གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདའ་ཚང་སྙེམས་གྲོལ་གྱི་སྙན་ངག་བདམས་བཀོད།

2017-10-25 11:34:11 བདའ་ཚང་སྙེམས་གྲོལ། ཀློག་གྲངས། མཆན ཡོད།


བདའ་ཚང་སྙེམས་གྲོལ།  ལོ་རབས་དགུ་བཅུ་པའི་དུས་མགོར་མདོ་སྨད་མང་རའི་བདའ་ཚང་ཞེས་པའི་འབྲོག་སྡེ་ཞིག་ཏུ་སྐྱེས།  དགོན་མཐའ་གྲོང་མཐའ་གཉིས་སུ་རྐང་རྗེས་མང་བའི་མི་ཞིག  སྤྱི་ལོ་ཉིས་སྟོང་བཅུ་ལོར«སྟོན་ནམ་རིང་མོ»ཞེས་པའི་མི་སྒེར་གྱི་སྙན་དེབ་པར་དུ་བསྐྲུན།  གཞན་སྙན་ངག་གིས་གཙོས་བརྩམས་ཆོས་ཁ་ཤས«སྦྲང་ཆར»དང་།  «མི་རིགས་ཀྱི་རྩོམ་རིག»«གངས་རྒྱན་མེ་ཏོག»«ཟླ་ཟེར»སོགས་སུ་སྤེལ་མྱོང་།  ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།

