གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོལ་སྨྱོན་གྱི་སྙན་ངག་བདམས་བཀོད།

2018-02-02 20:29:32 དོལ་སྨྱོན། ཀློག་གྲངས། མཆན ཡོད།


དོལ་སྨྱོན། བརྒྱད་ཅུ་གྱ་གསུམ་ཙམ་ལ་མངའ་རིས་དོལ་པོར་སྐྱེས། འབྲས་མོ་ལྗོངས་མཆོད་རྟེན་དགོན་དང་ལྷོ་ཕྱོགས་རྣམ་གྲོལ་གླིང་བཅས་ནས་ཐོས་བསམ་ཅུང་ཟད་རེ་བྱེད་སྐལ་ཐོབ། རྡོ་རྗེ་གླིང་ལྕགས་པོ་རི་བོད་སྨན་མཐོ་སློབ་ཁང་ནས་དཀའ་བཅུ་པའི་སློབ་ཚན་བཅད། 《པདྨའི་རང་མདངས》དང་"ཁ་བརྡ་"དྲྭ་རྒྱ་སོགས་སུ་སྙན་ངག་གང་མང་སྤེལ། སྒེར་གྱི་སྙན་དེབ་《དབྱངས》ཞེས་པ་ཞིག་ཀྱང་བཏོན། ད་ལྟ་འཚོ་བའི་ལས་ཞོར་དུ་"སྨྱུག་སྡེ་"སྙན་དེབ་ཀྱི་རྩོམ་སྒྲིག་པའི་འགན་འཁུར་བཞིན་ཡོད།

IMG_6952.jpg


                   གསོ་རིག་རྒྱུད་བཞི་ལ་བསྔགས་པ་པདྨ་དཀར་པོའི་ཆུན་པོ།

བཻཌཱུར་ཞུན་མའི་ཆབ་ཀྱིས་མ་བྱུགས་རབ་མཛེས་སྐུ་ཡི་རྣམ་པ་སྔོ།།
ཚངས་སྲས་ལྷ་མོ་ཁབ་ཏུ་བསུས་མིན་ཡན་ལག་དྲུག་ཅུའི་གསུང་དབྱངས་སྙན།།
ཇི་སྙེད་གནས་ལ་དེ་སྙེད་སྦྱང་མིན་དུས་གསུམ་ཤེས་བྱ་མཁྱེན་པའི་ཐུགས།།
སྨན་གྱི་བླ་མས་བདག་སོགས་འགྲོ་ཀུན་བྱང་ཆུབ་བར་དུ་རྗེས་འཛིན་མཛོད།།

གང་ཉིད་མི་ཡི་ཤ་གཟུགས་འཛིན༵་པ་གངས་ལྗོངས་འཛིན༵་མའི་ལྟོ་བ་རུ།།
སྔོན་མེད་ལེགས་བཤད་ཡོངས་སུ་འདྲེན༵་ལ་ཀུན་གྱིས་འདྲེན༵་པར་ཡོངས་བསྔགས་པ།།
སྨན་རྒྱལ་གཉིས་པ་གཡུ་ཐོག་མགོན༵་པོ་བདག་སོགས་མགོན༵་དུ་ལེགས་བསྟེན་ན།།
མ་རྨད་རྣམ་དཔྱོད་ཡོངས་སུ་རྒྱ༵ས་པའི་དངོས་གྲུབ་རྒྱ༵་ཆེར་སྩལ་ཏུ་གསོལ།།

ཤེལ་དཀར་གངས་ཀྱི་རྭ་བས་བསྐོར་བའི་སྨན་ལྗོངས་ཆོས་ཀྱི་ཞིང་ས་འདིར།།
གདུལ་བྱའི་བློ་དང་ཡོངས་སུ་འཚམ་པའི་གསོ་རིག་གཞུང་ལུགས་མང་མཆིས་ཀྱང་།།
ལེགས་བཤད་ཀུན་གྱི་འབྱུང་གནས་ཆེན་པོ་དཔལ་ལྡན་རྒྱུད་བཞི་འདི་མཐོང་ཚེ།།
སྐལ་བཟང་བདག་བློ་དང་བའི་འདབ་བརྒྱ་མ་ལུས་ཁྱོད་ཀྱི་ཕྱོགས་སུ་བསྒྱུར།།

མི་ཟད་གཏེར་གྱུར་ཆུ་གཏེར་མ་བསྲུབས་གསུམ་རྩེན་ཡུལ་ནས་བབས་མིན་ཞིང་།།
དགོས་འདོད་འཇོ་བའི་ནོར་བུས་མ་ཡིན་དཔག་བསམ་ཤིང་ལས་བྱུང་བའང་མིན།།
རྣམ་ཐོས་སྲས་ཀྱི་བང་མཛོད་ལས་མིན་ཆེ་དགུའི་སྟོབས་ཀྱིའང་བསྐྲུན་མིན་པར།།
བྷོ་ཊའི་ལྗོངས་འདིར་བདུད་རྩིས་གཏམས་པའི་འཆི་མེད་རྒྱུད་བཞི་ཞེས་པ་བྱུང་།།

དཔལ་ལྡན་རྩ་བ་ཐུགས་ཀྱི་རྒྱུད་འདི་རྒྱུད་དོན་ཀུན་འདུས་ས་བོན་དངོས།།
གསོ་དཔྱད་ལྗོན་པ་ཕྱོགས་བཅུར་རྒྱས་པ་ཀུན་ཀྱང་ཁྱོད་ཀྱི་མཐུ་ལས་བྱུང་།།
སྐུ་ཡི་བཤད་རྒྱུད་དགུང་སྔོན་དབྱིངས་ན་ལྷམ་མེར་གསལ་བའི་ཉི་ཟླ་བཞིན།།
ཚིག་དང་དོན་གྱི་རྣམ་པ་མ་ལུས་སྒྲིབ་པ་མེད་པར་གསལ་བར་སྟོན།།

དཔལ་ལྡན་མན་ངག་ཡོན་ཏན་རྒྱུད་འདི་འདོད་རྒུ་འབྱུང་བའི་ནོར་བུ་དངོས།།
དགོས་པའི་བྱ་བ་ཆེ་ཕྲ་ཐམས་ཅད་མ་ཚང་བ་ནི་གཅིག་ཀྱང་མེད།།
མཆོག་དམན་ཀུན་གྱི་དགོས་མཁོ་སྐོང་བ་ཕྱི་མ་རྒྱུད་འདི་ཕ་ལམ་འདྲ།།
འདུ་འཁྲུགས་ནད་ཀུན་ཇི་བཞིན་སེལ་ལ་ཀུན་ཏུ་ཐོགས་པའི་ཚུལ་མི་མངའ།།

དབང་པོ་མཆོག་དམན་ཀུན་གྱི་འཇུག་ངོགས་ཐུན་མོང་ཐུན་མིན་གསོ་རིག་གི།།
ལེགས་བཤད་ཀུན་གྱི་རོ་བཅུད་རབ་བསྡུས་ལུས་ཅན་ཉེར་འཚོའི་དཔྱིད་གྱུར་པ།།
བསིལ་ལྡན་ཁ་བའི་སྨན་ལྗོངས་འདི་ན་མཁས་པར་གྲགས་པ་སུ་ཡིས་ཀྱང་།།
བརྗོད་པའི་ནུས་སྟོབས་དབེན་པར་གྱུར་ཚེ་གཡུ་ཐོག་ཆེན་པོའི་ཐུགས་ལས་འཁྲུངས།།

ནད་ཀྱི་དཔུང་ཀུན་འཇོམས་པར་བྱེད་ལ་དམག་དཔོན་གོ་ཆས་སྤྲས་པ་འདྲ།།
དུས་མིན་འཆི་བ་རིང་དུ་སྤྲོད་ལ་ཚེ་མཐའ་ཡས་པའི་བདུད་རྩི་དངོས།།
ལུས་ཅན་ཀུན་གྱི་འདོད་པ་སྐོང་ལ་ཡིད་བཞིན་ནོར་བུ་དང་མཚུངས་པའི།།
རྒྱུད་ཆེན་འདི་འདྲ་དངོས་སུ་མཇལ་བ་ཨེ་མ་བསོད་ནམས་སྐལ་བ་སྦོམ།།

