་པྲ་རིག་རིག་ཐུག་ཚད་གསོད་པའི་ལས་ལ་ཞུགས། །
འདི་དག་བསམས་ན་དེ་རིང་ད་དུང་མ་ཎི་ཡིག་བརྒྱ་མཚམས་མེད་འདོན་པར་བྲེལ། །

1194842B-A565-490E-8277-F052D15CAF45-909-000000A9CAE79318_tmp.JPG

                                     ངའི་གྲོགས་པོ་ཞིག་གི་ལོ་རྒྱུས།

ཐོ་རངས་ཆུང་མའི་རུམ་ནས་ཡར་ལངས་ཏེ།།
ཆུ་འཁྱག་ཅིག་གིས་ངོ་གདོང་རོབ་ཙམ་བཀྲུས།།
ལྕགས་རྟ་རྙིང་གོག་གྲང་བའི་རེག་བྱ་ཅན།།
ཞོན་ནས་སྐར་འོད་འོག་ཏུ་ལས་ཀར་ཆས།།
ཆུ་ཚོད་ཕྱེད་ཀར་ལྕགས་རྟ་བསྐོར་བ་ཡིས།།
ངལ་ཞིང་དུབ་པས་རྔུལ་ནག་སྒལ་གཞུང་བརླན།།
འཁྲིས་ནས་ཤུར་སེ་འགྲོ་བའི་རླངས་འཁོར་ཚོར།།
ལྟ་བཞིན་སྨོན་པའི་དབུགས་རིང་བརྩེགས་མར་འཕེན།།
ཚོང་ཁང་ཆེན་པོའི་སྒོ་ཡི་གཡོན་ཕྱོགས་སུ།།
ལྕགས་ཀྱི་རྟ་ལ་ལྕགས་སྒྲོག་བཙའ་རོ་བརྒྱབ།།
ལུས་ཀྱི་གྱོན་པ་བརྗེས་ནས་ལས་གོས་གྱོན།།
འཕྲུལ་འཁོར་བཞིན་དུ་ལས་ཀའི་ཀློང་དུ་འཁོར།།
ཞོགས་ཇ་མ་རག་ལུས་ཀྱི་ཟུངས་རྫོགས་ཏེ།།
མགོ་ཡོམ་འཁོར་ཞིང་མིག་ནང་མེ་སྟག་མཆེད།།
སྐར་མ་བཅའ་བཅུར་རྣ་བས་སྒྲ་མི་ཐོས།།
ངལ་གསོ་འདོད་ཀྱང་ལས་དཔོན་འཁྲིས་སུ་ཡོད།།
དབུགས་དབྱུངས་སྐར་མ་བཅུ་ཡི་དུས་ཚོད་ནང་།།
ཕྱི་རུ་བརྒྱུགས་ནས་ཐ་མག་རྔམ་འཐེན་བྱས།།
ནང་དུ་ལོག་ནས་ཁ་ཧྥེ་ཕོར་གང་བཏུངས།།
དེ་ཡིས་རྣམ་རིག་ཅུང་ཟད་གསལ་བར་གྱུར།།
ཕར་བཤད་དབྱིན་སྐད་མི་དག་ངོ་ཚ་ཞིང་།།
ཚུར་བཤད་དེ་བཞིན་མི་གོ་དངངས་ཤིང་འཚབ།།
ལས་དུབ་ལྕི་ཞིང་གླ་ཆ་དམའ་བ་སོགས།།
ཚེ་གཡོག་མི་ནག་ལོ་རྒྱུས་འཁྲབ་མཁན་བཞིན།།
ཉིན་གུང་ཁ་ལག་བཟའ་བའི་དུས་ཚོད་དུ།།
མདང་དགོང་ཐུག་ལྷག་འཐུང་བཞིན་ངལ་ཞིག་གསོས།།
གློ་བུར་ཆུང་མའི་ཁ་པར་བསླེབས་པ་དང་།།
ཁྱིམ་ནང་ཛ་དྲག་གནས་ཚུལ་ཡོད་དོ་སྐད།།
མྱུར་དུ་ལས་དཔོན་རྩ་ལ་བཅར་བྱས་ནས།།
གུས་གུས་ཞུམ་ཞུམ་དགོངས་པ་ཞུས་པ་ན།།
ཡང་ཡང་དགོངས་པ་ཞུས་ན་ལས་ཀ་ནས།།
རྩ་དགོངས་སྤྲོད་ཟེར་ངོ་གདོང་ནག་ཚུབ་ཚུབ།།
ཐབས་ཟད་སྐར་མ་འགའ་ལ་བསྒུགས་པ་ན།།
ཡང་སྐྱར་ཆུང་མའི་ཁ་པར་བསླེབས་གྱུར་པས།།
ལས་དཔོན་མདུན་དུ་པུས་མོ་ས་ལ་བཙུགས།།
མིག་ནས་མཆི་མ་ཆར་བཞིན་འཇོ་དང་ལྷན།།
དགོངས་པ་མ་ཚོམས་དགོངས་པ་གནང་རོགས་ཞུས།།
ལས་དཔོན་མཁྲེགས་པོ་ཅི་བྱ་གཏོལ་མེད་གྱུར།།
འོ་ན་སང་ཉིན་ནས་བཟུང་ལས་ཀ་ལ།།
ཡོང་མཚམས་ཞོག་ཅེས་སྡང་མིག་གློག་ལྟར་འཁྱུགས།།
འཁྱར་འཁྱོར་ཡར་ལངས་ཕྱིར་ཐོན་ལྕགས་རྟར་ཞོན།།
རང་སྲོག་བློས་བཏང་གཞུང་ལམ་འཕྲེད་ཀྱིས་གཏུབས།།
མིག་ངོར་ཆུང་མའི་ངོ་སྡུག་འཆར་བ་དང་།།
སྐྱེ་ལ་ཉེ་བའི་བྱིས་པའི་ངུ་སྐད་གཉིས།།
འཕྲོ་རིམ་འཕྲོ་ལ་གློག་བརྙན་བསྟན་པ་བཞིན།།
འཆར་བཞིན་གྲག་བཞིན་ཁྱིམ་གྱི་སྒོ་རྩར་འབྱོར།།
ཛ་དྲག་ཉེན་སྐྱོབ་རླངས་འཁོར་དམར་ཁྲ་དང་།།
ཉེན་རྟོག་རླངས་འཁོར་སྔོ་སྐྱ་ཁུ་བྱུག་མདོག །
མེ་གསོད་རླངས་འཁོར་དམར་ནག་ཁྲག་གི་མདོག །
རང་ཁྱིམ་སྒོ་རུ་འུར་འུར་ཟིང་ཟིང་གནས།།
སྙིང་དམར་ཁ་ནས་ཐོན་པའི་བྲེལ་འཚབ་ཀྱིས།།
ཁྱིམ་སྒོ་གྲུ་བཞིན་ཕྱེས་པའི་སྐད་ཅིག་མར།།
ཆུང་མ་ཁྲག་གི་ཀློང་དུ་ཉལ་བ་དང་།།
བྱིས་པ་མངལ་ནས་འགག་པའི་གཟུགས་བརྙན་མཐོང་།།
མྱུར་སྐྱོབ་མི་སྣའི་རོགས་རམ་ཛ་དྲག་བཅས།།
ཆུང་མ་སྨན་ཁང་ནང་དུ་བསྐྱལ་ན་ཡང་།།
སྨན་པས་དུས་ཚོད་འགོར་འགྱངས་བྱས་པ་ཡིས།།
བྱིས་པ་ཨ་མའི་མངལ་ནས་འདས་གྲོངས་སོང་།།
ཕྱི་དྲོར་སྨན་པས་ཆུང་མའི་གྲོད་པ་གཤགས།།
བྱིས་པའི་ཕུང་བོ་ཕྱི་རུ་བླངས་པ་ན།།
ཨ་ཨ་སྙིང་རྗེ་སྐྲ་ཡང་ནག་ཀྲིག་ཀྲིག །
ང་ཡི་ལས་འདི་བསམ་བཞིན་དྲག་ཏུ་ངུས།།
ཆུང་མའི་མིག་ཆུ་སྔར་ནས་ཚར་བ་ཡིས།།
བྲང་ཁ་ཁུ་ཚུར་ལྕི་མོས་རྡུང་བཞིན་དུ།།
ང་ཡི་གཅེས་ཕྲུག་ག་རེ་བྱས་ནས་གྲོངས།།
ཟེར་བཞིན་ངུ་སྔངས་བྱེད་པ་བལྟར་མི་བཟོད།།
ཆུང་མའི་ཕ་མ་རང་གི་གྲོགས་པོ་སོགས།།
སྔ་རྗེས་བྱས་ནས་སེམས་གསོར་འབྱོར་ན་ཡང་།།
སེམས་ཀྱི་ཟུར་ཞིག་སྐྱོ་བས་ཟིན་གྱུར་ཏེ།།
ཤ་སྐམ་རྒས་པའི་གཉེར་མ་ཉིན་བཞིན་འཕེལ།།
སེམས་པ་གཡེང་ཕྱིར་ལས་ཀར་འབད་ན་ཡང་།།
སྐྱོ་གདུང་སེལ་ཆེད་ཐ་མག་རྔུབས་ན་ཡང་།།
ཆུ་འགྲམ་མཚོ་འགྲམ་གང་དུ་སོང་ན་ཡང་།།
རང་ལ་མ་དབང་བྱིས་པ་མིག་སྔར་འཆར།།
བོད་ནས་མ་བསྡད་རྒྱ་གར་ཡུལ་དུ་ལྡོམ།།
རྒྱ་གར་བཞག་ནས་ཕྱི་རྒྱལ་ཡུལ་དུ་འཁྱམས།།
མི་ཚེ་སྡུག་བསྔལ་རྐྱང་རྐྱང་མ་གཏོགས་པ།།
མེད་འདི་ཅི་ཞེས་དྲི་བ་རང་ལ་འདྲི།།
ལས་ཀ་ཚར་ནས་ནང་ལ་ལོག་ན་ཡང་།།
ཆུང་མས་ཟ་མ་ཆེ་བཟོ་ཕོར་བ་ཡང་།།
མི་བཀྲུ་འཁྲུད་གཞོང་ཁེངས་པ་མིག་སྔར་འཆར།།
ལན་རེར་མགོ་བོ་བཏུམས་ནས་ངུ་རྒོད་བྱས།།
སྐྱེ་བ་ཀུན་ཏུ་མགོ་སེར་རྒན་མོ་དང་།།
མི་ཐུག་ཤ་ཁྲག་གཅིག་པའི་བོད་མོ་དང་།།
འབྲལ་མེད་བརྩེ་བའི་དཔལ་ལ་ལོངས་སྤྱོད་ཅིང་།།
བདེ་སྐྱིད་འཚོ་བའི་ཉི་མ་མྱུར་འཆར་ཤོག །
དེ་སྐད་སྨོན་ལམ་དུས་ཀུན་འདེབས་པ་ཡི།།
ང་ཡི་གྲོགས་པོ་བཀྲ་ཤིས་ཚེ་རིང་གི །
མི་ཚེ་བྱུང་བ་མདོར་ཙམ་བརྗོད་པ་འདི།།
ཁ་བ་ནག་པོས་ངལ་བར་མ་འཛེམས་བྲིས།།
གྲོགས་པོ་ཁྱེད་ཅག་མགོ་སེར་རྒན་མོ་ལ།།
ལྷ་རུ་འཁྲུལ་བའི་འཕྲུལ་སྣང་སྐྱིད་པོ་དེ།།
བཙན་གྱིས་ཕྱིར་ལྡོག་རང་རིགས་བུ་མོ་དང་།།
སྐྱིད་སྡུག་མཉམ་མྱོང་དམ་བཅའི་རི་མོ་ཕྲིས།།
གཅིག་ན་སྐད་རིགས་ཕར་བཤད་ཚུར་བཤད་གོ །
གཉིས་སུ་རིག་གཞུང་བར་དུ་འགལ་ཟླ་ཉུང་།།
གསུམ་དུ་ལས་དང་རྒྱུ་འབྲས་ཁས་ལེན་པས།།
རང་རིགས་བུ་མོའི་ཡན་ན་སུ་གཅིག་མེད།།