 0528D577-F5C8-4D35-B05B-A7AB1F7CD99B-235-0000003B8483EA8A_tmp.JPG

                                   རྣམ་པར་རྟོག་པའི་སྐྲ་རྩེ་སུ་ཡིས་རྩི།

རྩོམ་ལ་ལ་རལ་གྲི་ཤུབས་བཅུག་འདྲ། །
སྔོ་སི་ལེ་ཕྱུང་ན་སྣང་སྲིད་ཀྱི། །
རྫུན་ཝ་རྔ་གྱི་ལེ་འབྲོས་ཁུང་འཚོལ། །
རྩོམ་འདི་འདྲ་མཁས་པའི་གསུང་ན་མང་། །
རྩོམ་ལ་ལ་ལ་ཁའི་གླིང་བུ་འདྲ། །
ཕྲ་སིང་ངེ་བུས་ན་མི་ཟོག་ཀུན། །
རྣ་དལ་ལེ་མི་ཉན་རང་དབང་ཅི། །
རྩོམ་འདི་འདྲ་གནའ་དཔེ་ནང་ན་མང་། །
རྩོམ་ལ་ལ་ཆུ་བརྒྱ་ཀློང་བརྒྱ་འདྲ། །
ནག་ཡོམ་མེ་འཁྲིགས་ན་སྙིང་རྩ་འདར། །
སྐྱ་འཚུབ་བེ་འཕྱུར་ན་སྐྱི་ཡང་གཡའ། །
རྩོམ་འདི་འདྲ་དགག་རྩོམ་ནང་ན་འབེལ། །
རྩོམ་ལ་ལ་མེ་ཏོག་སྤུངས་མ་འདྲ། །
མདངས་ཡལ་ལེ་ཤར་ན་མིག་ཀྱང་འཕྲོག །
དྲི་ཐུལ་ལེ་ཁྱབ་ན་སེམས་ཀྱང་རྐུ། །
རྩོམ་འདི་འདྲ་རྫི་བོའི་མགྲིན་ན་མང་། །
རྩོམ་ལ་ལ་བུམ་ནང་མར་མེ་འདྲ། །
འོད་ཆད་དེ་འབར་ན་ཡིད་མུན་དྭངས། །
ཟེར་ཕྲོམ་མེ་གཡོས་ན་རྒྱུད་ངན་ཐུལ། །
རྩོམ་འདི་འདྲ་མན་ངག་མཛོད་ན་གསལ། །
རྩོམ་ལ་ལ་བྲག་སུལ་རྣལ་འབྱོར་འདྲ། །
དམར་རྗེན་ནེ་ཉམས་རྟོགས་མགུར་དབྱངས་འཐེན། །
བདེ་འབོལ་ལེ་ཆོས་བརྒྱད་མགོ་སྙོམས་བྱེད། །
རྩོམ་འདི་འདྲ་བྱ་བཏང་རས་པར་ཡོད། །
རྩོམ་ལ་ལ་གངས་སྐེད་ན་བུན་འདྲ། །
དཀར་ཤམ་མེ་རི་མགོ་གངས་མགོ་གཡོགས། །
སེམས་རུག་གེ་འཆར་སྒོ་སྣ་ཚོགས་བསྐྱེད། །
རྩོམ་འདི་འདྲ་རི་མཐའི་མི་ལ་ཡོད། །
རྩོམ་ལ་ལ་སྨན་བརྒྱའི་དྭངས་རྩེ་འདྲ། །
དུང་དཀར་པོ་འདྲ་བའི་ཤ་ལོ་གདའ། །
མཚལ་དམར་པོ་ལྟ་བུའི་ཤ་རྩ་གདའ། །
རྩོམ་འདི་འདྲ་མི་ནག་གླུ་ལ་ཡོད། །
རྩོམ་ལ་ལ་མཁའ་འགྲོའི་གར་སྟབས་འདྲ། །
བྲོ་ཤིགས་སེ་བརྡུངས་ན་རྟ་བརྒྱའི་རིན། །
གླུ་སིང་ངེ་བླངས་ན་མཛོ་བརྒྱའི་དོད། །
རྩོམ་འདི་འདྲ་སྐལ་ལྡན་བུ་ལ་མང་། །
རྩོམ་ལ་ལ་ཞོལ་ཆེན་གཡག་དང་འདྲ། །
ནག་རོག་གེ་ཉི་ཟླ་རྭ་རྩེར་འཛིན། །
རྡུལ་འཚུབ་བེ་སྤང་རྒོད་དུམ་གཅོད་བྱེད། །
རྩོམ་འདི་འདྲ་ཟོག་རྫིའི་ཁ་ན་མང་། །
རྩོམ་ལ་ལ་འཇའ་ཚོན་བསླེས་མ་འདྲ། །
ཁྲ་ཤལ་ལེ་ཤར་རམ་ལྷོ་ལ་འཐེན། །
བཀྲག་ཡལ་ལེ་ནུབ་བམ་བྱང་ལ་བརྐྱངས། །
རྩོམ་འདི་འདྲ་དུས་དང་དུས་སུ་འབྱུང་། །
རྩོམ་ལ་ལ་ཐང་སྟོང་རྟ་ཞོན་འདྲ། །
ཐེ་ཚོམ་མེ་ལམ་རིང་ཟད་མེད་རེད། །
འཇིགས་ཡེར་རེ་གོམ་ཁ་དལ་མེད་རེད། །
རྩོམ་འདི་འདྲ་རྣམ་རྟོག་གྲིབ་མས་བྱེད། །
རྩོམ་ལ་ལ་གྲོང་མཐའི་ཡུར་ཆུ་འདྲ། །
དྭངས་ཤ་ལེ་རྐ་རྒྱུན་ཉུལ་ནས་འགྲོ། །
སྔོ་ལྗང་ངེ་མྱུ་ཕྲན་བརླན་ནས་འགྲོ། །
རྩོམ་འདི་འདྲ་ཞིང་བའི་བུ་ལ་མང་། །
རྩོམ་ལ་ལ་དྭངས་སྨན་མིག་མདའ་འདྲ། །
མདའ་ཟིམ་བུ་རེ་ལ་དོན་རེ་ཡིབས། །
དོན་ཕྲ་མོ་རེ་ལ་བརྡ་རེ་འཆར། །
རྩོམ་འདི་འདྲ་མཐུན་འཇུག་ལས་ལ་འབྱུང་། །
རྩོམ་ལ་ལ་མོ་མ་ཕྲེང་གཡུགས་འདྲ། །
ཕྱིས་འབྱུང་འགྱུར་པྲ་ལ་འཆར་རོ་ཟེར། །
ལས་བདེ་སྡུག་ལུང་དུ་སྟོན་ཏོ་ཟེར། །
རྩོམ་འདི་འདྲ་དཔོན་སྔགས་ཚོགས་ལ་མང་། །
རྩོམ་ལ་ལ་རྫ་རྐེད་ཆུ་འཁྱག་འདྲ། །
གཅིག་འཐུང་ན་དོན་ལྔ་སྣོད་དྲུག་འཁྱག །
གཉིས་འཐུང་ན་རུས་པའི་ཧ་ཡང་གྲང་། །
མི་སྡུག་བསྔལ་ཅན་ལ་རྩོམ་འདི་མང་། །
རྩོམ་ལ་ལ་ཁྱི་ནག་རྡོ་འདེད་འདྲ། །་
དགྲའི་སྒྱིད་པར་མི་འཐབ་གྲིབ་མར་འཐབ། །
འདྲེ་ཤར་སྒོ་གླུད་གཏོར་ནུབ་སྒོར་གཏོང་། །
རྩོམ་ཆོ་མེད་དེ་འདྲ་རྫོགས་མེད་ཡོད། །
ཀྱེ་ཚོང་འདུས་བཞི་མདོར་ཡར་ལྟོས་དང་། །
ཟོང་དཀར་ཁྲ་དམར་ཁྲར་རྫོགས་མེད་བཤམས། །
ཤིང་མེ་ཏོག་ར་བར་ཚུར་ལྟོས་དང་། །
མདོག་དཀར་སེར་ལྗང་དམར་གྲངས་མེད་ཤར། །
མིའི་ཁམས་དང་མོས་པ་དེ་འདྲ་རེད། །
རྩོམ་དཔེ་འདིར་ཆུ་ལ་ཆུ་བཞག་རེད། །
སེམས་རྣམ་རྟོག་སྐྲ་རྩེ་སུ་ཡིས་རྩི། །
རྩོམ་ས་རྡུལ་ཁལ་ལེ་གྲངས་མཐའ་མེད། །
རྟ་སྒ་ཚེགས་སྒ་ཐོག་མི་ཚེགས་དོན། །
རྩོམ་འདི་ལྟར་འབྲི་ཞེས་རི་རྐེད་ཀྱི། །
ལམ་ངན་ནེ་བ་ཞིག་ནག་སྟོན་གྱིས། །
མི་ཤ་མེད་ཚིལ་མེད་སྐོར་ཚོ་རེ། །
བཀའི་ཡང་བྲན་བཞིན་དུ་འཁོལ་མཐོང་ནས། །
ཁྲ་བུན་ནེ་དཔེ་ཡི་ཕྲེང་རིང་བསྣར། །
ཚིག་ལྷུག་གེ་དོན་གྱི་གནད་ཀ་བཀྲལ། །
རྩོམ་རྒྱང་ཞགས་ཆུ་ཡི་སྒྲོན་མ་འདིས། །
དོན་འོད་རྩའི་སྦུ་གུ་གསལ་བར་བྱས། །