འཛམ་གླིང་ས་ཡི་ཡང་རྩེར་གྱུར་པ་གངས་ཅན་གསོ་བ་རིག་པ་ཡི།།
ཐུན་མོང་མིན་པའི་རྩ་ཆུའི་བརྟག་ཐབས་མུན་པ་སེལ་བའི་སྒྲོན་མེ་འདིས།།
ཕྲ་རགས་ནད་གཞིའི་རྣམ་པ་མ་ལུས་ཀུན་ནས་གསལ་བར་བྱས་ཙམ་གྱིས།།
དེང་རབས་འཕྲུལ་ཆས་ངོ་ཚས་སྐྱེངས་ནས་མུན་པའི་སྦུབས་སུ་ཡིབ་ལ་བྲེལ།།

གསོ་དཔྱད་འབུམ་གྱིས་འགྲན་ཟླ་བྲལ་བ་དཔལ་ལྡན་རྒྱུད་བཞི་སྨིན་ལེགས་མས།།
ལུས་ཅན་ཀུན་གྱི་བརྟན་པ་རབ་འཕྲོག་ཟུར་མིག་བརྒྱུད་མར་འཕངས་ཙ་ན།།
སྐྱེས་སྦྱང་ཤེས་རབ་ཕུན་སུམ་ཚོགས་པའི་རྐང་དྲུག་འདོད་པས་རབ་མྱོས་ཚེ།།
དགའ་མགུར་སྤྱོད་པའི་སྤྲོ་བ་རྒྱས་པས་སྒོ་གསུམ་དལ་གྱིས་འདུག་པ་བྲལ།།

ཆེ་བ་བཅུ་གཅིག་འོད་ཟེར་འབུམ་གྱི་སྣང་བ་ཕྱོགས་བཅུར་རབ་འཕྲོ་བའི།།
རྨོངས་པའི་མུན་ཀུན་སེལ་བར་བྱེད་པ་རྒྱུད་བཞི་ཉིན་བྱེད་དབང་པོ་དེས།།
གླིང་བཞིའི་གསོ་དཔྱད་གྲངས་ལས་འདས་པ་ནམ་མཁའ་གང་བའི་སྒྱུ་སྐར་རྣམས།།
ཟིལ་གྱིས་གནོན་པ་མངོན་སུམ་ཡིན་པས་ཕྱོགས་རིས་དབང་གིས་སྨོས་པ་མིན།།

རྟག་ཏུ་དུག་གསུམ་ཀློང་དུ་བྱིངས་ཤིང་ཚུལ་མིན་སྤྱོད་པ་ལྷུར་བླངས་མཐུས།།
བཞི་བརྒྱ་རྩ་བཞི་ནད་ཀྱིས་རབ་གཙེས་དུས་མིན་འཆི་ལ་མངོན་ཕྱོགས་ཚེ།།
འདུ་འཁྲུགས་ནད་ཀུན་ཡོངས་སུ་སེལ་ཞིང་ལང་ཚོའི་དཔལ་ཡོན་རབ་བསུ་བའི།།
གཞན་རྗེས་འཛིན་ལ་འགྲན་གྱི་ཟླ་མེད་གསོ་རིག་ཕྱོགས་མཐར་རྒྱས་པར་སྨོན།།

དེ་ལྟར་བགྱིས་པའི་རྣམ་དཀར་ཕུང་པོས་ཚུལ་འདིར་སྦྱངས་པ་མཐར་སོན་ཞིང་།།
སྨན་གྱི་བླ་དང་དྲང་སྲོང་བརྒྱད་སོགས་བརྒྱུད་པར་བཅས་པའི་དཔུང་གྲོགས་ཀྱིས།།
ལུས་དང་ཚེ་ལ་བར་དུ་གཅོད་པའི་ནད་ཀྱི་སྟོབས་ཀུན་རབ་བཅོམ་ནས།།
མཚན་ཙམ་གྱིས་ཀྱང་ངན་འགྲོའི་གདུང་སེལ་སྨན་བླའི་གོ་འཕང་ཐོབ་པར་ཤོག།

                                      01-03-2013

                      པཱ་ལགས་དྲན་པ།  

ང་རང་ལས་ཀ་མེད་དུས་ཡར་མར་ལ་འཁྱམས་བསམ་བློ་བཏང་།།
རྒྱང་རིང་ལ་བལྟས་མི་ཚོགས་ལ་བལྟས་དེ་ནས་རང་ལ་བལྟས།།
ངས་མཐོང་བའི་རང་ཉིད་དེ་ང་རང་ཡིན་ནམ་དོགས་པ་བཟས།།
ཐེ་ཚོམ་དེས་ང་རང་ཉོབ་ཏུ་བཅུག་ད་དུང་སུན་པར་བྱས།།

དེ་རིང་སྐད་འཕྲིན་ནས་ངས་པཱ་ལགས་ཀྱི་འདྲ་པར་མཇལ།།
ལ་མོ་བརྒྱ་ཕྲག་དང་གཙང་ཆབ་སྟོང་ཕྲག་ད་དུང་ཡང་།།
གངས་རི་དང་རྫ་རི་གྲངས་མེད་ཞབས་ཀྱིས་བརྫིས་པའི་ཁོང་།།
ད་ལྟའང་བཞིན་ལ་འཛུམ་གྱིས་ཁེངས་ཤིང་ཉམས་ཀྱིས་བཞུགས་འདུག།

ངེད་གཉིས་རོང་ལམ་བརྒྱུད་པའི་གཏམ་རྒྱུད་དེ་དེ་རིང་མི་འབྲི།།
ངེད་གཉིས་ཤར་ལམ་བཅད་པའི་དངོས་སྒྲུང་ཡང་འདི་ནས་མི་ཤོད།།
ཁྱེད་ཀྱི་ཞལ་གྱི་འཛུམ་མདངས་དེས་ང་རང་སྐྱིད་ནས་ཡོད་ལ།།
ཁྱེད་རང་ཡོད་པ་ཙམ་གྱིས་ང་ཡི་ཡོད་ཚད་ཡོད་གཏན་དུ་བཞུགས།།

ཁྱེད་ཀྱིས་གནང་བའི་སྦྱང་ཤིང་དེ་ད་ལྟ་ཆག་ནས་མེད་རུང་།།
ངས་ཡི་གེ་འབྲི་བཞིན་པ་ཁྱེད་ཀྱི་བཀའ་དྲིན་ཁོ་ན་ཡིན།།
ཁྱེད་ཀྱིས་ཐལ་ལྕག་དང་འགྲམ་ལྕག་གཞུས་པའི་བཀའ་དྲིན་ལས།།
ངས་ད་ལྟ་ཁྱེད་ལ་སྙན་ངག་གི་མཆོད་པ་འབུལ་བཞིན་ཡོད།།

ང་རང་ཧྥ་རན་སིར་འབྱོར་རྗེས་ལྕགས་ཀྱི་ཀ་རིང་ལ་བལྟས།།
སྐབས་དེར་ངས་ཁྱེད་རང་དྲན་ཞིང་ལྷག་ཏུ་ཨ་མ་ལགས་དྲན།།
ང་ལ་བྱམས་ཤིང་བརྩེ་བའི་ཨ་མ་ད་ལྟ་ཡོད་ན་བསམས།།
མིག་ཆུའི་ཐིགས་པ་འགའ་ལྕགས་ཀྱི་ཀ་རིང་ལ་བརྩེ་བས་གཏོར།།

