གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེང་རྡོར་གྱིས་བསྟུད་མར་བྲིས་པའི་ལྷུག་རྩོམ་གྱི་མྱུར་འགྲོས།

2018-06-29 10:06:43 སེང་རྡོར། ཀློག་གྲངས། མཆན ཡོད།

              ༈ འཆར་སྣང་གི་རྒྱུན་དེད་ནས་གླིང་ག་གཏོང་བ།

ཚེ་ཕྱི་མའི་སྡུག་བསྔལ་གྱི་འཁྲུལ་སྣང་བརྗོད་པ་ཞིག་ཏུ། ཁྱོད་རང་ཤི་མ་ཐག་ཏུ་གསོན་ངོགས་སུ་ཡོད་དུས་ཀྱི་ཁྱོད་རང་དགའ་ས་དེས་སྟོད་ཀྱི་རི་རྩེ་ཞིག་ན་བྱམས་དུང་དུང་གིས་འབོད་བཞིན་ཡོད་ཅིང་དེས་ཡིད་དྲངས་ཏེ་སོ་སོ་ལྕགས་ཀྱི་ཚེར་མ་དང་ཟངས་ཀྱི་ཁབ་མགོ་སོགས་ལ་སྤོས་ཏེ་ཡར་རི་རྩེ་ལ་སོང་བའི་ཚེ། ཡང་དགའ་ས་དེས་མར་གྱི་རི་གཤམ་ཐུར་མཐའ་རྙོབ་ཀྱིས་མི་བསླེབ་ས་ཞིག་ན་ཁྱོད་ལ་སྙིང་ཉེ་བའི་ལག་གཡུག་བྱེད་ཀྱི་ཡོད་པ་སྟེ་གང་ལྟར་ནམ་ཡང་གོ་འཛོལ་དང་ལམ་ནོར་རྐྱང་རྐྱང་གིས་ཐུག་པའི་བློ་ཞིག་གཏན་ནས་མེད་ཅེས་བྲིས་ཡོད་དོ།།

ཡིད་མི་བདེ་བར་བྱེད་པའི་སྐྱོ་སྡུག་དེ་འདྲ་ཅུང་སྔ་བའི་རྒྱའི་སྙན་ངག་དག་ཏུའང་བྲིས་ཡོད་དེ། བརྩེ་དུང་གིས་སྦྲེལ་བའི་ཕོ་མོ་དག་ཉི་ཟླ་གཉིས་ཀྱི་དཔེ་རུ་བཀོད་ཅིང་། ཉི་མས་འཕྲེང་སེམས་དྲག་པོས་ཟླ་བའི་རྗེས་བསྙེགས་ཏེ་ཤར་རིའི་རྩེར་ཐོན་དུས། ཟླ་བ་རང་གནའ་ཞིག་ནས་ཉི་མ་འཚོལ་བའི་བྲེལ་སྣང་དང་དྲན་སེམས་ཀྱིས་ནུབ་རིའི་ཕ་རོལ་དུ་སོང་ཚར་ཡོད་པ་སྟེ། ཉི་ཟླ་གཉིས་ཀྱིས་བསྐལ་བ་ནས་བསྐལ་བའི་བར་དེ་ལྟར་ཁ་ཆད་ཅིག་གི་ཆེད་དུ་ལ་རྒལ་ཆུ་གཅོད་ཀྱིས་ཐུག་འཕྲད་ཅིག་ལ་བརྩོན་བཞིན་ཡོད་མོད། བསྐལ་བ་ས་ལ་ཆགས་པ་ནས་དུས་ཀྱི་མཐའ་མར་ཐོན་ཡང་དངོས་སུ་འཕྲད་རྒྱུ་ཞིག་རང་མེད་པར་བརྗོད་ཡོད། 

དེའི་ཤུགས་སུ་ཕོ་མོའི་བར་གྱི་བརྩེ་དུང་གི་མགོ་འཁོར་ལུགས་དང་དྲན་གདུང་གི་ས་འཆུག་ལུགས། འགལ་མི་ཐུབ་པའི་སེམས་ཐག་ཉེ་བོ་དང་གཅིག་གིས་གཅིག་ལ་རྒྱུས་ལོན་བྱེད་མི་ནུས་པའི་སེམས་ཐག་རིང་པོ་སོགས་མཚོན་པར་བྱས་ཡོད། 

ནང་དོན་དེ་འདྲ་ཡོད་པའི་ཚིག་ཅིག་ངའི་དང་མའི་ཉིན་ཐོ་རུ་ཡང་མཆིས་ཏེ། ལྷ་ཁྱོད་རང་གང་གི་གང་ཞིག་རེད།། ངས་མཇལ་དུས་ནམ་གྱི་ནམ་ཞིག་རེད།། དེ་བསམས་ན་ཁོག་གི་སྡུག་ཅིག་རེད།། ཡང་བསམས་ན་སྡུག་གི་གཞི་ཞིག་རེད།། སྡུག་དེ་ལ་དྭངས་མཐའ་གང་ན་ཡོད།། ཅེས་པའོ།། མི་དང་ལྷ་ཡི་བར་ཐག་ནི་དེ་ལྟར་རིང་དྲགས་ཨང་། ཤར་དང་ནུབ་ཀྱི་འདུ་བ་ཡང་དེ་ལྟར་དཔེ་མི་སྲིད་ཨང་།

1823772107.jpg

ང་དེ་རིང་གླིང་གཅིག་ལ་སྐོར་ལམ་སྟེང་འོག་མང་པོ་ཡོད་པ་དང་སྐོར་ལམ་གོང་ཞོལ་ཚང་མར་འབུད་སྒོ་འཛུལ་སྒོ་དུ་མ་མཆིས་ས་ཞིག་ལ་སོང་བ་ཡིན། གནས་དེའི་ཆགས་དབྱིབས་ཀྱི་རྙོག་དྲ་མཐོང་ནས་ངས་མི་ཚེ་ཡི་ཐག་པ་ཁྲ་ཁྲ་འདི་དང་བརྩེ་དུང་གི་བྲག་སྣ་གཟར་གཟར་འདིར་ཡེ་ནས་མགོ་སྒུར་ས་དང་ཞུ་བ་འཐེན་ས་མེད་པ་ཤེས་སོང་། 

དུ་བ་སྔོ་ལིང་ལིང་ཞིག་གི་ཚོད་ན་ཡོད་པའི་མིའི་ཚོར་བ། གླང་མ་ཁེར་སྐྱེས་ཤིག་གི་ཚོད་ན་ཡོད་པའི་མིའི་ཁྲེལ་གཞུང་། འབུ་ཉི་ཚེ་བ་ཞིག་གི་ཚོད་ན་ཡོད་པའི་མིའི་དར་རྒུད། གཡག་སྣ་ལོ་ཞིག་གི་ཚོད་ན་ཡོད་པའི་མིའི་ཨུ་ཚུགས་སོགས་ནི་སྤྱི་ཁྱབ་ནས་ལམ་ཞིག་དང་འདྲ་བར། ལམ་ཐོག་ནས་རྟ་རྒྱུགས་བྱས་ཀྱང་ཆོག་ལ། ཡང་སྤྱི་ཁྱབ་ནས་སྒོ་ཞིག་དང་འདྲ་བར་ཁུ་ཚུར་གྱིས་སྒོ་བརྡུངས་ཏེ་ནང་གི་སྐད་སྒྲ་ཞིག་ལ་བསྒུག་ཀྱང་ལོས་ཆོག་སྙམ། 