དྲྭ་མགུར་སེམས་ཀྱི་མེ་ཏོག་འཕྱང་འཕྲུལ་དུ་བསླེས་པ།

སྤྲིན་དམར་སེར་འཐིབས་པའི་འོག་ཅིག་ཏུ། །
རྒོད་ཐང་དཀར་ཐང་ནག་གཤོག་རྩེད་བྱེད། །
གཤོག་ལྡེམ་མེ་ལྡེམ་མེ་ཡར་ལ་འཕུར། །
སྒྲོ་ཡམ་མེ་ཡམ་མེ་མར་ལ་འབབ། །
མིག་ཧྲིལ་ལེ་ཧྲིལ་ལེ་ཐུར་ལ་ལྟ། །
བལྟས་བལྟས་པའི་མཐའ་མར་མ་བབས་ཐལ། །
འཁོར་འཁོར་བའི་མཐའ་མར་མ་བསྡད་ཐལ། །
རྡོ་གཡའ་མའི་ནང་ལ་མ་འཁོར་ཐལ། །
ཤིང་བྲ་མའི་རྩེ་ལ་མ་ཆགས་ཐལ། །
ཆུ་སྔོན་མོའི་བཞུར་རྒྱུན་དེད་བཏང་ཐལ། །
རི་མཐོན་པོའི་རྩེ་ཁ་ཉུལ་བཏང་ཐལ། །
སྤྲིན་དམར་སེེར་བརྒྱུད་ནས་འཕུར་བཏང་ཐལ། །
བྱ་རྒོད་པོ་བློས་ཀྱང་མ་ཐོངས་ཐལ། །
སྒྲོ་ཡུག་གེ་བརྗེད་ཀྱང་མ་ཐུབ་ཐལ། །
རྩྭ་རིང་ཐུང་འཁྲིགས་པའི་གསེང་ཞིག་ཏུ། །
ཤྭ་ཡུ་མོས་སྣ་ཕུ་འདེབས་བཞིན་རྩེ། །
ཁྲ་ཚུབ་བེ་ཚུབ་བེ་རི་ཁར་འབྲོ། །
གཉོམ་དུང་ངེ་དུང་ངེ་ཆུ་ཁར་ཡོང་། །
མཆུ་མུར་རེ་མུར་རེ་རྩི་མགོ་གཅོད། །
མིག་ཧྲིག་གེ་ཧྲིག་གེ་ཕྱོགས་བཞིར་ལྟ། །
བལྟས་བལྟས་པའི་མཐའ་མར་མ་བསྡད་ཐལ། །
བསམས་བསམས་པའི་འཕྲོ་ལ་མ་ཆགས་ཐལ། །
ཤིང་མེ་ཏོག་ལྡོད་མཚམས་བཞག་བཏང་ཐལ། །
ཆུ་དྭངས་མོ་འཐུང་མཚམས་བསྐྱུར་བཏང་ཐལ། །
རྣ་ཀྲོག་གེ་ཀྲོག་གེ་གཤར་བཏང་ཐལ། །
ཤེའུ་ལམ་མེ་ལམ་མེ་འདྲོགས་བཏང་ཐལ། །
ཤྭ་ཡུ་མོ་བློས་ཀྱང་མ་ཐོངས་ཐལ། །
ཤེའུ་ལམ་མེ་བརྗེད་ཀྱང་མ་ཐུབ་ཐལ། །
དྲྭ་གཡུང་དྲུང་སྦྲེལ་འདྲའི་ཟུར་ཞིག་ཏུ། །
སྨན་བུ་མོས་རྩེད་སྤྱད་དགོད་སྤྱད་བཤད། །
འཕྲིན་ཀྲིག་གེ་ཀྲིག་གེ་ཕར་ལ་འགྲོ། །
ལན་ལྷང་ངེ་ལྷང་ངེ་ཚུར་ལ་ཡོང་། །
སེམས་དུང་ངེ་དུང་ངེ་དེ་ལ་བལྟས། །
ལོ་གནམ་ས་ཅི་འགོར་མ་ཤེས་ཐལ། །
ཝའི་གྲ་ཁ་ནམ་ཟད་མ་རིག་ཐལ། །
མགོའི་ཉི་ཟླ་ནམ་སོང་མ་གོ་ཐལ། །
བརྩེས་བརྩེས་པའི་མཐའ་མར་མ་བརྩེས་ཐལ། །
བརྡ་ཡི་གེའི་སྒྱུ་འཕྲུལ་མ་བསྟན་ཐལ། །
ངག་བྱིའུ་ཆུང་དུང་མགོ་མ་གྲགས་ཐལ། །
དྲྭའི་ནགས་མཐའ་འདི་ཡང་སྟོང་བ་རེད། །
སྨན་བུ་མོ་བློས་ཀྱང་མ་ཐོངས་ཐལ། །
གཉོམ་དུང་ངེ་བརྗེད་ཀྱང་མ་ཐུབ་ཐལ། །