ལ་ལུང་གིས་བར་ཐག་བཅད་ནའང་བརྩེ་བ་ལ་བར་ཐག་མེད་པས།།
བརྩེ་བ་ཞེས་པའི་ཡིག་འབྲུ་དེས་ང་རང་གསོན་པར་བྱས་ཡོད།།
ཁྱེད་ཀྱི་བརྩེ་བ་དང་ཁྱེད་ཀྱི་སྨོན་འདུན་ད་དུང་ཁྱེད་ཀྱི་ཐུགས་རྗེས།།
ང་རང་རྐང་པ་གཉིས་ལ་རྟེན་ནས་མི་ཚོགས་ཁྲོད་འགྲོ་བཞིན་ཡོད།།

འགའ་ཞིག་གིས་ང་རང་གནམ་ལ་བཀྱགས་ནས་བསྐྱངས་ནའང་རུང་།།
འགའ་ཞིག་གིས་ང་རང་ས་ལ་བརྡབས་ནས་གཡུགས་ཀྱང་ཆོག།
ཁྱོད་རང་ཡོད་པས་ང་རང་ཡོད་གཞན་ཅི་ཡང་མི་དགོས།།
ཕ་མ་ཡིན་ལ་གྲོགས་པོའང་ཡིན་པ་ཁྱོད་ཁྲི་ལོར་ཤོག།

                       17-09-2016

IMG_9050.JPG

                       ཨ་མའི་དུས་ཆེན་ལ་བྲིས་པའི་སྙན་ཚོམས།

             1-----ཨ་མ་འགྲེལ་བ།

ཨ་མ་ནི་གནམ་ཡིན།
ཨ་མ་ནི་ས་ཡིན།
གནམ་ས་གཉིས་ཀྱིས་ང་ཚོ་བསྐྱངས་ཡོད།
གནམ་ས་གཉིས་ཀྱིས་ང་ཚོ་བསྐྱོར་ཡོད།

ཨ་མ་ནི་འབྱུང་བ་བཞི་ཡིན།
འབྱུང་བ་བཞི་ལས་གྲུབ་པའི་གོ་ལ་ཟླུམ་པོ་འདི་ཡིན།
ད་དུང་འབྱུང་བ་བཞི་ལས་གྲུབ་པའི་རང་ཉིད་ཀྱི་ལུས་ཕུང་འདི་ཡིན།

དེ་བས་ཨ་མ་ཡོད་ན་ཅི་ཡང་ཡོད་པ་ཡིན་ལ།
ཨ་མ་མེད་ན་གང་ཡང་མེད་པར་འགྱུར་རོ།།

             2-----ཨ་མའི་བཀའ་དྲིན་དྲན་པ།

ཟླ་དགུ་ཁོག་ཏུ་ཉར་བའི་བཀའ་དྲིན་དྲན་ཡོད།
ལོ་གསུམ་པང་དུ་ཁུར་བའི་བཀའ་དྲིན་དྲན་ཡོད།
ཞིམ་དགུའི་ཟས་ཀྱིས་གསོས་པའི་བཀའ་དྲིན་དྲན་ཡོད།
འཇམ་དགུའི་གོས་ཀྱིས་གཡོགས་པའི་བཀའ་དྲིན་དྲན་ཡོད།
བྱམས་དང་བརྩེ་བས་བསྐྱངས་པའི་བཀའ་དྲིན་དྲན་ཡོད།

             3-------ཨ་མའི་དྲིན་ལན་འཇལ་བ།

ངའི་མིག་གིས་གཟུགས་མཐོང་བ་ཨ་མ་ཁྱོད་ཀྱི་བཀའ་དྲིན་ཡིན།
དེ་བས།
"མིག་གིས་སེམས་ཅན་ལྟ་ན་ཡང་།།
འདི་དག་ཉིད་ལ་བརྟེན་ནས་དག།
སངས་རྒྱས་ཉིད་དུ་གྱུར་རོ་ཞེས།།
དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ།"
ཞེས་པའི་དོན་ལ་ཅི་ནུས་ཀྱིས་འཇུག་པར་དམ་བཅས་པ་ཡིན།

ངའི་ངག་གིས་སྨྲ་ཤེས་པ་ཨ་མ་ཁྱོད་ཀྱི་བཀའ་དྲིན་ཡིན།
དེ་བས།
"སྨྲ་ན་ཡིད་ཕེབས་འབྲེལ་བ་དང་།།
དོན་གསལ་ཡིད་དུ་འོང་བ་དང་།།
ཆགས་དང་ཞེ་སྡང་སྤངས་པ་དང་།།
འཇམ་ཞིང་རན་པར་སྨྲ་བར་བྱ།།"
ཞེས་པའི་དོན་ལ་འབད་པས་འཇུག་པའི་དམ་བཅས་པ་ཡིན།

གཞན་ཡང་།
ངའི་ཨ་མ་བུད་མེད་ཅིག་ཡིན་པའི་ཆ་ནས།
ངས་གནམ་འོག་གི་བུད་མེད་ཀུན་ལ་བརྩི་བཀུར་བྱེད།
དགའ་བའི་མིག་གིས་བལྟ།
བརྩེ་བའི་འཛུམ་གྱིས་བསུ།
མཐུན་པའི་ལག་རྡང་སྦྲེལ།

            4------ཞུ་མཆིད་ཚིག་གསུམ།

ཁྱོད་ཀྱིས་བརྩེ་བས་གནང་བའི་གཡུ་བྱུར་རྐང་གསུམ་དེ།
ད་ལྟ་ངའི་སྐེ་ལ་བཏགས་མེད།
ཁྱོད་ཀྱིས་རེ་བས་བྱིན་པའི་རས་ཡུག་དམར་ཁྲ་དེ།
ད་ལྟ་ངའི་ལུས་ལ་གྱོན་མེད།

འོན་ཀྱང་ད་སྐབས།
ངས་གཡུ་བྱུར་རྐང་གསུམ་དེ་ཤིན་ཏུ་དྲན་ཅིང་།
རས་ཡུག་དམར་ཁྲ་དེ་ལྷག་ཏུ་དྲན་འོང་།

ཁྱེད་ཀྱི་ཞལ་རས་དྲན་མི་ཐུབ་ནའང་།
ཁྱེད་ཀྱི་བརྩེ་དུང་རབ་ཏུ་དྲན་འོང་།
དུས་དང་རྣམ་པ་ཀུན་ཏུ།
ཨ་མ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་ལྷག་ཏུ་དྲན་འོང་།

འོ།  ད་དུང་ཞུ་རྒྱུ་ཞིག་ལ།

ངས་ཁོ་མོ་བོར་སོང་།
ཨ་མའི་བརྩེ་དུང་གི་ཚབས་བྱེད་ཐུབ་པའི་ཁོ་མོ་བོར་སོང་།
ཨ་ཕའི་འཛུམ་མདངས་ཀྱི་ཚབས་མཚོན་ནུས་པའི་ཁོ་མོ་བོར་སོང་།

ཁོ་མོ་བོར་ཤུལ་དུ་ངས་ཁྱེད་རང་ལྷག་ཏུ་དྲན་ཡོད།
ཁོ་མོ་བོར་ཤུལ་དུ་ངས་ཁྱེད་རང་རབ་ཏུ་དྲན་ཡོད།

ཁོ་མོ་བོར་ཤུལ་དུ་ང་ནི་ནམ་ཡང་ཁེར་རྐྱང་ཡིན།
འོན་ཀྱང་ཁྱེད་ཀྱིས།
ང་རང་ཁེར་རྐྱང་གི་ཀློང་ན་སྐྱོ་བས་གཟིར་ཡོད་མ་སེམས་རོགས།

ཁེར་རྐྱང་གི་ཀློང་ནས།
ངས་ད་གཟོད་ཁོ་མོ་མཐོང་ཐུབ།
འཛུམ་མདངས་ཀྱིས་ཕྱུག་པའི་ཞལ་རས་སྒོར་སྒོར་དེ་མཐོང་ཐུབ།
བརྩེ་བས་གཏམས་པའི་སེམས་རྒྱུད་འཇམ་པོ་དེ་མཐོང་ཐུབ།

