གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་དོན་ཉིའི་སྙན་ངག་བདམས་བཀོད།

2018-04-27 10:06:38 ཨ་དོན་ཉི།(ཨ་རི) ཀློག་གྲངས། མཆན ཡོད།

IMG_0796.JPG

                     དྭ་ལི།

གནམ་གྱི་ཀ་བ
སྤྲིན་གྱི་དུ་བ
འདུ་ཤེས་ལྕགས་ཀྱིས་བརྡུངས་པའི་ཁེར་རྐྱང་གི་སྲོག་ཆགས
རང་དབང་འཆི་འཕོས་བཞེངས་པའི་ས་འོག་གི་རོལ་མོ
ཁྱོད་ཀྱི་རྨིག་ཞབས་སུ  རི་བོ་ཞིག་མནན་ཡོད
ཁྱོད་ཀྱི་སྒལ་གཞུང་དུ འཛམ་གླིང་ཞིག་ཁུར་ཡོད
མུན་ནག་ལ་གདོང་ཀ་གཞུ་ཕོད་པའི་ཟེ་བ་མཐོན་པོ
དབང་ཆས་ཡོངས་སུ་མ་ཐུལ་པའི་གཅེས་ཕྲུག་དྭ་ལི

                             ༢༠༡༧/༨/༩

                      འཆར་ཡན་གྱི་གཟུགས།

སྤྲིན་པའི་རྩིག་ལྡེབས་སུ་འཕྱོ་བའི་རྟ་མགོ
གཙང་པོའི་བྲག་གསེབ་ཏུ་མཆོང་བའི་རི་དྭགས
རྩྭ་ཆུ་དང་ནགས་རི་རྗེས་སུ་ཁྲིད་པའི་ཡུལ་བྱོལ་བ
མེས་པོ་དང་གླུ་སྐད་མཚོ་ལ་སྟེར་བའི་བྱ་རྒོད་ཚེ་ཐར
ས་རུབ་ཁར
རི་བོ་ཕྲག་ལ་འཕངས་ནས་གྱེན་ཏུ་འགོས
གྲིབ་གཟུགས་རྐང་མགོར་བཏགས་ནས་ནང་ལ་ལོག

                             ༢༠༡༧/༧/༡༠

                      གློག་བརྙན་དེ།

ཆུ་བོ་བྲུག་བྲུག རི་བོ་ཉིལ་ཉིལ
དཔའ་རྟུལ་ཚོའི་སྐད་སྒྲ་མཚོ་ལ་འཇགས་སོང
འཁྲབ་སྟོན་པའི་རྐང་སྒྲུང་ཆུ་ཡིས་བསུབས་སོང

ཆུའི་གཉེར་མ་ཁྲི་ཕྲག་གི་རྡུལ་ལ་ཐིམ་པའི་འབོད་སྒྲ
ཆོ་འཕྲུལ་གྱི་བྲག་གཡང་ལ་དཔྱངས་འདུག

གློག་བརྙན་དེས
ཤེས་རབ་ཀྱི་གཡུལ་འཛིང་ཐེངས་གཅིག་བརྒྱབ་རྗེས
གྲུ་ཐོག་གི་ཐལ་རྡུལ་སྤྲུག་སྤྲུག་འགའ་བྱས
རྣམ་ཤེས་ཀྱི་འཕག་འཚག་རེ་རེ་གྲུ་མགོར་བཏགས

དེ་ཤེད་ཅིག་ལ
ས་ཆེན་གྱི་སྤོ་ན་འགྱིངས་པའི་གངས་ཧི་མ་ལ་ཡར
མིའི་རིགས་ཀྱི་ལག་ཟུང་གཟེད
འཆི་གསོན་གྱི་བྲང་ཁ་ལྡིར

ཉི་མའི་རལ་བ་བརྒྱངས་པའི་གངས་ཞོལ་དེ་ནས
བོད་ཡུལ་མཚོན་པའི
འཁོར་ལོ་བསྐོར་བའི་ཨ་ཕྱི་བགྲེས་མོ་ཞིག་ག་ལེར་བུད་བྱུང
ཨ་ཕྱིས་ཁེར་རྐྱང་གི་གངས་རིར་འཛུབ་མོ་ཀེར་བ་ན
གློག་བརྙན་ནང་གི་འཁྲབ་སྟོན་པ་དག
ཨ་ཕྱིའི་རྗེས་སུ་ཐོན་སོང