                                     རྒྱ་མཚོའི་མཐིལ་ནས་བླངས་པའི་གླུ།

གླུ་འདི་དང་པོ་གང་ནས་འོངས།
གླུ་འདི་དང་པོ་གནམ་ནས་འོངས།
གནམ་གྱི་དགུ་ཚིགས་ངོས་ནས་འོངས།
སྤྲིན་གྱི་ཕྲ་ཚོམ་བརྒྱུད་ནས་འོངས།
འཇའ་ཚོན་སྐས་ཐེམ་ཉུལ་ནས་འོངས།
ཆར་བའི་རྒྱུན་དང་འདྲེས་ནས་འོངས།
གློག་དམར་འོད་དང་བསྡེབས་ནས་འོངས།
འབྲུག་སྒྲའི་ཟིལ་ནས་འགྲོགས་ནས་འོངས།
བར་སྣང་སྟོང་བར་འཁྱུད་ནས་འོངས།
ཉི་ཟླའི་སྣང་བར་འཇུས་ནས་འོངས།
རླུང་གི་དཀྱིལ་འཁོར་བརྒལ་ནས་འོངས།
རི་རབ་རྩེ་རུ་ལྷུང་བཞིན་འོངས།
ལྗོན་པའི་ཡལ་གར་འཐམ་བཞིན་འོངས།
མེ་ཏོག་འདབ་མ་སྒུལ་བཞིན་འོངས།
སྦྲང་མའི་གཤོག་པ་བཀྲུ་བཞིན་འོངས།
ཕྱེ་ལེབ་གར་སྟབས་སློབ་བཞིན་འོངས།
རྦབ་ཆུའི་ཟེགས་མ་འཐུང་བཞིན་འོངས།
ཞིང་གྲོང་དུ་ཞགས་སྣོམ་བཞིན་འོངས།
ཞིང་པའི་རྔུལ་ནག་སྐེམ་བཞིན་འོངས།
བྱ་ཕོའི་སྒོ་ང་རུམ་བཞིན་འོངས།
འབྲོག་སླས་ལྕི་བ་འཐུ་བཞིན་འོངས།
འབྲོག་མོའི་ཟུར་མིག་བཤོལ་བཞིན་འོངས།
འབྲོག་ཕྲུག་སྣབས་ཏོ་འབྱིད་བཞིན་འོངས།
དགོན་ཆེན་རྒྱ་ཕིབས་བགྲང་བཞིན་འོངས།
དུང་དཀར་རྒྱང་འབུད་ཉན་བཞིན་འོངས།
ལྷ་ཁང་རེ་རེར་མཇལ་བཞིན་འོངས།
གྲྭ་ཆུང་གཉིད་ལས་སློང་བཞིན་འོངས།
དབྱངས་གསལ་སོ་བཞི་སློབ་བཞིན་འོངས།
སློབ་གྲྭའི་ཅོང་བརྡ་སྒྲོག་བཞིན་འོངས།
སློབ་དེབ་གསར་བ་རྗེ་བཞིན་འོངས།
སློབ་སྨྱུག་རྩེ་མོ་གཞོག་བཞིན་འོངས།
དགེ་རྒན་སེམས་ཤུགས་སྤར་བཞིན་འོངས།
སྒོ་ཟོག་གཡུང་ལ་འཕབ་བཞིན་འོངས།
འོ་ཞོའི་བྲོ་བ་མྱོང་བཞིན་འོངས།
སྦྲང་དཀར་རྩམ་པ་རྫི་བཞིན་འོངས།
ནས་ཆང་བཙན་པོ་འཐུང་བཞིན་འོངས།
མིག་ཆུའི་སྙན་ངག་འབྲི་བཞིན་འོངས།
མཛེས་མའི་མྱོས་བུམ་སྐྱོམ་བཞིན་འོངས།
ཁྲག་གི་གཏམ་རྒྱུད་གྱེར་བཞིན་འོངས།
གངས་རིའི་སྐྱོ་གར་འཁྲབ་བཞིན་འོངས།
མུན་པ་མེ་ལ་སྲེག་བཞིན་འོངས།
འོད་སྣང་གཅལ་དུ་འགྲེམ་བཞིན་འོངས།
གཡུ་སྦྲའི་ཆོན་ཐག་སྒུལ་བཞིན་འོངས།
རི་སྒང་དར་ལྕོག་འཛུག་བཞིན་འོངས།
མ་ཎི་ཆུ་འཁོར་སྐོར་བཞིན་འོངས།
རྡོ་བརྐོས་བཀའ་བསྟན་རྩིག་བཞིན་འོངས།
ཕ་མཁར་སྨུག་པོ་འཚོལ་བཞིན་འོངས།
ཕ་ཡུལ་གངས་ལྗོངས་བསམ་བཞིན་འོངས།
ཕ་སྐད་སྙན་མོ་འཆད་བཞིན་འོངས།
ཕ་མེས་རྣམ་ཤེས་སྦྲུམ་བཞིན་འོངས།
ད་ནི་གླུ་འདི་གང་དུ་འགྲོ
གླུ་འདི་རྒྱ་མཚོའི་མཐིལ་དུ་འགྲོ།
བྱུ་རུའི་སྡོང་བོ་འཚོལ་དུ་འགྲོ།
འོད་ཀྱི་རྦ་རླབས་འགྱེད་དུ་འགྲོ།
ལྷིང་འཇགས་དུར་ས་འཚོལ་དུ་འགྲོ།
ལོ་སྟོང་གཉིད་དུ་ཡུར་བར་འགྲོ
ལོ་རྒྱུས་རྡོ་རུ་སྒྱུར་བར་འགྲོ
བདེ་བར་གྱིས་ཤིག་མགོ་ནག་བོད།
སྐྱིད་པར་བཞུགས་ཤིག་གངས་ཅན་པ།

                                      ཚོད་ཚོད་ལ་རྒྱ་གར་བ་ཁྲེ་སྒོར་དྲན་པ།

ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། །
སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། །
གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། །
བ་གླང་ཁྱུ་ཞིག་ཞིང་རྩྭར་རོལ་བའི་དུས། །
བུད་མེད་སྣ་རྒྱན་ཉི་འོད་འཕྲོ་བའི་དུས། །
བྱིས་པ་དམར་ཧྲེང་སྣུམ་ནག་འབྱུག་པའི་དུས། །
སྲང་བར་གློག་བརྙན་གླུ་གཞས་ཐོས་པའི་དུས། །
ལྷ་ཁང་བྱ་འདབས་ཕུག་རོན་བབས་པའི་དུས། །
སྒེག་མོའི་སེང་རས་ཁྲུས་ཆུས་གཤེར་བའི་དུས། །
དབང་ཕྱུག་ལིངྒ་འོ་མས་བཀྲུ་བའི་དུས། །
ཨུ་མའི་ལྷ་ཁང་རོལ་མོས་མཆོད་པའི་དུས། །
དྲང་སྲོང་དཔྲལ་བར་མཚལ་རིས་འཐེན་པའི་དུས། །
འབྲས་ཞིང་རྦ་རླབས་གྲོང་འདབས་འཕྱུར་བའི་དུས། །
ཆུ་མོ་གྱ་གྱུས་མེ་ཏོག་འཁུར་བའི་དུས། །
འོ་ཇའི་མངར་དྲིས་གྲོང་གསེབ་ཁྱབ་པའི་དུས། །
རྩྭ་ཁང་གོག་པོ་འཁྱོར་ནས་སྡོད་པའི་དུས། །
ཉི་དམར་རི་བོའི་སྒལ་བར་འབྱར་བའི་དུས། །
སྨུག་ལོང་གནམ་སའི་བར་ནས་འཐིབ་པའི་དུས། །
ར་ལུག་འབའ་སྒྲས་ལོ་སྟོང་གྱེར་བའི་དུས། །
གྱ་གྱུའི་ལམ་ན་ཤིང་རྟ་ཡོང་བའི་དུས། །
ལེགས་སྦྱར་ཆོས་སྒྲ་རླུང་གིས་འཁུར་བའི་དུས། །
གནའ་བོའི་སྙན་ཚིག་རྨི་ལམ་ནང་གྱེར་དུས། །
སྙན་ངག་མཁན་པོ་ཁྲེ་སྒོར་དྲན་ནས་འོངས། །
སྒྲུང་རྩོམ་མཁས་ཅན་ཁྲེ་སྒོར་དྲན་ནས་འོངས། །
ཁོང་གི་སྨྲ་ར་ཤིག་ཤིག་འདར་བཞིན་འོངས། །
ཁོང་གི་སྤྱན་འོད་ལམ་ལམ་འཚེར་བཞིན་འོངས། །
ཁོང་གི་ཤམ་ལྭ་རླུང་གིས་སྐྱོད་བཞིན་འོངས། །
ཁོང་གི་ཕྱག་སྨྱུག་གློག་ལྟར་འཁྱུག་བཞིན་འོངས། །
ཁོང་གི་ཞབས་རྗེས་མེ་ཏོག་སྐྱེ་བཞིན་འོངས། །
ཁོང་གི་ཤེས་རབ་མེ་རུ་འབར་བཞིན་འོངས། །
ཁོང་གི་སྐུ་གཟུགས་གནམ་སའི་མཐའ་ནས་འོངས། །
ཁོང་གི་གསུང་གདངས་ནམ་མཁའི་ཀློང་ནས་འོངས། །
ཁོང་གི་བརྩམས་ཆོས་དུས་རབས་མཚམས་ནས་འོངས། །
ཁོང་གི་གྲུ་ཆུང་གངྒྰའི་འགྲམ་ནས་འོངས། །
ང་ནི་ཁོང་དང་མཇལ་བའི་རེ་བ་ཡིས། །
ལྷ་ཁང་གཡེར་དྲིལ་རྡུང་བཞིན་གསོལ་བ་བཏབ། །
ཞིང་གྲོང་འབྲས་དཀར་བཟའ་བཞིན་གསོལ་བ་བཏབ། །
གྲོང་ཁྱེར་ཆང་ཁང་ཉུལ་བཞིན་གསོལ་བ་བཏབ། །
མཛེས་མའི་ནུ་འབུར་མཉེད་བཞིན་གསོལ་བ་བཏབ། །
ཞོགས་པའི་མཚམས་སྤྲིན་བསུ་བཞིན་གསོལ་བ་བཏབ། །
ཉིན་གུང་ཉི་མར་ལྡེ་བཞིན་གསོལ་བ་བཏབ། །
ཕྱི་དྲོའི་བསིལ་རླུང་རྔུབ་བཞིན་གསོལ་བ་བཏབ། །
ནམ་གུང་སྐར་ཚོགས་བགྲང་བཞིན་གསོལ་བ་བཏབ། །
ཐོ་རེངས་རྨི་ལམ་རྨི་བཞིན་གསོལ་བ་བཏབ། །
དབང་ཕྱུག་རལ་བའི་ཀློང་ནས་ཁྱེད་དང་མཇལ། །
ཁྱབ་འཇུག་རྫུ་འཕྲུལ་ཀློང་ནས་ཁྱེད་དང་མཇལ། །
ནག་མོའི་ལྷ་ཁང་ནང་དུ་ཁྱེད་དང་མཇལ། །
སངས་རྒྱས་ཀུན་དགའ་ར་བར་ཁྱེད་དང་མཇལ། །
བྱང་ཆུབ་ལྗོན་ཤིང་འཁྲིས་སུ་ཁྱེད་དང་མཇལ། །
ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ཁྱེད་དང་མཇལ། །
ཆུ་མོ་གངྒྰའི་ངོགས་སུ་ཁྱེད་དང་མཇལ། །
བངྒལ་ནགས་ཀླུང་དཀྱིལ་ནས་ཁྱེད་དང་མཇལ། །
ཀ་ལི་ཀ་ཏའི་གྲོང་ནས་ཁྱེད་དང་མཇལ། །
ད་ནི་ཁྱེད་ཀྱི་ཞབས་རྡུལ་འཐོར་བ་ཡི། །
ལྷ་ཡི་ཆུ་བོ་གངྒྰའི་འཇུག་ངོགས་སུ། །
བསྐལ་པ་མ་སྟོང་བར་དུ་སྙན་ངག་འབྲི། །
ནམ་མཁའ་མ་རྒས་བར་དུ་སྙན་ངག་འབྲི། །
ས་གཞི་མ་རྙིང་བར་དུ་སྙན་ངག་འབྲི། །
སྒྱུ་ལུས་མ་འཐོར་བར་དུ་སྙན་ངག་འབྲི། །
དེ་སྐད་སྙན་ངག་མཁན་པོ་ཁྲེ་སྒོར་མཆོག །
དྲན་པས་གདུང་བས་མནར་བའི་སྙན་ངག་པ། །
ཀླུ་སྨྱོན་ཁྲག་འཐུང་རོལ་བའི་དགོངས་གཏེར་ལས། །
ཕབ་པའི་སྙན་ངག་གསང་རྒྱ་འདི་ནས་རལ། །
——
                    སྐར་མ་ཉི་ཤུའི་རིང་འདི་འདྲ་ཞིག་འབྲི་བར་ཐལ་བས་ནང་དོན་ཅང་མེད་ནའང་ཐང་།

