གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ས་སློབ་འབྲིང་གི་སློབ་མའི་སྙན་ངག་བདམས་བཀོད།

2017-11-24 15:42:22 ནང་ཆུང་སྲིན་འབུ་སོགས། ཀློག་གྲངས། མཆན ཡོད།

1511510867995669.jpeg

                ཁུ་སིམ་གྱི་སྙེ་ཐང་།

                                      ནང་ཆུང་སྲིན་འབུ། ( ཕ་ཡུལ་ནག་ཆུ། ཚེ་རིང་ཆོས་འབྱོར།)

འོད་ཀྱིས་སྤུད་པའི་གནའ་གྲོང་སྐྱིད་ཤོད་ཀྱི་སྲུང་མ།
དུས་རབས་འདིས་སྣང་མེད་དུ་བསྐྱུར་བའི་གནས་ས། 
སྟོན་འབྲས་སྙེ་མས་ཁེངས་པའི་ཐང་ཆེན།

དགུང་ལོ་དྲུག་ཅུར་ཕེབས་པའི་སྐྱེས་ཆེན་ཞིག
ཤམ་ཐབས་དམར་སྔོའི་མུན་པ་སེལ་ནས་གནས་འདིར་གཟིམས།

དགེ་བསྙེན་ལགས།
ཁྱེད་ཀྱིས་བདམས་པའི་མི་ཆོས་ས་ཆུ་ལ་འཐིམ་ནས་བར་མེད་དུ་གྲགས་འོང་།

སྨུག་པའི་ཁྲོད་ཀྱི་མི་རྒན།
ཁྱེད་ཀྱིས་མཐོང་བའི་འབྲུག་སྒོང་ས་འདིའི་ཨ་མ་རེད།

བོད་ཀྱི་ལོ་རྒྱུས་མཛོད་ཁང་།
ཡུལ་འདིས་སྙོར་སྐྱོང་བྱས་པའི་མི་དེའི་རིག་པ་ལས་བརྡོལ།

བཤད་མི་ཚར་བའི་གཏམ་རྒྱུད་མང་པོ།
དྲན་མི་ཕོད་པའི་འདས་དོན་ཁ་ཤས།
ཁྱེད་དང་འདྲ་བར་ཁུག་ཀྱོག་དེར་ཏིང་འཛིན་ལ་བཞུགས།

སྙེ་ཐང་། སྙེ་ཐང་། ཁུ་སིམ་གྱི་སྙེ་ཐང་ལགས།

1511510833644616.jpeg

                སྨན་ཁང་ནང་དུ།  (ཞར་བཀོད་གཅིག)
 
                                     གྲོལ་མདུད། ( ཕ་ཡུལ་གཞིས་རྩེ། བསོད་ནམས་ལེགས་བཤད།) 

ཕྱི་ལོགས་ན་ཆར་པ་ཡང་སྨན་གྱི་རིལ་བུ་བཞིན་འབབ་ཀྱི།
སྒོ་མི་གཅིག་པ་རེ་ལ་རུས་མིང་ཀྱང་མི་འདྲ་བས།
སྒོ་སོ་སོ་ནི་མུན་པའམ་འོད་ཟེར་ཡང་ན་གཉིས་ཀའོ།།

འགའ་ཤས་འཆར་བ་དང་འགའ་ཤས་ནུབ་པའི་གོ་རིམ།
སྒོ་འགྲམ་གྱི་སྲུང་མིའི་འོས་འགན་བཞིན་མ་སྲུང་ན།

ནད་ཐོའི་སྟེང་ཐོ་བ་གཞུས་ཏེ་མིང་ཡིག་དེ་སེལ།
ངོ་མདོག་གྱོན་པའི་ཨང་ཀི་ཡོད་ཚད་ལྕགས་སྐུད་བཞིན་ཀུག

བསྐྱར་བཟློས་མང་བའི་སྒེའུ་ཁུང་ནས་ཅེར། 
ནམ་མཁར་ལྷན་པ་གཞན་ཞིག་བཏབ།

                 ལྕེ་དྲིལ་བ།

ཟླ་བཀྲག་གིས་བསླུས་པའི་ངོ་མདོང་རྙིང་པ་ཁ་ཤས།
མགྲོན་པོ་རྙིང་པའི་གྱོན་པ་ལྟར་འཛར་འོང་། 