                    ༢༠༡༨/༢/༢༡

                       སྤྲང་པོ།

                             —སྤྲང་པོ་ངོ་མ་ཞིག་ལ་ཕུལ་བ།

གྲིབ་མའི་ནང་གྲིབ་མ་སྐུང་བའི་མི་ཚོགས
འདུ་ཤེས་ལ་གཤག་བཅོས་བྱས་པའི་སེམས་ཅན
ཁང་བརྩེགས་ཀྱི་བྲག་རོང་ངོས་སུ་ཧང་འགྲོས་ཀྱིས་གཤར་དུས
ཞི་བའི་མིག་ཟུང་འགུལ་བའི་སྤྲང་པོ
རྒྱ་སྲང་གི་རྡོ་གཅལ་སྟེང་ཙོག་སྟེ
མི་ཁོམ་པའི་གནས་སུ་བརྩེ་གདུང་གིས་ཅེར
སྤྲང་པོས གྲིབ་མ་ཁྲི་སྟོང་གི་འགྲོ་འོང་ལ་སློང་མོ་བྱས

སྣོད་སྟོང་འགའ་མདུན་དུ་བཤམས་པའི་སྤྲང་པོ
"ཟས་རིན་ལས་ཅི་ཡང་མི་སློང་”ཞེས་པའི་འཕྲེད་དར
མིའི་རིགས་ཀྱི་ཞོགས་པ་བསུ་བའི་ཐོ་རངས་དཀར་པོ
"རྟོགས་སད་ཀྱི་ཉམས་མགུར་"གྱེར་བའི་བོད་ཀྱི་མི་ལ་རས་པ་བཞིན
མི་གཤིས་ཀུན་སྤྱོད་ཀྱི་ཡང་རྩེར་འཕགས

ལུས་ངག་ཧ་ཅང་བཙུན་པའི་སྤྲང་པོ
གད་སྙིགས་ཀྱི་ཟོ་བར་ཁེན་ནས་ཅི་མི་སྙམ
བྱ་གླག་གི་ལྡིང་སྐོར་དང་མི་ཚོགས་ཀྱི་འུར་ཟིང་ལ་ཅི་མི་སྙམ
"མཛེས་མའི་ཐུགས་དང་འགལ་བའི་"རིག་འཛིན་ཚངས་དབྱངས་རྒྱ་མཚོ་བཞིན
བུད་མེད་དང་ཕྱུག་བདག་ཚོའི་འཕོངས་ཚོས་ལ་ཅི་མི་སྙམ

ཉི་མའི་ཁྲུས་ལ་རོལ་བའི་སྤྲང་པོ
རླུང་དང་སེར་བས་བྱུང་རྒྱལ་དུ་ཁུར་བའི་སྙན་འཇེབས་ཀྱི་རོལ་མོ
འདམ་དང་རྡུལ་གྱིས་བཀྲུས་པའི་ལྷ་སྐུ་གསོན་པོ
ཉི་མ་དྲོ་དུས
དཔེ་མཛོད་ཁང་ནས་དཔེ་ཀློག་རེ་བྱས་ནས་ལོག་འགྲོ
ཟ་ཁང་དག་ནས་ཟས་ལྷག་རེ་རྒུམ་ནས་ཐོན་འགྲོ
མི་མང་གི་རྡོག་ཞབས་སུ་མནན་པའི་སྤྲང་པོ
རྒྱ་སྲང་གི་གད་སྙིགས་ཁྲོད་བསྣར་བའི་བྱ་བྲལ་བ
ཆོག་ཤེས་ཆེན་པོས་མི་ཚོགས་ཀྱི་ལྡོག་ཕྱོགས་སུ་བཞུར
བརྩེ་བ་དག་མོས་གྲོང་ཁྱེར་གྱི་སྲང་མདོ་ན་བཤུམས

བདག་པོ་མེད་པའི་སྤྲང་པོ
དགྲ་ཡ་དཀོན་པའི་སྤྲང་པོ
ཨ་རིའི་སྤྲང་ཁྲིམས་གཙུག་ཏུ་བཀུར་བའི་འདུལ་འཛིན་པ
གཙབ་རལ་དུ་གྱུར་བའི་དོར་མའི་འོག་ན་མེ་རུ་ཁོལ
རྫིང་དྲི་འཐུལ་བའི་བཤང་གཅིའི་ཁྲོད་ན་འོད་དུ་འཚེར

                              ༢༠༡༧/༥/༢༨

                     ཆུང་འདྲིས་མིན་པའི་བག་ཆགས།
               

                    ༡
ཁྱེད་རང་་ཐེངས་གཅིག་འཛུམ་ཆེད
སྐད་ངག་སྙན་པོ་མེད་ཀྱང་གཞས་ཤིག་བཏང་དགོས་ཐུག་སོང
རྐང་པ་གྱོལ་བོ་ཡིན་ཡང་གར་ཞིག་འཁྲབ་དགོས་བྱུང་སོང
ཡོལ་རྒྱབ་ནས་ཅི་ཞིག་བཤད་རྩིས་བྱས་ཀྱང
མར་རྩམ་ལྟ་བུའི་སྐད་ཆ་ཞིག་ད་དུང་ཤོད་མེད་པ་འདྲ