སྐབས་དེ་དུས་ནི།
ང་རང་ཆེས་སྐྱིད་པའི་སྐད་ཅིག་མའི་དུས་ཚོད་དེ་ཡིན།

             5-----ས་སྟེང་གི་བུ་ཕྲུག་ཀུན་ལ་ཞུ་བ།

ཨ་མ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་སེམས་ལ་ཟུངས་རོགས།
ཨ་མ་རྒན་མོའི་སེམས་པ་དེ་ནམ་ཡང་དྲོན་མོར་འཇོག་རོགས།

ཨ་མ་ནི་ནམ་ཡང་ཨ་མ་ཡིན་དུས།
འཇིག་རྟེན་འདིར་ཨ་མའི་ཚབས་བྱེད་ཐུབ་མཁན་སུ་ཡང་མེད་པས།
ཁྱོད་ཀྱིས་ནམ་ཡང་རང་གི་མ་རྒན་དེ།
བརྩེ་བས་སྐྱོང་རོགས།  དུང་བས་བཀུར་རོགས།

            6-------དོན་དམ་པའི་ཨ་མར་ཕྱགའཚལ་བ།

"དང་པོ་ལུས་སེམས་བྱིན་པའི་མ།།
བར་དུ་ཟང་ཟིང་འབོགས་པའི་མ།།
ཐ་མར་སྐྱེ་མེད་སྟོན་པའི་མ།།
མ་དྲིན་མོ་ཆེ་ལ་ཕྱག་འཚལ་ལོ།།"

               08.05.2016

IMG_0361.JPG

                     ང་རང་སྤྲོ་དགས་འཚོ་དོན།

མཚོ་འགྲམ་གྱི་ལམ་ཟུར་ནས་ལྕགས་རྟ་བཞོན་ཏེ་མདུན་ལ་འགྲོ་དུས།
ང་རང་སྤྲོ་དགས་བཟི་ཡོད།  བདེ་བས་ཚིམས་ཡོད།

སྐབས་འདི་དག་ལ་ངས་མིག་ཟུང་བཙུམས་ནའང་མཐོང་འོང་བ་ནི།
བརྩེ་བའི་མིག་ཟུང་ཟུམ་པ་མེད་པར་བདག་ལ་ཅེར་བའི།
སེམས་ཀྱི་དུང་བ་མངོན་ལྐོག་མེད་པར་བདག་ལ་གཏད་པའི།

བདག་གི་དཔྲལ་བའི་མིག་ཡིན་པའི།
བདག་གི་ཁོག་པའི་སྙིང་ཡིན་པའི།
བརྩེ་བའི་ཡབ་དང་གཅུང་པོ་དག་རེད།

གནམ་སྔོན་མོ་འདིས་བདག་ལ་འཕེལ་འགྲིབ་མེད་པའི་སྤོབས་པ་བསྩལ་ཡོང་།
ས་སེར་པོ་འདིས་བདག་ལ་དར་རྒུད་མེད་པའི་སེམས་ཤུགས་བསྐྲུན་ཡོང་།

བདག་གི་མགོ་བོ་དགྱེ་སའི་གནམ་ཡིན་པའི།
བདག་གི་རྐང་པ་བརྟེན་སའི་ས་ཡིན་པའི།

བརྩེ་བའི་ཡབ་དང་གཅུང་པོ་ཚོ།
ཁྱེད་ཚོ་ཡོད་པས་ད་གཟོད་ང་ཡང་སྤྲོ་དགས་འཚོ་བཞིན་ཡོད་པ་མ་ཡིན་ནམ།

                 15_01_2015

                     ཀྱེ།  སྙན་ངག་གི་ཕ་རྒན།  

                                        _______རྒན་འབའ་སྲས་ལ་ཕུལ་བ།

ཀྱེ།  སྙན་ངག་གི་ཕ་རྒན།
ང་རང་དབྱངས་ཅན་མར་དད།  དབྱངས་ཅན་མར་དད་པ་ནི།
དོན་དུ་སྙན་ངག་ལ་དད་པ་ཙམ་ཡིན།  

སྙན་ངག་ལ་དད་པ་ནི།  དོན་དུ་སྐད་ཡིག་ལ་དད་པ་ཙམ་ཡིན།
སྐད་ཡིག་ལ་དད་པ་ནི།  དོན་དུ་སྐད་ཡིག་དེའི་རིན་ཐང་ཤེས་པ་ཙམ་ཡིན།

འོན་ཀྱང་ད་ལྟའི་བར་དུ་བདུད་རྩི་བླུད་མཁན་གྱི་ལྷ་མོ་དེ་དང་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་མ་བྱུང་།

ཀྱེ།  སྙན་ངག་གི་ཕ་རྒན།
ང་རང་ཆུང་མར་གུས།  ཆུང་མར་གུས་པ་ནི།
དོན་དུ་མ་ཡུམ་ལ་གུས་པ་དང་གཅིག་མཚུངས་ཡིན།

མ་ཡུམ་ལ་གུས་པ་ནི།  མ་ཡུམ་གྱི་དྲིན་དྲན་པ་ཡིན།
ཡ་རབས་ཀྱི་ངད་འཐུལ་བ་ཡིན།  བཟང་སྤྱོད་ཀྱི་ཚུལ་མངོན་པ་ཡིན།

དེ་ལྟར་བྱུང་ན་གནམ་འོག་གི་བུད་མེད་ཀུན་ལ་བརྩི་བཀུར་ཐུབ་པ་ཡིན།
འོན་ཀྱང་ད་ལྟའི་བར་དུ་བདུད་རྩི་འཐུང་བར་འགོག་མཁན་གྱི་ཆུང་མ་ཞིག་དང་མ་ཕྲད།

ཀྱེ།  སྙན་ངག་གི་ཕ་རྒན།
ང་རང་བདུད་རྩི་འཐུང་བར་དགའ།  བདུད་རྩི་འཐུང་བར་དགའ་བ་ནི། 
དགའ་སྐྱོ་ཆགས་སྡང་ཞེས་པའི་ཡིག་འབྲུ་འདི་དག་ཡོད་པས་ཡིན།

ཡང་ན།  སྦྲང་རྩིའི་རོ་དང་སྤུ་གྲིའི་རྣོ་བཞུགས་པའི་སྙན་ཚིག་འདི་དག་ཡོད་པས་ཡིན།
ཡང་ན།  སེམས་ཀྱི་བརྟེན་ས་དང་སྙན་ཚིག་གི་འབྱུང་ས་ཡིན་པའི་"སེམས་ཀྱི་གནས་ཚང་"དེ་དྲན་པས་ཡིན།

འོན་ཀྱང་།  ང་བཟི་རྗེས་ཀྱི་སྐྱུགས་རོ་དག་ནི།  ད་དུང་ཡང་སྙན་ངག་མིན་པས།
ངས་མུ་མཐུད་ནས་བདུད་རྩི་འཐུང་དགོས།  ངའི་སྐྱུགས་རོ་དག་སྙན་ངག་ཏུ་མ་གྱུར་བར་དུ།   

ཀྱེ།  སྙན་ངག་གི་ཕ་རྒན།
ང་རང་ཁྱེད་ཀྱི་སྙན་ངག་ཀློག་པ་པོ་ཞིག་ཡིན་པའི་ངོས་ནས།
ཁྱེད་ཀྱི་དྲི་བ་དག་ལ་རང་ངོས་ནས་ལན་ཞིག་ཕུལ་བ་འདི་བདུད་རྩི་ཕོར་པ་གང་དང་ལྷན་དུ་དགྱེས་བཞེས་གནང་རོགས།