ང་དེ་ལྟར་རིག་པ་ཡར་འཆོལ་མར་འཆོལ་དང་གོམ་པ་རིང་ལེན་ཐུང་ལེན་གྱིས་གླིང་གི་བྱང་ཁར་གཏད་ནས་སོང་བ་ཡིན། ཐག་ཅུང་རིང་བས། གསལ་ཐག་ཆོད་པ་ཞིག་མི་མཐོང་སྟེ། ཕ་གིའི་ཤིང་ར་ཞིག་ཏུ་བུ་མོ་ཞིག་གིས་བསིལ་གདུགས་བཀར་ནས་བསྡད་ཡོད་པ་འདྲ། ངས་བུ་མོ་དེ་སུ་ཡིན་སྙམ་ལ། མི་ཚེར་འདིར་ངོ་ཤེས་སུ་གྱུར་པའི་བུ་མོ་ཧ་ཅང་མང་པོ་ཞིག་སྐད་ཅིག་གིས་ཡིད་དུ་འཁོར་ལ། ཁོ་མོ་ཚོའི་སྐྱིད་སྡུག་འདྲེས་མའི་ལོ་རྒྱུས་ཐུང་ཐུང་རེ་ཡང་དྲན་ཙམ་བྱས་བྱུང་། འོན་ཀྱང་ཐག་ཉེར་ཐོན་ལ་ཉེ་དུས་ངས་དེ་ནི་བུ་མོ་ཞིག་མིན་པར། ཚོན་མདངས་སྣ་ཚོགས་བྱུགས་པའི་རྡེའུ་སྤུང་ཞིག་ཡིན་པ་ད་གདོད་ཤེས། 

དེ་ལས་ཀྱང་ཐག་ཉེར་ཐོན་དུས་ངས་དེ་ནི་རང་གའི་རྡེའུ་སྤུང་ཙམ་ཡང་མིན་པར། ཆེད་མངགས་ཁ་དོག་དམར་སེར་སྔོ་ནག་སོགས་བསྐུས་ཡོད་པའི་རིག་གནས་ཀྱི་རྡེའུ་སྤུང་ཞིག་ཡིན་པ་ད་གདོད་ཤེས། ངས་དཔེ་ཆ་མཐུག་པོ་ཞིག་ཏུ་རྡོ་བ་ཞིག་ལ་མཚོན་ནའང་མིའི་བྱ་བྱེད་ཀྱིས་ཟིན་པ་ནི་རིག་གནས་ཀྱི་རྡོ་བ་དང་། མིའི་བྱ་བྱེད་ཀྱིས་ཟིན་མེད་པ་ནི་རང་བྱུང་གི་རྡོ་བ་ཡིན་ཞེས་བྲིས་ཡོད་པ་བཀླགས་མྱོང་། འདིར་དེ་དག་གཙོ་བོ་མིན་མོད། ཐག་ཉེ་རྒྱང་ཙམ་ལ་བརྟེན་ནས་དང་མིག་གི་དབང་པོའི་མཐོང་ནུས་བཟང་ངན་ཙམ་ལ་བརྟེན་ནས་སྐད་ཅིག་རིང་སོ་སོའི་སྣང་བ་གསུམ་ཞིག་བརྗེས་པར་ཅུང་ཡ་མཚན་བྱུང་ལ། ཕོ་མོའི་བརྩེ་དུང་ཡང་དེ་དང་འདྲ་བ་ཞིག་མིན་སྙམ། ང་ད་དུང་མུ་མཐུད་དུ་མདུན་ནམ་རྒྱབ་ལ་སོང་ན་ལོ་བཅུའི་གོང་གི་ངོ་ཤེས་ཤིག་གམ་ལོ་ཉི་ཤུར་མ་ཐུག་པའི་གནའ་འདྲིས་ཤིག་ལ་ཐུག་ཀྱང་སྲིད་འདོད་ནས་དར་ཅིག་རིང་ལུས། 

གླིང་འདིའི་དབུས་ཟུར་གྱི་གྲུ་ཁ་ཞིག་གམ་ལམ་འདིའི་དཀྱོག་གཞན་ཞིག་གི་སྒོ་གཞན་ཞིག་ན་ང་ཡི་ཁྱོད་རང་དངོས་སུ་ཡོད་ཀྱང་ཅི་ཆ་སྟེ། ཉི་སྒྲིབ་མིག་ཤེལ་ཇ་ཁུ་མདོག་ཅིག་བརྒྱབ་ནས་སྐྲ་ལོ་སིལ་ལིར་འཕངས། “རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག”གིས་ལྗོངས་རྒྱུའི་གླིང་ཕྲན་འདིར་ང་ཁོ་ནས་མཐོང་ནུས་པའི་འོད་དང་འོད་ཟེར་སྤྲོ་བཞིན་ཡོད་དམ་ཡང་སྙམ། 

                                                                                                 ༢༠༡༨ ༦ ༢༤

              ༈ རོ་སྲེག་ཁང་དང་འབྲེལ་བའི་ཡ་ཆུང་གི་རྦ་རླབས།

ངས་ལོ་འདི་ཚོར་རྐང་ཐང་ལ་འགྲོ་རྒྱུ་ཞིག་རྒྱུན་བསྲིངས་པ་ཡིན། དེ་ནི་སྨན་པས“ལུས་སྦྱོང་བྱས་ན་ཁྲག་རྩ་འཁོར་སྐྱོད་བྱེད་པ་སོགས་ལ་ཕན”ཞེས་བརྗོད་པར་ཅུང་ཡིད་ཆེས་པས་ཡིན། ངས་སྐབས་རེར་ཀུན་བཟང་དང་བསོད་ནམས་སོགས་མི་བཅུ་ཕྲག་རེ་ཁྲིད་ནས་སོང་བ་ཡིན་ལ། མཚམས་རེར་རང་ཉིད་གཅིག་པུ་འགྲོ་རྐྱང་བྱེད་ཀྱི་ཡོད།

མི་མང་པོ་དང་ལྷན་དུ་སོང་ན་ཚོར་བ་ཞིག་དང་རང་ཉིད་གཅིག་པུ་སོང་ན་ཚོར་བ་ཞིག་སྟེ། ཚོར་བ་མ་འདྲ་བ་རིགས་གཉིས་མཆིས། སྔ་མ་ནི་འུར་ཟིང་ལས་བྱུང་བའི་བདེ་སྐྱིད་དང་། ཕྱི་མ་ནི་ཁེར་རྐྱང་ལས་བྱུང་བའི་བདེ་སྐྱིད་རེད།

