གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཅོག་རོ་གཡུང་དྲུང་འགྱུར་མེད་ཀྱི་སྙན་ཚོམས་ཁག་གཉིས།

2017-10-28 10:59:30 ཅོག་རོ་གཡུང་དྲུང་འགྱུར་མེད། ཀློག་གྲངས། མཆན ཡོད།

ངོ་སྤྲོད་མདོར་བསྡུས། ཅོག་རོ་གཡུང་དྲུང་འགྱུར་མེད། གཙང་སྟོད་འཇད་མཐོང་སྨོན་དུ་སྐྱེས། ད་བར་བོད་ཡུལ་དབུས་གཙང་དང་རྒྱ་ནག་གྲོང་ཁྱེར་ཁག་ནས་སློབ་སྦྱོང་དང་འཚོ་བ་བསྐྱལ། ཉེ་བའི་ལོ་ཤས་ནང་བོད་ཁམས་དང་རྒྱལ་ནང་གང་སར་སྤྱི་ཚོགས་རྟོགས་ཞིབ་དང་ཡུལ་ལྗོངས་རོལ་བའི་ཚུལ་དུ་གཅིག་པུར་མྱུལ། ཞོར་དུ་རྩོམ་འབྲི་བ་དང་ཟས་ཞིམ་པ་འདྲ་ཟོས། ད་ཆ་དབུས་ལྷ་སར་བྱ་བ་ལས་བཞིན་ཡོད།

3F40B4DE-516C-43CE-AF84-2E414D95C720-439-000000310BF776A7_tmp.JPG

                                     འབྱུང་ཁམས་དང་ཚོར་བ།  ཁ་བ་དཀར་པོའི་གླུ་དབྱངས།

               ༡ སྨུག་ཞག

འཇང་བོད་ས་མཚམས་ཀྱི་གྲོག་རོང་ཞིག
དབུགས་ལྷེབ་ལྷེབ་ངང་རྔུབ་གཏོང་བྱེད་དུས།
སྐྱེས་མའི་མངལ་གནས་དང་།
ཕ་རྒན་གྱི་ཆང་ཕོར་དེ་དྲན་བྱུང་། 

བྱིས་དུས་རི་རྩེར་རླུང་རྟ་བཏོང་བར་འགྲོ་ཞོར།
སྨུག་ཞག་ཚོམ་བུ་ཞིག་གི་ཁྲོད་དུ་ལུས་སྟེ།
གཅེན་པོའི་མིང་ཡང་ཡང་འབོད་ཡང་།
ཁོང་ནི་ཐག་རིང་ཞིག་ཏུ་ལྕང་སྡོང་ཞིག་ལ་གྱུར།

               ༢ ཟིལ་བ།

སྨུག་ཞག་ཡལ་རྗེས།
ཟིལ་བ་རྡོག་རེ་རེ།
ཐང་ཤིང་ལོ་མའི་རྩེ་ནས་སྤང་སྟེང་དུ།
དབང་མེད་ངང་ཟགས།

ཞོགས་པའི་རི་ལྡེབས་ཞིག་ལ་འཛེག་དུས།
གོམ་སྒྲས་རྩི་ཤིང་ཀུན་གཉིད་ལས་དཀྲོགས།
ཟིལ་པ་རྡོག་རེ་རེ།
རྩྭ་ཡིས་རྐྱོང་ཤད་བྱེད་ཐེངས་གཅིག་གིས།
ཐག་རིང་དུ་བསྐྱུར།

བདག་ནི་མི་རྟག་པ་དང་བོད་ཟེར་བའི་འདུ་ཤེས་ཤིག་གིས།
ཁེར་རྐྱང་ངང་རི་འཛེག་རྒྱུར་དགའ་ལ།
ཉི་འོད་ས་གཞིར་འཕྲོས་པའི་ཞོགས་པ་དེར།
ཟིལ་བ་ཁྲི་ཕྲག་མང་པོ་དགུང་གི་སྐར་མ་བཞིན་ཆེམས།

                ༣ ཐང་ཤིང་།

གནས་ཆེན་ཁ་བ་དཀར་པོའི་འོག་གི་ཐང་ཤིང་ཁ་ཤས།
རླུང་གིས་དྲག་ཏུ་འཁྱོམ།
ནགས་བྱི་ཁ་ཤས་ཡལ་གའི་གསེང་ནས་བྲོས།