                    ༢
ཆུང་འདྲིས་མིན་པའི་བག་ཆགས
ཕོ་ཚོད་ཀྱི་རྨི་ལམ་ལ་བཀལ་བའི་རལ་བའི་གདེངས་ཀ
གློ་རྡེག་གས་པའི་ས་ཆེན་གྱི་དབྱངས་དང་འདྲ་བོ་འདུག
སྐབས་འདིར་ཟླ་བ་མཁའ་ནས་ངུ
མུ་ཏིག་ས་ལ་གདལ

                    ༣
གཏམ་རྒྱུད་ཀྱི་ཛ་དྲག འཇའ་ཚོན་གྱི་ལན་བུ
འཕྲུལ་སྣང་གི་ལྡེབས་སུ་སྐྱེས

                     ༤
མེ་ཏོག་གི་ཞི་འཇམ་གྱོན་པའི་ཁྱོས
དཀར་སོབ་སོབ་ཀྱི་གོང་ཁ་ནས་སོ་དཀར་བལྟས་བྱུང
སྤྱན་མཐའི་ཆ་ག་དགོད

                    ༥
ཆུང་འདྲིས་མིན་རུང ཆུང་འདྲིས་ལྟ་བུའི་བག་ཆགས་ཀྱི་དབྱར་ཁ་ཟློག་དཀའ་བས
ང་འཁྲེང་སེམས་ཡི་གེར་ཕབ་པའི་འཕར་ལྡང་ལ་གོམས་ཡོད
ཚོར་བར་གཤོག་པ་བསླེས་པའི་རྨི་ལམ་ལ་ཐིམ་ཡོད

                    ༦
བག་ཆགས་ཀྱི་དབང་གིས
ཁྱོད་ཀྱི་ཕྱོགས་སུ་སྟོང་བསམ་གྱི་རྡོ་བ་མང་བོ་འཕངས
སྡུག་བསྔལ་གྱི་མདུད་པ་མང་བོ་བརྒྱབ
མཚན་མོའི་མེ་མཐའ་ནས་པི་ཝང་སྐྱ་བོ་དཀྲོལ

                      ༧
ཆུང་འདྲིས་མིན་པའི་བག་ཆགས
ཆེ་འདྲིས་ཡིན་པའི་བག་ཆགས
རྒྱུ་འབྲས་སུ་འཁོར་བའི་མེ་ལོང་ངོས་སུ་བཀྲ

                    ༨
བག་ཆགས་ཀྱི་རི་རྩེར་ཡན་པའི་རྨི་ལམ་ཀྱ་ཀྱུ
ལྡོག་བཞུར་གྱི་ཆུ་བོས་ཁུར་བའི་སྤྱན་མཐའི་མེ་ཏོག
སྐྱེ་བ་འདི་ནས་བཟོས་པའི་བག་ཆགས་ཀྱི་སྟོན་ཁ་སྟེ
ཁྱེད་ཀྱི་ལུས་ངག་ཡིད་གསུམ་གྱི་ནམ་མཁའ་ཧྲིལ་བོ་ཨང

                     ༩
ཚོར་བའི་ཕུང་བོ་དང་སེམས་ཀྱི་ཁ་བ
ཐག་རིང་ལ་བཀྲམས་སོང
་་་་་་་་་་་་་་་
                     ༡༠
བསམས་ཤིང་བསམས་ན
བག་ཆགས་ཀྱི་ཡལ་གར་ཐོགས་པའི་ང
རྟོག་བཏགས་ཀྱི་ཡུལ་ན་གཉིད་དུ་ཡུར་འདུག

                      ༡༡
སེམས་ཀྱི་སྐོམ་གདུང་ལ་སྦྱར་བའི་བྱུ་རུའི་མཆུ་སྒྲོས
ལས་ཀྱི་རྣམ་སྨིན་ལ་འཁྲིལ་བའི་ཚེར་མའི་མེ་ཏོག
རྣམ་ཤེས་ཀྱི་དབྱངས་ལ་ཁྲོལ་བའི་སིལ་སིལ་གྱི་སྒྲ