 AD420AD5-2D1E-46E5-BDFC-9DEA23F58FAC-909-000000A9C39BCE81_tmp.JPG

                                    ཚེས་བཅོ་ལྔར་བླངས་པའི་གླུ།

ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན། །
ཉི་འོད་དེ་རིང་བཞིན་དུ་འཚེར། །
སྤྲིན་པའང་དེ་རིང་ལྟ་བུར་ལྡིང་། །
བྱ་བྱེའུ་དེ་རིང་ཅི་བཞིན་འཕུར། །
རླུང་བུ་དེ་རིང་འདྲ་བར་ལྡང་། །
ལོ་དྲུག་དཀའ་བ་སྤྱད་པ་ཡི། །
དྲང་སྲོང་སྐུ་ཤ་སྐེམ་ན་ཡང་།
གཟི་བརྗིད་འབར་བ་གང་ཞིག་གིས། །
བྱང་ཆུབ་ཤིང་ལ་སྐུ་རྒྱབ་བསྟན། །
བྱམས་བརྩེའི་སྤྱན་གྱིས་ཕྱོགས་བཅུར་གཟིགས། །
སྐྱེ་རྒ་ན་འཆིའི་ཆུ་བོ་བཞིས། །
འགྲོ་བ་དག་ནི་ཕྱི་ཕྱིར་འཁྱེར། །
མུན་པར་བཅས་པའི་བདུད་སྡེའི་སྙིང་། །
སྙིགས་མའི་རྡུལ་དང་ལྷན་ཅིག་རྩེན། །
ད་ནི་མཁའ་ཁྱབ་འགྲོ་བའི་ཕྱིར། །
རྡོ་རྗེ་ལྟ་བུའི་ཏིང་འཛིན་ཞིག །
རྒྱ་མཚོ་འདྲ་བའི་སྙིང་རྗེ་ཞིག །
མ་སྐྱེས་བར་དུ་སྒོམ་མི་གློད། །
འཆི་བ་མེད་པའི་གོ་འཕང་ཞིག །
འགྲོ་ལ་ཕན་པའི་ལམ་བུ་ཞིག །
འོད་ཀྱིས་སྒེག་པའི་སྣང་བ་ཞིག །
མ་རྙེད་བར་དུ་སྒོམ་མི་གློད། །
དེ་སྐད་ཐུགས་དམ་བཅས་པའི་མོད། །
ས་ནི་རྣམ་པ་དྲུག་ཏུ་གཡོས། །
ཆུ་བོས་ཡ་མཚན་རྦ་རླབས་འགྱེད། །
ཉི་འོད་ཆར་དུ་བབས་ཤིང་འཚེར། །
ལྷ་རྣམས་ཅ་ཅོས་མྱོས་ཤིང་འཁྱོར། །
དྲང་སྲོང་ཆེན་པོའི་ཏིང་འཛིན་གྱིས། །
སྲིད་པ་གསུམ་གྱི་ཁོང་ཉུལ་བས། །
བདུད་སྡེ་དག་ཀྱང་རབ་དངངས་ཤིང་། །
བར་དུ་གཅོད་པའི་སྟ་གོན་བརྩམས། །
རི་བོ་རལ་ཞིང་ཆུ་གཏེར་འཁྲིགས། །
དུག་སྦྲུལ་ཉུལ་ཞིང་མཛེས་མ་འཛུམ། །
ཅེ་སྤྱང་ངུ་ཞིང་སྲིན་བྱ་དགོད། །
གློག་དམར་འཁྱུགས་ཤིང་ཐོག་ཆར་འབེབ། །
ད་ཀོ་འཇིག་རྟེན་ཟླུམ་པོ་འདི། །
ཐལ་བར་འགྱུར་བའི་ཟློས་གར་གྱིས། །
དྲང་སྲོང་ཆེན་པོའི་བ་སྤུ་ཡང་། །
གཡོ་བར་མ་གྱུར་འདི་ཅི་ཞིག །
བདུད་སྡེས་འཕངས་པའི་མཚོན་ཆ་དག །
མཛེས་སྡུག་མེ་ཏོག་ཕྲེང་བར་གྱུར། །
བསླུ་བྱེད་མཛེས་མའི་མྱོས་བུམ་ཡང་། །
རྒས་གཉེར་བབས་ཤིང་མི་སྡུག་གྱུར། །
སྲོད་ལ་མཉམ་པར་བཞག་གྱུར་ཅིང་། །
ནམ་གུང་བདུད་སྡེ་བཅོམ་པ་དང་། །
ཐོ་རེངས་མངོན་པར་སངས་རྒྱས་ཏེ། །
སྐྱེ་བོ་དག་གི་འདྲེན་པར་གྱུར། །
ལྔ་སྡེ་ཚངས་པ་ཆེན་པོ་སོགས། །
མི་དང་ལྷ་ཡི་གདུལ་བྱ་ལ། །
བདེན་བཞིའི་ཆོས་ཀྱི་འཁོར་ལོ་ཡི། །
བདུད་རྩིའི་བགོ་བཤའ་ལན་མང་བཀྱེས། །
གྲོང་དང་གྲོང་ཁྱེར་རབ་རྒྱུ་ཞིང་། །
ནགས་དང་རི་བོའི་ཁོང་ཉུལ་ཏེ། །
ནང་དུ་ཡང་དག་འཇོག་པ་དང་། །
ཐེག་གསུམ་གདུལ་བྱ་སྨིན་པར་མཛད། །
ལྷས་བྱིན་ཁྲོས་ནས་སྒྱོགས་རྡོ་འཕངས། །
མཛེས་དགས་གཞི་མེད་སྐུར་བ་བཏབ། །
དཔལ་སྐྱེས་དུག་གི་ཟས་དྲངས་ཀྱང་། །
ཁྱོད་ལ་ཅི་ཡང་གནོད་མ་གྱུར། །
ཚངས་པའི་གོ་འཕང་འཚོལ་བ་ཡི། །
རལ་བ་སེར་སྐྱའི་དྲང་སྲོང་དག །
ཁྱོད་ཞབས་སྤྱི་བོས་རབ་བླངས་པས། །
མཆོག་སྲུང་ལ་སོགས་སྟོན་ཆེན་མང་། །
ཁྱིམ་ན་གནས་ཀྱང་ཤེས་རབ་མེས། །
རྨོངས་མུན་ནགས་ཀྱི་ཚལ་ཟ་བའི། །
དྲི་མེད་གྲགས་པ་ལ་སོགས་པའི། །
གོས་དཀར་ཅན་ཡང་ཁྱོད་ལ་མང་། །
དྲང་སྲོང་ཆེན་པོ་ཁྱོད་ཉིད་ནི། །
ནུ་ཞོའི་བཅུད་ཀྱིས་བསྐྱངས་པ་ཡི། །
སྐྱེ་རྒུའི་བདག་མོ་ལ་སོགས་པའི། །
སྒྲུབ་པ་མོ་ཡང་ཁྱོད་རྗེས་འབྲངས། །
ཐེག་པ་གསུམ་གྱི་བདུད་རྩི་ཡིས། །
འགྲོ་མང་ཐར་པའི་སར་བཀོད་པས། །
ད་ཀོ་ཁྱོད་ཀྱི་ཉི་མ་ཡང་། །
དུས་ཀྱི་ནུབ་རིར་གཤེགས་ལ་རིངས། །
མཚན་དཔེ་འབར་བའི་གཟུགས་སྐུ་ནི། །
མཆོད་པའི་རྟེན་དུ་བཞག་མཛད་ཅིང་། །
སྤྲོས་བྲལ་ཐུགས་ཀྱི་ཐིག་ལེ་ནི། །
ཆོས་ཀྱི་དབྱིངས་ན་གར་དུ་རྩེན། །
དེ་སྐད་སྟོན་མཆོག་ཟས་གཙང་སྲས། །
མངོན་སངས་རྒྱས་དང་ཆོས་འཁོར་བསྐོར། །
མྱ་ངན་འདས་པའི་དུས་ཆེན་གསུམ། །
འཛོམས་པའི་ཚེས་ལ་གླུ་འདི་བླངས། །