དེ་རིང་ནི་རང་ཉིད་གཅིག་པུས་རྫོང་གི་འཛུགས་སྐྲུན་གསར་བའི་མདོག་དང་མདངས། བཟོ་དབྱིབས་དང་རྒྱ་ཁྱོན་སོགས་ག་ལེར་བརྒལ་ནས་ལོབས་ཕྱོགས་ལྟར་ཤར་ངོས་ཀྱི་ཉག་ཁར་འགོས་པ་ཡིན། ཉག་ཁ་དེ་ནས་ཁ་ཕྱིར་འཁོར་ཏེ་བལྟས་ན་རྫོང་གི་རྣམ་པ་ཧྲིལ་པོ་མིག་འོག་ཏུ་ལེན་ཐུབ་ཅིང་། གཞིས་ཁུལ་འདི་ན་རང་གི་སྤོ་བོ་དང་རྨོ་མོ་ཡོད་པ་རེད་ཨང་ཞེས་དང་། ཟླ་སྔོན་མར་སྲང་མདོ་མ་གི་ནས་ང་ཚོས་རས་གུར་པ་ཏྲ་ཅན་ཉོས་པ་རེད་ཨང་ཞེས་དང་། འཁོར་རྩལ་སློབ་གྲྭ(驾校)དེ་ནས་ངས་ཉིན་མང་པོ་ཞིག་བསྐྱལ་བ་རེད་ཨང་ཞེས་དང་། ང་ལོ་འདི་ཚོར་བྱིས་གཉོར་ཁང་དེར་སོང་བ་བརྩིས་པས་མི་ཚར་ཨང་ཞེས་སོགས་དྲན་ཡོང་བ་ལ།

ང་རང་ལངས་གོག་ཐུབ་པ་ནས་རྫོང་འདིའི་ཐག་ཉེ་རུ་ཡོད་ཅིང་། ཡུལ་འདིའི་རྩྭ་རྐང་ཞིག་དང་། ས་འབུར་ཞིག ཆུ་འཁྱིལ་ཞིག་ཚུན་ཆད་ལ་འདྲིས་ཤིང་ལོབས། དགའ་ཞིང་ཞེན་ནས་ལག་ཆགས་པ་རེད་ཨང་། ལྟོས་དང་། ད་ལྟ་མཁར་དང་ལམ་གྱིས་ཁྱབ་པའི་གནས་འདི་དག་སྔོན་ཆད་ཧ་ལམ་ས་སྟོང་ཡིན། ས་སྟོང་དེ་དག་ཏུ་ང་དང་ངའི་ན་མཉམ་གྱི་བྱིས་པ་ཚོས་ལྷན་དུ་སྦྲུལ་བསད་མྱོང་། སྲེ་མོང་བདའ་མྱོང་། མ་འོངས་པ་ན་འདི་དང་དེ་བྱ་རྒྱུ་ཞེས་མ་གཉིད་པའི་རྨི་ལམ་ཡང་མང་པོ་རྨིས་མྱོང་བ་རེད།


293064650.jpg

ངས་དེ་ལྟར་འདོད་ཀྱིན་ཉག་ཁ་བརྒལ་ནས་ཅུང་ཟད་ལ་སོང་བ་དང་དེ་ནས་ལག་པ་གཡོན་ཕྱོགས་སུ་དཀྱོགས་ནས་ཡར་བརྟོལ་བ་ན། རོ་སྲེག་ཁང(火葬场)གི་སྒོ་ཆེན་ཁར་ཐོན་འདུག ལོ་ལོན་ཚོས་བཤད་ན། འདི་རུ་རྣམ་ཤེས་ཀྱི་བུ་ཡུག་འཚུབ་བཞིན་ཡོད་ཟེར། མི་ཕལ་ཆེ་བ་འདིར་ཐོན་དུས་ཅིས་ཀྱང་གཞུག་འདྲོག་ལ་ལེན་དགོས་པ་དང་། མིག་འཁྲུལ་སྣ་ཚོགས་སྟོན་པ། གཟུགས་མེད་པའི་སྐད་ཅིག་གིས་མིང་ནས་འབོད་པ། འཕྲུལ་རྟ་སོགས་ཀྱི་སྒག་ཟྭ་ཡིས་མི་འཛིན་པ། སྒོ་ཆེན་དང་སྒོ་ཆུང་མང་པོ་རླུང་ཤུགས་ཀྱིས་རྒྱག་ཅིང་རླུང་ཤུགས་ཀྱིས་ཕྱེ་འགྲོ་བ་ཞིག་ཡིན་ཟེར།

ངས་དེ་རིང་དེ་དག་ལ་དོ་སྣང་བྱུང་མ་སོང་མོད། ལུང་བའི་ཕར་ནང་ནས་འཚོ་བ་ཡི་བཟི་ཁ་དང་ཕྱིར་དྲན་གྱི་ཉི་ཟེར་ཁུར་ནས་ཐོན་མ་ཐག་པའི་ངས། གློ་བུར་དུ་ཤེས་པའི་འཆར་རྒྱུན་འཁྲུགས་ནས་རོ་ཁོ་ནའི་དོན་ལ་བསམ་བློ་གཏོང་དགོས་པ་འདི་ཅི་ཡིན་ནམ། མི་དང་རོ་གཉིས་ཀྱི་བར་ཐག་ཉེ་དྲགས་པ་ལ་ཨང་།

ངའི་སྙིང་ཉེ་བའི་མི་མང་པོ་ཞིག་རོ་སྲེག་ཁང་གི་སྒོ་ཆེན་འདི་བརྒྱུད་ནས་ཐལ་བ་སྤར་གང་དུ་སོང་མྱོང་། སྔ་གཞུག་ཏུ་ང་ཚོས་རླངས་འཁོར་དུ་དྲུད་དེ་ལྟེབས་སྐེད་དུ་བཀྱགས་ཡོང་བའི་ལྕི་ལ་བོངས་ཆེ་བའི་སྐུ་ཕུང་དེ་དག སྒོ་ཆེན་འདིའི་ཕ་རོལ་དུ་ཁྱེར་ནས་འཁྱུག་ཙམ་འགོར་མ་ཐག་ཏུ། མི་རིགས་གང་ཡིན་མི་ཤེས་པའི་མི་ངོ་སྡུག་ཅིག་ཚུར་བུད་ནས་ཁུག་མ་རྟེན་འབྲེལ་ཙམ་ཞིག་ལག་ཏུ་འཇོག་ཞོར“འདི། ཁྱོད་ཚང་གི་ཤི་བོའི་རུས་ཐལ་ཡིན”ཞེས་ཟེར་མྱོང་།

དུས་ཚོད་ཀྱི་སྔ་ཕྱི་ཞིག་མ་གཏོགས་ང་རང་ཡང་ས་འདིར་ངེས་པར་ཡོང་དགོས་པ་མིན་ནམ། ངའི་ལོ་ཆུང་དུས་ཀྱི་སེམས་ཀྱི་སྲོག་ཤིང་རྣམ་གཉིས་ཏེ་བུ་མོ****དང་བུ་མོ****ཡང་ནམ་ཞིག་འདི་རུ་ངེས་པར་ཐལ་རྡུལ་ཉག་གཅིག་ལ་འགྱུར་དགོས་པ་རེད་དམ། ཁོ་མོ་གཉིས་ཀྱི་གཤིས་ཀྱི་སྒྱུ་འཕྲུལ། ཁ་ཡི་འོ་སྦྲང་། ལུས་ཀྱི་ལན་ཝར། ཡིད་འགུགས་ཀྱི་གར་སྟབས་ཚང་མ་སྒོ་ངན་འདིས་ཆེས་བརྩེ་མེད་ཀྱིས་གཞོམ་འགྲོ་བ་རེད་དམ།