སྟོན་ཁའི་དབྱིངས་ལ་མེ་ཏོག་འགའ་བཏབ།
ཁོར་ཡུག་ལ་སྦྲིད་སྨན་བརྒྱབ་རྗེས།

འཇུ་ལུང་མེད་པའི་རང་དབང་ལ་བསྙབ་རྒྱུ་ནི།
སེམས་ཀྱི་ས་བོན་ནམ་མཁའ་ལ་འཐོར་བ་ཇི་བཞིན། 

1511510811104808.jpeg

              ཉིན་ཐོ་ཐར་ཐོར།

                                      རྦབ་རྡོ། ( ཕ་ཡུལ་ནག་ཆུ། འཇིགས་མེད་སེང་གེ )

ལམ་ཟུར་གྱི་སྡོང་རྒན་མལ་གོས་སྲབ།།
ནམ་ཟླ་ཡི་ཁུར་བོ་ལྕི་རུ་ལྕི།།
སྡོང་ཟུར་གྱི་མི་ཆུང་བྲང་ཁ་འདར།།
ལུས་སྟེང་གི་རས་གོས་མཐུག་ཏུ་མཐུག།

ཕ་ཡུལ་གྱི་ལམ་ལ་ཁ་བ་ཆགས།།
ཨ་མ་ཡི་ཞབས་རྗེས་རི་རྩེར་ལུས།།
དཀར་ཕྱུགས་ཀྱི་རྨིག་རྗེས་འགྲེམ་ཤུལ་ནས།།
འཚོ་བ་ཡི་རི་མོ་ཐང་ལ་བཀྲམ།།

མཚན་མོ་ཡི་མུན་པ་སྙན་ངག་རེད།།
ལྷ་འདྲེ་ཡི་འཁྲབ་པའི་ཟློས་གར་རེད།།
ལམ་ཟུར་གྱི་གློག་སྒྲོན་འཇའ་ཚོན་རེད།།
མཚན་འགྲོ་བའི་ལམ་གྱི་རི་མོ་རེད།།

དཔེ་ཆ་ཡི་བོངས་ཚད་ཇེ་མཐུག་རེད།།
སྡོག་འོག་གི་ལམ་བུའི་ཁ་ཕྱོགས་བོར།།
ཁ་སྦུག་ཏུ་ས་ལ་མ་འགྱེལ་བར།།
ལྷམ་སྒྲོག་གི་མདུད་པ་ལྷོད་རྒྱུ་མིན།།

པོ་ཏ་ལའི་འགྲུལ་པ་ཇེ་མང་རེད།།
གྱང་ཟུར་གྱི་མཐེ་བོང་ཇེ་མཐོ་རེད།།
མ་ཎི་དང་གླུ་སྒྲ་འདྲེས་པའི་སར།།
ལྷ་ས་ཡི་རྨོ་བོའི་ཞོ་ཁོག་ཡོད།།

རྒྱ་གར་གྱི་དམག་ཞྭ་མགོ་ལ་བཏེགས།།
ཆབ་མདོ་ཡི་འཇུར་ཏ་ཞབས་ལ་ཐོག།
ཕྱིང་དཀར་གྱི་རྣམ་བུའི་འཆོར་སྤྲས་པའི།།
ཁམས་པ་ཡི་ཕོ་འདི་བདག་གི་ཕ།།

གསེར་མིག་གི་གཤོར་སྣེ་དར་གྱིས་གཅག།
ས་འོག་གི་འབུ་སྲིན་ཁ་བས་གནན།།
གྲང་ངར་གྱིས་རུས་གཟེར་སློང་བའི་དུས།།
དགུན་ཁ་ཡི་ཉི་མར་བདག་པོ་ཡོད།།

1511510749148115.jpeg

               ལུང་བསྟན།(ཞར་བཀོད་གཅིག་ཡོད)

                                      གཅུང་ཐོས་གྲོལ། ( ཕ་ཡུལ་གཞིས་རྩེ། དོན་གྲུབ་ཚེ་རིང་། )

སྨྲ་ར་འཛར་རེ་བ་ཞིག་གི་བྱ་རྨྱང་ལ་བལྟས་ན།
ཕུང་པོ་ངན་ནེ་བ་ཞིག་གི་ལོ་ཐོ་ལ་བལྟས་ན།
དུར་ཁུང་རྭ་ཅོ་འདྲ་བའི་བརྡ་ཆད་ལ་བལྟས་ན།
མུ་ཞིང་སྦར་མོ་འདྲ་བའི་སྐྱིབས་ཤོད་ལ་བལྟས་ན།
རྨི་ལམ་འཇའ་རིས་འདྲ་བའི་རྟོག་ཐག་ལ་འཇུས་ན།
གསང་བ་འོག་འགྱུ་ཅན་གྱི་དན་རྟགས་ལ་འཁྱུད་ན།
མེ་དངོ་དམར་ཟིང་ཅན་གྱི་ལོང་གཏམ་རེ་བཏུ་ཐུབ།