འདི་ལྟ་བུའི་འབྱུང་ཁམས་ཀྱི་སྒྱུ་ཚུལ་ཞིག
སྔོན་ནས་ད་བར།
བསྐལ་པ་མང་པོ་ཞིག་ལ་ལྷགས་མྱོང་། 

གྲོགས་པོས་ཐང་ཤིང་གི་འབྲས་བུ་ཞིག་བསྒྲུགས་ནས།
ཇི་འདྲའི་སྙིང་རྗེ་པོ།
དེབ་ཁང་གི་གྲུ་ཟུར་ཞིག་ཏུ་འཇོག་ཟེར།

 ཐོ་རངས་ཀྱི་ནགས་ཚལ་ནང་།
རྒྱུགས་ཆུ་ཕྲ་མོ་དེ་ཕུད།
སྟུག་དྲགས་པས་རླུང་ཙམ་ཡང་ཐར་དཀའ།

སྡོང་རྒན་ཁ་ཤས་ཐར་ཐོར་ངང་འགྱེལ་ནས།
རབ་རིབ་ཀྱི་རྩྭ་ཕྲན་མང་པོ་སྐྱེས།
ང་ནི་སྐྱེ་བ་སྔ་ཕྱི་དང་ལྷ་སྒྲུང་ཁ་ཤས་ཡང་དྲན་བྱུང་། 

དོག་མོ་ས་ལ་ལྷན་དུ་སྐྱེས་པའི་ཟིལ་ཤུགས་ཞིག
རྫོགས་མེད་ངང་སྐྱེད་ཞིང་འཕེལ་ལ།
ཤིང་ནགས། རི་བྲག གཙང་པོ་ཀུན་ལ་བཅོལ་ཡོད།

                ༤ བྲག་རི།

གངས་རིའི་འོག་གི་བྲག་རི་དེ་ཚོ།
ཚོས་གཞི་སྔོ་ནག་ཅན་གྱི་བདུད་རྒན་འདྲ་ཡང་།
གྱ་གྱུར་གྱི་རི་མོ་མང་པོ་ཡོད་རྐྱེན།
མ་མཁའ་འགྲོའི་གསང་ལམ་རེད་ཟེར།

བསིལ་རླུང་གིས་རྩི་ཤིང་འགུལ་ཡང་འདྲ།
འདབ་ཆགས་ཀྱིས་སྐད་སྒྲ་བསྒྲགས་ཡང་འདྲ།
སྨྲ་བ་མེད་པའི་བྲག་རི་དེ་ཚོ།
སྲིད་པ་ཆགས་ནས་ད་བར་ཁུ་སིམ་མེར་བསྡད་ཡོད།

ངས་གནས་ལུགས་ཤིག་གཞི་ནས་རྟོགས།
བཏང་སྙོམས་མེད་པའི་སྤྱི་ཚོགས་ནང་།
སྨྲ་བ་མེད་པ་དེ་ཡང་ངོ་རྒོལ་ཡིན་ལ།
སྤོབས་ཉམས་ངང་འཚོ་སྟངས་ཞིག་ཀྱང་ཡིན།

               ༥ རྦབ་ཆུ།

རྨི་ལམ་དང་མངོན་སུམ་བར།
གྲོག་རོང་ཞིག་གིས་བཅད་ཡོད།
གངས་ཆུའི་བཞུར་རྒྱུན་ནི་སྦྲུལ་སྨྱོན་བཞིན།
འབར་འབུར་གྱི་རི་བྲག་ལ་དྲག་ཏུ་རྡབ།

མཐོ་དམན་གྱི་དབར་ལ།
འབབ་ཆུ་གནམ་ནས་འཆོང་འདྲ་བ་མང་པོ་ཆགས།
རྫོགས་ཆེན་གྱི་གསང་བ་ལོན་པའི་གྲུབ་ཆེན་ཁ་ཤས།
གནས་འདིར་གསང་སྔགས་ཐེག་པའི་ཞིང་དུ་བརྩི།