                           13-05-2016

                     ལུས་སྦྱོང་དང་སེམས་སྦྱོང་།

ངས་ལུས་སྦྱོང་ཁང་ནས་རང་གི་ལུས་པོ་བཟོ་ཁུལ་བྱས།།
རྒྱ་མོའི་རྣམ་འགྱུར་དང་ཁ་ཆེ་དེའི་སྤྱོད་པ་ད་དུང་།།
ནག་རིལ་མའི་ལྟ་སྟངས་བཅས་ཀྱིས་ང་རང་ཧད་དུ་བཅུག།
ང་ནི་ད་ལྟའང་རྩྭ་ཐང་ཆེན་པོ་ཞིག་ན་བསྡད་ཡོད་སྙམ།།

ང་རང་རྒྱུག་གཞོང་སྟེང་མདུན་ལ་རྒྱུག་དུས་མདུན་ཕྱོགས་ཀྱི།།
ཆུ་སྒམ་དཀར་པོ་དེ་གངས་རི་དཀར་པོ་ལ་འཁྲུལ་འགྲོ།།
འཁྲུལ་སྣང་དེས་ང་རང་ཤུགས་ཀྱིས་རྒྱུག་པར་སྤོབས་པ་བྱིན།།
འཐུང་ཆུ་དེས་ང་རང་གངས་ཆུ་འཐུང་བའི་ཚོར་སྣང་སྟེར།།

རྔུལ་ནག་ཅི་ཙམ་བཏོན་ན་འབྲས་བུ་མང་བ་བདེན་ན།།
ང་ནི་དེ་རིང་ཁ་རྩང་རྔུལ་ནག་འདོན་པའི་སྒང་ཡིན།།
ང་རང་ལོ་ངོ་བརྒྱད་ཅུ་བར་འདུག་པའི་ཚོད་དཔག་བྱས།།
བདེ་ཐང་དང་སྤྲོ་སྣང་ངང་འདུག་པར་ཡིད་ཆེས་བྱས་ཡོད།།

ངས་སྤྱི་རྒྱ་བཅོ་བརྒྱད་ཅན་གྱི་ལྕགས་རྡོ་བཀྱགས་དུས།།
དབུགས་རིང་དང་ལྷན་དུ་མི་ཚེའི་ལམ་བུ་དེ་དྲན་འོངས།།
ཐོད་པ་རྔུལ་ཆུས་བརླན་པ་བཞིན་འགྲོ་ལམ་ཡང་དེ་འདྲ་སྟེ།།
མ་གཞི་མི་ཚེ་ནི་རྔུལ་ཆུ་རྐྱང་རྐྱང་གིས་གྲུབ་པ་ཞིག།

རྔུལ་ནག་ཇི་ཙམ་བཞུར་རུང་བཞུར་དུ་ཆུགས་སྙིགས་མ་ཡིན།།
དབུགས་རིང་ཇི་ཙམ་ཤོར་རུང་ཤོར་དུ་ཆུགས་རླུང་རོ་ཡིན།།
ཁྱོད་རང་ཤུགས་ཀྱིས་བསྐྱོད་མདུན་ན་སྒུག་ནས་ཡོད་པ་ནི།།
རྒས་པ་དང་འཁོགས་པ་ཞེས་པའི་ཐ་སྙད་འཇིགས་རུང་དེའོ།།

ཡོད་ཚད་ས་མཐར་རྫོགས་མི་རུང་ཕ་ཡུལ་ལ་ལོག་དགོས།།
གངས་རིར་འཛེག་དགོས་གཙང་པོར་བརྒལ་དགོས་རྩྭ་ཐང་མྱུལ་དགོས།།
ལུག་ཁྱུ་བསྲུང་དགོས་རླུང་རྟ་གཏོར་དགོས་ཀི་རིང་འདེབས་དགོས།།
མེས་པོ་དྲན་དགོས་རྐང་རྗེས་བལྟ་དགོས་རང་ཉིད་འཚོལ་དགོས།།

                    09-09-2016

IMG_1935.JPG

                     བརྩེ་དུང་གི་རྨ་ཁ།

བུ་ག་མང་བའི་སེམས་པ་འདི་ཉིད་འཁྱགས་རོམ་གཏིང་གི་ཆུ་ལས་གྲང་།།
བསམ་གཞིག་སྐྱེན་པའི་ཚོར་བ་འདི་ཉིད་ཉམ་ཐག་ནད་ཀྱི་ཟུག་ལས་ལྕི།།
བདེ་དྲོད་བྲལ་བའི་ལོ་ཟླ་འདི་ཉིད་ངམ་གནག་རྒྱ་མཚོའི་གཏིང་ལས་རིང་།།
ཡོད་ཚད་ཁྱོད་ལ་ཤོར་བའི་ཉིན་ནས་ང་ཡི་འཇིག་རྟེན་གྲང་ཤུར་ཤུར།།

དམར་པོ་དབུགས་ཀྱི་རྒྱུ་བའི་རྩེ་ན་དྲན་པའི་ན་ཟུག་རླབས་ལྟར་གཡོ།།
དྭངས་གཙང་སེམས་ཀྱི་གྲུ་ཁའི་དཀྱིལ་ན་གདུང་བའི་རྨ་ཁ་རྡོ་ལྟར་སྲ།།
ལོ་དང་ཟླ་བ་ཉིན་ཞག་ཁྲོད་ན་རེ་བའི་ཁུར་པོ་རི་ལས་ཆེ།།
ལྷིང་འཇགས་བྲལ་བའི་འཁོར་ཡུག་འདི་ན་ཁེར་རྐྱང་སེམས་པ་ཆུ་ལས་གྲང་།།

ལ་ལུང་རྒྱབ་ཀྱི་ཡུལ་གྲུ་ཞིག་ན་སྙིང་སྡུག་ཞལ་རས་མཛེས་ཤིང་འཛུམ།།
དམར་ཆུང་སེམས་ཀྱི་ཟུངས་ཁྲག་དཀྱིལ་ན་དྲན་པའི་ན་ཟུག་མེ་ལྟར་མཆེད།།
ལས་དབང་བཙན་པོའི་བཀོད་སྒྲིག་འོག་ན་མིག་ཆུའི་ཐིགས་པས་མཁུར་ཚོས་བརླན།།
དབུགས་རེའི་རྩེ་ན་དབུགས་རྔ་བསྣན་ཏེ་སྡུག་གི་ཁུར་པོས་ཉིན་ཞག་སྤུར།།

ང་ཡི་འཇིག་རྟེན་དམར་པོའི་ནང་དུ་ཁྱོད་ནི་འཇིམ་སྐུ་ཆུང་ཆུང་ཞིག།
ང་ཡི་གྲུ་གསུམ་སྙིང་གི་དཀྱིལ་ན་ཁྱོད་ནི་རྒྱ་སེ་མེ་ཏོག་ཅིག།
ང་ཡི་རེ་བའི་མིག་ཟུང་ཁྲོད་ན་ཁྱོད་ནི་ཕྱེ་ལེབ་ཆུང་ངུ་ཞིག།
ང་ཡི་མི་ཚེའི་ཀྱོག་མཚམས་འདི་ན་ཁྱོད་ནི་དྲན་པའི་རྡོ་རིང་ཞིག།

ལོ་ངོ་འདི་ནི་སྙིང་སྡུག་དྲན་པའི་ཁེར་རྐྱང་སེམས་པ་གྲང་མོ་ཞིག།
ཟླ་བ་འདི་ནི་བཞུད་པར་དཀའ་བའི་ངམ་གནག་མཚན་ལྗོངས་རིང་མོ་ཞིག།
ཆུ་ཚོད་འདི་ནི་ཡོད་ཚད་ཤོར་བའི་གཞུང་ལམ་ཟུར་གྱི་སྤྲང་པོ་ཞིག།
སྐར་ཆ་འདི་ནི་གདུང་བས་མནར་བའི་ཉམ་ཐག་ནད་ཀྱི་ཟུག་རྔུ་ཞིག།