               པོ་ཏཱ་ལར་ལྟ་བ།

ལྷ་སའི་དཀར་ཆག་ཏུ་དོན་ལྔ་སྣོད་དྲུག་བཏབ་ནའང་།
མངའ་ཐང་གི་གབ་ཚིག་པོ་ཏཱ་ལ་ཁོ་ན་ཉིད།
ལྷ་སའི་རྒད་མོའི་ཉིན་གཅིག་གི་དུས་ཚིགས་ལ་འཇུ་དུས།
ཐོག་མ་ཉིད་ནས་ང་ཚོ་ཕྱག་རྒྱ་ཕོག་པའི་མེལ་ཚེ་བ་ཡིན་འདུག
དུས་གསུམ་གྱི་ཁ་འདར་ནས་སྨོན་པ་ཁྱོར་བ་གང་བཏེགས་རྗེས།
མི་རབས་ནས་མི་རབས་སུ་རྩམ་པའི་ཉི་ཟླ་ཞིག་འབྲི་དགོས།

1511510416114615.jpeg

                  དབྱར་གསེང་གི་ལེའུ་དང་པོ།

                                     འབྲི་བདེ་སྨྱུག ( ཕ་ཡུལ་ནག་ཆུ། མཆོག་གསལ། )
               ༡

མཐིང་མདོག་གཡུ་ཡི་མེ་ལོང་ངོགས།།
སྤྲིན་དཀར་ཤམ་བུ་འཐེན་པ་ཡི།།
བལྟས་ན་མི་ཚིམས་མཛེས་པ་སྟེ།།
ཉི་ཟླའི་བགྲོད་ལམ་བཅག་པ་ཡི།།
རྔམ་བརྗིད་སྲིད་པའི་རི་ཆེན་དེར།།
གཤོང་ཡངས་མུ་མཐའ་བྲལ་བ་དང་།།
རི་སྟོད་རྫ་ཡིས་ཕྲ་རྒྱན་བཏབ།།
དེ་ཡི་རྩེ་མོར་སྨུག་ལོང་འཁྱིལ།།
རྫ་ཆུ་སིལ་མ་ལྷུང་ལྷུང་འཇོ།།
དེ་དག་དྲན་བཞིན་འཆར་བཞིན་ངང་།།
མེ་འཁོར་ནང་ནས་བྱང་དུ་ཆས།།

               ༢

རི་རྐེད་རྩི་ཤིང་ནགས་ཀླུང་རྒྱས།།
གཡང་དྭགས་ཤྭ་གནའ་རྒོ་གསུམ་རྩེད།།
གཞན་གསོས་བུ་མོས་མགྲིན་གླུ་འཐོར།།
འདབ་ལྡན་བྱ་ཚོགས་ངག་རིག་ལས།།
དྲན་པའི་ཏིང་འཛིན་འབུད་པ་ཡི།།
མི་ཡུལ་མ་མའི་གསོས་སུ་བསྟིམས།།
བསོད་ནམས་མཐུ་ལས་གྲུབ་པ་ལགས།།
འདི་ཚོ་དྲན་ནས་བྱང་དུ་ཆས།།

                  ༣

དགའ་ལྡན་ཆུ་འཛིན་འཁྲིགས་པའི་ཀློང་།།
འདོད་འཇོ་ཆབ་ཀྱིས་ལེགས་བཀྲུས་པའི།།
སྔོ་ལྗང་སྤང་ཐང་ཡངས་མོའི་ངོར།།
པིར་རྩེ་ལས་འཁྲུངས་མེ་ཏོག་ནི།།
མཁའ་དབྱིངས་རྒྱུ་སྐར་མཚུངས་ཟླ་མེད།།
དེ་ཚེ་ཡིད་ཅན་འགྲོ་བའི་དཔལ།།
ཉམ་དགའི་རྩེད་འཇོའི་སྒྲོ་གུར་སྨིན།།
དབྱར་གསེང་བར་སྐབས་འཆར་སྣང་ཡིན།།

              ༤

ཕ་ཡུལ་བྱང་གི་ལྷུན་པོའི་ཚལ།།
རབ་མཛེས་རྡུལ་བྲལ་དྭངས་པའི་ཞིང་།།
འཕྱོ་འཕྲུལ་སྒེག་མོའི་ལང་ཚོ་བཞིན།།
འཇིག་རྟེན་མཛེས་པའི་རྒྱན་དུ་ཆེ།།
མི་ཡུལ་ཞིང་ཁམས་བྱང་དུ་ཆས།།