རྩོམ་བཤད་འབྲོང་རྭ་སྨུག་པོ།

ངའི་རྩོམ་འདི་རི་སྤྱང་སྔོན་མོ་ཡིན། །
སྐྱ་ཉིལ་ལེ་རི་གསུམ་རྩེ་ན་འབྲོ། །
དགོང་ཕྱི་དྲོར་རྒྱང་མིག་ཆད་ཤུལ་ནས། །
ཁྲ་སྒོང་ངེ་གནམ་མཐའ་སྐར་མས་བཟུང་། །
ནག་རིབ་བེ་རྫ་མགོ་མུན་པས་བསྐོར། །
ཁོ་སྐྱོ་ནས་ཕེ་རིང་ལན་གསུམ་བཏབ། །
ཆུ་ཆེ་ཆུང་མང་པོ་ཅམ་སེ་འདུག །
ངའི་རྩོམ་འདི་ཐང་སྟོང་ཕོ་རོག་ཡིན། །
ནག་སེང་ངེ་ཤིང་སྐམ་རྩེ་ན་བསྒོངས། །
དབྱར་ནམ་ཟླ་རྒྱང་ལ་ཡལ་ཤུལ་ནས། །
གྲང་ཅང་ངེ་ལྷོ་རླུང་བྱང་རླུང་ལྡང་། །
སྐྱ་སེང་ངེ་ཟླ་འོད་སྐར་འོད་འཚུབ། །
ཁོ་སྐྱོ་ནས་སྟོང་སྐད་ལན་གསུམ་གྲག །
ཤིང་སྡོང་སྐམ་མང་པོ་རིག་གེ་འདུག །
ངའི་རྩོམ་འདི་བྱང་འབྲོང་ཁེར་ལྡོམ་ཡིན། །
རྭ་ཟིང་ངེ་ཁིས་ཁའི་བར་ན་ཡོད། །
མ་འབྲོང་མོས་དྭ་ཟླར་བསྐྱུར་ཤུལ་ནས། །
སྐྱ་ཁྲོམ་མེ་ཁངས་དང་བུ་ཡུག་འཚུབ། །
རྡུལ་ཁལ་ལེ་རླུང་དང་འཚུབ་མ་འཁོར། །
ཁོ་སྐྱོ་ནས་ངུར་བྱང་ལན་གསུམ་བྱས། །
ཁིས་ཆེ་ཆུང་མང་པོ་ཧང་ངེ་འདུག །
ངའི་རྩོམ་འདི་གངས་ལྟོངས་སྒོམ་ཆེན་ཡིན། །
རྫུན་རྣམ་རྟོག་མེ་སྒོང་བཏལ་ཤུལ་ནས། །
སྔོ་སིང་ངེ་ཆོས་ཉིད་ནམ་མཁའ་དྭངས། །
ནག་ཡམ་མེ་རིགས་དྲུག་འཁོར་བར་གཡེངས། །
ཁོ་སྐྱོ་ནས་ཉམས་མགུར་ལན་གསུམ་འཐེན། །
མི་ལྷ་འདྲེ་མེད་པར་ཧད་དེ་འདུག །