རྨི་ལམ་དང་ངོན་གསུམ་བར།
ནམ་ཡང་བརྒལ་དཀའ།
སྐབས་རེར་ཨ་རག་ཤེལ་དམ་ཁ་ཤས་འཐུངས་རྗེས།
རྐང་འཁྲབ་ལག་འཁྲབ་བྱེད་བཞིན་ར་མ་བཟིའི་ཚུལ་དུ་གནས།

               ༦ བསིལ་རླུང་།

གྱོན་པ་ཐམས་ཅད་འཕུད་ནས།
རི་རྩེ་ཞིག་གི་སྒང་དུ་ལངས།
བསིལ་རླུང་མཚན་མར་འཁྲིས་དུས།
སྟོང་ཉིད་ཀྱི་སྟོང་པ་ཆེན་པོ་དེ་སྒོམ།

བོད་ཁམས་ཡངས་པའི་སྟོང་ཁམས་ནས།
རླུང་ཁ་ཤས་བྱ་རྒོད་ཀྱི་སྒྲོ་ལ་དབང་།
ངས་སྐྱེ་བ་སྟོང་བའི་གླུ་ཆུང་ལེན་ནས།
རྫོགས་མཐའ་མེད་པའི་གཏོར་བརླག་དེ་བརྗེན་པར་བཏོན།

སྐྱེ་བོ་ཞིག་བུད་རྗེས།
བསིལ་རླུང་ཞིག་རྒྱབ་ཏུ་ལངས།
དེ་ནི་དྲན་པའི་མི་ལ་བསྐུར་ཡོད་པས།
དོག་མོ་ས་དང་རྩེ་མོ་ཤིང་གིས་དཔང་རྟགས་བྱས་ཆོག

          ༢༠༡༥་༧་༢༠ བོད་ཟླ་དྲུག་པའི་ཚེས་བཞི་ཉིན་ལྷ་ལྡན་གྲོང་དུ་གུས་པའི་རྒྱ་ཡིག་སྙན་ངག་ལས་བསྒྱུར། ཁ་བ་དཀར་པོའི་གནས་སྐོར་ལས་ལོག་རྗེས་བྲིས།


                                
བརྩེ་བ་དང་བསིལ་རླུང་། 

               ༡ མཚན་མོའི་རོལ་དབྱངས།

མཚན་མོ་འདི་སྔོན་ཆད་ཀྱི་མཚན་མོ་དེ་མིན་ལ།
རོལ་དབྱངས་འདིས་ཀྱང་ཚོར་སྣང་གཅིག་པ་ཞིག་ག་ལ་སྦྱིན།
ཕྱི་མིག་འདྲ་འདྲ་བལྟས་ཀྱང་མཐོང་ཆོས་མི་འདྲ་བའི་ང་ཚོ།
སྐར་ཚོགས་འོག་ཏུ་ཁ་ཐོར་དགུ་ཐོར་དུ་ལུས།

པེ་ཅིང་དུ་ཚ་བས་མ་བཟོད་པར་གཉིད་དང་བྲལ།
བྱང་ཐང་གི་རྨི་ལམ་དུ་སྒོ་ཁྱིའི་ཟུག་སྐད་གྲགས།
ལྷ་ལྡན་གྱི་ནང་མ་ཁང་ནང་མག་མོག་གི་དུ་བ་རྔུབ།
རོལ་སྟངས་མི་འདྲ་བའི་མཚན་མོ་འདི་ཚོ་འདས་དང་འདས་ཟིན།

 ཚ་ལུ་མའི་པགས་པ་བཤུ་བཞིན་མནོ་བསམ་བཏང་མཁན་ཚོའི།
ལུས་ཀྱི་བུ་ག་རེ་ནས་གཏམ་རྒྱུད་རེ་འཁྲུངས།
མཚན་དགུང་གི་གསང་བའི་ཞིང་ཁམས་སུ་རོལ་དབྱངས་གྲགས།
བརྗོད་ཐབས་མེད་པའི་བདེ་སྡུག་ཁ་ཤས་ཆུ་རྒྱུན་བཞིན་རྒྱུག