               ༥

དྲན་པའི་ངོས་སུ་བསྙལ་བ་ཡི།།
ཞེ་རྩ་འདང་ལ་འཁྱིལ་བ་དེ།།
མིག་གིས་འཚོས་པའི་ཕ་ཡུལ་ཡིན།།  
ཡིད་ཀྱི་བརྟན་པ་ངང་གིས་འཕྲོག།

ལྷ་སའི་སྐྱིད་ཆུ་མདུན་ནས་བཞུར།།
ལྕགས་པོ་རི་བོ་ཡོམ་ཡོམ་སྒུལ།།
རྒྱང་དུ་འཐེན་ཞིང་རྒྱང་དུ་འགྲོ།།
ཕ་ཡུལ་གསེར་གྱི་ལུང་པ་རེད།།
ང་ཡི་ནང་མི་སྤུན་མཆེད་འདུས།།

              ༦

ཁྲ་འཁྱིལ་མེ་ཏོག་དགུ་འཁྱིལ།།
མེ་ཏོག་ལྟ་བུར་བཞད་ཡོད།།
ཁྲིམས་མཐུན་བུང་བའི་ཁྱུ་ཚོ།།
རྨི་ལམ་ནང་དུ་འཕུར་བཞིན།།
སྒྱུ་མའི་ཏིང་འཛིན་དཔལ་ཡོན།།
ངོམས་མེད་ཟས་སུ་རོལ་ཏེ།།
འཁོར་བའི་གར་ལ་རྩེན་ཡོད།
ཕ་ཡུལ་བྱང་དུ་ཆས་ཡོད།།

1511510295777067.jpeg

                གྲི་ཁ་ནས་མཆེད་པའི་དྲན་གདུང་།

                                      བཙན་ཐོད། (ཕ་ཡུལ་ནག་ཆུ། བསོད་ནམས་གཡུལ་རྒྱལ།)

སེར་བ་དང་རླུང་བུ་ནི།
དུས་ཚོད་ཀྱི་ནང་ངོས་སུ་འགོས་པའི་དྲེག་པ་དེ་ཡིན་པས།
ཤ་སྟེང་དུ་ཟུག་མ་ཐུབ་པའི་ཟླ་འོད་འདི།
མ་དྲོས་ཀླུང་ཆེན་གྱི་ཁ་རླངས་དང་མཚུངས།

རྨ་ཆུ། རི་རྒྱུད་ཀྱི་ཁུད་ནས་བརྒྱུགས་ཏེ།
ལོ་མང་བྱིལ་བྱིལ་བཏང་བའི་ལོ་རྒྱུས་ཀྱི་རྡོ་བ།
ལག་འཐིལ་དུ་བཞག་ནས་ལྕེ་ཡིས་ལྡག་ལེན་གཅིག་བྱས་ནའང་།
མྱུར་བགྲོས་ཀྱི་བཞུར་རྒྱུན་རིང་མོ་ནི།
རྩྭ་རྐང་གིས་འཐེན་མ་ཐུབ་པའི་རྨུ་ཐག་དེ་ཡིན་པས།

རྨ་ཆུ་དང་འགྲོག་རྒྱུའི་སྙིང་སྟོབས་དེ་ནི།
ཨ་རག་དཀར་པོས་ཟོས་མ་ཐུབ་པའི་མཆིན་པ་དང་མཚུངས།

གངས་ལྗོངས་ཀྱི་ཁ་བ་རྡོག་གཅིག་ནི།
གསེར་ཡིག་ལས་འཕྲོས་པའི་པོ་ཏི་དང་འདྲ་ལ།
ཨ་ཡིག་དང་ཀ་ལི་ལས་འཁྲུངས་པའི་ཡིག་འབྲུ་རེ་རེ།
མུན་ནག་གིས་དེད་པའི་སྐར་མ་དང་མཚུངས་པས།
ཁྱེད་ཀྱིས། པོ་ཏ་ལའི་རྡོ་ཐེམ་དུ།
ཨ་རག་འཐུང་འཕྲོར་བསྐྱུར་ཏེ།
མི་རིགས་ཀྱི་འདུན་པ་ལ་གནོན་ཤུགས་སྤྲོད་བཞིན་ཡོད།

བོད་ཅེས་པའི་མིང་ཡིག་དེའི་བྱུང་བ་ནི།
ཕྱག་མཛུབ་ཀྱིས་མཁའ་ལ་བཀོད་པའི་རི་མོ་རེ་ངེས་ཀྱང་།
རྩལ་དང་རྔུལ་ཆུ་ལས་ཟགས་པའི་ཤ་འོད་དེས།
ལོ་རྒྱུས་ཀྱི་རྡོ་རིང་ལ་བྲིས་ཆ་གསལ་མ་ཐུབ་པས།
ཁོ་བོའི་སྲོང་བཙན་གྱི་རྐང་གདན་ལྟ་བུའི་བརྗོད་པ།
རྗེས་དཔག་གི་ཚད་མ་ལ་འཐིམས་ཐལ།