རང་ཉིད་རང་གི་དོ་པོར་མ་ཡོང་ཚུལ།

བཀྲེས་སྣང་སྐོམ་སྣང་ལ་སོགས་སྡུག་བསྔལ་གྱི། །
མྱ་ངན་ཐང་མང་བརྒལ་ནས་འདིར་བསླེབས་ཀྱང་། །
ད་དུང་སྣང་སྲིད་ལ་སོགས་འཁོར་འདས་ཆོས། །
ཆུ་ལ་ཆུ་དང་མཁའ་ལ་མཁའ་བཞིན་དུ། །
རོ་གཅིག་མ་ཤར་ཀུན་རྫོབ་རྟ་བརྒྱའི་མགོར། །
བདེན་འཛིན་སྲབ་བརྒྱ་བསྐོན་ནས་ཉོན་ཞིང་མོངས། །
བྱ་བ་ཆེ་ཆུང་ལུ་གུའི་རྒྱུད་དུ་བསྟར། །
མཚན་གྱི་གཉིད་དང་ཉན་གྱི་ཟས་ཀྱང་གཅོག །
ལས་དོན་ཟ་ཟིའི་འཕང་ལོ་བསྐོར་བསྐོར་ཀྱང་། །
མི་ངོ་ཁྱི་ངོ་མ་ལོན་ཡིད་རེ་འབྱུང་། །
ཡིན་ཡང་འཁོར་བའི་ཉི་འོད་ཉི་གདུགས་ཀྱིས། །
བསིལ་མོར་སྒྱུར་བཞིན་ངག་རིག་བདུད་རྩིའི་ཆུར། །
རོལ་ནས་མི་རྟག་པད་མོ་འདར་བ་ལ། །
ལྟ་ཞིང་ལྟ་ཞིང་སོས་བདེ་བག་ཕེབས་པོ། །
སྨྱོན་པ་ང་ལ་ང་ཡིས་བྱ་ཐབས་ཟད། །

 1BBD42C2-3F11-4C9C-ACAB-72DF798C9736-235-0000003B979AEEDB_tmp.JPG

                                    ལབ་ནག་རྔ་སྟོང་དབྱུག་འདེད།

                                                  – གྲོགས་པོ་ཞིག་དང་རྩོམ་ཤགས་ཅུང་ཟད་བྱས་པ།
            

སྡོད་ཅིག་སྡོད་ཅིག་རྣམ་པར་རྟོག་པའི་བུ། །
ངོ་ལྐོག་མེད་པར་བརྙན་ལ་དཔར་བ་འདི། །
གཤིས་ལ་མོ་ཉམས་འདྲེས་པས་མ་ཡིན་གྱི། །
ད་ལྟའི་རྣམ་རྟོག་གྱ་གྱུ་ཧྲིག་ཧྲིག་པོ། །
རྩྭ་ཐག་བཞིན་དུ་རུལ་བའི་རྟགས་ཡིན་ནོ། །
རྣམ་པར་འགྱུར་བའི་བྱེ་བྲག་མང་བ་འདི། །
ལུང་མ་བསྟན་གྱི་ཆོས་ཙམ་མ་ཡིན་གྱི། །
འོག་འགྱུ་ཟང་མའི་རྦ་རླབས་དྲག་པོའི་ཀློང་། །
ལུས་དང་ངག་གི་མེ་ལོང་བྱེ་བ་བརྒྱར། །
ཐོགས་རྡུལ་མེད་པར་འཁྲིགས་པའི་རྟགས་ཡིན་ནོ། །
ང་ཡིས་སྣང་སྲིད་འཁོར་འདས་མཁའ་ལ་མཁའ། །
ཆུ་ལ་ཆུ་བཞིན་རོ་གཅིག་རྟོགས་སོང་ངོ་། །
ཁྱོད་ལྟའི་གདུལ་བྱ་རྨུན་པོ་ཀུན་རྫོབ་རྡོས། །
རང་མགོ་རང་གིས་གཅོག་པ་མ་བཟོད་པར། །
ཤི་སོས་བདུད་རྩི་ལྟ་བུའི་ཆོས་འདི་གསུངས། །
མགོ་སྒུར་པུས་ཚུགས་ཐལ་མོ་སོགས་སྦྱོར་དང་། །
ཐར་བའི་ལམ་རིས་ས་ལེ་ཁྱོད་ལ་སྟོན། །
མ་གོ་མ་ཟེར་རྣམ་པར་རྟོག་པའི་བུ། །
ཝ་ཡེ་ཁྱོད་ཀྱི་རྣམ་ཐར་བཤད་ཙ་ན། །
དང་པོ་དགོན་སྟོད་བླ་མ་དམ་པའི་དྲུང་། །
སྐྲ་བྲེགས་མིང་བརྗེས་སྡོམ་པ་མང་པོ་བླངས། །
བར་དུ་གྲོང་ཉུལ་མཚན་མོར་ཁྱི་ཁ་དབུར། །
བུད་མེད་མདོམས་དྲན་བྲང་གི་མྱོས་བུམ་འདོད། །
ཞེན་པ་བཞི་བྲལ་ཕར་ཞོག་ཞེན་པ་བཞིའི། །
ཐག་སྣེར་འཇུས་ནས་ཤི་འབད་རོ་འབད་བྱས། །
དེ་དུས་ཆོས་སྐུའི་རླུང་བུར་བཅིབས་ཡོད་དམ། །
དེ་ནས་དམ་ཚིག་རྩྭ་ལོ་རླུང་ལ་བསྐུར། །
དམྱལ་བའི་ཆུ་ཐིགས་ལྕེ་ཡི་ཐོག་ལ་གཏིགས། །
ཐིག་ལེ་ཡར་འདྲེན་མ་ནུས་བུས་ཕྲུག་གི །
ཕེ་སྐད་ལྷང་ལྷང་ཨ་ཕ་ཟེར་ཞིང་འབོད། །
འདི་དུས་ཆོས་ཀྱི་སྐུ་ལ་ཅི་ཉེས་སམ། །
ཨ་ཀྱང་མི་ཞུ་སྐུ་རྩེད་ཞུས་པ་ལགས། །
ཀུ་རེའི་ཤགས་འགྱེད་ཨེན་ཙམ་བྱས་པ་ཡིན། །
ད་དུང་ཚིགས་བཅད་ཀླུ་བདུད་རྡོ་རྗེ་ཡི། །
ཟིལ་བ་ཅུང་ཟད་གཏོར་སྙམ་འབྱུང་ན་ཡང་། །
ད་ཡང་བྱ་བའི་རྟ་གླང་སྒྱུ་མའི་ཁྱུ། །
རྡོ་དང་དབྱུག་པས་ཚོགས་ཀྱིས་འདེད་དགོས་བྱུང་། །