ལོ་རེ་བཞིན་རྫོང་འདིའི་མི་དེ་འདྲ་མང་པོ་ཞིག་ཁ་སང་གསོན་ན་དེ་རིང་འཆི་བ་དང་། སྔ་དྲོ་བདེ་ན་ཕྱི་དྲོ་མི་བདེ་བའི་མངོན་སུམ་གྱིས་ཁང་བ་འདིར་དྲུད་དང་འདྲུད་ཡོང་བཞིན་པ་མིན་ནམ། ཉག་ཁའི་ཕ་རོལ་བརྒལ་ན་གསོན་ཤུགས་དང་ག་ཞ། ལྗོངས་རྒྱུ་དང་གླུ་སྐད་ཀྱི་བདེ་བ་ཅན་ཡིན་ལ། ཡང་གོམ་པ་འགའ་བརྒྱུད་དེ་ཉག་ཁའི་ཚུ་རོལ་འདིར་ཐོན་ན་ཡུལ་ཡུལ་པོའི་རོ་སྲེག་ཁང་དང་། དེ་ལས་ཀྱང་ཡུལ་ཡུལ་པོའི་ རོ་ཤུན་སྲེག་ས་ཡིན་ཞེས་པའི་རྡོ་ཐབས་མདོག་ཉེས་པོ་དེ་སོགས་རེད། སྐྱེ་འཆི་ཞེས་པ་ཉག་ཁ་ཞིག་གི་ཕར་ནང་ཚུར་ནང་རེད་ཨང་། སྐྱེ་འཆི་གཉིས་ཀྱི་བར་ཐག་ཀྱང་ཐུང་དྲགས་ནས་གོམ་པ་འགའ་ལས་མི་འདུག་ཨང་།

ངས་དེ་ལྟར་སྙམ་བཞིན་འགྲོ་འདོད་ལ་མི་འདོད་པ་ཞིག་གི་ངང་ནས་ཕྱིར་རྫོང་མཁར་ལ་འགྲོ་སའི་ལམ་དུ་ཆས་པ་ཡིན། རྒྱབ་ཕྱོགས་ན་མི་ཧ་ཅང་མང་པོ་ཞིག་གིས་འབོད་བཞིན་ཡོད་པ་འདྲ། ངས་ཕྱིར་བལྟས་མ་བྱས་མོད། སྐད་ལ་ཉན་ན་ལན་ཁག་གིས་ཤི་བའི་མི་དང་། ཞེན་ཆགས་ཀྱིས ཤི་བའི་མི། རླངས་འཁོར་ཐོད་ཐུག་སྟེ་བསད་པའི་མི། བརྩེ་དུང་གིས་ཆེད་དུ་རང་སྲོག་བློས་བཏང་བའི་མི་སོགས་ཡིན་ལས་ཆེ་སྟེ། སྐད་གདངས་ལ་འཁང་ར་འདྲེས་ཡོད་ཅིང་སྐད་མགོ་རྒྱུ་མའི་མཐིལ་ལ་ལྷུང་འདུག་ཨང་།

དེ་དག་ཁྲོད་དུ་བྱམས་གདུང་ལ་མཐའ་མེད་པའི་སྐད་ཅིག་གིས་ཀྱང་འབོད་བཞིན་འདུག རེད། དེ་ནི་ངའི་ཨ་མ་ལགས་ཀྱི་སྐད་རེད། དྲིན་ལན་འཇལ་ཐབས་མེད་ཀྱང་འཇལ་ན་འདོད་པའི་ཨ་མ། བཟོ་ལྟ་མཐོང་ཐབས་མེད་ཀྱང་མཐོང་ན་འདོད་པའི་ཨ་མ། ཁྱེད་ཀྱིས་ཅུང་ཟད་སྒུགས་དང་། བུ་ཆུང་ང་ཡང་ལོ་འགའི་རྗེས་སུ་ཤེས་པ་ཁོ་ནའི་རྟ་རྒོད་ལ་ཞོན་ནས་གནས་འདིར་ཡོང་ངེས་ཡིན།

ངས་དེ་ལྟར་ཁེར་བཤད་རྒྱག་ཞོར་ད་ཐེངས་ཙམ་ལ་ཉག་ཁ་བརྟོལ་ནས་རྫོང་ཧྲིལ་པོ་མཐོང་སར་ཐོན་ཐུབ་སོང་། ས་རྒྱུད་ཅིག་ཏུ་ང་རང་གི་རླངས་འཁོར་ཡོད་པ་མཐོང་། རླངས་འཁོར་བཏང་ནས་ཐུར་ལ་ཅུང་བརྒྱུགས་ཏེ་སྟོང་འཕལ(空档)དུ་བཞག་པ་ཡིན། ངའི་མིག་ལམ་དུ་ཚངས་དབྱངས་ཐང་ཆེན་ནི་འོད་ལམ་ལམ་རེད། རྫོང་རྟགས་ཀྱི་སྙིང་རྗེའི་མཆོད་རྟེན་ཡང་འོད་ལམ་ལམ་རེད། གློ་བུར་དུ་ལག་སྒག་ཤུགས་ཀྱིས་འཐེན་པ་ན། ང་རང་རོ་རུ་འགྱུར་ལ་ཁད་ཅིག་བྱས་ཏེ་རེ་ཞིག་མི་ཡི་སོ་ན་གནས་ཡོད་པ་ད་གདོད་ཤེས་སོང་།

                                                                                ༢༠༡༨ ༦ ༢༢ 

             ༈ ལམ་ཁ་ནས་མཐོང་བའི་བྱིས་པ། 

དེ་རིང་ཕྱི་དྲོར། ངས་ལམ་ཁ་ནས་བྱིས་པ་ལོ་ལྔའི་གཟུགས་ཚད་ཅན་ཞིག་གིས་ཐང་ཨ་ལོང་མེ་ལོང་འདྲ་བ་ཞིག་ཏུ་འབད་པ་ཆེན་པོས་མེ་ཁ་གསོ་བཞིན་པ་མཐོང་། བྱིས་པ་དེའི་ཉེ་ལོགས་ཤིག་ནས་གླུ་གཞས་ཤིག་ཀྱང་མཆེད་ཡོང་སྟེ། ཚིག་ནི་གསལ་པོ་གོ་མ་སོང་མོད། ཧ་ལམ“གཞས་ར་ཕྲ་མོ་གཡོ་འགུལ་མེད་པའི་སྨོན་ལམ་འདེབས”ལྟ་བུ་ཞིག་ཟེར་བ་འདྲ། གང་ལྟར་དེ་གཙོ་བོ་མ་རེད། 

ངས་ནི་ཚིག་དེའི་ཁྲོད་ལ་ད་དུང“གི་གུ”ཞིག་བསྣན་ཏེ“གཞིས་ར་ཕྲ་མོ་གཡོ་འགུལ་མེད་པའི་སྨོན་ལམ་འདེབས”ཞེས་བླང་ན་འདོད་སོང་། ཅིའི་ཕྱིར་ཟེར་ན། བྱིས་པ་ཚོའི་རྩེད་ར་ཆུང་ཆུང་ནི་ཁོ་ཚོའི་ངོས་ནས་གཞིས་ཁུལ་ཆེ་ཤོས་དང་མངའ་ཐང་རྒྱས་ཤོས་ཡིན་པ་དང་། དེ་ལ་ཆགས་འཇིགས་མེད་པའི་རྟེན་འབྲེལ་གྱིས་ཁོ་ཚོའི་མ་འོངས་པར་བཀྲ་ཤིས་བདེ་ལེགས་ཡོང་བའི་རེ་བའང་ཕ་མར་གྱུར་པ་ཀུན་ལ་ཡོད་ལས་ཆེའོ།། 