                                     མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ།

སྙིང་གི་རྩ་མདུད་གྲོལ་བའི་ཆེད། །རྩ་གསུམ་ལྷ་ལ་གསོལ་བཏབ་པས། །རང་སྣང་ཌྰ་ཀིའི་གཟི་བྱིན་འབུམ། །འཇའ་འོད་ཀློང་ནས་ས་ལ་བབས། །རྡུལ་བྲལ་འཇིག་རྟེན་དཀར་པོའི་ཞིང་། །ངོ་མཚར་ཌྰ་ཀིའི་ཞིང་ཁམས་སུ། །གཅིག་དང་དུ་མར་འཕྲུལ་བའི་གར། །རྡོ་རྗེའི་རོལ་བ་འབྱམས་སུ་ཀླས། །འདོད་པའི་མྱོས་བུམ་མཁྲངས་ཟླུམ་ཞིང་། །བྷ་གའི་དཀྱིལ་འཁོར་ཆེར་གདངས་པའི། །དགའ་མ་བྱུ་རུའི་མདོག་ཅན་ཞིག །སྒྱུ་རྩལ་དྲུག་ཅུའི་ཀློང་ན་བརྒྱལ། །མ་དག་སྒྱུ་ལུས་འདོར་བ་དང་། །དག་པའི་གཟིགས་མོར་རོལ་བའི་ཕྱིར། །ཡང་ཡང་གསོལ་བ་བཏབ་པ་དང་། །སྒོ་གསུམ་དཀྱིལ་འཁོར་མཆོད་པར་བཤམས། །སྙིང་གི་དཀྱིལ་ནས་ཁྲག་ཕྱུངས་ཏེ། །ས་གཞིར་མནཌལ་དམར་པོ་བྲིས། །ཀླད་པ་དུང་ཁང་གཏོར་བྱས་ནས། །ཀླད་ཞོ་ཚོགས་ཀྱི་རྫས་སུ་བཤམས། །རྣལ་འབྱོར་ཡོངས་ཀྱི་རྒྱལ་པོ་སྟེ། །བླ་མ་ཧེ་རུ་ཀ་དཔལ་གྱིས། །མི་རྐང་གླིང་བུ་ཐེངས་གསུམ་གྱིས། །མཁའ་འགྲོ་ཁ་བ་འབབ་འབབ་བྱེད། །ལ་ལ་སྟག་དང་སེང་གེར་ཆིབས། །ལ་ལ་རླུང་ནག་འཚུབ་མར་ཞོན། །ལ་ལ་ཉི་ཟེར་ཀློང་ནས་ཕེབས། །ལ་ལ་འཇའ་ཚོན་འོད་དང་འདྲེས། །ཞི་བའི་མཁའ་འགྲོ་དཀར་ཞིང་མཛེས། །རྒྱས་པའི་མཁའ་འགྲོ་སེར་ཞིང་འཚེར། །དབང་གི་མཁའ་འགྲོ་དམར་ཞིང་བརྗིད། །དྲག་པོའི་མཁའ་འགྲོ་མཐིང་ཞིང་འཇིགས། །མཁའ་འགྲོའི་ཚོགས་ཀྱི་གྲངས་མཉམ་པར། །དཔའ་བོའི་བྲོ་ར་ཆེན་པོ་རུ། །རང་སྣང་འབར་བའི་རྣལ་འབྱོར་ཚོགས། །ཆགས་ཤིང་མྱོས་པའི་གད་རྒྱངས་སྒྲོག །འདོད་པའི་སྒྱུ་རྩལ་དྲུག་ཅུ་དང་། །དགའ་བ་བཅུ་དྲུག་རོལ་མོའི་སྒྲས། །སྲིད་གསུམ་འདར་བའི་ལྟད་མོ་ཡིས། །ཀླ་ཀློའི་སྙིང་ལ་ཟུག་རྔུ་བསྐྱེད། །དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ། །ཁྱབ་བདག་གདོད་མའི་མགོན་པོ་སྟེ། །ཀུན་བཟང་རྡོར་སེམས་ཡབ་ཡུམ་ནི། །བདེ་ཆེན་ཀློང་ན་མྱོས་ཤིང་འདར། །ཡུམ་ཆེན་ཀུན་ཏུ་བཟང་མོ་ཡི། །ཆོས་དབྱིངས་ཁྱབ་བརྡལ་བྷ་གའི་ཀློང་། །ལྷ་སྐུ་ཡབ་ཡུམ་མཉམ་སྦྱོར་ནི། །ཏིལ་གྱི་གང་བུ་ཁ་ཕྱེ་བཞིན། །ལྷ་སྐུ་རེ་རེའི་སྦྱོར་མཚམས་སུ། །རིག་འཛིན་ཞིང་ཁམས་འབྱམས་ཀླས་ཤིང་། །ཞིང་ཁམས་རེ་རེའི་རྒྱ་ཁྱོན་ཡང་། །སྟོང་གསུམ་འཇིག་རྟེན་མཉམ་པར་བརྡལ། །དེ་བཞིན་བདེ་ཆེན་ཡབ་ཡུམ་གྱི། །བ་སྤུའི་ཁུང་བུ་རེ་རེར་ཡང་། །སྤྲུལ་པའི་ཞིང་ཁམས་མཐའ་ཀླས་པར། །རྡོར་སེམས་སྤྲུལ་བའི་རོལ་མོ་འཁྲོལ། །བུ་སྤུའི་འོད་ཟེར་རེ་རེས་ཀྱང་། །སྟོང་གསུམ་འཇིག་རྟེན་གསལ་བའི་གཞིར། །བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི། །སེམས་ཅན་དག་ལ་སྤྲུལ་པ་འགྱེད། །དགའ་བའི་རོལ་མོ་སྙན་བརྗིད་ཅན། །ཆགས་པའི་སྙན་ངག་ལུད་པའི་རྩེར། །དགའ་བ་བཞི་དང་བཅུ་དྲུག་གི །མེ་ལྕེ་དམར་པོའི་འོད་ཕྲེང་འགྱེད། །རྣལ་འབྱོར་དཔའ་བོ་དཔའ་མོ་རྣམས། །གསང་ཆེན་སྤྱོད་པ་ཡ་མ་ཟུང་། །མིག་འཕྲུལ་བཞིན་དུ་རོལ་བའི་དཔྱིད། །ངོ་མཚར་ཆེ་ཞིང་གཟི་བརྗིད་འབར། །མཁའ་སྤྱོད་མ་དང་སྒྲོལ་མ་སོགས། །གནས་གསུམ་དཔའ་བོའི་སྙིང་སྡུག་ཚོགས། །གཅེར་བུའི་གར་ལ་རབ་དགྱེས། །དཔའ་བོའི་པང་ན་མྱོས་ཤིང་བརྒྱལ། །འཛམ་གླིང་སྟག་ཤར་དཔའ་བོའི་རྒྱན། །གུ་རུ་ཨོ་རྒྱན་ཆེན་པོ་ཡང་། །མཁའ་འགྲོའི་བྷ་གའི་དྲོད་རླངས་ཀྱིས། །བཟི་ཞིང་བརྡ་ཡིག་ཆར་དུ་འབེབ། །ཡེ་ཤེས་མཚོ་རྒྱལ་ནི་གུ་མ། །ལབ་ཀྱི་སྒྲོན་མ་ལ་སོགས་པའི། །མི་མོའི་མཁའ་འགྲོའི་འོ་འཛིན་གྱིས། །སྤྲིན་དཀར་རྒྱུ་བའི་ལམ་ཡང་འགོག །རུས་རྒྱན་གྱོན་ཞིང་གཅེར་བུར་རྒྱུ། །གསང་བའི་སྤྱོད་པ་སྣ་ཚོགས་སྟོན། །མིང་མི་ཤེས་པའི་མཁའ་སྤྱོད་མ། །དཀར་ལྗང་དམར་སེར་སྐུ་མདོག་སྟོན། །བཅུ་དྲུག་ལོན་པའི་ལང་ཚོ་ཅན། །ཆགས་པའི་མྱོས་པའི་མིག་རྩ་དམར། །གནག་སྣུམ་ལན་བུ་ས་ལ་དྲུད། །དཔའ་བོའི་པང་ན་གཉིད་དུ་ཡུར། །དུང་གི་རྣ་རྒྱན་ཐོད་ཁྲག་འཐུང་། །ནམ་མཁའི་ལམ་ལ་གར་བྱེད་ཅིང་། །རྡོ་རྗེ་ཆེ་ཞིང་གད་རྒྱངས་སྒྲོག །མཁའ་འགྲོའི་སྙིང་སྡུག་ཧེ་རུ་ཀ །རྩ་གསུམ་དཔའ་བོ་མཁའ་འགྲོའི་ཁྱུ། །ཧྰུྃ་ཕཊ་གཅིག་གིས་སྡུད་མཛད་པའི། །བླ་མ་རྡོར་སེམས་ཡབ་ཡུམ་ལ། །མཆོད་རྫས་ཞིང་ཁམས་མཉམ་པར་འབུལ། །ཁྲག་ཞག་འཁྲིགས་པའི་མཎཌལ་གཞིར། །ཤ་ལྔ་བདུད་རྩི་ལྔ་ལ་སོགས། །གསང་བའི་མཆོད་པ་སྣ་ཚོགས་ཀྱིས། །དུར་ཁྲོད་ཆེན་པོའི་ཐ་གྲུ་ཁྱབ། །དཀར་མོ་གཅེར་བུའི་གཟུགས་འཆང་མ། །སྨིན་ལེགས་ནུ་འབུར་དཀར་ཟླུམ་ཅན། །ཐོད་པའི་ཕྲེང་བ་འདྲེན་མཛད་ཅིག །ཚོགས་ཀྱི་འཁོར་ལོའི་གཉེར་དུ་བསྐོས། །ལ་ལར་ཞིང་ཆེན་པགས་པ་དང་། །ལ་ལར་དབང་པོའི་མེ་ཏོག་ཚོགས། །ལ་ལར་ཡན་ལག་ཉིང་ལག་སོགས། །ཚོགས་ཀྱི་དགའ་སྟོན་ཨ་ཧོ་རྨད། །སྙིང་གི་རྩ་མདུད་གྲོལ་བའི་ཆེད། །རྩ་གསུམ་ལྷ་ལ་གསོལ་བཏབ་པས། །རང་སྣང་ཌྰ་ཀིའི་གཟི་བྱིན་འབུམ། །འཇའ་འོད་ཀློང་ནས་ས་ལ་བབས། །རྡུལ་བྲལ་འཇིག་རྟེན་དཀར་པོའི་ཞིང་། །ངོ་མཚར་ཌྰ་ཀིའི་ཞིང་ཁམས་སུ། །གཅིག་དང་དུ་མར་འཕྲུལ་བའི་གར། །རྡོ་རྗེའི་རོལ་བ་འབྱམས་སུ་ཀླས། །འདོད་པའི་མྱོས་བུམ་མཁྲངས་ཟླུམ་ཞིང་། །བྷ་གའི་དཀྱིལ་འཁོར་ཆེར་གདངས་པའི། །དགའ་མ་བྱུ་རུའི་མདོག་ཅན་ཞིག །སྒྱུ་རྩལ་དྲུག་ཅུའི་ཀློང་ན་བརྒྱལ། །མ་དག་སྒྱུ་ལུས་འདོར་བ་དང་། །དག་པའི་གཟིགས་མོར་རོལ་བའི་ཕྱིར། །ཡང་ཡང་གསོལ་བ་བཏབ་པ་དང་། །སྒོ་གསུམ་དཀྱིལ་འཁོར་མཆོད་པར་བཤམས། །སྙིང་གི་དཀྱིལ་ནས་ཁྲག་ཕྱུངས་ཏེ། །ས་གཞིར་མནཌལ་དམར་པོ་བྲིས། །ཀླད་པ་དུང་ཁང་གཏོར་བྱས་ནས། །ཀླད་ཞོ་ཚོགས་ཀྱི་རྫས་སུ་བཤམས། །རྣལ་འབྱོར་ཡོངས་ཀྱི་རྒྱལ་པོ་སྟེ། །བླ་མ་ཧེ་རུ་ཀ་དཔལ་གྱིས། །མི་རྐང་གླིང་བུ་ཐེངས་གསུམ་གྱིས། །མཁའ་འགྲོ་ཁ་བ་འབབ་འབབ་བྱེད། །ལ་ལ་སྟག་དང་སེང་གེར་ཆིབས། །ལ་ལ་རླུང་ནག་འཚུབ་མར་ཞོན། །ལ་ལ་ཉི་ཟེར་ཀློང་ནས་ཕེབས། །ལ་ལ་འཇའ་ཚོན་འོད་དང་འདྲེས། །ཞི་བའི་མཁའ་འགྲོ་དཀར་ཞིང་མཛེས། །རྒྱས་པའི་མཁའ་འགྲོ་སེར་ཞིང་འཚེར། །དབང་གི་མཁའ་འགྲོ་དམར་ཞིང་བརྗིད། །དྲག་པོའི་མཁའ་འགྲོ་མཐིང་ཞིང་འཇིགས། །མཁའ་འགྲོའི་ཚོགས་ཀྱི་གྲངས་མཉམ་པར། །དཔའ་བོའི་བྲོ་ར་ཆེན་པོ་རུ། །རང་སྣང་འབར་བའི་རྣལ་འབྱོར་ཚོགས། །ཆགས་ཤིང་མྱོས་པའི་གད་རྒྱངས་སྒྲོག །འདོད་པའི་སྒྱུ་རྩལ་དྲུག་ཅུ་དང་། །དགའ་བ་བཅུ་དྲུག་རོལ་མོའི་སྒྲས། །སྲིད་གསུམ་འདར་བའི་ལྟད་མོ་ཡིས། །ཀླ་ཀློའི་སྙིང་ལ་ཟུག་རྔུ་བསྐྱེད། ། དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ། །ཁྱབ་བདག་གདོད་མའི་མགོན་པོ་སྟེ། །ཀུན་བཟང་རྡོར་སེམས་ཡབ་ཡུམ་ནི། །བདེ་ཆེན་ཀློང་ན་མྱོས་ཤིང་འདར། །ཡུམ་ཆེན་ཀུན་ཏུ་བཟང་མོ་ཡི། །ཆོས་དབྱིངས་ཁྱབ་བརྡལ་བྷ་གའི་ཀློང་། །ལྷ་སྐུ་ཡབ་ཡུམ་མཉམ་སྦྱོར་ནི། །ཏིལ་གྱི་གང་བུ་ཁ་ཕྱེ་བཞིན། །ལྷ་སྐུ་རེ་རེའི་སྦྱོར་མཚམས་སུ། །རིག་འཛིན་ཞིང་ཁམས་འབྱམས་ཀླས་ཤིང་། །ཞིང་ཁམས་རེ་རེའི་རྒྱ་ཁྱོན་ཡང་། །སྟོང་གསུམ་འཇིག་རྟེན་མཉམ་པར་བརྡལ། །དེ་བཞིན་བདེ་ཆེན་ཡབ་ཡུམ་གྱི། །བ་སྤུའི་ཁུང་བུ་རེ་རེར་ཡང་། །སྤྲུལ་པའི་ཞིང་ཁམས་མཐའ་ཀླས་པར། །རྡོར་སེམས་སྤྲུལ་བའི་རོལ་མོ་འཁྲོལ། །བུ་སྤུའི་འོད་ཟེར་རེ་རེས་ཀྱང་། །སྟོང་གསུམ་འཇིག་རྟེན་གསལ་བའི་གཞིར། །བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི། །སེམས་ཅན་དག་ལ་སྤྲུལ་པ་འགྱེད། །དགའ་བའི་རོལ་མོ་སྙན་བརྗིད་ཅན། །ཆགས་པའི་སྙན་ངག་ལུད་པའི་རྩེར། །དགའ་བ་བཞི་དང་བཅུ་དྲུག་གི །མེ་ལྕེ་དམར་པོའི་འོད་ཕྲེང་འགྱེད། །རྣལ་འབྱོར་དཔའ་བོ་དཔའ་མོ་རྣམས། །གསང་ཆེན་སྤྱོད་པ་ཡ་མ་ཟུང་། །མིག་འཕྲུལ་བཞིན་དུ་རོལ་བའི་དཔྱིད། །ངོ་མཚར་ཆེ་ཞིང་གཟི་བརྗིད་འབར། །མཁའ་སྤྱོད་མ་དང་སྒྲོལ་མ་སོགས། །གནས་གསུམ་དཔའ་བོའི་སྙིང་སྡུག་ཚོགས། །གཅེར་བུའི་གར་ལ་རབ་དགྱེས། །དཔའ་བོའི་པང་ན་མྱོས་ཤིང་བརྒྱལ། །འཛམ་གླིང་སྟག་ཤར་དཔའ་བོའི་རྒྱན། །གུ་རུ་ཨོ་རྒྱན་ཆེན་པོ་ཡང་། །མཁའ་འགྲོའི་བྷ་གའི་དྲོད་རླངས་ཀྱིས། །བཟི་ཞིང་བརྡ་ཡིག་ཆར་དུ་འབེབ། །ཡེ་ཤེས་མཚོ་རྒྱལ་ནི་གུ་མ། །ལབ་ཀྱི་སྒྲོན་མ་ལ་སོགས་པའི། །མི་མོའི་མཁའ་འགྲོའི་འོ་འཛིན་གྱིས། །སྤྲིན་དཀར་རྒྱུ་བའི་ལམ་ཡང་འགོག །རུས་རྒྱན་གྱོན་ཞིང་གཅེར་བུར་རྒྱུ། །གསང་བའི་སྤྱོད་པ་སྣ་ཚོགས་སྟོན། །མིང་མི་ཤེས་པའི་མཁའ་སྤྱོད་མ། །དཀར་ལྗང་དམར་སེར་སྐུ་མདོག་སྟོན། །བཅུ་དྲུག་ལོན་པའི་ལང་ཚོ་ཅན། །ཆགས་པའི་མྱོས་པའི་མིག་རྩ་དམར། །གནག་སྣུམ་ལན་བུ་ས་ལ་དྲུད། །དཔའ་བོའི་པང་ན་གཉིད་དུ་ཡུར། །དུང་གི་རྣ་རྒྱན་ཐོད་ཁྲག་འཐུང་། །ནམ་མཁའི་ལམ་ལ་གར་བྱེད་ཅིང་། །རྡོ་རྗེ་ཆེ་ཞིང་གད་རྒྱངས་སྒྲོག །མཁའ་འགྲོའི་སྙིང་སྡུག་ཧེ་རུ་ཀ །རྩ་གསུམ་དཔའ་བོ་མཁའ་འགྲོའི་ཁྱུ། །ཧྰུྃ་ཕཊ་གཅིག་གིས་སྡུད་མཛད་པའི། །བླ་མ་རྡོར་སེམས་ཡབ་ཡུམ་ལ། །མཆོད་རྫས་ཞིང་ཁམས་མཉམ་པར་འབུལ། །ཁྲག་ཞག་འཁྲིགས་པའི་མཎཌལ་གཞིར། །ཤ་ལྔ་བདུད་རྩི་ལྔ་ལ་སོགས། །གསང་བའི་མཆོད་པ་སྣ་ཚོགས་ཀྱིས། །དུར་ཁྲོད་ཆེན་པོའི་ཐ་གྲུ་ཁྱབ། །དཀར་མོ་གཅེར་བུའི་གཟུགས་འཆང་མ། །སྨིན་ལེགས་ནུ་འབུར་དཀར་ཟླུམ་ཅན། །ཐོད་པའི་ཕྲེང་བ་འདྲེན་མཛད་ཅིག །ཚོགས་ཀྱི་འཁོར་ལོའི་གཉེར་དུ་བསྐོས། །ལ་ལར་ཞིང་ཆེན་པགས་པ་དང་། །ལ་ལར་དབང་པོའི་མེ་ཏོག་ཚོགས། །ལ་ལར་ཡན་ལག་ཉིང་ལག་སོགས། །ཚོགས་ཀྱི་དགའ་སྟོན་ཨ་ཧོ་རྨད། །དཀྱིལ་འཁོར་ཆེན་པོའི་ཕྱི་ཁྱམས་སུ། །དྲག་པོའི་ལྷ་ཚོགས་འཇིགས་རུང་བ། །དུས་མཐའི་མེ་ལྕེ་འབར་བའི་ཁྲོད། །གནམ་ལྕགས་ཐོག་སེར་འཐོར་རླུང་འགྱེད། །རབ་འཇིགས་དུར་ཁྲོད་ཆེན་པོའི་དབུས། །བམ་ཆེན་བརྩེགས་པའི་ཁྲི་སྟེང་། །རོ་ལངས་འབུམ་གྱི་གདན་སྟེང་དུ། །ཁྲོ་བོའི་རྒྱལ་པོ་ཧེ་རུ་ཀ །དམར་ནག་ཁྲག་གི་རལ་བ་ཅན། །སྡང་མིག་གློག་སྟོང་འགྱུ་བའི་འོད། །ཧྰུྃ་ཕཊ་ང་རོས་གནམ་ས་གཡོ། །རུས་པའི་རྒྱན་འོད་ཉི་ཟླ་བཞིན། །ཡུམ་ཆེན་སྒེག་པའི་རོལ་བ་ཅན། །མི་སྡུག་ཞལ་སྒོ་གདེངས་པ་ཡིས། །སྟོང་གསུམ་འགེང་བའི་ཐོད་ཁྲག་གི །རོ་ལ་རྔམ་པའི་འཇིགས་ཟིལ་སྟོན། །ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས། །བྱེ་བ་ཕྲག་བརྒྱའི་ཁྲོ་ཚོགས་ནི། །དུས་མཐའི་སྐར་མདའ་ལྷུང་བ་བཞིན། །དགྲ་བགེགས་མགོ་རུ་ཆེམས་སེ་ཆེམས། །གཟུང་འཛིན་འཁྲུལ་བའི་དགྲ་བགེགས་ཚོགས། །མྱ་ངན་སེམས་པ་ཁོང་ཆུད་དེ། །དཔལ་ཆེན་ཧེ་རུ་ཀ་ཡི་བཀའ། །གུས་པས་ལེན་ལ་དངངས་ཤིང་འདར། །ཁྲག་མཚོ་འཁྲུགས་པའི་རྦ་རླབས་ཁྲོད། །ཁྲོ་བོའི་རྒྱལ་པོ་ཡབ་ཡུམ་ནི། །བདེ་ཆེན་དགའ་བའི་བཞད་སྒྲ་ཡིས། །དཔའ་བོ་མཁའ་འགྲོའི་ཚོགས་བསྡུས་ཏེ། །དཀར་དམར་ཉི་ཟླའི་ཁ་སྦྱོར་གྱིས། །གཟུང་འཛིན་རྒྱུ་བ་རབ་བཅོམ་སྟེ། །ཕྲ་རགས་བདུད་ལས་རྒྱལ་བ་ཡི། །གསང་ཆེན་སྤྱོད་པའི་གར་ལ་རོལ། །ཁྲག་ཞག་འཁྱིལ་བའི་དུར་ཁྲོད་དུ། །དབང་པོའི་མེ་ཏོག་ཚིལ་ཆེན་གྱི། །མར་མེ་སྦར་བའི་འོད་ཁྱིམ་ཀློང་། །མི་རྐང་གླིང་བུའི་ཟིལ་དབྱངས་ཀྱིས། །དགྲ་བགེགས་སྙིང་གི་ཁྲག་ཀྱང་འདྲེན། །སྟག་གཟིག་དོམ་དྲེད་འཕར་སྤྱང་སོགས། །གཅན་གཟན་གདུག་པའི་ཁ་རླངས་ཀྱིས། །ཁྲག་དྲི་ན་བུན་བཞིན་འཐིབས་ཤིང་། །དུར་ཁྲོད་ཆེན་པོ་ཤིག་ཤིག་འདར། །ཁྭ་དང་བྱ་རྒོད་འབྱུང་བྱ་སོགས། །དམ་ཉམས་དབང་པོར་རོལ་བ་ཡི། །དྲག་པོའི་འདབ་ཆགས་འཕུར་ལྡིང་གིས། །དུས་མཐའི་སྤྲིན་ནག་འཁྲིག་ལ་རྟོག །མི་སྡུག་ཀེང་རུས་གར་འཁྲབ་ཅིང་། །བམ་ཆེན་དགོད་པའི་གད་རྒྱངས་དང་། །གཟུགས་མེད་ལག་པའི་གཡབ་མོ་ཡིས། །དུར་ཁྲོད་ཆེན་པོར་གཟི་བརྗིད་འགྱེད། །ནམ་མཁའི་ལམ་ལ་གར་བྱེད་པའི། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་ནི། །ཆོ་འཕྲུལ་མ་ངེས་དུ་མ་ཡིས། །བདེ་ཆེན་བདུད་རྩིའི་ཆར་ཡང་འབེབ། །ལ་ལས་ཉི་ཟླ་ཆ་ལང་རྡེབ། །ལ་ལས་རི་རབ་པང་དུ་ལེན། །ལ་ལས་རྒྱ་མཚོ་ཧུབ་ཀྱིས་འདྲེན། །ལ་ལས་གནམ་སའི་གོ་ཡང་བརྗེ། །ཙནྡྲ་ལི་ཡིས་བཞུས་པ་ཡི། །བྱང་སེམས་ཨ་ཝ་དྷུ་ཏི་རུ། །རྩེན་པའི་ངོ་མཚར་ལྟད་མོ་ལ། །མཐའ་དང་ཚད་ཀྱི་མིང་ཡང་མེད། །དེ་ལྟར་ཀུན་བཟང་ཡབ་ཡུམ་དང་། །ཆེ་མཆོག་དྲག་པོ་ཧེ་རུ་ཀའི། །སྦྱོར་སྒྲོལ་ངོ་མཚར་སྒྱུ་མའི་གར། །དཔྱོད་ལྡན་དགྱེས་པའི་མཆོད་ཡོན་བསྦྲེངས། །མཁས་དབང་མི་ཕམ་བླ་མ་ཡི། །སྦྱོར་སྒྲོལ་བསྟོད་པའི་སྙན་ངག་གིས། །ཡིད་ཀྱི་ཁྱེའུ་རབ་མྱོས་ཏེ། །འདི་ལྟའི་སྦྱོར་བ་དང་དུ་བླངས། །འདི་ལས་བྱུང་བའི་དགེ་ཚོགས་ནི། །ཁ་བའི་རྡུལ་ལ་འགྲན་པའི་ཚོགས། །བདེ་ཆེན་རིག་པའི་རོལ་མོ་འབུམ། །འཁྲོལ་བའི་ཆ་རྐྱེན་དམ་པར་བསྔོ། །