དེའི་རྐྱེན་པས།
སྦྲ་ནག་གི་གོང་ཤིང་དུ་བཏགས་པའི་གེ་སར་གྱི་དཔའ་དམ།
དུ་བས་འཇིག་གིན་པས།
དྲན་གདུང་གི་མིག་ཆུའི་སེར་རྡོག
མཐོ་སྒང་ལ་དུམ་བུར་གཏུབས་པའི་རྒྱུ།

1511510211846478.jpeg

                   ཨ་མར་རྒྱང་འབོད་བྱེད་པའི་ལེའུ།

                                           གཉན༔མེ་ལྕེ། ( ཕ་ཡུལ་ནག་ཆུ། ལྷ་དགའ།)

ལེ་དབར་སྟོང་ཕྲག་བཅད་པའི་ལྷ་ལྡན་གྱི་གྲོང་ནས།།
ནས་ཆང་ཕོར་གང་བཏུང་བས་ཨ་མ་ཉིད་དྲན་བྱུང་། །
བྱུང་རབས་སྐྱོང་རབས་གླེང་ན་མིག་ཆུ་ཡི་རྒྱ་མཚོ།།
མཚོ་མོའི་རླབས་དང་འདྲེས་ནས་དབང་མེད་དུ་འཕྱོ་སོང་། །

ལོ་འདབ་ཐུར་དུ་འཕྱང་བའི་གུག་འཁྱོག་གི་སྡོང་པོ།།
སྟོན་རླུང་བསིལ་བུའི་ལྷན་དུ་གོས་སེར་རེ་གྱོན་དུས།།
བགྲང་བྱ་དུ་མ་བུ་ཕྲུག་སྙོར་སྐྱོང་ལ་བྲེལ་བའི།།
སྐྲ་དཀར་གཉེར་མས་བཀླུབས་པའི་ཨ་མ་དེ་དྲན་བྱུང་།། 

ཚང་ཚིང་གཡུ་ལོ་རྒྱས་པའི་ནགས་ཚལ་གྱི་སྲིབ་ནས།།
གཤོག་འགྱུར་གར་ལ་མཁས་པའི་དུས་སྟོན་གྱི་ཕོ་ཉས།།
སྙན་འཇེབས་རྣ་བར་སྤྲོ་བའི་མགྲིན་གླུ་རེ་སྒྲོག་དུས།།
ཚིག་འཇམ་ངག་སྒོ་གསལ་བའི་ཨ་མ་དེ་དྲན་བྱུང་། །

ཐོས་བསམ་ལྔ་རིག་འགྲིམ་པའི་སྐྱེད་ཚལ་གྱི་ཁྲོད་ན།།
མཁྱེན་རྒྱ་མཁའ་ལྟར་ཡངས་པའི་བཤེས་གཉེན་གྱི་ཚོགས་ཀྱིས།།
བྱམས་བརྩེའི་སྤྱན་མིག་གཟིགས་ཤིང་འཆད་ཁྲིད་རེ་གནང་དུས།།
འཇིག་རྟེན་བརྩེ་བའི་བདག་པོ་ཨ་མ་དེ་དྲན་བྱུང་།།

མུ་མེད་ཐང་ཆེན་མྱུལ་བའི་ཅང་ཤེས་ཀྱི་རྟ་ཕོ།།
རྒྱང་རིང་ཕ་ཡུལ་ཕྱོགས་ལ་ཐུར་ཁ་རུ་བསྒྱུར་སྐབས། །
ལག་ན་འོ་ཟོ་འཕྱང་བའི་འབྲོག་མོ་དེའི་ཕྱག་ལ།།
དྲན་སེམས་ཡི་གེར་བཀོད་པའི་འཕྲིན་ཡིག་འདི་འཇོག་རོགས། །

གང་དྲན་དེ་ལྟར་སྦྱར་བའི་ཚིགས་བཅད་ཀྱི་འཕྲེང་བ། །
གཞན་སེམས་འགུག་པའི་བརྗོད་བྱ་ལེགས་ཐོན་རེ་མེད་ཀྱང་། ། 
རང་སེམས་གསོ་བའི་སྨན་མཆོག་དྭངས་མ་ཞིག་ལོས་ཆོག །
བསམ་བཞིན་བསམ་བཞིན་དྲན་བཞིན་དྲན་བཞིན་དུ་བསྡུས་སོ། །