                   ༢༠༡༧/༡༠/༡༦

                     ནམ་སྟོད། སྣང་གཡུ།

ནམ་སྟོད་འདིར
བྱ་རྒོད་ཀྱི་གཤོག་འོག་ན་སྟོང་ལྷང་ངེར་ལྡེམ་པའི་རྒྱ་མཚོ
ཁྱེད་ཀྱི་འབྱམས་ཀླས་པའི་བྲང་གཞུང་དུ་སྒོམ་ནས་ལུས
ང་སྔར་བཞིན་ཁྱེད་ཀྱི་ཚེ་སྲོག་གི་ཆུ་བོར་འདྲེས་ནས་རྒྱང་དུ་བཞུར་དགོས
མིག་ཟུང་གི་གཤམ་ན་ཞེན་ཆགས་ཀྱི་རླུང་བུ་ལྡང་ཤིང
མཆུ་སྒྲོས་ཀྱི་ལྡེབས་སུ་བརྩེ་གདུང་གི་པད་མོ་བཞད
ནམ་སྟོད་འདིའི་ང་རང
མཛེས་སྡུག་གི་རི་ལུང་བརྒལ་ནས་ཁྱོད་ཀྱི་རྣམ་ཤེས་ཀྱི་གླུ་སྒྲར་བསྲེས་ཡོད
མཚན་ལྗོངས་ཀྱི་ལྟོངས་སུ་ཉུལ་ནས་ཁྱོད་ཀྱི་མེ་ཁང་གི་མཐལ་ལ་བཏུད་ཡོད
སྣང་གཡུ
ཁྱོད་རང་རི་རྩེར་ལྷུང་བའི་སྨུག་པའི་ནང་ན་ཡོད་པ་འདྲ་ལ
གྱང་ངོར་བཀལ་བའི་མོ་ནཱ་སའི་པར་དེའང་ཡིན་པ་འདྲ་ཞིག
མཚན་མོའི་ཁྲུས་ལ་རོལ་བའི་ལྷ་ཞལ
ར་རོའི་གར་ལ་ཞུགས་པའི་མི་མོ
ནམ་སྟོད་འདིའི་ང
གཅོང་རོང་དང་གཡང་གཟར་ཡིན
སྣང་གཡུ
ལོ་ཟླའི་ཁོང་གསེང་མྱུལ་ནས་རི་རབ་ཀྱི་ཕག་ཏུ་མ་ཡིབ་དང
སེམས་ལ་འགལ་འདུ་དྲག་དུས
ང་ལ་ཁྱེད་ཀྱི་གློ་སྙིང་བྲང་གསུམ་གྱི་ཚ་གྲང་མཁོ

                     ༢༠༡༨/༡/༡༤ མཚར་མོར་སྦྱར།

                      དེ་རིང་གི་སེམས་པ།

དེ་རིང་གི་སེམས་པ འབྱམས་ཀླས་པའི་འཇིག་རྟེན་གྱི་གྲུ་ཟུར་ན
ཁེར་རྐྱང་གི་གྲིབ་མས་དཀྲོལ་བའི་སྣ་སྒྲ་ཧང་ཧང་ཞིག་རེད་འདུག
དེ་རིང་གི་སེམས་ཁ སྟོང་ཅང་ཅང་གི་དབྱིངས་ངོས་གཟར་བོ་ན
འདབ་ཆགས་ཀྱི་གཤོག་པར་བརྡབས་པའི་འཇིགས་སྣང་དགའ་ས་ཞིག་རེད་འདུག
དེ་རིང་གི་ང་ཧྲིལ་པོ གློ་རྡེག་ལ
ཁྱོད་ཀྱི་བྲང་གཞུང་དུ་ཤོང་བར་གྱུར
དེ་རིང་གི་བདག་ཆ་ཚང དུས་མིན་དུ
ཁྱེད་ཀྱི་སྐད་ཆའི་ཁྲེལ་གཞུང་ན་ལྡེམ་མེར་གཡོ
སྡུག་བསྔལ་དང་ཞི་བ་སྐྱེས་པའི་ཁྱེད་ཀྱི་ནམ་མཁའ
བརྩེ་བ་དང་མུན་པ་འབྱོ་བའི་ཁྱེད་ཀྱི་ས་གཞི
གཡའ་དག་ཅིང་རྡུལ་ལངས
རླུང་དང་ཆར་བར་འདྲེས་པའི་གང་ཟག་ང
གང་ནས་གང་དུ་ཁུར་འགྲོ
སྒྲ་དང་རོལ་མོ་ཡིན་པའི་རྒྱུད་སྐུད་ཁྱོད
སུ་ཡིས་ག་རེ་དཀྲོལ་འོང

                     ༢༠༡༨/༤/༡༠


 རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།