A52DF9FD-C1E4-4D32-A168-897DEC006086-235-0000003BA0B0EC68_tmp.JPG

                                    བསྟོད་པ་ལན་བུའི་ནང་གི་དྲི་ཞིམ།

ཁྲོམ་འུར་བརྒྱའི་མཐའ་ཡི་སྒྱུ་ལུས་མ། །
གཟུགས་ཁ་འབྲས་སྐྱེ་སྒོ་མཚར་ལུགས་ལ། །
ལྷ་སྒྲོལ་མའི་སྐྱེས་མཐའ་ཡིན་ནམ་སྙམ། །
མ་མཛངས་མའི་རུམ་ནས་འཚར་ལུགས་ལ། །
མིའི་དྭངས་ལྕམ་ཞིག་ཀྱང་ཡིན་ནམ་སྙམ། །
དམན་ཆུ་བུར་མིག་ཏུ་སྣང་ལུགས་ལ། །
ལུས་མཐོང་རེག་ཡུལ་དུ་འདུ་འམ་སྙམ། །
མིག་ཁྲ་ཆུང་ལ་མགོའི་སྐར་མ་འདྲ། །
ཁྲ་ཤལ་ལེ་ཚུར་ལ་གཅིག་བལྟས་ན། །
ཚེ་གང་བོར་དྲན་ཤིང་དེ་ཡིས་འཇོག །
སྐྲ་གནག་སྣུམ་རྦབ་ཆུ་འཁྱིལ་ཡག་མ། །
དཔྱི་རྐེད་པའི་བར་དུ་རྒྱས་ལ་ལྟོས། །
སྨན་དྭངས་རྩེའི་མཛེས་སྐལ་དེ་ཡིས་འཕྲོག །
ཁ་ཕར་འཁོར་གོམ་པ་རྟ་བརྒྱའི་རིན། །
སྐྱེས་ཕོ་བརྒྱས་ལུས་རྗེས་དྲི་རྗེས་འདེད། །
ཁ་ཚུར་འཁོར་གོམ་པ་མཛོ་བརྒྱའི་རིན། །
རྒན་མགོ་དཀར་ཁ་ལྟ་མིག་ལྟ་བྱེད། །
ཉམས་རྩེད་ལུགས་དགོད་ལུགས་དྲེལ་བརྒྱའི་རིན། །
མི་ཡར་འགྲོ་བརྒྱ་ཡིས་ཕྱིར་ལྟ་བྱེད། །
སོ་མུ་ཏིག་ཕྲེང་ཆུང་ལུག་བརྒྱའི་རིན། །
མི་མར་འགྲོ་སྟོང་གིས་དལ་འགྲོས་བྱེད། །
ཤ་རྣག་ཁྲག་སྒྱུ་ལུས་དྭངས་སོང་ངམ། །
གཟུགས་ལང་ཚོའི་ཤེལ་གོང་གསལ་ལ་ལྟོས། །
སྒྲ་ཅལ་ཅོལ་ངག་ངོག་འགགས་སོང་ངམ། །
ངག་རྣ་བའི་གླིང་བུ་འཇེབས་ལ་ལྟོས། །
ཚེ་ནམ་མཁའི་དབྱིངས་ཀྱི་སྐར་མདའ་རེད། །
ཁྲ་ཤིགས་ཤིགས་ལྷུང་དུས་ཚར་བ་རེད། །
མོ་འདི་འདྲ་མཐོང་བ་དོན་ཡོད་རེད། །
ངག་འདི་འདྲས་བསྟད་པའང་དོན་ལྡན་རེད། །