ངས་རླངས་འཁོར་གྱི་གཡོན་ཤེལ་ཅུང་མར་དེད་ནས་ཞིབ་ཏུ་ལྟ་སྐབས། བྱིས་པ་དེས་མེ་ཁ་ཕྲན་བུ་དེ་གསོ་བར་རྣམ་རིག་ཡོད་རྒུ་བཀོལ་ནས་སྟོབས་ཤུགས་གང་ཡོད་འདོན་གྱིན་འདུག ངས་སེམས་ཀྱི་གཏིང་ཞིག་ནས་བྱིས་པ་དེས་མེ་ཁ་བདེ་བླག་ཏུ་ཟིན་ཞིང་མཚེར་ཇ་ཚེགས་མེད་དུ་འཁོལ་ཕྱིར་འཇིག་རྟེན་འདིའི་རླུང་བུ་ཡོངས་རྫོགས་དལ་གྱིས་ལྡང་བ་དང་། སྟོང་དབྱིངས་འདིའི་ཆར་བ་ཐམས་ཅད་རེ་ཞིག་མི་འབབ་རྒྱུ་དང་། འཛམ་གླིང་གི་ཉི་མ་སེར་པོས་ཀྱང་ནུབ་རིའི་ཕྲག་ནས་ངེས་པར་སྒུག་ཙམ་གནང་རྒྱུའི་རེ་སྐུལ་དྲག་པོ་བྱས་ན་སྙམ་སོང་། 

གཅིག་བྱས་ན། བྱིས་པ་འདིས་འདི་ལྟར་ས་རྩེད་རྡོ་རྩེད་བྱས་ནས་ས་རྩ་རུབ་འགྲོ་ཡང་སྲིད། དེས་ན་ངས་གནས་འདིའི་ལམ་ལྷ་དང་ས་བདག་སོགས་ལ་བྱིས་པ་འདི་བཅོལ་གདམས་ཐེངས་ཤིག་བྱེད་རྒྱུ་ཡིན། དགུང་སྟོད་ཀྱི་སྐར་མ་རེ་རེས་སའི་གོ་ལའི་གནས་ག་ཤེད་དུ་བྱིས་པ་ཞིག་གིས་འདི་ལྟར་འཇིག་རྟེན་ལ་འཇུག་པའི་ཐོག་མའི་སྟ་གོན་སྙིང་ཉེ་བ་རྩོམ་པ་ལ་སྲུང་བ་དང་ཁ་འཛིན་མཛད་ན་ཅི་མ་རུང་ཨང་། 

ལམ་འདིའི་གཡས་གཡོན་དུ་རྫ་ར་དང་བྲག་ར་གནམ་ལ་ཟུག་སྟེ་ཆུ་ཆེན་མང་པོ་དམར་ལྷོག་ལྷོག་གིས་བཞུར་བཞིན་འདུག་ཁར། རྟ་ནོར་ཝ་སྤྱང་སོགས་ཀྱང་ཆེས་བག་ཡངས་ཀྱིས་རྒྱུ་ཞིང་ཆེས་འཛེམ་མེད་ཀྱིས་ལངས་ཉལ་སྟེག་པ་མཆིས་མོད། ངས་བལྟས་ན་ནི། ཁོ་ཚོས་གོམ་ཆུང་གིས་མེ་ཏོག་ཙམ་ཡང་ནོན་མི་ནོན་གྱི་བྱིས་པ་འདིར་གནོད་པ་ཅི་ཡང་གཏོང་མི་སྲིད་སྙམ། 

ངས་རླངས་འཁོར་བཏང་ནས་རིང་དུ་ཕྱིན་པ་དང་བྱིས་པ་དེའི་འགུལ་སྐྱོད་ཀྱང་མཐོང་ཐོས་ཀྱི་ཡུལ་དང་བྲལ། ཡང་ངས་རླངས་འཁོར་གྱི་རྒྱབ་ཤེལ་བརྒྱུད་ནས་ཕྱིར་ལ་བལྟས་པས། ཕྱིར་ལམ་ནི་ས་རྡུལ་རིམ་པ་ཞིག་གིས་གཡོགས་འདུག་ལ། ས་རྡུལ་གྱི་རི་མོའི་བར་གསེང་དེད་ནས་ཀྱང་ཕར་ལ་བལྟས་ན། ས་སྲོད་ཀྱི་དམར་མདངས་ཆལ་ཆོལ་ཞིག་དང་བྱིས་པ་དེ་ཡོད་སའི་ཕྱོགས་མགོ་ཙམ་ཞིག་ཅུང་གསལ་ལ་མི་གསལ་དུ་མཐོང་ཐུབ་པ་འདྲ་ལ། མཐོང་མི་ཐུབ་པའང་འདྲའོ།།

                                                                       ༢༠༡༨ ༦ ༢༢

                ༈ ད་སོ་མར་རྫོང་གི་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་ལྟ་ཞོར་བྲིས་པ། 

འཚོ་བའི་མདུད་པ་རེ་རེ་ལྡེམ་མྱུར་གྱིས་བཀྲོལ་ནས་ཡོང་ན། དྲན་པའི་རི་ཆུ་རེ་རེ་ལོབས་ཕྱོགས་ཀྱིས་བརྒྱུད་ནས་སོང་ན། བྱིས་དུས་ཀྱི་འཚོ་བའི་བྲག་གསེབ་ཅིག་ཏུ་ལྷུང་ཡོད་པའི་མཛའ་འཕྲིན་རྙིང་བ་ཞིག་ལ་ཐུག་འགྲོ་བ་འདྲ། 

འཕྲིན་ཤོག་དེའི་ལྟེབས་མ་བཤིག་ཚེ་ལ་གཞས་ཚན་པ་ཞིག་དང་དེའི་རྗེས་སུ་ལག་བྲིས་ཀྱི་རྟ་གཉིས་ཁ་བསྣོལ་དུ་ཡོད་པའམ་བྱ་གཉིས་ཀྱིས་མཚོ་ཁ་བརྒྱུད་བཞིན་པ་ཞིག་སྣང་ཡོང་བ་འདྲ། འཕྲིན་པ་དེ་ཤོག་དྲི་དང་སྣག་ཚའི་དྲི་མ། སྐབས་དེའི་ལྕགས་སྒམ་ནང་གི་ངོ་འཕུར་གྱི་དྲི་མ་སོགས་ཀྱིས་ཟིན་ཡོད་པ་ཞིག་ཀྱང་རེད། 

འདམ་ཤན་ལ་སོང་ཡོད་པའི་རྟ་ཕོ་ཞིག་གི་སྲབ་ཐག་གི་སྣེ་རུའམ། ཁལ་བཀལ་སྐྱས་དེད་ཀྱི་འབྲོག་ལྗོངས་ཤིག་གི་ནང་ལོགས་སུའམ། བྱ་ཁྱུ་ལྷོ་རུ་བསྟར་བའི་ས་སྲོད་ཅིག་གི་ཐུ་འོག་ཏུའམ་ཡང་ན་དེ་འདྲའི་ཞོགས་པ་ཞིག་ཏུ། སྐ་རགས་སྔོན་པོ་རླུང་ལ་སྐྱོད་བཞིན་དང་། སྐྲ་རྒྱན་དངུལ་ཆུང་ལ་འོད་ཕྲན་འཕྲོ་བཞིན། གོམ་པ་ཆེས་ཡང་ལེན་གྱིས་རང་འཁྲིའི་ཟོག་ཁ་ལེན་པའི་བུ་མོ་གཟུགས་འབྲིང་ཞིག་མཐོང་ཡོང་བ་འདྲ།  ལྕགས་རའི་ཕར་ནང་ཚུར་ནང་དུ་མིག་ཞགས་འཕེན་རེས་དང་ཚིག་གིས་འཛིན་རེས་བྱེད་སའི་ཁ་ཡ་ན་ཟླ་མ། ལག་ཆགས་པ་དང་ལྷན་དུ་ཁྱོད་རང་རི་རབ་ཀྱི་ཁོང་གསེང་ངམ་ཆུ་ཆེན་གྱི་དོལ་ཁུག་གང་རུང་དུ་ལུས་སོང་བ་འདྲ། 