སྒེའུ་ཁུང་འོག་ཏུ་བཏབ་པའི་སྙན་ངག་འགའ།
མཚན་མོ་གཅིག་ལ་ཡོང་རྫོགས་བཞད། དེས་མ་ཟད།
སྐྱེ་ཐེངས་གཅིག་ལ་ཐག་འཁྱུད་མེ་ཏོག་བཞིན་གང་སར་མཆེད།
ལྡུམ་རའི་ར་བ་ཞིག་ཁོ་མོའི་རྨི་ལམ་ནང་འཁྲུངས།

            ལྷ་ལྡན་གྱི་མཚན་མོའི་སྐབས་སུ། 2017/8/1

               ༢ ཁང་སྟོང་།

སུས་ཁང་སྟོང་ནང་གར་འཁྲབ་སོང་།
སུས་ཁང་སྟོང་ནང་སྙན་ངག་གྱེར་སོང་།
སུས་ཁང་སྟོང་ནང་ཆིག་ལབ་རྒྱབ་སོང་།

འཁྱག་སྒམ་དེར་སེམས་མེད།
ཉ་ཤ་ལྕགས་ཀྲིན་དེར་སེམས་མེད།
མུན་ནག་ནང་གི་རྩམ་ཟོ་དེར་ཡང་སེམས་མེད།

མིག་ཁ་ཤས་ཐོག་ནས་བལྟས།
ལག་པ་ཁ་ཤས་གྱང་ནས་བརྐྱངས།
མཚན་གང་བོར་དབྱི་རན་གྱི་གཞས་ཤིག་གྲགས།

དཔེ་དེབ་མང་པོར་མེ་འབར།
གཟུགས་མེད་རལ་གྲི་གང་སར་གཡུག །
དགྲ་ནག་པོའི་སྙིང་ཁ་ནས་ཁྲག་འཛར།

       ལྷིང་འཇགས་པའི་མཚན་མོ་འདིར་Gustavo Santaolalla གྱི་རོལ་དབྱངས་ཉན་རྗེས།    2017-9-29

               ༣ བཅོ་ལྔ་ལྷ་མོའི་གསང་བ། 

མེ་ཏོག་རྐང་གཅིག་བཞད།
དེ་ལ་བུང་བ་འཁོར།
སྦྲང་རྩི་སུ་ཡིས་མྱོང་།
བཅོ་ལྔ་ལྷ་མོས་མྱོང་། 

དྲི་བསུང་གང་ནས་ཐུལ།
སྤང་ལྗོངས་སྟེང་ནས་ཐུལ།
འགྲམ་དུ་ཁང་པ་ཡོད
འཇའ་འོད་ཁང་པ་ཡོད།

རྨི་ལམ་གང་དུ་རྨིས།
གཞལ་ཡས་ཁང་ནང་རྨིས།
རྨི་ལམ་ཇི་འདྲ་རྨིས།
ཐག་རིང་ཡུལ་ལ་སླེབས་པ་རྨིས།

སྐྱེ་བོ་སུ་ཞིག་འཕྲད།
བྱམས་པ་ཚེ་རིང་འཕྲད།
ལག་རྟགས་ག་རེ་སྤྲད།
མེ་ཏོག་ཆུན་པོ་སྤྲད།

རོལ་དབྱངས་གང་ནས་གྲགས།
སྤང་ལྗོངས་སྟེང་ནས་གྲགས།
རླུང་བུ་བསིལ་བསིལ་ལྡང་།
རྒྱུག་ཆུ་ཤག་ཤག་འགྲོ

མེ་ཏོག་བརྒྱ་ཕྲག་བཞད།
བུང་བ་སྟོང་ཕྲག་འཁོར།
དགའ་བ་འབུམ་གྱིས་མྱོས།
འཇའ་ཚོན་སྣ་ལྔ་བཞད།

མཐོ་སྒང་རླུང་གིས་བཏུམས།
འབྲོང་གཡག་ཁྱུ་དེ་འཐོར།
ས་མཐའ་སུ་ཡིས་མྱུལ།
བྱམས་པ་ཚེ་རིང་གིས་མྱུལ།