                                    ནམ་མཁའི་དབྱིངས་ནས་བཞུར་འོངས་པའི་གདངས་དབྱངས་ཤིག

སྔོ་བསང་གི་ནམ་མཁའ་ནས་ཅི་ཙམ་ཉན་ཡང་ཚིམ་པ་མེད་པའི་གདངས་དབྱངས་ཤིག་བཞུར་འོངས།
དབྱངས་རྟ་དེའི་ལྟེབས་གཉེར་རེ་རེའི་བར་ན་མི་ལོ་ཁྲི་ཕྲག་གི་བརྩེ་དུང་གི་རྒྱ་མཚོ་འཁྱིལ་འདུག་ཅིང་།
དབྱངས་རྟ་དེའི་མཛེས་སྡུག་གི་ཕྱི་ཤུན་གྱི་ངོས་སུ་འཇིག་རྟེན་འདིའི་ཆེས་མཛེས་པའི་རྟོགས་བརྗོད་དག་བྲིས་འདུག
གདངས་དབྱངས་དེའི་བཞུར་རྒྱུན་གྱིས་མི་ལོ་སྟོང་ཕྲག་གི་སྐྱོ་གདུང་ཅིག་ཅར་སེལ་ཐུབ་ཅིང་།
གདངས་དབྱངས་དེའི་དྲི་ཞིམ་གྱིས་མི་ཚེ་ཧྲིལ་བོ་ཞིག་གི་སུན་སྣང་ཡང་བསུབ་ཐུབ།
གདངས་དབྱངས་དེ་ཆར་བའི་ཀློང་ནས་ཆར་བ་དང་འགྲོག་སྟེ་འབབ་བཞིན་འདུག་ལ།
དེ་ནི་འཇའ་ཚོན་གྱི་ཀློང་ན་འཇའ་ཚོན་དང་སྡེབས་ནས་འཚེར་བཞིན་འདུག
གདངས་དབྱངས་དེ་ནམ་གུང་ག་ལེར་སྙན་ངག་མཁན་གྱི་འབྲི་དེབ་ཀྱི་བར་དུ་གཉིད་ནས་སྡོད་ཅིང་།
གདངས་དབྱངས་དེ་ཞོགས་པར་ཡུན་གྱིས་རི་མོ་མཁན་གྱི་པུར་རྩེ་རུ་འཁྱིལ་ནས་འདུག
ས་སྲོས་རེ་རེ་བཞིན་གདངས་དེ་ནམ་མཁའ་ངོས་སུ་མཚམས་སྤྲིན་དམར་པོའི་ཟོལ་གྱིས་ལྡང་བར་བྱེད་ཅིང་།
ཉིན་གུང་གི་དུས་དེར་དབྱངས་དེ་ས་གཞིའི་ཕང་བར་གཙང་པོ་ཞིག་གི་ཚུལ་དུ་རྒྱུ་བཞིན་ཡོད།
གདངས་དེའི་ཀློང་ནས་བྱིས་པ་དག་ཀྱང་ངུ་མཚམས་བཞག་ནས་གཉིད་དུ་ཡུར་བ་དང་།
དབྱངས་དེའི་ཀློང་ནས་མི་སེམས་ཀྱི་ཞེ་སྡང་དག་ཀྱང་བྱམས་བརྩེའི་ངོ་བོར་འགྱུར་འགྲོ
གདངས་དེ་ཐོས་པ་ཡིན་ན་དམག་འཁྲུག་གི་ནད་རྙིང་དག་ཀྱང་ཤུལ་མེད་དུ་སོས་ཐུབ་ཅིང་།
དབྱངས་དེས་ཁྱབ་ཚད་ཀྱི་འཇིག་རྟེན་དག་ན་སྡུག་བསྔལ་གྱི་མིང་ཙམ་ཡང་རྙེད་དུ་མེད།
དགོན་པའི་ལྷ་ཁང་གི་ཡང་སྟེང་ན་གདངས་དེ་དུང་དཀར་ཆ་འབུད་ཅིག་གི་གཟི་བྱིན་དང་འགྲོག་ནས་ཕྱོགས་བཞིའི་རི་ཚོགས་ཀྱི་ཀློང་དུ་འཐིམ་བཞིན་ཡོད་ལ།
གྲོང་ཁྱེར་ཆེན་པོའི་འཇའ་ཚོན་གློག་གཞུ་དག་གི་འོད་སྣང་གི་ཁྲོད་དུ་དབྱངས་དེ་ཇི་སྲིད་བར་དུ་ཁྲ་ཆིལ་སྦར་ཆིལ་དུ་འཚེར་བཞིན་འདུག
གདངས་དེའི་ཀློང་ན་སྨད་འཚོང་མ་དག་གིས་ཀྱང་རང་ལུས་ཚོང་རྫས་སུ་གྱུར་པར་ཕངས་སེམས་ཚད་མེད་སྐྱེ་བཞིན་ཡོད་ཅིང་།
དབྱངས་དེའི་རྡུལ་ཕྲན་རེ་རེས་ཁྱབ་ཚད་ཀྱི་སྲང་བར་དག་ན་ཆོམ་རྐུན་དག་གིས་ཀྱང་ནམ་མཁའི་ལྷ་ལ་ནོངས་པ་བཤག་བཞིན་ཡོད།
མཛེས་སྡུག་གི་ནགས་ཀློང་དུ་གདངས་དེའི་བསྡུས་གཟུགས་སུ་གྲུབ་པའི་ལོ་མ་ལྗང་ཁུའི་ཚོགས་ཀྱིས་ཁྱེད་ལ་བསུ་བ་བྱེད་བཞིན་ཡོད་ཅིང་།
ཁུ་སིམ་པའི་ཞིང་གྲོང་དུ་དབྱངས་དེའི་ལག་པས་གཡུར་དུ་ཟ་བའི་གསེར་མདོག་གི་སྟོན་འབྲས་དག་ལ་བྱིལ་བྱིལ་བྱེད་བཞིན་ཡོད།
དགུན་གསུམ་གྱི་ཁ་བ་དཀར་པོའི་འདབ་མ་རེ་རེའི་ངོས་སུ་ཁྱོད་ཀྱིས་གདངས་དེས་བྲིས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་རི་མོ་སྣ་ཚོགས་ཤིག་མཐོང་ཐུབ་ཅིང་།
དཔྱིད་གསུམ་གྱི་འཇམ་རླུང་དལ་བར་ལྡང་བའི་ཁྲོད་དུ་ཡང་ཁྱེད་ཀྱིས་དབྱངས་དེས་ཁྱེར་ཡོང་བའི་བདེ་སྐྱིད་ཀྱི་འཚོ་བར་རོལ་ཆོག
གདངས་དེ་ལ་རྡུལ་ཕྲན་མཚོན་ཆ་ཡོད་ཚད་ནུས་མེད་དུ་གཏོང་ཐུབ་པའི་བྱིན་རླབས་ཀྱི་ནུས་ཤུགས་ལྡན་ལ།
དབྱངས་དེ་ལ་མི་ཡུལ་གྱི་མཚོན་ཆ་ཡོད་ཚད་མེ་ཏོག་ཏུ་བསྒྱུར་ནུས་པའི་ཡ་མཚན་གྱི་གསང་བ་ཡང་འདུག
གདངས་དེར་འཐིམ་ཐེངས་རེ་རེར་ང་ཚོས་མི་རྣམས་ཀྱི་སྐྲ་མདོག་དང་ཆོས་ལུགས་གང་ཡིན་བརྗེད་འགྲོ་ཞིང་།
དབྱངས་དེར་ཉན་ཐེངས་རེ་རེ་བཞིན་ལྟ་གྲུབ་མི་འདྲ་བ་དང་བསམ་ཚུལ་མི་འདྲ་བ་དག་ཀྱང་གཞི་གཅིག་གི་ཀློང་དུ་འདྲེས་འགྲོ
དོ་དགོང་ངས་གདངས་དེ་ལ་རོལ་མྱོང་བྱེད་བཞིན་སྙན་ངག་ཐུང་ཐུང་ཞིག་འབྲི་བཞིན་ཡོད་ལ།
སང་ཉིན་ཁྱེད་ཀྱིས་དབྱངས་དེར་ཉན་བཞིན་གཏམ་རྒྱུད་རིང་མོ་ཞིག་འབྲི་བཞིན་ཡོད་པར་སྨོན།

D95E663F-B655-4A3C-AC07-6AEB56362081-909-000000A9CE4A3647_tmp.JPG

                                       འབྲུག་པ་ཀུན་ལེགས་དང་འབྲུག་མོ་ཚོ།

འབྲུག་ཡུལ་གྱི་ཡུ་མོ་ཚོའི་ཕྱི་ལུས་པོར་ཤ་ཤེད་དང་གཟི་འོད་རྒྱས་ཤིང་།
ནང་སེམས་ལ་ཆགས་པའི་རྦ་རླབས་འཕྱུར་བའི་དབྱར་གཞུང་ཞིག་ལ།
ཁ་བ་རི་བའི་རྔོན་པ་ཁེར་འཁྱར་ཞིག་སྟེ།
འབྲུག་སྨྱོན་ཀུན་དགའ་ལེགས་པ་ཁོང་གིས།
འཕངས་ན་ཕོག་པས་ཁྱབ་པ་དང་།
ཕོག་ན་འཆི་བས་ཁྱབ་པ།
ཤི་ན་མཐོ་རིས་སུ་འགྲོ་བས་ཁྱབ་པ་སྟེ།
ཁྱབ་པ་གསུམ་ལྡན་གྱི་ལིང་གའི་ལྕགས་མདའ་ཞིག་ཁུར་ནས་སྦས་ཡུལ་འདིར་བསླེབས་སོང་།

འབྲུག་ཡུལ་དུ་བསླེབས་མ་ཐག་འབྲུག་པ་ཀུན་ལེགས་ཧང་སངས་སོང་།
འབྲུག་མོ་ཚོའི་ཤ་རྩ་དཀར།
འབྲུག་མོ་ཚོའི་ནུ་མ་ཆེ།
འབྲུག་མོ་ཚོའི་བྷ་ག་དམ།
འབྲུག་མོ་ཚོའི་ལུས་དྲི་ཞིམ།
འབྲུག་མོ་ཚོའི་སྐད་ངག་འཇམ།
འབྲུག་མོ་ཚོའི་གཤིས་རྒྱུད་དྲང་།

འབྲུག་པ་ཀུན་ལེགས་ཀྱི་ཞལ་རས་ཟླ་བ་འདྲ།
འབྲུག་པ་ཀུན་ལེགས་ཀྱི་སྤྱན་ཟུང་སྐར་ཆེན་འདྲ།
འབྲུག་པ་ཀུན་ལེགས་ཀྱི་བྲང་གཞུང་བྱང་ཐང་འདྲ།
འབྲུག་པ་ཀུན་ལེགས་ཀྱི་ལིང་ག་ལྕགས་ཕུར་འདྲ།
འབྲུག་པ་ཀུན་ལེགས་ཀྱི་བརྩེ་གདུང་རྒྱ་མཚོ་འདྲ།
འབྲུག་པ་ཀུན་ལེགས་ཀྱི་རྟོགས་པ་ནམ་མཁའ་འདྲ།