ལུས་ཀྱང་མེད་པ་འདྲ། དེའི་རྗེས་རྗེས་ནས་ཀྱང་ཁྱོད་ཀྱིས་རླངས་འཁོར་ནག་པོ་ཞིག་བསྐོར་ནས་ང་ལ་སྐོར་རྒྱག་ཏུ་ཡོང་མྱོང་། དེ་དུས་ཁྱོད་ཀྱིས་རང་གི་འཚར་ལོངས་ལྷན་དུ་སྤྱི་ཚོགས་ཧྲིལ་པོའི་གྲིབ་མ་འགའ་ཁུར་འདུག གྲིབ་མ་དེ་ང་ལ་གོམས་མ་སོང་བས། ངའི་ཁྱོད་དང་འབྲེལ་བའི་བྱང་མཐའི་ས་རྒོད་དང་། ཁེར་རྐྱང་གི་གྲོག་རོང་། རྒས་མེད་ཀྱི་ཆུ་བོ་སོགས་དྲན་ཡོང་ལ། ཡང་ངས་ཁྱོད་དང་འབྲེལ་བ་མེད་པའི་མིའི་རིགས་ཡོངས་རྫོགས་ཀྱི་སྡུག་བསྔལ་གྱི་ཤིང་ར་དང་། འགྱུར་ལྡོག་གི་སྤྲིན་སྣ། བརྗེད་ངེས་ཀྱི་སྒྲ་དབྱངས་སོགས་དྲན་ཡོང་།

མི་ཚོས། ལྷ་གང་ལ་འགྲས་ཀྱང་འགྲས་འགྲས་ཡིན།། ལྷ་བྱམས་པར་འགྲས་པར་འགྱོད་ཅིག་ཡོད།། ཟེར་བ་ནང་བཞིན། དགུང་གི་སྐར་གྲངས་དང་ས་ཡི་རྩྭ་གྲངས་ཡིན་པའི་འཇིག་རྟེན་ཕོ་བརྒྱ་མོ་སྟོང་གི་ཁྲོད་དུ། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གྱི་དཔེ་རུ་འཇོག་ཆོག་པའི་རི་དྭགས་མ་ཁྱོད་རང་མེད་པའམ་མེད་པ་དང་འདྲ་བ་ནི། སྐྱེས་ནས་ད་བར་གྱི་ངའི་དྲན་ཤེས་ཡོངས་རྫོགས་ཡལ་ཟིན་པ་དང་འདྲ་བར་ཡ་ཆུང་ནང་ཅུང་སྟོང་ལྷང་ལྷང་ཞིག་རེད་ལགས།

དེ་ཡང་ཁ་དཔེར། འཇིག་རྟེན་རྩེད་ཡུལ་དགོད་ཡུལ་རེད།། རོགས་པ་སུ་བཙལ་འདི་བཙལ་རེད།། ལམ་རེ་བརྗེས་ན་གནས་ཁང་ཡོད།། གནས་ཁང་ནང་དུ་གནས་མོ་ཡོད།། ཅེས་པ་བཞིན། མུན་པའི་མཚན་མོ་འགའ་བརྒལ་རོགས་དང་ཤ་སྐྱིའི་ཟ་འཕྲུག་འགའ་གསོད་རོགས་ནི་མི་དགོས་ཚུར་གཏད་ཀྱི་རང་བཞིན་རེད་ཨང་། འོན་ཀྱང་ཕྱིར་དྲན་གྱི་རི་མོ་བསྒྲིགས་རོགས་དང་འདས་སོང་གི་བག་ཆགས་བཤད་རོགས་ནི་གང་ཡིན་ཡིན་ཞིག་གིས་མི་ཡོང་བ་འདྲ། 

དངོས་ཡོད་ཀྱིས་འཕྲོགས་སོང་བའི་ཁྱོད་ཀྱི་མག་མོག་གི་རྒྱབ་གཟུགས། ལོ་ཟླ་ཡིས་བསུབས་སོང་བའི་ཁྱོད་ཀྱི་ཆ་མེད་ཀྱི་མདུན་གཟུགས། འདུ་འབྲལ་གྱིས་བར་ལག་འགྱེལ་བའི་ཁྱོད་དང་ངའི་རྣམ་ཤེས་ཀྱི་ཡུལ་བྱོལ་རིང་མོ་ཨང་། ཁ་ཐག་ཇེ་རིང་ནས་ཇེ་རིང་ཡིན་པ་འདྲ་བའི་སྐུད་ཆད་ཀྱི་ཤོག་བྱ་ཞིག་དང་འདྲ་བར་སྤྲིན་དཀར་དམར་གཉིས་ཀྱི་བར་ལ་བུད་ཐལ།

                                                                       ༢༠༡༨ ༦ ༢༡ 

             ༈ དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ་བ།

ང་རང་ཚོའི་མི་རབས་སྔ་མ་ཚོས་ཁོ་ཚོའི་ཤ་ཁྲག་རུས་པའི་ཆ་ཞིག་དང་གསལ་རིག་ཤེས་པའི་ཆ་ཞིག་མུ་མཐུད་དུ་འཇིག་རྟེན་འདིར་བསྐྱུར་བར་འདོད་དེ་ང་རང་ཚོ་སྐྱེས་སུ་བཅུག་པ་ཡིན་སྲིད་ལ། ང་རང་ཚོས་ཀྱང་སོ་སོ་འཇིག་རྟེན་འདིར་གཏན་མེད་དུ་མི་འགྲོ་བའི་ཕྱིར་རམ་ང་རང་ཚོའི་རྒྱུན་ནམ་གྲུབ་ཆ་ཞིག་ཅིས་ཀྱང་འཇིག་རྟེན་འདིར་གནས་པའི་ཕྱིར་དུ་བྱིས་པ་སྐྱེ་རུ་འཇུག་གིན་ཡོད་པ་འདྲ། 

བོད་ཀྱི་ཕ་མ་ཚོས་ནི། སོ་སོའི་རྐང་ཚེགས་གོམ་ཚེགས་ལེན་ཕྱིར་དུའམ། སོ་སོའི་ཁང་ཤུལ་གྱི་དུ་བ་མི་ཆད་པའི་ཆེད་དུའམ། འཆི་དུས་འགྲམ་པའི་འོག་ཏུ་ལག་པ་འཇོག་མཁན་རེ་འོང་ཕྱིར་བྱིས་པ་སྐྱེ་རུ་འཇུག་གིན་ཡོད་ཀྱང་ཟེར་རོ།། 