ས་གཞི་སྔས་ལ་རྒྱབ།
ཨ་སྔོན་མལ་ལ་གོན།
མེ་དཔུང་རོགས་ལ་རྟེན།
རལ་གྲི་གྲོགས་ལ་བསྒྲིག

རྨི་ལམ་ག་རེ་རྨིས།
འཇའ་འོད་གུར་ཁང་རྨིས།
ལྷ་མོ་བབས་པ་རྨིས།
མེ་ཏོག་སྤྲད་པ་རྨིས།

འཛུམ་དམུལ་གང་ནས་འཕྱུར།
སྨག་རུམ་དཀྱིལ་ནས་འཕྱུར།
ས་མཐའི་ཡུལ་ནས་འཕྱུར།
བཙགས་རླུང་ཁྲོད་ནས་འཕྱུར།

ས་གཞི་ལྷིང་ངེར་འཇགས།
འབྲོང་གཡག་ཁྱུ་དེ་འཁོར།
ཁ་ཤུལ་ཉི་མས་དྲོས།
དཔྱིད་དཔལ་དལ་བུར་སླེབས།

                       2017/5/18

                ༤ དཔྱིད་ཀྱི་སྒྱུ་འཕྲུལ།

རྒས་པོའི་ངག་སྒྲོས་གྱར་གྱུར་དུ་གྲགས་པས།
དཔྱིད་ཀྱི་ཉི་མ་དེ་བས་རིང་།
མེ་ཏོག་ཁྱེད་ལ་བཞད། རབ་ཏུ་བཞད།

བུ་མོའི་སྐྲ་ལོའི་གསེབ་ཀྱི་འཇིག་རྟེན་དེ་ནས།
དཔྱིད་ཀྱི་རྒྱལ་མོ་གྲངས་མེད་ཞིག་འཕུར།
དྲི་བསུང་ཡང་འཐུལ།

ངས་གཉིད་ལ་ཡུར་བའི་ལྷོ་ཚ་བ་རོང་ནས།
སྦྲང་རྩི་ཁོག་མ་གང་ས་ལ་བརྡབས།
གྲོགས་མ་གྲངས་མེད་ཞིག་མྱུར་དུ་འཁོར་ནས།
རྨི་ལམ་འཐུ་བཞིན་ཉི་ཧོང་གི་ཧྥུའུ་ཅི་རི་བོའི་རྩེ་ལ་ཕྱིན།

                    2017/3/21

                ༥ མཚན་མོའི་ཁྲོམ་གཞུང་། 

འུར་སྒྲས་ཁེངས།
ཐམས་ཅད་ཉུལ་ཀྱང་མ་རྙེད་པ་དེ།
རྒྱུན་ལྡན་ཀྱི་གྲིབ་མ་དང་རླུང་བུའི་ལྡང་ཕྱོགས།

སེམས་ཀྱི་མཛེས་ལྡན་ལྷ་མོ།
ཁྱེད་ཀྱི་དྲུང་ལ་བཅར་ངེས།
གར་བཞུགས་གར་ཡོད་གསུང་རོགས།

བདག་གིས་ཅེ་རེར་ལྟ་དུས།
མངོན་རྒྱུ་མེད་པའི་གཟུགས་དབྱིབས་དེ་ཁྱེད་རང་།
ཐོས་རྒྱུ་མེད་པའི་སྐད་སྒྲ་དེ་ཁྱེད་རང་།
རེག་རྒྱུ་མེད་པའི་བདེ་བ་དེ་ཁྱེད་རང་།

ཡང་སྙིང་ག་རེ་བྱས་སོང་།
ལུས་ངག་ཡིད་གསུམ་འཁྲུལ་སོང་ངམ།
སྐུ་གསུང་ཐུགས་གསུམ་འཁྲུགས་སོང་།
ཡང་ན། སེམས་ཀྱི་པད་སྡོང་བཞད་སོང་། 

མེ་ཏོག་རྒྱ་སེ་ཐོགས་པའི་ན་གཞོན་མང་པོས།
འཛུམ་དམུལ་དམུལ་ངང་།
སྲིད་ན་དཀོན་པ་ནི་བརྩེ་བ་ཁོ་ནའོ་ཞེས་སྨྲས།

                        2017/6/03

                 ༦ རྫོང་སར་ནས་བྲོ་འཁྲབ་དུས་སུ་རེ་དྲན།

སྐབས་རེར་མིག་མཐའ་བརླན་ཡོང་།
ཚོར་བ་ཟབ་པོ་ཞིག་གི་རྐྱེན་གྱིས།
སྐབས་རེར་ངག་ཀྱང་ཅུང་སྨྲ་མ་ཕོད།
རྟེན་དང་འབྲེལ་བའི་ཡ་མཚན་དེ་ཁོ་ན་བསམ། 