ཟླ་བ་ཤར་ཐེངས་རེ་རེར།
འབྲུག་པ་ཀུན་ལེགས་དང་འབྲུག་མོ་ཚོ་གཅེར་བུར་འབུད་ཅིང་།
དམར་ཧྲེང་ཡིན་པའི་འབྲུག་པ་ཀུན་ལེགས་ཀྱིས།
སྨྱུག་མས་བཟོས་པའི་གླིང་བུ་ཞིག་ཟླ་འོད་ཀྱི་ཀློང་ནས་འབུད་པ་དང་།
དེའི་འགྱུར་ཁུག་སྙན་མོའི་ཁྲོད་དུ།
འབྲུག་མོ་ཚོ་གཅེར་བུར་རྐང་བྲོ་འཁྲབ་རྒྱུར་ཧ་ཅང་དགའ།

ཟླ་འོད་འོག་གི་འབྲུག་པ་ཀུན་ལེགས།
སར་གནས་ཀྱི་དཔའ་བོའི་སྣང་བརྙན་ཞིག་དང་།
ཟླ་འོད་འོག་གི་འབྲུག་མོ་འདི་ཚོ།
སྦས་ཡུལ་གྱི་མཁའ་འགྲོ་ཁྱུ་གཅིག་ལོས་ཡིན།

འབྲུག་མོ་རེ་རེའི་ལུས་ཀྱི་ཤ་དྲོད་མི་འདྲ་ལ།
འབྲུག་མོ་རེ་རེའི་བྷ་གའི་དམ་ལྷོད་མི་གཅིག་ཀྱང་།
འབྲུག་པ་ཀུན་ལེགས་ལ་མཚོན་ན།
འདི་དག་ལས་ཀྱང་གལ་ཆེ་བ་ནི།
འབྲུག་མོ་ཚོའི་ཆགས་པའི་འཁུན་སྐད་ཀྱི་འགྱུར་ཁུག་དེ་ཡིན་པ་སྟེ།
འཁུན་དབྱངས་དེ་ཁོ་ནས་ཁོང་གི་སྙིང་ལ་བདེ་སྟོང་གི་ཡེ་ཤེས་རྫོགས་མེད་ཅིག་སྐྱེད་པར་བྱེད།

ནམ་རྒྱུན།
འབྲུག་པ་ཀུན་ལེགས་ཀྱི་ལིང་ག་དམར་པོ་དེའི་ཚ་དྲོད།
འབྲུག་མོ་ཚོའི་བྷ་ག་བརྒྱུད་ནས་ལུས་ཡོངས་ལ་ཁྱབ་ཐེངས་རེ་རེར།
འབྲུག་མོ་ཚོའི་ཆེས་མཛེས་པའི་མིག་མདུན་གྱི་ནམ་མཁའ་རུ།
དཔའ་བོ་དང་མཁའ་འགྲོ་མའི་ཁྱུ་ཚོགས་ཁ་བ་འབབ་པ་བཞིན་སྣང་ཡོང་ལ།
དེ་དང་མཉམ་དུ་འབྲུག་པ་ཀུན་ལེགས་ཀྱི་བསྣུན་ཤུགས་ཀྱང་ཆེ་རུ་འགྲོ་སྲིད་ཅིང་།
དེ་དུས་འབྲུག་མོ་རེ་རེ་བཞིན་མྱོས་ཤིང་དྲན་པ་འཐོར་བར་འགྱུར་ལ།
དུས་ཚོད་དེ་ནི་འབྲུག་པ་ཀུན་ལེགས་ཆེས་དགའ་བའི་སྐད་ཅིག་མ་ཞིག་ཡིན།

འབྲུག་མོ་ཚོ་དམར་ཧྲེང་མར་འབྲུག་པ་ཀུན་ལེགས་ཀྱི་འོག་ཏུ་འགྱེལ་ཐེངས་རེ་རེ་ནི།
འབྲུག་མོ་ཚོའི་མི་ཚེའི་དྲན་ཤིང་རེ་རེ་ཡིན་ཞིང་།
དམར་ཧྲེང་མར་འབྲུག་མོ་ཚོའི་སྒང་ལ་འཛེག་ཐེངས་རེ་རེ་བཞིན།
འབྲུག་པ་ཀུན་ལེགས་ཀྱི་ས་ལམ་བགྲོད་ཐེངས་རེ་རེ་ཡིན།

ནམ་རྒྱུན་ཉི་དྲོད་འཇམ་ཞིང་རླུང་བུ་ལྡང་ཐེངས་རེ་རེ་བཞིན།
འབྲུག་མོ་ཚོ་དམར་ཧྲེང་མར་ཁ་སྦུབ་ཏུ་ཉལ་ནས་ཆེས་མཛེས་པའི་བྷ་ག་ཉི་མར་ལྡེ་སྲིད་ལ།
ཟླ་འོད་དཀར་ཞིང་ལྷིང་འཇགས་ཡིན་པའི་མཚན་མོ་རེ་རེ་བཞིན།
འབྲུག་པ་ཀུན་ལེགས་ཀྱིས་འབྲུག་མོ་ཚོའི་མྱོས་བུམ་འཕུར་ཞོར་འབྲས་ཆང་ཕོར་བ་འགའ་རེ་ཞབས་བཏགས་རྒྱག་སྲིད།

དོ་དགོང་ཟླ་བ་སྒོར་མོ་ཞིག་མཁའ་དབྱིངས་སུ་ལྷིང་འཇགས་སུ་རྒྱུ་ཞིང་།
སྨུག་སྤྲིན་གྱི་ཁྲོད་ནས་ཆར་ཞོད་ཆེན་པོ་ཞིག་བབས་མ་ཐག་པ་ཡིན་པས།
ནགས་ཀློང་ལས་མིང་མི་ཤེས་པའི་ཚ་འབུ་སྣ་ཚོགས་ཀྱི་སྐད་སྒྲ་བར་མེད་དུ་མཆེད་ཡོང་།
འབྲུག་པ་ཀུན་ལེགས་དང་འབྲུག་མོ་མཛེས་མ་གཉིས་ཀྱི་ཆགས་པའི་འཁུན་སྐད་ཀྱིས།
ལྗོན་ཤིང་གི་གཡའ་ལོ་དང་རྩྭ་རྩེ་ཡི་ཟིལ་བ་རེ་རེ་བཞིན་ཐུར་དུ་འདྲིལ་ཡོང་།

འབྲུག་མོ་གཅིག་གི་ལུས་དྲོད་ཀྱིས་མཚན་གཅིག་གི་དུས་ཚོད་སྐྱེལ་ཆོག་ཆོག་ཡིན་ལ།
འབྲུག་མོ་གཅིག་གི་ཟུར་མིག་གིས་ཚེ་གཅིག་གི་རྒྱགས་བྲོ་འདང་ངེས་ཡིན་མོད།
ད་ནི་འབྲུག་པ་ཀུན་ལེགས་ལམ་ལ་ཆས་རན་སོང་ལ།
ད་ནི་འབྲུག་མོ་འདི་ཚོ་ཡང་མིག་ཆུའི་ཀློང་དུ་འགྱེལ་རན་འདུག

སྙིང་སྡུག་འབྲུག་པ་ཀུན་ལེགས།
ངེད་ཅག་ལ་དྲན་རྟེན་ཞིག་གནང་རོགས།
འབྲུག་མོ་ཚོའི་མིག་ཆུ་དྲོན་མོ་རྡོག་རེ་བཞིན་མྱོས་བུམ་བརྒྱུད་དེ་བྷ་གའི་གཤོང་བུ་དེར་བབས་སོང་།
འབྲུག་པ་ཀུན་ལེགས་ཀྱང་སེམས་པ་ཧ་ཅང་སྐྱོ་བར་གྱུར།

ཁོང་གིས་ཐུགས་བསམ་ཡུན་རིང་བཏང་ཞིང་།
མཐའ་མར་སྐེད་ཀྱི་རལ་གྲི་རྣོན་པོ་དེ་ཕྱུངས་ནས།
རང་གི་ལིང་ག་མཁྲེགས་པོ་དེའི་རྩ་ནས་གཏུབས་སོང་བས།
འབྲུག་མོ་རེ་རེ་བཞིན་སྐྲག་ཐག་ཆོད་ནས་འདར་སིག་སིག་བྱེད།

ཞལ་རས་ལྷོད་ལ་བབས་པའི་འབྲུག་པ་ཀུན་ལེགས་ཀྱིས།
རང་གི་ལིང་ག་དེ་ནམ་མཁའི་དབྱིངས་སུ་འཕངས་མ་ཐག
ས་ཆེན་པོ་འདི་རིམ་པ་དྲུག་ཏུ་གཡོས་སོང་ལ།
དེར་མཐུད་ནས་ཁོར་ཡུག་ཐམས་ཅད་འཇའ་ཚོན་གྱིས་ཁྱབ་སོང་།

ཧ་ཅང་མཐོ་ཞིང་སྔོ་བའི་ནམ་མཁའི་དབྱིངས་རུམ་ཞིག་ནས།
གྲངས་ལས་འདས་པའི་ལིང་ག་དམར་པོའི་ཆར་བ་ཞིག་བབས་བྱུང་ལ།
དེས་འབྲུག་ཡུལ་གྱི་རི་ཀླུང་ཐང་གསུམ་ཁྱབ་ཅིང་།
དེས་འབྲུག་མོ་རེ་རེའི་སེམས་ཀྱི་སྐྱོ་གདུང་དང་ལུས་ཀྱི་ཆགས་གདུང་གཉིས་ལྷན་གཅིག་ཏུ་སེལ་སོང་།

ལོ་ངོ་བརྒྱ་ཕྲག་མང་པོ་ཞིག་གི་རྗེས་སུ།
འབྲུག་པ་ཀུན་ལེགས་ཀྱི་སྙིང་སྡུག་ཏུ་གྱུར་པའི་འབྲུག་མོ་དེ་དག་གི་ཚ་མོ་ཡིན་པའི་འབྲུག་མོ་མང་པོ་ཞིག་གིས།
ཉིན་མོར་འབྲུག་པ་ཀུན་ལེགས་ཀྱི་ལིང་ག་རེ་རེ་མཆོད་ཁང་དུ་བཞག་ནས་གསོལ་བ་འདེབ་ཅིང་།
མཚན་མོར་ལིང་ག་དེ་དག་རུམ་དུ་བཅུག་ནས་འདོད་པའི་བདེ་བ་མྱོང་བར་བྱེད།

དྲ་རྒྱའི་དུས་རབས་སུ་འབོད་པའི་དེ་རིང་།
ཁྱོད་རང་གློག་ཀླད་ཆེན་པོ་ཞིག་གི་ཁ་གཏད་དུ་བསྡད་དེ།
འབྲུག་པ་ཀུན་ལེགས་དང་འབྲུག་མོ་དེ་ཚོའི་འཁྲིག་སྦྱོར་གྱི་གཏམ་རྒྱུད་རེ་རེ་བཞིན།
འདོད་ཆགས་འབར་བའི་སྙན་ངག་ཏུ་འབྲི་ཆོག་ལ།
སྐྱོ་བ་སེལ་བའི་གཏམ་རྒྱུད་དུ་ཡང་བཞེངས་ཆོག་གོ