                                   ཞེ་སྡུག་ལ་དྭངས་མཐའ་གང་ན་ཡོད།

ངའི་བློ་རྟ་རྐྱང་ཁྲ་གྭ་ཞུར་ཅན། །
རྣ་དཔའ་བོའི་མཚོན་ཆ་བསྒྲེངས་འདྲ་ཡིན། །
མིག་ལ་ཁའི་སྐར་མ་ཤར་འདྲ་ཡིན། །
སྤུ་གསེར་རྡུལ་དངུལ་རྡུལ་འཐིབས་སེ་ཡོད། །
རྔོག་ལྷོ་སྤྲིན་ཁོལ་མ་སྤུངས་སེ་ཡོད། །
རྐང་སུག་བཞི་ཀ་ཆེན་བསླངས་འདྲ་ཡིན། །
དང་ལྷ་ཁང་སྒོ་ཆེན་ཕྱེས་འདྲ་ཡིན། །
ཐོད་གྭ་ཞུར་མེ་ལོང་ཤར་འདྲ་ཡིན། །
ཐུར་སྲང་མདའ་འཇའ་ཐིག་བསླེས་མ་ཡིན། །
སྲབ་ཨོལ་སྒྲོག་མུ་ཏིག་བསྒྲིགས་མ་ཡིན། །
འགྲམ་ཨ་ལོང་གསེར་ལོང་བརྡུངས་མ་ཡིན། །
སྒའི་སྔ་རུ་ཉི་མ་ཤར་འདྲ་ཡིན། །
སྒའི་ཕྱི་རུ་ཟླ་བ་ཚེས་འདྲ་ཡིན། །
གོང་རྨེད་ཐག་འཇའ་དྲུག་འཐེན་འདྲ་ཡིན། །
གདོང་གཟུགས་དབྱིབས་ལྷ་སྐུ་བཞེངས་འདྲ་ཡིན། །
བང་མགྱོགས་འགྲོས་རླུང་ནག་འཚུབ་མ་ཡིན། །
སེམས་གངས་དཀར་ནང་ལ་གྲོས་བཏབ་ཀྱང་། །
རྟ་རྐྱང་ཁྲའི་འཚེར་སྐད་ཡལ་མེད་རེད། །
བློ་མཛུབ་མོ་བཀུགས་ནས་ཟོན་དེད་ཀྱང་། །
རྟ་རྐྱང་ཁྲའི་གྭ་ཞུར་བརྗེད་མེད་རེད། །
བརྗེད་མི་ཐུབ་རུང་ཡང་བརྗེད་དགོས་ཏེ། །
རྩྭ་ཟ་སའི་ཉིན་ལུང་ཁ་ཁ་རེད། །
ཆུ་འཐུང་སའི་སྲིབ་ལུང་སོ་སོ་རེད། །
ཞེ་སྡུག་ལ་དྭངས་མཐའ་གང་ན་ཡོད། །
ངའི་སྙིང་སྡུག་དྭངས་སྨན་ལྷ་བྱད་ཅན། །
གཟུགས་ཁ་འབྲས་རི་མོར་བྲིས་འདྲ་ཡིན། །
མིག་ཁྲ་ཆུང་སྐར་མ་ཤར་འདྲ་ཡིན། །
མཁུར་དམར་འཛུམ་ཐིག་ལེ་བསྐུས་འདྲ་ཡིན། །
སོ་མུ་ཏིག་ཕྲེང་ཆུང་བརྒྱུས་འདྲ་ཡིན། །
འཛུམ་མེ་ཏོག་ཁྲི་གད་འབུམ་གད་ཡིན། །
མཆུ་དམར་སྣུམ་མཚལ་དམར་བྱུགས་འདྲ་ཡིན། །
འདང་ལ་རྐེད་སྨུག་པ་འཐིབས་འདྲ་ཡིན། །
སེམས་གངས་དཀར་ཆུ་འཁྱག་འཁྱིལ་འདྲ་ཡིན། །
ཁ་ཕར་འཁོར་སྐྲ་མཛེས་དཔྱི་རྒྱས་མ། །
ཁ་ཚུར་འཁོར་སྨིན་ལེགས་མིག་མཛེས་མ། །
འགྲོས་ཕར་འགྲོ་གོམ་པར་འབྲི་བརྒྱ་རི། །
འགྲོས་ཚུར་འཁོར་གོམ་པར་མཛོ་བརྒྱ་རི། །
འཛུམ་མེ་ཏོག་གད་ན་རྟ་བརྒྱ་རི། །
སྐྲ་ལན་བུའི་རིན་ལ་དྲེལ་བརྒྱ་རི། །
སེམས་གངས་དཀར་སྟོད་ལ་གྲོས་བཏབ་ཀྱང་། །
སྨན་བུ་མོའི་སྙིང་གཏམ་ཡལ་མེད་རེད། །
བློ་མཛུབ་མོ་བཀུགས་ནས་ཟོན་དེད་ཀྱང་། །
སྨན་བུ་མོའི་འཛུམ་ཆུང་བརྗེད་མེད་རེད། །
བརྗེད་མི་ཐུབ་རུང་ཡང་བརྗེད་དགོས་ཏེ། །
མགོའི་ཉི་ཟླ་ཁ་ཁ་མིན་ན་ཡང་། །
འོད་ཕྲོམ་ཕྲོམ་ལྷུང་ས་སོ་སོ་ཡིན། །
ཞེ་སྡུག་ལ་དྭངས་མཐའ་གང་ན་ཡོད། །