གསལ་པོར་བཤད་ན་བྱིས་པ་མང་པོ་ཡོད་པའི་ཕ་མ་དག་མལ་ཁྲིའི་མཐའ་ཅན་དུ་གྱུར་དུས་ཀྱང་བྱིས་པ་དག་ལ་བལྟས་ཏེ་ཁོ་ཚོ་ཚང་མ་རང་ཉིད་ཡིན་པའམ་ཁོ་ཚོ་ཡོད་པ་ནི་འཆི་བདག་གིས་རང་ཉིད་རྩ་མེད་དུ་གཏོང་མ་ཐུབ་པའི་རྟགས་ཤིག་ལ་ངོས་འཛིན་པ་འདྲ། དེ་ལས་ཀྱང་གསལ་པོར་བཤད་ན་བྱིས་པ་མང་དུ་སྐྱེ་བ་ནི་འཆི་མི་འདོད་པའི་རྣམ་འགྱུར་ཞིག་གམ་འཆི་མེད་ཀྱི་སེམས་གསོ་ལེན་སྟངས་ཤིག་རེད་ཀྱང་འདོད། 

གདོད་ཐོག་མ་ནས་གླེང་ཚེ་བྱིས་པ་སྐྱེ་རུ་འཇུག་པ་ནི་ཕ་མ་རང་རང་གི་དོན་དུ་ཡིན་པ་ལས་བྱིས་པའི་ཆེད་དུ་ཡིན་ཞིག་ཟེར་རྒྱུ་དཀའ་མོ་རེད། ཨ་མ་དག་ལ་མཚོན་ནའང་བྱིས་པ་ལུས་ལ་མ་གྲུབ་པའི་ཡར་སྔོན་དུ་བུ་འདང་ཟེར་བ་དེ་ཡོད་མི་སྲིད་ཅིང་། ལུས་སུ་གྲུབ་པ་ནས་ད་གཟོད་བྱིས་པའི་ཆེད་དུ་བློས་གཏོང་བ་སོགས་ཀྱི་མགོ་བརྩམས་ཡོད་པ་རེད། ཕ་མའི་དྲིན་ཁ་ཤེ་མོང་ཡང་དེ་ནས་བཟུང་གླེང་དགོས་པ་རེད།

534252308.jpg

བྱིས་པ་ཞིག་ལུས་སུ་ཆགས་པ་ནས་བཟུང་ཨ་མར་གྱུར་པ་དག་གི་ལང་ཚོ་རྒུད་མགོ་རྩོམ། བཀྲག་མདངས་ཡལ་གྲབས་བྱེད། དེ་ནས་བཟུང་སྐྱེས་པ་དག་ཆེས་དགའ་སའི་བུད་མེད་ཀྱི་དཔྱི་དང་ཚང་སྒྲོམ་གྱི་མཛེས་པའང་འཆོར། སྐྱེས་པ་དག་མྱོས་པར་བྱེད་པའི་བུམ་པ་ཡང་འོ་མ་ཙམ་འཛིན་པའི་སྣོད་ལྟ་བུ་ཞིག་ལ་ཆགས། བུད་མེད་ཀྱི་མཁྲང་བའི་ཆ་དང་རྒྱས་པའི་ཆ་དང་ཕྲ་བའི་ཆ་དང་དོག་པའི་ཆ་སོགས་ཕར་འདྲེས་ཚུར་འདྲེས་སམ་ཅུང་ཅི་མ་ཡིན་ཞིག་ལ་འགྱུར། ལྷག་པར་དུ་བྱིས་པ་བཙའ་བའི་གོ་རིམ་ཁྲོད་དུ་བུད་མེད་ཀྱི་རུས་པའི་མཆོད་རྟེན་རིང་མོའི་དབྱིབས་ཀྱང་འཁྱོར། རྒྱུས་པའི་གསེར་སྐུད་རིང་མོའི་གྲིམ་ཡང་ལྷོད། དཀར་ཤ་དམར་ཆ་ཚང་མར་ཆེས་ཡོངས་ཁྱབ་ཀྱིས་དོ་ཕོག་ཀྱང་འབྱུང་། 

ཨ་མ་ཞིག་བྱེད་པའི་གདམ་ཀ་བྱས་པ་ནས་བཟུང་གཡེར་བག་གིས་འཕགས་པའི་མཛེས་མ་ཞིག་བྱེད་པའི་གོ་སྐབས་དང་ལང་ཚོས་དྲེགས་པའི་སྨན་ཤར་ཞིག་བྱེད་པའི་བསོད་བདེ་སོགས་ཕལ་ཆེར་གཡུགས་ཚར་ཡོད་པ་རེད། ད་དུང་བྱིས་པ་ཞིག་ཨ་མའི་ལུས་ལ་ཆགས་པ་ནས་མཐར་དངོས་སུ་ས་སྒོར་ཐོན་པའི་བར་དུ་ཨ་མ་དེར་ཐེངས་བརྒྱད་དགུ་ཞིག་ལ་ཤི་ཚར་བ་ལྟ་བུའི་མནར་གཅོད་དང་སྡུག་བསྔལ་ཡང་ཡོད་པ་རེད། དེའི་སྟབས་ཀྱིས་གཟོད་ཨ་མ་དྲིན་ཅན་ཆགས་སོང་བ་རེད། དེའི་རྐྱེན་གྱིས་གཟོད་ཨ་མ་རླབས་ཆེན་ཡིན་སོང་བ་རེད། 

དེ་ཡང་མི་རྒྱུད་བཟང་པོའི་བུད་མེད་དང་། ཤ་མར་འོ་མའི་དྭངས་ཕུད་ཀྱིས་གསོས་པའི་བུད་མེད་དང་། གངས་ཆུ་དང་རྫ་ཆུ་དྭངས་མོ་རྟག་པར་འཐུང་བའི་བུད་མེད་དང་། ལས་ཚེགས་མེད་པ་དང་སེམས་སྡུག་ཉུང་བའི་བུད་མེད་ཀྱི་ཁྲོད་དུ་བྱིས་པ་རེ་ཟུང་སྐྱེས་ཀྱང་ད་དུང་ལས་སླ་པོར་བུད་མེད་ཀྱི་རོ་དང་བྲོ་བ་མི་འཆོར་བ་ཡང་འགའ་རེ་ཡོད་སྲིད་པ་རེད། འོན་ཀྱང་ཧ་ཅང་དཀོན་པོ་ཡིན་པ་རེད། 

ཨ་ཕའི་ཕྱོགས་ནས་མཛེས་མ་ཞིག་ཨ་མར་བསྒྱུར་ནས་སམ་མཛེས་མ་ཞིག་བློས་བཏང་སྟེ་བྱིས་པ་ཞིག་དང་དུ་བླངས་པ་ཡིན་ལ། ཨ་མའི་ཕྱོགས་ནས་ལྷག་ཏུ་ཡང་དེ་འདྲ་ཡིན་པས།  བྱིས་པ་དེ་ཕ་མ་གཉིས་ཀྱི་སེམས་ཀྱི་ནོར་བུ་མིན་ས་འགྲོ་བ་མ་རེད། དེས་ན་ནོར་བུ་ཡིན་པའི་བྱིས་པ་དེ་བདེ་ཐང་གིས་འཚར་རྒྱུ་དང་། ཚེ་ཐག་རིང་པོ་ཡོད་རྒྱུ། དབང་པོ་ཁ་ཚང་རྒྱུ། དགའ་དགའ་སྤྲོ་སྤྲོ་ཡིན་རྒྱུ་སོགས་ནི་ཕ་མའི་རེ་བ་ཆེ་ཤོས་ཡིན་ལས་ཆེ། 