མཐོང་སྣང་ཡོད་ཚད་ཁྱོད་ཀྱིས་ཁྱབ་དུས་ང་ནི་དག་སྣང་ཕྱོགས་མེད་ཅིག།
འཆར་སྒོ་ཡོད་ཚད་ཁྱོད་ལ་ཐིམ་དུས་ང་ནི་བསམ་གཏན་མཁན་པོ་ཞིག།
འདུན་པ་ཡོད་ཚད་ཁྱོད་ལ་ཤོར་དུས་ང་ནི་བྱང་སེམས་རྣམ་དག་ཅིག།
རེ་ལྟོས་ཡོད་ཚད་ཁྱོད་ལ་བཅོལ་དུས་ང་ནི་བསམ་མེད་སྨྱོན་པ་ཞིག།

རེ་བའི་རི་མོ་སེམས་སུ་བྲིས་ཀྱང་སེམས་ཀྱི་གཏིང་ན་གཅོང་ནད་ཅིག།
དུང་བའི་མིག་ཟུང་ཁྱོད་ལ་གཏད་ཀྱང་མཁུར་ཚོས་མཆི་མས་བརླན་རོགས་ཤིག།
བརྩེ་བའི་མདའ་མོ་ཁྱོད་ལ་འཕངས་ཀྱང་སྡུག་གི་ཁུར་པོའི་སྣོན་མ་ཞིག།
ཡོད་ཚད་ཁྱོད་ཀྱི་ཕྱོགས་སུ་ཕུལ་ཀྱང་ཁྱོད་ཀྱི་འཇིག་རྟེན་གཞན་པ་ཞིག།

                            5.12.2010

                      ཁ་བའི་བུ་མོ།

ཁ་བའི་ལྗོངས་ནས་སྐྱེས་ཤིང་ས་མཐར་འཁྱམས་པའི་ཁ་བའི་བུ་མོ་ཟེར་བ་ཁོང་།། 
ང་ཡིས་ཧྥ་རན་སི་ནས་ངོ་ཤེས་ཤིང་རིམ་པས་གྲོགས་པོར་གྱུར་པ་ཞིག་རེད།། 
མོ་རང་གླུ་ལེན་པ་ལ་དགའ་ཞིང་ད་དུང་གོམ་པ་རྒྱག་པར་དེ་བས་དགའ།། 
མ་འདྲིས་ན་ཁ་མི་གྲགས་ལ་འདྲིས་ན་རྫོགས་རྒྱུ་མེད་པར་གྲགས་མཁན་ཞིག་རེད།། 

མོ་རང་སྐུ་གཟུགས་ཡག་པོ་ཡོད་པས་ཡིན་ནམ་དུག་ལོག་ཚད་ལྡན་གྱོན་པར་དགའ།། 
ཕྲ་ས་ལ་ཕྲ་ཞིང་སྦོམ་སར་སྦོམ་པའི་ལུས་པོ་དེས་མོ་ལ་སྤོབས་པ་སྦྱིན།། 
ད་དུང་མོ་ནི་འཕྲོད་བསྟེན་ཞེས་པའི་ཐ་སྙད་དེ་ལག་ཏུ་ལེན་མཁན་ཞིག་དང་།། 
རང་ལུས་འདོམ་གང་གྲུ་བཞི་ལ་བདག་པོ་སྤུས་དག་གིས་རྒྱག་མཁན་ཞིག་ཀྱང་རེད།།

མོ་རང་"སེམས་བཟང་"ཁ་པར་ལག་ཏུ་བཟུང་ནས་ནམ་ཡང་"ཀུ་ཤུ་"ཁ་པར་ལ།། 
ཁྲོ་བའི་སྡང་མིག་བགྲད་ཅིང་སྨད་ར་གཏོང་བར་ཧ་ཅང་གིས་དགའ་མཁན་ཞིག་རེད།། 
ད་དུང་ཞར་དང་ཞོར་ནས་དབྱིན་ཡིག་ཀློག་པར་སྤྲོ་སྣང་དང་དོ་སྣང་ཆེ་ཞིང་།། 
བོད་ཡིག་ཀློག་པར་དོ་སྣང་དང་སྤྲོ་སྣང་དེ་ཙམ་གྱིས་མེད་མཁན་ཞིག་ཀྱང་རེད།།  

མོ་རང་ནི་ཁ་ཁུ་སིམ་ཞིང་ལས་ལ་བརྩོན་པའི་བུད་མེད་ཚུལ་ལྡན་ཞིག་སྟེ།། 
མོ་རང་ནམ་ཡང་སྤྲོ་སྣང་དང་བདེ་སྣང་གིས་འཚོ་བར་འབད་བརྩོན་བྱེད་བཞིན་ཡོད།། 
ཞར་དང་ཞོར་ནས་རང་ཉིད་ཀྱི་མིང་ནས་བཏོན་ཏེ་ཁ་ཕོ་འཐེན་ཙམ་བྱེད་ཅིང་།། 
སྐབས་དང་མཚམས་སུ་རང་ཉིད་ཀྱིས་ཅི་ཡང་མི་ཤེས་པའི་སེམས་ཁྲལ་བྱེད་པ་ཡིན།། 

ཁྱེད་རང་ཚོས་ལྟོས་དང་མོ་རང་གི་འགྲོ་སྟངས་དེ་དངོས་གནས་ཁྱད་མཚར་ཞིག་སྟེ།། 
གོམ་ཟུང་སྤོ་བ་དང་ལྷན་དུ་ལག་ཟུང་ཡང་ཡར་མར་གཡོ་བར་བྱེད་པ་ཡིན།། 
མཚམས་རེར་ལམ་ཟུར་གྱི་ཀ་བ་དག་ལ་ལག་པ་བརྡབ་ནས་ན་ཡང་སྲིད་ལ།། 
ལན་རེར་ཉེ་འགྲམ་གྱི་མི་དག་ལ་ལག་པ་ཕོག་ནས་དགོངས་དག་ཞུ་དགོས་སྲིད།།  

ད་ལྟ་མོ་རང་རང་མགོ་ཐོན་ནས་འགྲོ་ཤེས་པ་ནི་ས་ཆ་བཞི་ལས་མེད།།
གཅིག་ནི་"སར་ཇི་"དང་གཉིས་པ་ནི་"སན་ལ་ཛ་"གསུམ་པ་དེ་"གྷག་སག་སེལ་"དང་།། 
བཞི་པ་ནི་"འོལ་དྷེ་ཕོན་ཏེ་ནི་"བཅས་རེད་གཞན་ལ་གཏན་ནས་འགྲོ་མི་ཤེས།། 
མཐའ་ན་བོད་པ་ཡོད་ཚད་འཛོམས་སའི་"ལ་ཤ་པེལ་"ལའང་གཅིག་པུར་འགྲོ་མི་ཤེས།།

མོས་རང་ཉིད་ལ་དམ་བཅའ་འགའ་བྱས་ཡོད་སྲིད་ངས་མི་ཤེས་ལ་ཤེས་པ་ནི།། 
མོ་རང་ཡར་ལ་ལངས་ནས་མི་ཚོགས་ལྷན་ཞབས་བྲོ་འཁྲབ་མི་སྲིད་པ་དེ་རེད།། 
མི་ཚོགས་ཁྲོད་ལངས་ན་མོ་རང་གནམ་ལ་ལྡིང་ཞིང་ས་ལ་ཟགས་པའི་སྣང་བ་སྟེར།། 
མོས་གཏན་ནས་མི་ཐུབ་ཅིང་འབད་དེ་མི་ནུས་པའི་བྱ་བའང་དེ་ཉིད་རེད།།

ད་ལྟ་མོ་མེ་འཁོར་འཛིན་གྱི་ཕྱེད་བཅག་དང་དྲི་བ་དྲིས་ལན་ལ་སྒུག་ཡོད།། 
ད་དུང་སྐྲ་ལོ་རིང་པོ་ཆགས་རྒྱུར་སྒུག་ཡོད་གླུ་དབྱངས་སྙན་མོ་ལེན་རྒྱུར་སྒུག་ཡོད།། 
ལས་ཀ་ལས་རྒྱུ་བུ་ལོན་སེལ་རྒྱུར་སྒུག་ཡོད་རེ་བ་དང་སྤྲོ་བས་སྒུག་ཡོད།། 
མི་ཚེར་སྒུག་ཡོད་མདུན་ལམ་ལ་སྒུག་ཡོད་ད་དུང་སེམས་ཀྱི་མི་དེར་སྒུག་ཡོད།།  