དེ་རིང་གཞོན་སྐྱེས་མང་པོས་གར་འཁྲབ་སོང་།
མི་ཚོགས་དབུས་ནས་ལྷང་དུ་ཁྱེད་རང་དྲན།
ཁྱེད་ལ་ཡོད་པའི་མཐོ་སྒང་གི་འཛུམ་དམུལ་དེ་མངོན་བྱུང་།
སྟངས་སྟབས་ཀྱི་སྒེག་ཉམས་ཀྱང་ཚོར།

 མགྲིན་པ་བརྣངས་བར་གྱུར་ཡང་།
བསྟུན་ཐབས་ཤིག་གི་ཆེད་དུ་འཛུམ་མུལ་ལེར་བསྡད།
པེ་ཅིང་གི་མཚེའུ་འགྲམ་ནས་སྙན་ངག་བྲིས་པ་ཨེ་དྲན།
ཤོ་ལོ་ཀ་རྗེས་མ་དེ་ངས་ཁམས་རྫོང་སར་དུ་འཐེན་ཡོད།

ཁམས་ཀྱི་ཟླ་ཆུ་དང་རྔུལ་ཆུ་གྱེན་དུ་ལྡོག་ནས།
སྙན་པའི་ངག་དེ་དབུས་ཀྱི་སྐྱིད་ཆུའི་འགྲམ་དུ་འཐེན་ངེས།
ཡང་ན་ཀླུ་ཁང་གི་མཚེའུ་འགྲམ་དང་ཡར་འབྲོག་ཀྱི་མཚོ་འགྲམ།
གང་ལྟར་ཤོ་ལོ་ཀ་ལས་གྲུབ་པའི་ལས་ཀྱི་འཕྲེང་བ་ཞིག་བསྐྲུན་དགོས།

                             2017.7.22

              ༧ སྟག་གྲུ་ཁའི་ཆར་སིམ།  

ཁྱེད་རང་གང་དུ་འགྲོ་མིན་མི་ཤེས།
འདྲུད་འཐེན་འཁོར་ལོའི་ནང་བཞུགས་པའི་གཙང་ཁུལ་གྱི་མི་ཁ།
ཁྱེད་རང་གང་ནས་ཡོང་མིན་དེ་བས་མི་ཤེས།
བུ་མོའི་མིག་ཟུར་ལས་འཕྲོས་པའི་རྣམ་ཤེས་ཀྱི་ལན་ཆགས།

ཆར་པ་སིམ་སིམ་བབ་པའི་སྟོན་མཇུག་གི་གྲང་ཟུག་དང་།
འ་འུར་ཟང་ཟིང་གིས་ཁེངས་པའི་སྟག་གྲུ་ཁའི་རྒྱ་ལམ།
ཐམས་ཅད་སྐད་ཅིག་ཏུ་བསྐྱུར་ནས།
བདག་ཉིད་བདག་གི་ཞིང་ཁམས་སུ་སྤྲོ།

མཐར་ཐུག་གི་བདེ་བ་ཁྱེད་ཀྱི་མིག་ཟུར་དེ་མིན་ལ།
ཆལ་ཆོལ་གྱི་ཇ་ཆང་དང་ཉག་ཉོག་གི་གཏམ་རྣམས་དེ་བས་མིན།
བདག་ནི་ཉི་ཧོང་གི་རོལ་དབྱངས་ཉན་ནས།
སྟོན་ལོ་སེར་པོ་དེ་ཁོ་ན་མིག་ནང་མཛེས།

བྱས་ཙང་། མི་ཁ་དེ་འདྲུད་འཐེན་འཁོར་ལོས་གཞན་སར་འཁྱེར།
ལན་ཆགས་དེ་ལམ་དུ་བཞག།
ཁོ་བོའི་རྣམ་ཤེས་རྟ་ཕོ་དེ་ཁྱེད་ཀྱིས་བརྟུལ་མི་ཐུབ་པས།
ཐང་ལ་གློད་ན་དགའ། དེ་བས་བློ་བདེ་བར་གྱིས།

                    2016/9/26


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།