1511510063246356.jpeg

                ཟད་འགྲོ་བ།

                                     འདོད་འཇོ། (ཕ་ཡུལ་གཞིས་རྩེ། བསྟན་འཛིན་བག་གྲོ།)

ཁྱོད་ལ་འཐམས་པའི་ཆོས་ཉིད་ཅིག་གིས།
སེམས་ཀྱི་གཏིང་ལ་དངངས་པའི་ཐམ་ག་ཞིག་གདབ་དགོས་བྱུང་།

ཟད་འགྲོ་བ།
གྱང་ཆག་ཞིག་དང་ལི་ཐོ་རེ་རེའི་ཁུག་སོ་ནས།
གབ་ཚིག་ནང་བཞིན་མངོན་ཆུང་གིས་གསང་བ་རེ་མ་གཏོགས།
ཐམས་ཅད་ཕག་ཏུ་ཡིབ་པའི་སྣང་བ་ཞིག་ལགས།

ཟད་འགྲོ་བ།
ནོར་བུ་གླིང་གའི་གཡུ་རྫིང་གི་བྲེ་གཞོང་ཆེན་པོ་ཞིག་སྟེ།
ལྟེང་ནས་ཕུང་འདྲ་བའི་ཉ་རོལ་སྦག་དྲི་བཞིན།
གཡོལ་ནས་གཡོལ་མུས་སུ་འགྲོ་བའི་སྣེ་ཤན་པའི་ཁ་ཡག་ཁོ་ན།
འཇིག་རྟེན་གྱི་བར་སྟོང་ལ་ཁྱོད་སྤུད་པ་ནས།
ཁྲག་གིས་བཙོས་འདྲའི་དམར་པོའི་ཕྲག་དོག་ཞིག
འཁོར་བ་ལ་ལན་མང་བཏབ་པ་བཞིན།
ཧེ་བག་དང་ཧེ་བག་གི་ལམ་ཕྲན་རེའི་གསེང་ནས།
ཁྱེད་ཀྱི་ཞལ་ངོའི་གེགས་ལ་བཅོལ་ནས་འགྱུ།

ཟད་འགྲོ་བ།
སྐད་ཆའི་ཕྱི་ནང་སློག་ཞིང་།
དུས་མཐའི་མེ་ལོང་སྔོག་ནས།
གཏུགས་ནས་སྨྲས་ཚེ།
སྒྱུ་མའི་དངན་པ་སེམས་ལ་རྒྱབ་ནས།
ནམ་ཡིན་ཡང་། མཁྲང་པོའི་གླུ་གཞས་དེ་རླུང་ལ་བསྐུར་འདོད་ཆེ། 

1511509905813257.jpeg        
           
             ཆུ་ལྷའི་ཕང་བར་བཞུད་སོང་། ཉི་འོད་འདི།


                                   སྨྱི་བུ། ( ཕ་ཡུལ་ནག་ཆུ། ཕུན་ཚོགས་བསམ་གྲུབ།)

རྒྱུས་ཡོད་ཀྱི་ལམ་ཕྲན་ཀྱག་ཀྱོག་ཅིག་བརྒྱུད་དེ།
ཞབས་རྗེས་ངོ་ཤེས་ལ་མ་ཤེས་འགའ་དེད་ནས་འགྲོ་དུས།
སྙིང་ཁམས་ཀྱི་ཟབ་ས་ཞིག་ན།
གྲང་རླུང་ངུ་བྲོ་བ་ཞིག་ལྡང་བ་རྒྱུན་འབྱམས་མིན།

རྒྱུས་མེད་ཀྱི་ལམ་བུ་ཁེར་མ་ཞིག་བརྒལ་ནས་འགྲོ་དུས།
རྐང་རྗེས་མཐོང་མ་མྱོང་བ་དག་ལ་སྣོམ་སྣོམ་བྱེད་དུས།
གལ་ཏེ་རྒྱ་ཁྱིར་བརྫུ་བའི་བསམ་པ་ཞིག་ཡོད་ན་དེ་རྒྱུན་འབྱམས་ལོས་ཡིན།

སོང་སོང་བའི་མཐར། དེད་དེད་པའི་མཐར།
གང་ཡང་ཐོབ་རྒྱུ་མེད་པར།
ཉི་འོད་གྲོང་ཁྱེར་གྱི་ཉི་འོད་ཀྱང་ཆུ་ལྷའི་ཕང་བར་བཞུད་སོང་།
དལ་གྱིས།  
ལྷ་སའི་འཁུན་སྒྲའང་འཇགས་སོང་།