                                      ཉི་མས་ཟླ་བ་བཞུ་སྟངས་ཤིག—རྣལ་འབྱོར་བའི་ཆོས་ལུགས།

བདག་གི་ལྷ་ཁང་གི་རྩིགས་ལྡེབས་སུ་ལོ་ངོ་ཁྲི་ཕྲག་གི་རིང་ཆགས་པས་དྲག་ཏུ་གཟིར་བའི་ལྷ་དང་ལྷ་མོའི་ཚོགས་དག་ཀྱེ།
ད་ནི་གཅིག་གིས་གཅིག་ལ་ཅེར་ནས་མ་འདུག་པར་བྲང་ཤ་རྩུབ་པོ་དང་མྱོས་བུམ་འཇམ་པོ་དག་ཅི་དགར་གཙུབ་བརྡར་བྱོས་ཤིག
དོམ་ནག་སྨྱོན་པ་དང་ས་འབུ་ཐག་ནར་ལ་ཞོན་པའི་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱེ།
རྩ་དབུ་མའི་ནང་དུ་འདོད་དགུར་འཁྱིལ་བའི་ཁུ་ཁྲག་དཀར་དམར་གྱི་རྒྱ་མཚོའི་རྦ་རླབས་ཀྱི་ཕྲེང་བ་དག
ཕན་ཚུན་གྱི་སྙིང་རྩ་དང་ཀླད་རྩའི་ནང་དུ་འཁོར་རྒྱུག་རྒྱ་ཡན་དང་བག་མེད་པར་བྱེད་དུ་ཆུགས་ཡ།
པད་མའི་གདན་གྱི་སྟེང་དུ་འཕོང་ཚོས་འབྱར་བའི་ལྷ་དང་དེའི་པང་གི་ལྷ་མོ་དག
ད་ནི་དབུ་སྐྲ་ནག་པོ་དག་ཉི་འོད་ཀྱིས་བསྲེགས་པར་མི་འཇིགས་ན་བར་སྣང་ཁམས་སུ་ཞབས་བྲོར་རོལ་ཅིག
སྡེ་ཆེན་གྲོང་གི་མྱི་ཁར་མི་འཛེམས་ན་གསར་བུ་གསར་མོ་ཚོའི་ཁྱིམ་ཕུག་ནས་འཁྲིག་སྤྱོད་ཀྱི་དབང་སྐུར་གནོངས་དང་།
ངུར་སྨྲིག་གྱོན་ཆས་དང་ལྷུང་བཟེད་ནག་པོའི་ཚོགས་དག་མེ་ལ་བསྲེགས་ཤིང་ཆུ་ལ་བསྐྱུར་ཚར་བའི་རྣལ་འབྱོར་ཕོ་མོའི་ཚོགས་ཀྱེ།
ངོ་ཚ་དང་འཁྲུལ་སྣང་གི་སྨུག་རྒྱུའི་གྲོང་ཁྱེར་ལ་རྡུལ་ཕྲན་འབར་མདེལ་གྲངས་མེད་ཅིག་འཕངས་ཟིན་པ་བདེན་ན།
ད་ནི་ཕན་ཚུན་འཇིབ་བཞིན་ལྡག་བཞིན་དཔའ་བོ་མཁའ་འགྲོའི་གཅེར་བྲོ་དང་སྙོམས་འཇུག་གི་བདེ་བར་ཅིའི་ཕྱིར་མི་རོལ།
དུར་ཁྲོད་ན་ཅེ་སྤྱང་དང་ཁྱི་ལྡོམ་གྱི་མཉམ་དུ་མི་རོ་ཟ་ཞིང་མི་ཁྲག་འཐུང་བའི་འབྱུང་བོ་རོ་ལངས་དང་གནོད་སྦྱིན་ཕོ་མོའི་ཚོགས་ཡ།
ད་ནི་ས་སྤྱོད་མཁའ་སྤྱོད་ཀྱི་གནས་ནས་ཕེབས་པའི་གསང་སྔགས་ཀྱི་རྣལ་འབྱོར་ཕོ་མོའི་ཟུར་མིག་དང་གྲི་གུག་གི་རྣོ་འོད་ལ་རོལ་བཞིན།
ལོ་ངོ་སྟོང་ཕྲག་ལ་བདེ་བ་ཆེན་པོའི་ཚོར་བའི་ཀློང་དུ་བརྒྱལ་བར་བྱེད་པའི་དགའ་བ་བཞི་ཡི་ཟློས་གར་ལ་བག་མེད་དུ་སྤྱོད་ཅིག
སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ནང་རོལ་ན་ཞི་བའི་ཞལ་ལ་ཞི་བའི་འཛུམ་མདངས་འཁྱུག་པའི་ལྷ་ཚོགས་ཀྱེ།
གསང་བ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་ན་ཁྲོ་བོའི་ཞལ་ལ་ཁྲོ་བོའི་གཟི་བརྗིད་འབར་བའི་ལྷ་ཚོགས་ཀྱེ།
ད་ནི་སྒྱུ་ལུས་དང་འོད་གསལ་གྱི་གཟུང་ཐག་ཏུ་གྱུར་པའི་འོད་ཀྱི་སྦུ་གུ་རེ་རེ་བཞིན་ཉི་མས་ཟླ་བ་བཞུས་པའི་བདུད་རྩིའི་ཐིགས་པ་རེ་རེས་གང་བར་མཛོད་ཅིག
གྲི་གུག་དང་ཐོད་པ་ཐོགས་པའི་རྩིགས་ལྡེབས་ཀྱི་འདོད་ལྡན་ཆགས་འདྲེ་ཕོ་མོའི་ཚོགས་ཡ།
ད་ནི་རང་གིས་རང་ཉིད་ཆགས་སྨྱོས་འཆི་རུ་མ་འཇུག་པར་བསྐལ་བ་སྟོང་གི་འཁྱུད་སྦྱོར་ལ་རྩེན་ཅིག
ཉི་མས་ཟླ་བ་བཞུས་པ་ལ་བསྐལ་པ་འཇིག་པའི་ཚ་རླབས་ཤིག་འཁྱུག་བཞིན་པ་བདེན་ན།
ཉི་མས་ཟླ་བ་བཞུས་པ་ལ་རྩ་ལམ་སྦྲིད་པའི་ཆགས་ཚོར་ཞིག་ཀྱང་ག་ལ་འབྱུང་བར་མི་འགྱུར།
ཉི་ཟླ་གཙང་ཆབ་བཞིན་དྲག་ཏུ་བཞུར་པའི་རྦ་རླབས་ཀྱིས་ཁུར་པའི་རྣལ་འབྱོར་སྨྱོན་པ་དང་སྨྱོན་མའི་ཚོགས་ཡ།
ད་ནི་ཁྱེད་ཅག་གི་མ་རིག་འཁྲུལ་བས་བསྐྱེད་དུ་བསྲིངས་པའི་ཆེས་རགས་ཤིང་ལྕི་བའི་སྒྱུ་ལུས་འདི་འཇའ་འོད་དང་རྡུལ་ཕྲན་དུ་དེངས་ཤིག

                                    ས་ག་ཟླ་བར་བྲིས་པའི་སྙན་ངག

མ་གཞི་ས་ག་ནི་ཆེས་ཐག་རིང་ན་འོད་དུ་འཚེར་བའི་རྒྱུ་སྐར་ཞིག་གི་ཐ་སྙད་ཡིན་སྐད།
རྒྱུ་སྐར་དེ་ཟླ་བ་དང་ཐག་ཆེས་ཉེ་བའི་དུས་ཚིགས་དེ་ལ་ང་ཚོས་ས་ག་ཟླ་བ་ཞེས་འབོད་བཞིན་ཡོད་ཟེར།
གང་ལྟར་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་གྱི་དུས་ཚིགས་འདི་ལ།
རྒྱ་གར་བྱང་ཕྱོགས་ཀྱི་གྲོང་གསེབ་ཅིག་ཏུ་རྒྱལ་སྲས་ཤིག་གི་ཆེས་ཐོག་མའི་ངུ་སྐད་ལྷང་ལྷང་གྲགས་དུས།
རྒྱལ་སྲས་དེའི་མཛེས་ལྡན་འཇོ་སྒེག་ལྡན་པའི་མ་ཡུམ་གཞོན་ནུ་དེའི་བྱམས་བརྩེའི་མིག་འོད་ཀྱི་ཀློང་དུ།
འཛམ་གླིང་འདིའི་ས་གཞི་དང་བར་སྣང་ཡོད་ཚད་ཞི་བདེའི་མཁའ་དབུགས་ཤིག་གིས་ཁྱབ་སྐད།
འཕགས་ཡུལ་དུ་ཚ་བ་མེ་ལྟར་འབར་བའི་དུས་ཚིགས་སུ།
གངས་ལྗོངས་སུ་དཔྱིད་རླུང་དལ་བུར་ལྡང་པའི་དུས་ཚིགས་སུ།
རྒྱ་ནག་ཏུ་དཔྱིད་མགོའི་མེ་ཏོག་མཛེས་པར་བཞད་པའི་དུས་ཚིགས་སུ།
སྟོན་པ་བཀའ་དྲིན་ཅན་དེའི་རྗེས་འཇུག་ས་ཡ་དུ་མས།
རང་རང་གི་ཚོད་ཀྱིས་བྱམས་པ་དང་བརྩེ་བའི་ཉམས་ལེན་བྱེད་བཞིན་ཡོད་ཅིང་།
དུས་ཚིགས་ཧ་ཅང་ཐུང་ཐུང་འདི་ཁོ་ནའི་ཀློང་ན།
བདེ་སྡུག་གི་ཚོར་བའི་རི་མོ་ང་ཚོ་འགྲོ་བ་མི་དང་གཅིག་མཚུངས་སུ་ཡོད་ཅིང་།
སང་ཉིན་གསོད་ལ་ཉེ་ཞིང་དེ་རིང་འཆི་བར་འཇིགས་པའི་སེམས་ཅན་དུང་ཕྱུར་དུ་མས།
འགྲོ་བ་མིའི་རིགས་ལ་ཚེ་སྲོག་གི་དམར་མཆོད་བྱེད་མཚམས་རེ་ཞིག་བཞག་པས།
ས་ཆེན་པོ་འདི་ཟུངས་ཁྲག་དམར་པོས་གཤེར་མཚམས་བཞག་པའི་ས་ག་ཟླ་བ།
གནམ་སྔོན་པོ་འདི་འཆི་ཁའི་འོ་དོད་ཀྱིས་ཉིན་འགར་བསྐྱུར་པའི་ས་ག་ཟླ་བ།
གལ་སྲིད་ཟླ་བ་ཡོད་ཚད་ས་ག་ཟླ་བ་ཡིན་ན།
འཛམ་གླིང་འདི་ཞི་བདེའི་འོད་སྣང་གིས་ཁྱབ་སྲིད་ལ།
གལ་སྲིད་ཉི་མ་རེ་རེ་བཞིན་སྟོན་པའི་འཁྲུངས་སྐར་ཡིན་ན།
ས་ཆེན་འདི་བྱམས་བརྩེའི་མེ་ཏོག་གིས་གཏམས་སྲིད་ཅིང་།
གལ་སྲིད་གནམ་འོག་འདི་སངས་རྒྱས་ཀྱི་འཁྲུངས་གནས་ཡིན་ན།
འཇིག་རྟེན་འདི་མཛེས་སྡུག་གི་དག་ཞིང་ཞིག་ཏུ་འགྱུར་སྲིད།
གལ་སྲིད་སྲིད་དོན་པ་དང་ཆོས་ལུགས་པ་དག་གི་མདུན་ཅོག་སྟེང་དུ།
སྟོན་པ་སངས་རྒྱས་ཀྱི་སྐུ་བརྙན་རེ་རེ་བཤམས་ཡོད་ཚེ།
འཛམ་གླིང་འདིར་དམག་འཁྲུག་གི་མེ་ལྕེ་འབར་མཚམས་འཇོག་ཐུབ་ཅིང་།
གལ་སྲིད་མཛོད་ཁང་དང་དངུལ་ཁང་རེ་རེའི་གྲུ་ཟུར་དུ།
བྱང་ཆུབ་ལྗོན་ཤིང་གི་ཡལ་ག་རེ་རེ་བཙུགས་ཡོད་ཚེ།
འཇིག་རྟེན་འདིར་ལྟོགས་སྐོམ་གྱི་སྡུག་བསྔལ་ཁྱབ་མཚམས་འཇོག་ཐུབ་ལ།
གལ་སྲིད་སྙན་ངག་པ་དང་སྒྲུང་གཏམ་པ་ཚོའི་ཀླད་པའི་ནང་དུ།
བྱམས་བརྩེ་ཞེས་པའི་ཐ་སྙད་འདིས་འཚང་ཁ་བརྒྱབ་ཡོད་ཚེ།
མི་ཡུལ་འདི་མཛའ་མཐུན་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཅིའི་ཕྱིར་མ་ཡིན།
ས་ག་ཟླ་བ།
ས་སྟེང་ལ་མ་ཎི་རིལ་བུ་འཐོར་བའི་བྱིན་རླབས་ཀྱི་ཟླ་བ་ཞིག
ས་ག་ཟླ་བ།
ས་སྟེང་གི་སྐྱེ་རྒུ་བདེ་ཞིང་སྐྱིད་པའི་ཟླ་བ་རྫོགས་ལྡན་གྱི་ཟླ་བ་ཞིག
ས་ག་ཟླ་བ།
སྐྱེ་རྒུའི་བློ་ཁ་ཆོས་ལ་བསྒྱུར་པའི་མུན་ཁྲོད་ཀྱི་ཟླ་བ་ཞིག
ས་ག་ཟླ་བ།
ཚེ་སྲོག་ལ་དབུགས་དབྱུང་སྩོལ་བའི་བྱམས་བརྩེ་ཡི་ཟླ་བ་ཞིག
ས་ག་ཟླ་བ།
འཇིག་རྟེན་ལ་འོད་སྣང་བཀྱེ་བའི་མཛེས་སྡུག་གི་ཟླ་བ་ཞིག
ས་ག་ཟླ་བ།
ནམ་ཡང་ངའི་ཡིད་ཀྱི་མཁའ་དབྱིངས་སུ་འཚེར་བར་སྨོན།
ས་ག་ཟླ་བ།
ནམ་ཡང་སེམས་ཅན་ཀུན་གྱི་སྙིང་དབུས་སུ་འཆར་བར་སྨོན།

                                    དགེ་ཆོས་ཀྱི་ཨ་རག་དང་ཧེ་ཙིའི་ལྕགས་ལམ།

སྙན་ངག་པ་དག་ལ་ཐུན་མོང་གི་གཤིས་ཀ་ཞིག་ཡོད་པ་ནི་རང་གི་སྐྱོ་གདུང་དེར་མཚམས་ཚིགས་ཤིག་ཡོད་པར་འདོད་ཅིང་། ཆེས་མཐའ་མའི་གནས་ལུགས་ཀྱིས་སྐྱོ་གདུང་དེར་མཛེས་སྡུག་གི་ཚོན་མདངས་ཤིག་འབྱུག་པར་འདོད་པ་དེའོ།། བོད་ཀྱི་དགེ་ཆོས་དང་རྒྱ་ཡི་ཧེ་ཙི་གཉིས་ཀར་གོང་བརྗོད་ཀྱི་གཤིས་ཀ་དེ་ལྡན་ཞིང་། མི་འདྲ་ས་ཞིག་ནི་དགེ་ཆོས་ཀྱིས་རླབས་ཆེ་བའི་སེམས་བསྐྱེད་ཅིག་གིས་རང་གི་མི་རིགས་ཀྱི་ལས་དབང་བསྒྱུར་ཨེ་ཐུབ་བལྟས་པ་དང་། ཧེ་ཙིས་སྙན་ངག་པའི་ནང་སེམས་ཀྱི་ཡུལ་ལྗོངས་ཤིག་ལ་དུས་རྟག་ཏུ་མཛེས་སྡུག་གི་རྨི་ལམ་ཞིག་འཁྱིལ་བར་རེ་བ་དེའོ། །

སྤྱི་ཚོགས་མི་འདྲ་བ་དང་ཁོར་ཡུག་གཅིག་པའི་དབང་གིས་དགེ་ཆོས་དང་ཧེ་ཙི་གཉིས་ཀྱིས་བརྒྱུད་པའི་མི་ཚེའི་ལམ་བུ་མི་འདྲ་ཞིང་། ལམ་བུ་དེའི་སྟེང་གི་ཀྱག་ཀྱོག་གི་ཞབས་རྗེས་རིང་མོ་གཉིས་ཀྱི་ཟབ་ཚད་ཀྱང་མི་འདྲ། དགེ་ཆོས་ཡོད་ཚད་ལས་དབང་དང་འབྲེལ་བར་སྨྲ་བའི་ནང་བསྟན་རིག་གཞུང་གི་ཁོར་ཡུག་ཅིག་ནས་འཚར་ལོངས་བྱུང་ཞིང་། ཧེ་ཙི་རིག་གནས་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་ཤིག་གི་དར་ཆའི་འོག་ནས་སློབ་གྲྭ་སྣ་ཚོགས་ཤིག་གི་སྒོ་མོ་བརྒྱུད།