ད་ལྟ་མཚན་གྱི་ཆུ་ཚོད་དང་པོ་དང་སྐར་མ་ཞེ་གསུམ་ལ་ཏག་ཏག་སླེབས་འདུག། 
མོ་རང་གཉིད་ཀྱི་ཞིང་ཁམས་ནང་རྨི་ལམ་གྱི་ལྟད་མོ་ལ་གཡེངས་ནས་ཡོད་ངེས།། 
ང་ཡང་ཡི་གེ་འབྲི་མཚམས་བཞག་ནས་ད་ནི་ངེས་པར་དུ་གཉིད་ལ་འཇུག་དགོས།། 
སང་ཉིན་སྔ་པོ་སྔ་པོ་ལངས་ནས་སུ་ཞིག་ལ་ཞོགས་པ་བདེ་ལེགས་ཞུ་དགོས།།

                       23-09-2016

IMG_9877.JPG

             སྨན་ཁང་ལ་ཕྱིན་པའི་ལེའུ།  

ཁ་རྩང་བདག་ལ་ནད་ཅིག་ཕོག་སོང་སྨྲས་ན་ངོ་ཚ་ཉོ་བྱེད་རེད།།
ཉིན་ཤས་བར་དུ་བཙན་གྱིས་བསྡད་ཡིན་ད་དུང་སྔར་ལས་ཇེ་སྡུག་རེད།།
ད་ནི་ཅི་བྱེད་འདི་བྱེད་མེད་པར་སྨན་ཁང་ཕྱོགས་སུ་ཤར་གྱིས་བསྐྱོད།།
ཁྲེལ་དང་ངོ་ཚའི་གདོང་ལྤགས་དེ་ཡང་ཟུར་གྱི་གད་སྙིགས་ནང་དུ་གཡུགས།།

སྨན་པས་ནད་ཀྱི་ནད་ངོ་མ་ཆོད་ཁྲག་དང་གཅིན་ལ་བརྟག་དཔྱད་བྱས།།
འཁོར་ལོ་ཅན་གྱི་ཉལ་ཁྲིའི་སྟེང་དུ་ང་རང་ཛ་དྲག་ཚུལ་དུ་བསྙལ།།
ཉི་མ་གཉིས་དང་ཕྱེད་ཀའི་རིང་ལ་གནམ་ཆུ་བར་ཆད་མེད་པར་བླུགས།།
འོན་ཀྱང་བདག་གི་ནད་ངན་དེ་ནི་སྔར་ལས་ཇེ་ན་ཇེ་སྡུག་རེད།།

སྨན་པ་འདི་ཚོར་བྱ་ཐབས་ཟད་དམ་ད་ནི་ནང་ལ་ལོག་རྒྱུགས་ཟེར།།
སྨན་སྣ་འདི་ཚོ་ཆད་ལྷག་མེད་པར་མ་རྫོགས་བར་དུ་ཐུངས་ཤིག་ཟེར།།
སྨན་ཤོག་འདི་ཚོ་བོར་རླག་མེད་པར་བདག་པོ་ཡག་པོ་རྒྱོབས་ཤིག་ཟེར།།
ད་དུང་ནད་ལ་དྲག་སྐྱེད་མེད་ན་སླར་ཡང་འདི་རུ་ཤོག་ཅིག་ཟེར།།

ད་ནི་ཅི་ཞིག་བྱས་ན་ཡག་གམ་བདག་ཡིད་སོམ་ཉིའི་དྲ་བར་ཚུད།།
ལག་པ་གཉིས་པོ་མཆན་དུ་བཅུག་ནས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་།།
རྒྱུ་རྐྱེན་ན་ལུགས་གང་ལ་བལྟས་ནའང་ཡག་རྟགས་གཏན་ནས་མི་འདུག་པས།།
ལྷ་དང་བླ་མར་གསོལ་བ་བཏབ་ནས་དྲག་སྐྱེད་ཡོང་བའི་སྐྱབས་འཇུག་ཞུས།།

བྱ་ཡི་ལོ་ལ་བྱ་ནད་ཕོག་པ་ལྟས་ངན་མིན་ན་གང་ཞིག་རེད།།
ལྟས་ངན་བརྒྱད་ཅུ་གྱ་གཅིག་དེ་ལ་ཟློག་པ་བརྒྱད་ཅུ་གྱ་དགུ་བརྒྱབ།།
རག་ཤའི་འཕྲེང་བ་ཤུགས་ཀྱིས་འཕུར་བཞིན་ཀི་ལི་ཀི་ལའི་དྲག་སྔགས་བཟླས།།
ཡུང་བ་དཀར་ནག་ཁྲ་གསུམ་བསྲེགས་པའི་དུ་བས་ཁང་ཆུང་གང་བར་བྱས།།

མདང་གསུམ་ཉལ་བའི་རྨི་ལམ་ནང་ན་ཆོས་སྐྱོང་སྲུང་མ་འཁྲུགས་འདུག་ཟེར།།
བླ་སྤྲུལ་དག་ལ་སྐུར་བ་བཏབ་པའི་རྣམ་སྨིན་འབྲས་བུ་འཁོར་འདུག་ཟེར།།
སྔོན་ཆད་རྒྱབ་སྐྱུར་ཕྱིན་ཆད་སྤང་བླང་བྱེད་པའི་དུས་ལ་བབས་འདུག་ཟེར།།
ད་དུང་ངན་པ་ལང་ཤོར་བྱས་ན་ལྟད་མོ་རྗེས་ནས་མཐོང་ཡོང་ཟེར།།

ད་ནངས་ཞོགས་པ་གཉིད་ལས་སད་དུས་སྙིང་གི་འཕར་སྒྲ་ཇེ་ཆེ་རེད།།
ལུས་ཀྱི་སྟོད་སྨད་བར་གསུམ་ཚང་མ་རྔུལ་ཆུས་བརླན་ནས་རློན་པ་རེད།།
མདང་གསུམ་རྨིས་པའི་རྨི་ལམ་དེ་ཡང་དྲན་པའི་ངོགས་ན་འཁྲིགས་སེ་རེད།།
ངོ་མ་ཡིན་ནམ་རྣམ་རྟོག་རེད་དམ་སེམས་ཀྱི་དོགས་པ་ཇེ་མང་རེད།།

དལ་བ་དལ་བུར་ཁྲོམ་ལ་ཕྱིན་ནས་ཨ་རག་དམ་བི་ཁ་ཤས་ཉོས།།
པོ་ཏ་ལ་ཡི་གཟིམས་སྤོས་དེ་ལ་མེ་ཞིག་སྒྲོན་ནས་དུ་བ་བདུགས།།
འབྲས་རྡོག་འགའ་ཞིག་གནམ་ལ་གཏོར་ཞིང་སེ་གོལ་རེ་ཡང་ཤུགས་ཀྱིས་གཏོགས།།
མིག་གཅིག་མ་དང་མིག་སྟོང་སོགས་ལ་སྡོང་གྲོགས་དགོས་པའི་སྐྱབས་འཇུག་ཞུས།།

དཀར་སེར་དམར་ལྗང་སྲུང་མདུད་ཡོད་ཚད་སྐེ་དང་དཔུང་པར་འདོགས་རྐྱང་བྱས།།
སྨན་གྲུབ་ཕྱག་ནས་གང་ཡོད་ཐམས་ཅད་ཐེ་ཚོམ་མེད་པར་ཟ་རྐྱང་བྱས།།
ཚ་སྦྱོར་གྲང་སྦྱོར་མང་སྦྱོར་གང་ཡོད་ཆུ་ལ་སྦངས་ནས་འཐུང་རྐྱང་བྱས།།
སྐྱབས་འགྲོ་གསོལ་འདེབས་གང་ཤེས་ཐམས་ཅད་ཡིད་གཉིས་མེད་པར་འདོན་རྐྱང་བྱས།།