མནོ་བསམ་ཞིག་བྱེད་དུས།
དེ་ལྟ་བུའི་ཆོས་ཉིད་ང་ལའང་ལོས་ཡོད།
ཡོད་ཚད། ནམ་ཟླ་འདིའི་དབང་གིས།
ཨ་ཧོ།

1511509811913005.jpeg             
             

             སྙིང་ཉེ་མ། ངས་ཁྱེད་ལ་སྙན་ངག་བྲིས་ཡོད།

                                       བྲག་རང་ཤོར། ( ཕ་ཡུལ་ཆབ་མདོ། འཇམ་དབྱངས་ཡེ་ཤེས།)

ཁྱོད་ཀྱིས་ལྟོས་དང་། ངས་ཁྱོད་ལ་སྙན་ངག་བྲིས་ཡོད།
སྙན་ངག་གི་བརྗོད་བྱ་ཁྱེད་བྱས་ནས་བྲིས་ཡོད།
སྙན་ངག་ཧ་ཅང་ཡག་པོ་ཞིག་བྲིས་ཡོད།

རྒྱུ་མའི་ཁུགས་སོ་རེ་རེ་རལ་གྲིས་བཅད་དེ་ཁྱོད་ལ་སྨྲ།
བསམ་བརྗོད་དུ་མེད་པའི་ཚོར་བ་སྟེར་རྒྱུ་བྱུང་ན།
མིག་སྙིང་སྲོག་གསུམ་སོར་སོར་བླངས་ནས།
ཁྱོད་ལ་མེ་ཏོག་གི་ཞྭ་ཆུང་ཞིག་ཀྱང་བཟོས་ཡོད་ལགས།

རིག་འཛིན་ཚངས་དབྱངས་རྒྱ་ཚོའི་ཐ་སྙད་དེ་དག
ངའི་སྨོན་ཡུལ་དགེ་ཆོས་ཀྱི་ཐ་སྙད་དེ་དག
འཇུ་མི་ཕམ་གྱི་ཐ་སྙད་དེ་དག
ཐ་སྙད་དེ་དག་གཡར་ནས།
ཁྱོད་ལ་སྙན་ངག་བྲིས་ཡོད།
སྙན་ངག་བྲིས་ཡོད།
སྙིང་ཉེ་མ།

ཁྱེད་རང་སྙན་ངག་ལ་དགའ་བས།
དཔལ་དོན་གྲུབ་རྒྱལ་གྱི་འོ་ཞོ་ལྟ་བུའི་སྙན་ངག་དེ་ཚོ།
བསྐུས་ནས་ངས་ཁྱེད་ལ་རང་མོས་སྙན་ངག་བྲིས་ཡོད།
ཁྱེད་རང་སྙན་ངག་ལ་དུངས་བས།
སེར་རྡོར་གྱི་བུ་རམ་ལྟ་བུའི་སྙན་ངག་དེ་ཚོ་ཉོས་ནས།
ཁྱེད་ལ་བཅད་གསར་སྙན་ངག་ཅིག་བྲིས་ཡོད།

ཁྱེད་རང་སྙན་ངག་རིང་པོ་ལ་དགའ་བས།
ངས་ཁྱེད་ལ་སྙན་ངག་རིང་པོ་བྲིས་ཡོད།
མི་ལ་རས་པའི་མགུར་གླུ་ལྟ་བུ་ཞིག་བྲིས་ཡོད།

དེའང་ཐུང་དྲགས་ན།
གེ་སར་གྱི་སྒྲུང་གཏམ་ལྟ་བུ་རིང་པོ་བྲིས་ཡོད།

གལ་སྲིད།
ཁྱེད་རང་སྙན་ངག་ཐུང་ངུ་ལ་དགའ་ན།
ངས་ཁྱེད་ལ་སྙན་ངག་ཐུང་ངུ་གཅིག་བྲི་ཆོག
ཚིགས་སུ་བཅད་པ་ཞིག་བྲི་ཆོག

དེའང་རིང་དྲགས་ན།
སྙིང་ཉེ་ལགས་ལྟ་བུའི་ཐུང་ངུ་ཐུང་ངུ་གཅིག་བྲི་ཆོག

1511509672662990.jpeg

                 རྐྱེན།

                                     ཀུ་མུད། (ཕ་ཡུལ་གཞིས་རྩེ། ཤེས་རབ་བསྟན་འཛིན།)

སྒེའུ་ཁུང་བརྟོལ་བའི་ཟླ་ཟེར་མོག་པོ།
མཁའ་དབུགས་གྲང་མོའི་རོལ་ཆ་རེད།
སྔུར་སྒྲ་ལྡིར་བའི་རོགས་ཟླ་ཁོ་ཚོ།
མཚན་མོ་འདི་ཡི་རམ་འདེགས་པ་རེད།