དགེ་ཆོས་ཀྱིས་སློབ་གཉེར་བྱེད་དུས་རང་གི་ཁོར་ཡུག་དེ་སྤྱི་ཚོགས་གཞན་དང་འབྲེལ་འདྲིས་དེ་ཙམ་མེད་པར་རང་རྐྱ་བའི་ངང་དུ་གདོད་མའི་རྨི་ལམ་རེ་རྨི་བཞིན་ཡོད་ཅིང་། ཧེ་ཙིས་སྨྲ་ཤེས་དོན་གོ་བའི་དུས་སུ ཡོད་ཚད་ཚ་ཚ་འུར་འུར་དང་མཉམ་ལས་ཆེན་པོ་སོགས་སྤྱི་ཚོགས་ཀྱི་སྒྲིག་གཞི་དམ་པོ་ཞིག་གིས་རང་ཁྱིམ་དང་ཁྱིམ་མཚེས་ཚང་མ་དུས་གཅིག་ཏུ་བསྡམས་ཡོད།
དགེ་ཆོས་ཀྱིས་སྙན་ངག་སློབ་དུས་སུ་ཁོར་ཡུག་ལ་བག་ཕེབས་དང་གུ་ཡངས་ཀྱི་རྣམ་འགྱུར་གསོན་པོ་ཞིག་ལྡན་ཞིང་། ཧེ་ཙིས་རྩོམ་ཡིག་ཐར་ཐོར་འབྲི་ཤེས་དུས་མི་ཆེ་ཆུང་ཚང་མའི་རྣམ་ཤེས་དག་ལྟོགས་སྐོམ་གྱིས་གཟིར་ཞིང་འོ་དོད་ཀྱིས་ཁེངས་པའི་དུས་རབས་ཤིག་རེད།

དགེ་ཆོས་ཀྱིས་བླ་བྲང་ནས་ཤེས་རབ་ཀྱི་ངར་སྐད་བསྒྲགས་ཏེ་ཕྱོགས་རིས་པ་དང་ཤེས་རྨོངས་དག་གི་སྙིང་ལ་འཇིགས་དངངས་ཀྱི་ཚོར་བ་དྲག་པོ་ཞིག་བྱིན་པའི་དབང་གིས་ཁོང་དབུས་ཕྱོགས་ཉི་མ་ལྷ་ས་ཞེས་པའི་ཤེས་ལྡན་པའི་རྒྱལ་ཁམས་ཆེན་པོ་དེར་ཕེབས་དགོས་བྱུང་བ་དང་། ཧེ་ཙིའི་སེམས་ཁོང་དུ་ཡང་མི་ཚེའི་ནང་གི་གསོན་ཤུགས་ཅི་ཞིག་ཆད་སོང་བསམས་པའི་ཚོར་བ་དྲན་པོ་ཞིག་བླ་ནས་བླ་རུ་འཕགས་ཏེ་རང་ཉིད་ཁོ་ནར་དབང་བའི་ཁེར་རྐྱང་དང་ཡི་ཆད་ཀྱི་ཡུལ་ལྗོངས་ཤིག་ཏུ་ཤི་ཡང་ཆོག་ལ་གསོན་ཡང་རུང་བའི་ཚོར་བ་ཞིག་གི་ཀློང་དུ་བརྒྱལ་བར་བྱས།

ལྷ་ས་ནས་རྒྱ་གར་དང་སིངྒ་ལར་འགྲིམ་འགྲུལ་བྱས་པའི་ལོ་ཟླ་དེ་ཚོས་དགེ་ཆོས་ལ་འཇིག་རྟེན་འདིའི་ཆེས་སྤྱིར་གཏང་གི་འཚོ་གནས་འདྲ་མིན་གྱི་ཁྱད་ཆོས་རེ་རེ་རྙེད་པར་བྱས་ཤིང་། ཧེ་ཙིས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་བརྒྱུད་པའི་ལོ་ཟླ་དེ་ཚོ་ཡང་རྫབ་དོང་དང་ཚེར་མས་ཡོངས་སུ་ཁེངས་པའི་ཉི་འོད་མེད་པའི་འཚོ་གནས་ཀྱི་བརྒྱུད་རིམ་སྐྱི་གཡའ་བ་ཏག་ཏག་རེད།

ནུབ་བོད་ལེགས་བཅོས་ཚོགས་པ་གསར་འཛུགས་ཀྱི་ཡིག་ཆར་མིང་རྟགས་བཀོད་པ་དེས་དགེ་ཆོས་ཀྱི་སེམས་ཁོང་ན་དྲག་ཏུ་མཆེད་པའི་སྐྱ་རེངས་དཀར་པོ་ཞིག་གི་ངོ་གདོང་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་པའི་དཔང་རྟགས་གསོན་པོ་ཞིག་བྱེད་ཐུབ་ལ། ཧེ་ཙི་འུར་ཟིང་གི་གྲོང་ཁྱེར་ནས་བྲོས་ཏེ་མཚོ་བོད་མཐོ་སྒང་གི་འབྲོག་ཐང་ལ་ཡོང་ནས་བོད་རིགས་བྱིས་པ་ཚོའི་ཆེས་དྭངས་གཙང་གི་མིག་མདངས་ལ་ལོངས་སུ་སྤྱད་པ་དེས་ཀྱང་ཁོང་གིས་སེམས་ཁོང་གི་གསང་བའི་སྦས་ཡུལ་ཞིག་འཚོལ་བཞིན་པ་ཤེས་རྟོགས་ཡོང་ཐུབ།

དགེ་ཆོས་ཀྱིས་ཨ་རག་བརྒྱགས་ཚད་ཅིག་བཞེས་རྗེས་སྡོད་ཁང་གི་ཐོག་ཁར་ཕེབས་ཏེ་ཟླ་འོད་མག་མོག་གི་ཁྲོད་ནས་རྒྱང་རིང་དུ་འཕུར་བཞིན་པའི་འདབ་ཆགས་ཁྱུ་ཞིག་གི་ལས་དབང་ལ་ཐུགས་ཁྲལ་མཛད་པ་དང་། ཧེ་ཙིས་ཁྱོད་ཀྱིས་ང་ལ་ཨ་རག་གནོངས་དང་ངས་ཁྱེད་ལ་སྙན་ངག་གྱེར་ཆོག་ཅེས་འཚོ་གནས་ཀྱི་སྐད་ཅིག་མ་འདི་ནི་སྙན་ངག་པ་ཚོའི་ཕར་སྤྲོད་ཚུར་ལེན་གྱི་དུས་ཚོད་རིན་ཐང་བྲལ་བ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད།

དགེ་ཆོས་ལ་མཚོན་ན་རང་གིས་བར་སྐོར་དུ་མཆོད་པ་དང་གཞན་གྱིས་གུས་ཞབས་ཀྱིས་དྲངས་པའི་ཨ་རག་སྐྱུར་མོའི་བཟི་ཁ་རེ་རེ་ནི་ཆེས་བླ་མེད་ཀྱི་འཇིག་རྟེན་གཞན་ཞིག་ཡིན་ལ། ཨ་རག་དེའི་ཐིགས་པ་རེ་རེ་ཡང་ཆོས་ཉིད་དོན་གྱི་ནམ་མཁའ་གཡའ་དག་ཅིང་བཅུ་དྲུག་དགའ་བའི་རོལ་མོ་རྣ་བར་སྙན་པའི་མཛེས་སྡུག་གི་ཞིང་ཁམས་གཞན་ཞིག་ལ་བགྲོད་བྱེད་ཀྱི་ཐེམ་སྐས་རེ་རེ་ཡིན་ཞིང་། ཧེ་ཙི་ལ་མཚོན་ན་གྲང་ཤུར་ཤུར་གྱི་ལྕགས་ལམ་རིང་མོ་དེ་ནི་དཀོན་མཆོག་གི་བྱིན་རླབས་སྣ་ཚོགས་དང་དེའི་དྲོད་ཁོལ་ལ་ཅི་འདོད་དུ་ལོངས་སུ་སྤྱོད་ཆོག་པའི་ལྷ་ཡུལ་སྐྱིད་པོ་དེར་འཐེན་པའི་རྐང་ལམ་གྱི་ས་ཚིགས་རེ་རེ་ཅི་ལ་མིན།
དགེ་ཆོས་ཀྱིས་ཨ་རག་བཙན་པོ་དེ་ནི་ཁོང་གི་སྐུ་ལུས་ཀྱི་མེ་ཏོག་བཅོམ་བྱེད་ཅིག་ཡིན་པ་མཁྱེན་བཞིན་དུ་བཻཌྰུརྱའི་བུམ་པ་ཞིག་རྡོ་ལ་བརྡབས་པའི་སྐྱོ་གདུང་གིས་ད་དུང་མཚམས་ཚོད་ཅི་ཡང་མེད་པར་མུ་ནས་མུ་རུ་བཞེས་ཤིང་། ཧེ་ཙིས་གནམ་ས་འདྲེས་མཚམས་སུ་བསྙེགས་ཤིང་གྲང་སིལ་སིལ་གྱི་ལྕགས་ལམ་རིང་མོ་དེ་ནི་ཇི་འདྲའི་སྲོག་ལ་གཟན་པ་ཞིག་ཡིན་པ་ཤེས་བཞིན་དུ་གོམ་པ་རེ་རེ་བཞིན་དེའི་འཁྲིས་སུ་བཅར་ནས་ཕོ་ལོ་ཉེར་དྲུག་གི་མི་ཚེ་ཐུང་ཐུང་ལ་རྫོགས་ཚིག་བཀོད།

དགེ་ཆོས་ཀྱིས་ཆོས་ཐམས་ཅད་རྟེན་འབྲེལ་གྱི་ཀློང་ན་འདུས་ཤིང་འཐོར་བའི་ངང་ཚུལ་བརྗོད་པའི་”རྟེན་འབྲེལ་བསྟོད་པ”ཞིག་དང་། འོད་གསལ་སེམས་ཀྱི་གཤིས་ལུགས་ལ་ཇི་ལྟར་ཐག་ཉེ་རུ་བཅར་ཚུལ་སྟོན་པའི་”འཇམ་དཔལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་སྨོན་ལམ”གཉིས་ཀྱི་ཚིག་ཕྲེང་རེ་རེ་བཞིན་ཐུགས་ལ་ཉར་ནས་དག་པའི་ཞིང་ཁམས་ཤིག་ཏུ་འཇའ་འོད་དང་མེ་ཏོག་གི་ཆར་བ་སོགས་ཅི་ཡང་མེད་པར་ཁུ་སུམ་མེར་གཤེགས་སོང་ལ། ཧེ་ཙིས་ཀྱང་སྣོད་བཅུད་ཐམས་ཅད་དཀོན་མཆོག་གི་མཛེས་སྡུག་ལྡན་པའི་བཟོ་སྐྲུན་གྱི་ལག་རྗེས་ཡིན་པར་བརྗོད་པའི་”དམ་པའི་གསུང་རབ་”ཅིག་དང་། ལྷིང་འཇགས་ཀྱི་འཇིག་རྟེན་གཞན་ཞིག་སྟོན་པའི་ཟོ་ལ་ཡི”ནགས་ཁྲོད་ཀྱི་འཚོ་བ” མི་ཚེའི་མཐའ་མཇུག་བར་དུ་མི་རྙེད་པའི་ཧེ་ཡ་ཏའར་གྱི”གདུང་གྲུ་ཁེར་རྐྱང་རྒྱ་མཚོར་ཞུགས་པ” མི་སེམས་དབང་མེད་དུ་སྨྱོ་བར་བྱེད་པའི་ “ཁང་ལ་ཏིའི་བརྩམས་སྒྲུང་བདམས་སྒྲིག”བཅས་སྙིང་གར་བཞག་སྟེ་འཇིག་རྟེན་འདི་ནས་གཏན་དུ་གཉིད་སོང་།

དགེ་ཆོས་ཀྱིས། སྟོང་པ་མཐའ་དབུས་མེད་པའི་འོད་གསལ་གྱི་དབྱིངས་སུ། །འཛིན་མེད་སེམས་ཀྱི་ངོ་བོ་རོ་གཅིག་ཏུ་ཐིམ་སྟེ། །རང་མྱོང་བརྗོད་དུ་མེད་པའི་ཟག་མེད་ཀྱི་བདེ་བར། །ཉིན་དང་མཚན་དུ་སྤྱོད་པའི་སྐལ་བཟང་ཞིག་བྱུང་ན། །ཞེས་སྒྱུ་ལུས་གཡར་མ་འདི་དང་རྣམ་ཤེས་ལྡོམ་པོ་འདི་གཉིས་ཀྱི་བར་ཐག་སྦྲེལ་བྱེད་ཀྱི་གཟུང་འཛིན་འཁྲུལ་བའི་སྣང་བ་མཁྲེག་པོ་འདི་གཞི་མེད་རྩ་བྲལ་དུ་སོང་བའི་ཆོས་ཉིད་དོན་གྱི་མཛེས་ལྗོངས་ཉམས་དགའ་བ་ཞིག་ཏུ་ཟག་མེད་བདེ་བའི་སྙན་ངག་གི་མགུར་དབྱངས་འཐེན་བཞིན་སྡོད་རྒྱུ་ཞིག་བྱུང་ན་ཨང་ཞེས་ཆེས་མཐའ་མཇུག་གི་སྨོན་ལམ་དྲོན་མོ་ཞིག་བཏབ་ཡོད་ལ།
“ཆེས་ཐ་མར་ཧེ་ཙིས་སྙན་ངག་ པའི་ན་བཟའ་རྦད་ཀྱིས་དོར་ནས་སྐྱོ་བའི་ཟློས་གར་གྱི་དཔའ་བོ་ཞིག་ཏུ་གྱུར་སོང་བ་ ཡིན་ཏེ། ཧེ་ཙིས”རླབས་ཆེ་བའི་སྙན་ངག”ཁྲོད་དུ་འདི་ལྟར་བྲིས་ཡོད་དེ། རླབས་ཆེ་བའི་སྙན་ངག་ནི་བརྩེ་དུང་གི་སྙན་ངག་མ་ཡིན་ལ། བརྩེ་དུང་མཚོན་པའི་སྙན་ངག་ཀྱང་མིན། གདོད་མའི་རྒྱུ་ཆ་མཚོན་པའི་སྙན་ངག་དེ་བས་ཀྱང་ལྟ་ག་ལ་ཞིག་གོ། རླབས་ཆེ་བའི་སྙན་ངག་ནི་རྣམ་ཤེས་དམར་རྗེན་མ་རེ་རེའོ།།”*
        
                                       *རྟ་ནག་པས་བསྒྱུར་པའི“ཧེ་ཙི་ཅིའི་ཕྱིར་ལྕགས་ལམ་དུ་འཕྲེད་ཀྱིས་ཉལ་ཏེ་རང་སྲོག་དོར་བ་རེད”ཅེས་པ་ལས་བཤུས།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།