7683C284-2798-44FC-9E9D-CF22D759C040-235-0000003B8D4E7354_tmp.JPG

                                   སྐབས་ཐོག་ཅིག་ལ་སྙིང་མ་བདེ་བའི་གཏམ།

ཁྱི་ཡི་རོགས་ལ་སེང་གེ་བཤིབ་པ་དང་། །
ཤིག་གི་སྐེ་ལ་གླང་ཆེན་ཐལ་དཀར་འདོགས། །
ཕལ་བའི་ཟླ་ལ་སྐྱེས་བུ་དམ་པ་འཇོག །
ད་ལྟའི་མི་ལ་གཟའ་ཞིག་བརྒྱབ་བམ་ཅི། །
བོང་བུའི་རྩིབ་ལ་ཅང་ཤེས་རྒྱག་པ་དང་། །
བྱི་བའི་གྲལ་ལ་ཞོལ་ཆེན་གཡག་ཀྱང་འདེད། །
བླུན་པོའི་རྔ་མར་མཁས་པའི་མཚན་བྱང་འདྲེན། །
ད་ལྟའི་ལས་འདིར་ངུ་དགོད་ཅིག་ཅར་བྲོ། །

                                    ལྷ་སའི་སྲང་བར་གྱི་མཐོང་སྣང་ཁ་ཤས།

འདི་ན་རྟག་པར་ཙད་ནག་ཁོ་ན་གདུ། །
ཉི་མའི་འོག་ཏུ་སྣོད་བཅུད་གང་ཡང་ལྕི། །
ཉི་མའི་མེ་ལྕེ་ག་ས་གང་དུ་འབར། །
ཉི་གདུགས་འོག་གི་བུད་སྨད་སྒྱུ་ལུས་མས། །
ཤམ་གོས་ཡབ་ཡབ་འོག་ན་སྙིང་དུ་སྡུག །
ཐུ་སྣེ་རླུང་གིས་བསྐྱོད་ཚེ་བྲེལ་ཤ་འཆོར། །
སྐྱེས་པར་གཡེར་པྲ་སྣ་མ་སྣ་ཚོགས་བྱེད། །
ཚོད་ཚོད་གཡེར་དྲིལ་རེ་ཡང་སིལ་ཙམ་བྱེད། །
དར་དམར་དེ་ཡང་སྒྱིད་ལུག་ངང་གིས་གཡོབ། །
སྤོ་ལགས་རྨོ་ལགས་མང་པོ་སྡོང་གྲིབ་བམ། །
ཁང་གྲིབ་རེ་ལ་བརྟེན་ནས་ལྷོད་པོར་སྡོད། །
སྒོ་ཆེན་སྒོ་ཆུང་སྣ་ཚོགས་བརྒྱུད་དུས་སུ། །
ས་གློང་རྡོ་གློང་བྱས་ནས་སྙིང་རླུང་བརྩོངས། །

                                      ཡུ་གུར་མ་ཞིག་ལ་སྨྲས་པ།

མི་ཡིས་འཚུབ་རྒྱག་བྱེད་པའི་སྲང་ལམ་ནས། །
ཁྱེད་རང་མིག་གཉིས་ཁྲ་སྒོར་སྒོར་གྱིས་སླེབས། །
མིག་གི་ཐག་སྣེ་ང་ལ་དྲུད་པ་ཡིས། །
ང་རང་གློ་རྡེག་བརྩེ་བའི་ཆང་གིས་སྦྲིད། །
འཁོར་བའི་དོན་སྙིང་རབ་རིབ་ཙམ་ཡང་རྟོགས། །
སྣ་ཡི་གཟེངས་ནི་ཇི་ལྟར་མཐོ་བ་དང་། །
ཅིའི་ཕྱིར་མཐོ་སོགས་ང་ཡིས་བརྗོད་མ་ཤེས། །
བྲང་གི་ནུ་འབུར་ཟུང་ལ་ངའི་རྒྱུད་ཀྱི། །
ཆགས་པའི་ཕྱེ་ལེབ་འབུམ་ཕྲག་འཕྱོ་ཞིང་འཕྱོ། །
ཁྱེད་ཀྱི་རྒྱབ་གཟུགས་མཁའ་རླུང་དྭངས་མོར་དཔྱངས། །
ཁྱེད་ཀྱི་ལུས་དྲི་སྲང་འདིའི་མགོ་རྔ་འཐུལ། །
ཁྱེད་རང་ཆགས་ཐོགས་མེད་པར་མི་ཚོགས་ཀྱི། །
རླབས་རྩེར་སིམ་ནས་རབ་རིབ་མག་མོག་བྱེད། །

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།