ངས་འབྲི་བཞིན་ཡོད་དེ།
མཚན་མོ་ཁ་དོག་ལ་བྱུག་ནས་འབྲི།
ཁ་སང་ལོ་ཟླ་ལ་བཏུམས་ཏེ་འབྲི།
འོན་ཏེ། ངས་བྲིས་ཚར་གྱི་མ་རེད།
མཐུག་དྲགས་པའི་མཁའ་དབུགས།
རིང་ཐལ་བའི་གཏམ་རྒྱུད།
རྨི་ལམ་བྲན་པའི་གཏེ་པོ་རེད།
དྲོས་དྲགས་པའི་མི་ཁ་དེ་ཚོས།
གྱང་གོག་དེ་ཡི་རྨང་ནས་སྒྱེལ་ན།
འཇུ་ཐག་དང་ལྕེབས་ཐག་འཛོལ་བས།
བར་གསེང་ལ་རྨི་ལམ་ཤོང་དགོས།
རྨི་ལམ་ལས་བར་ཐག་ལྡུད་དགོས།
མིག་ངོ་མི་ཆོད་པ་ལས་རྐྱེན་ཡིན་ན།
སྐད་ཆ་མང་པོ་ཨམ་ཕྲག་ནང་ཡོད་དགོས།
ལྷ་སའི་མཚན་མོ་རྨས་མ་རེད།
ལྷ་སའི་ཡོལ་བ་ཡང་ཙབ་ཧྲལ་རེད།

1511509555952551.jpeg            

               དོ་ནུབ། ངས་ཡང་བསྐྱར་ཕ་ཡུལ་དྲན།

                                    ཞུ་ཡི་ཚ་བོ། ( ཕ་ཡུལ་གཞིས་རྩེ། མིག་དམར་བསམ་སྐྱེས།)

དཀར་ལ་ནག་ཆ་ལྡན་པའི་ཟླ་བ་ཕྱེད་ཀ །
དོ་དགོང་ཡོད་ཚད་སྲོག་གི་རུམ་དུ་བཅུག་ནས།
ང་ཡིས་མཛའ་གྲོགས་དྲན་པའི་སྐྱོ་བ་མི་འབྲི།
རྩེད་གྲོགས་དྲན་པའི་ལོ་རབས་ཀྱང་མི་བཤད།

ངས་མིག་ཆུའི་ཁྲོད་ཀྱི་ཡུལ་གྱི་ཁ་དོག་བྲི་འདོད།
ཕ་ཡུལ་དུར་ཁྲོད་ཡིན་པ་འབྲི།
ཕ་ཡུལ་རང་ཡུལ་ཡིན་པའང་འབྲི།

ཕ་ཡུལ། ཕ་ཡུལ།

ཁྱེད་ཀྱི་སྨུག་ནག་ལྡན་པའི་མགོ་རས་གཙང་མར་བཤུས་ནས།
འོད་འཚེར་འཚེར་གྱི་གདོང་རིས་འཛུམ་པོ་དེ་འབྲི།
རབ་ཏུ་དཀར་བའི་གློག་འོད་ཚོམ་བུས།
མུན་པའི་འཇིགས་དངངས་མཐའ་ལ་ཕུད་པའི་དུས་སུ།
ངས་རང་ཉིད་འོད་དུ་འཚེར་བའི་མཆོད་མེ་ཞིག་ཏུ་འཛིན་ཡོད།

རྒྱ་ཡན་དུ་མཆེད་པའི་དབྱངས་རྟ་སྙན་མོ་དེས།
ཁེར་བགྲོད་ལ་སྐྲག་པའི་ཉིན་མ་དེ་ནས།
ངས་རང་ཉིད་རླུང་ནང་འཕུར་བའི་རླུང་རྟ་ཞིག་ཏུ་བརྩིས་ཡོད།

རྔམ་བརྗིད་ཕྲག་ཏུ་བཞེས་པའི་ཕ་ཡུལ།
གཙུག་ལག་ཁ་རུ་གླེང་གྱིན་པའི་ཕ་ཡུལ།
དོ་ནུབ་ཁོག་པ་དམར་ཆིལ་ཆིལ་བྲུས་ཏེ།
རང་ཉིད་ལ་གཤག་བཅོས་ཐེངས་ཤིག་བྱ་རོགས།
སྙིང་གི་རྨ་ཁ་འདི་ནམ་ཡང་གསོས་ཐབས་བྲལ་ནའང་།


རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།