ད་ནི་སྲིད་གསུམ་དགྲ་རུ་ལངས་ཀྱང་ང་རང་སྣང་དག་ཁྱོན་ནས་མེད།།
བྱ་ཡི་ལོ་ལ་བྱ་བཞིན་འཕུར་དགོས་ང་རང་གྲ་སྒྲིག་ཨང་གསར་ཡིན།།
རྣམ་རྟོག་ལངས་པའི་ནད་ངན་དེ་འདྲ་སུ་ལའང་ན་བར་མ་གྱུར་ཅིག།
རྒྱུ་འབྲས་མེད་པའི་ནད་ངན་དེ་འདྲས་སུ་ལའང་གནོད་པར་མ་གྱུར་ཅིག།

                       17-03-2017

             ལག་སྟོང་རུམ་ལ་བཅུག་ཡོད།

ཡ་གི་ལྷ་ཡི་ཡུལ་ལ།།
ལྷ་མོ་བལྟ་རུ་ཕྱིན་པས།།
ལྷ་མོའི་རྐང་རྗེས་མ་གཏོགས།།
ཞལ་རས་མཐོང་སྐལ་མ་བྱུང་།།

ལྷ་དེ་དབང་པོ་བརྒྱ་བྱིན།།
ལྷ་མོ་འབུམ་གྱིས་བསྐོར་འདུག།
གཅིག་གི་གསོལ་རས་ཞུས་པས།།
ཁྲོས་པའི་སྡང་མིག་བགྲད་བྱུང་།།

ཁྲུས་ཀྱི་རྫིང་བུའི་ནང་དུ།།
གཅེར་ཉལ་བྱེད་པའི་ལྷ་མོ།།
དེ་དག་མཐོང་བའི་མོད་ལ།།
བདག་གི་སྲོག་རྩ་འགག་འགྲོ།།

ལྷ་བུ་མདོག་ངན་རེ་ལ།།
ལྷ་མོ་སྟོང་གིས་བསྐོར་འདུག།
མི་བུ་གསར་རྫིག་ང་ལ།།
གཅིག་གི་སྐལ་བ་མ་བྱུང་།།

རེ་བ་རུམ་གང་ཁྱེར་ནས།།
ལྷ་ཡི་ཡུལ་ལ་ཕྱིན་མོད།།
ཡིད་ཆད་སྟོང་གིས་མནར་གྱིན།།
མི་ཡི་ཡུལ་ལ་ལོག་ཡོད།།

མ་གི་ཀླུ་ཡི་ཡུལ་ལ།།
ཀླུ་མོ་བལྟ་རུ་ཕྱིན་པས།།
ཀླུ་མོའི་སེང་རས་མ་གཏོགས།།
མྱོས་བུམ་མཐོང་སྐལ་མ་བྱུང་།།

ཀླུ་རྒྱལ་གཙུག་ན་རིན་ཆེན།།
ཀླུ་མོ་སྟོང་གིས་བསྐོར་འདུག།
གཅིག་གིས་སྐྱབས་འཇུག་ཞུས་པས།།
ནད་ཀྱི་ཁ་རླངས་བཏང་བྱུང་།།

ཀླུ་ཡི་ཁང་བཟང་ནང་དུ།།
ཀླུ་མོ་སྟོང་ཕྲག་ཁྲི་ཕྲག།
གཅེར་རྒྱུག་བྱེད་པ་མཐོང་དུས།།
མཇེ་རྒན་གནམ་ལ་ལང་འགྲོ།།

ཀླུ་མོ་སྟོང་གི་མཚན་མ།།
བེད་སྤྱོད་མེད་པར་རུལ་འདུག།
ཀླུ་རྒྱལ་སེར་སྣ་ཆེ་བས།།
གཞན་ལ་སྤྱོད་སྐལ་མི་སྟེར།།

ཀླུ་མོ་ཨེ་རག་བསམས་ནས།།
ཀླུ་ཡི་ཡུལ་ལ་ཕྱིན་མོད།།
ནད་ངན་རུམ་གང་ཁྱེར་ནས།།
རང་གི་གནས་སུ་ལོག་ཡོད།།

ལྷ་མོ་སྟོང་གི་མྱོས་བུམ།།
འཕུར་མཁན་མེད་པར་ལུས་འདུག།
ཀླུ་མོ་སྟོང་གི་མཚན་མར།།
སྤྱོད་མཁན་མེད་པར་རུལ་འདུག།

             14-04-2013

            འདོད་པ་དང་ཆགས་པ་འདྲེས་པ།

སྟག་ཤར་གཞོན་པའི་མཇེ་ཤུབས་སྟེང་དུ་དབྱངས་གསལ་སོ་བཞིས་ཁྱབ་པར་ཤོག།
སྨན་ཆུང་བུ་མོའི་བྷ་གའི་ནང་དུ་འཇམ་དང་དྲོད་ཀྱིས་འཛུལ་བར་ཤོག།

ན་གཞོན་མཛེས་མའི་ནུ་ཤུབས་སྟེང་དུ་ཀ་ཁའི་མཛེས་རིས་ངོམ་པར་ཤོག།
ཤ་དང་ཡི་གེའི་མཛེས་གཟུགས་གཉིས་པོ་ཕན་ཚུན་ལྷན་ཅིག་འཐབ་པར་ཤོག།

བུ་མོ་དེ་ཚོའི་ཆུ་རས་སྟེང་དུ་བོད་ཀྱི་ཡི་གེ་འབྲི་བར་ཤོག།
གཡའ་ཆུ་ཆགས་ཆུ་འབྱར་བག་ཅན་དེས་རྟག་ཏུ་བརླན་ཅིང་གནས་པར་ཤོག།

གསང་སྤྱོད་ནང་གི་གཙང་ཤོག་སྟེང་དུ་ཀ་ཁ་ག་ང་འབྲི་བར་ཤོག།
མཛེས་མའི་འོག་གི་ཨི་ཁུང་དེ་ཚོ་བརྩེ་དང་འཇམ་གྱིས་ཕྱི་བར་ཤོག།

འགྱིག་དང་ཤིང་གི་ཕོ་མཚན་སྟེང་དུ་"སྟོབས་"དང་"ཤུགས་"ཞེས་འབྲི་བར་ཤོག།
འདོད་ཆགས་ཅན་གྱི་བུ་མོ་དེ་ཚོ་འདོད་པས་རྒྱལ་ཞིང་མྱོས་པར་ཤོག།

མིས་བཟོས་མཛེས་མའི་མོ་མཚན་སྟེང་དུ་"དྲོད་"དང་"དམ་"ཞེས་འབྲི་བར་ཤོག།
འདོད་པས་མྱོས་པའི་སྨྱོན་པ་དག་ལ་འདོད་པའི་དངོས་གྲུབ་སྩོལ་བར་ཤོག།

དམར་ཆུང་བྱ་ལེའི་རྩེ་མོ་དེ་ན་"ཁྱོད་ལ་དགའ་"ཞེས་འབྲི་བར་ཤོག།
དམར་ཆུང་ལྕེ་ཡི་རྩེ་མོ་དེ་ཡིས་བརྩེ་དང་ཆགས་པས་བལྡགས་པར་ཤོག།

བྲང་གི་ནོར་བུ་ཆ་འགྲིག་སྟེང་དུ་"འདོད་"དང་"ཆགས་"ཞེས་འབྲི་བར་ཤོག།
འཇམ་མཉེན་ལག་པའི་སོར་མོ་བཅུ་ཡིས་དལ་དང་ཤུགས་ཀྱིས་ཕུར་བར་ཤོག།

                     23-04-2017


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།