ཨ་མར་གྱུར་པའི་སེམས་པ་དེ་དང་ཨ་ཕར་གྱུར་པའི་ཚོར་བ་དེ་ནི་བཤད་ནས་བརྡ་འཕྲོད་པ་ཞིག་མིན་ལ། བྱིས་པར་ན་ཚ་ཡོང་སྐབས་ཀྱི་ཕ་མའི་བློ་འཚབ་དང་འཇིགས་སྣང་། བྱིས་པའི་གཅིན་སྐྱག་ཚུན་ཆད་ཁ་ཡིས་མ་བླངས་གོང་མ་ཙམ་བྱེད་ཐུབ་པའི་ཕ་མའི་བློ་རྒྱ། བྱིས་པའི་ལྷུ་ཐག་མཐོ་རུ་ཚད་ནས་ལག་ཨེ་ཆགས་སོགས་ལ་ལྟ་བའི་ཕ་མའི་རེ་འདོད། བྱིས་པའི་ཚིག་ཟུར་རེ་རེ་ལའང་དག་བཅོས་བྱེད་མི་ངལ་བའི་ཕ་མའི་སྙིང་སྟོབས། བྱིས་པའི་རྣམ་འགྱུར་ཕྲ་མོ་ཙམ་ལའང་ལེགས་པར་བརྟགས་ནས་དྭངས་སྙིགས་དབྱེད་ནུས་པའི་ཕ་མའི་ཞིབ་ཆ། དེ་སོགས་ནི་ཕ་མར་གྱུར་པ་དག་གི་སེམས་ངོགས་སུ་གསལ་ལེར་ཡོད་ཅིང་། ཕ་མར་མ་གྱུར་པ་དག་གིས་ནི་ཧ་གོ་ཐབས་མེད་དོ།། 

བྱིས་པ་ཨང་། གོམ་པ་ཆུང་ཆུང་སྤོས་ནས་སློབ་གྲྭར་འགྲོ་མཁན། བྱིས་པ་ཨང་། དགའ་སྡུག་ཕྲ་མོ་ཁུར་ནས་ཕ་མར་བཅར་མཁན། བྱིས་པ་ཨང་། སྐད་ཆ་སྙིང་རྗེ་མོ་ལབ་ནས་རྩེད་རོགས་འཚོལ་མཁན། བྱིས་པ་ཨང་། དཀར་ཡོལ་ཆུང་ཆུང་དང་ལྭ་བ་ཆུང་ཆུང་གི་བདག་པོ་ངོ་མ། བྱིས་པ་ཨང་། ཁྱིམ་གྱི་ག་ཤེད་དུ་ཆེས་དྭངས་གཙང་གི་བྲོ་བ་བསྣན་ནས་ཆེས་ཤ་ཚ་བའི་རྡོག་སྒྲ་རྒྱག་མཁན། བྱིས་པ་ཨང་། སོ་སོའི་ལུས་ཚད་དང་མཉམ་པའི་རྫ་དཀར་ཆབ་གཞོང་དུ་གཅིན་པ་ཨེ་ཐོང་འབད་མཁན། བྱིས་པ་ཨང་། ཤོག་བུ་སེར་ལྗང་སྣ་ཚོགས་བལྟབས་ནས་གནམ་གྲུ་དང་རི་བོང་བཟོ་མཁན། བྱིས་པ་ཨང་། ཆམ་པ་དང་ཡང་ཡང་འཐབ་དགོས་པའི་རྣམ་ཤེས་ཆུང་ཆུང་དང་དེའི་གྲིབ་མ་ཆུང་ཆུང་། དེ་ནི་ང་ཚོའི་བྱིས་པའོ།།

འཆར་གཞི་མེད་པར་བྱིས་པ་སྐྱེ་རུ་འཇུག་མཁན་དང་བྱིས་པ་ཡོད་ཚར་རྗེས་འགན་དུ་མི་ལེན་མཁན་གྱི་ཕ་མ་དག་ནི་ཅུང་ཟད་འཇིགས། ཕ་མའི་བརྩེ་བ་མ་ཐོབ་པའི་བྱིས་པ་དག་ལས་སྡུག་པ་ཞིག་ཡོད་མི་སྲིད་སྙམ། 

བྱིས་པའི་དུས་ཆེན་གྱི་ཉིན་འདིར། ཕ་ཡོད་མ་ཡོད་དག་ནི་དགའ་སྟེ་སྐྱིད་མོད། འོན་ཀྱང་ཕ་མེད་མ་མེད་དམ་ཕ་མས་བོར་བའི་བྱིས་པ་དག་ནི་མགོ་འཕང་ཤིན་ཏུ་དམའ་ཞིང་། སྐད་གདངས་ལ་ངུ་ངག་འདྲེས་ཡོད། ང་ཡང་བྱིས་པ་ཞིག་གི་ཨ་ཕ་ཡིན་མོད། ཕ་མེད་མ་མེད་ཀྱི་བྱིས་པ་དག་གི་དཀྱིལ་ཚོད་ནས། ངས་རང་གི་བྱིས་པར་ཆེ་ཆེ་དྲག་དྲག་དང་ཤོམ་ཤོམ་རྒོད་རྒོད་དེ་ཙམ་བྱེད་དུ་འཇུག་འདོད་མ་སོང་། དེ་ལྟར་བྱས་ཚེ་ཕ་མེད་མ་མེད་དམ་ཕ་མས་བོར་བའི་བྱིས་པ་དག་གི་ཁོག་ནང་ལ་མེ་མུར་བླུག་པ་དང་ཅི་ཁྱད། 

བྱིས་པའི་དུས་ཆེན་ཨང་། བྱིས་པ་སྐོར་ཞིག་གི་བདེ་སྐྱིད་ཀྱི་དགོད་སྒྲའི་ཟུར་ན། འཕྱོ་ལྡིང་གི་གར་སྟབས་མཐའ་ན། ཡང་བྱིས་པ་གཞན་སྐོར་ཞིག་གིས་གར་འཁྱར་མི་ཤེས་པའི་ཕ་མ་ལྡོམ་པོ་དག་དྲན་བཞིན་ཡོད་དམ། ཡོད་དམ། 

                                                                      ༢༠༡༨ ༦ ༡ 

            ༈ ངས་སྐད་འཕྲིན་དུ་རྩོམ་སོགས་སྤེལ་དོན་འདི་འདྲ་ཞིག་ཡིན། 

སྐད་འཕྲིན་ནང་དུ་ཆེན་པོ་ཆེན་པོ་ཞིག་ཆུད་གི་ཡང་མ་རེད་ལ་དེ་ཨེ་ཆུད་མི་ཆུད་བལྟ་དོན་ཡང་ཡོད་པ་མ་རེད། ཆེས་གཙོ་བོ་ནི་ལམ་འདི་བརྒྱུད་ནས་ང་ཚོས་བོད་ཀྱི་སྐད་ཡིག་གཉིས་པོ་བརྗེད་དུ་མ་བཅུག་པའི་ཐོག་ཏུ་གསོན་ཤུགས་རེ་བསྣོན་ཐུབ་སོང་ན་ད་འགྲིག་བསྡད་ཡོད་པ་རེད། 

རིག་གནས་རིག་གནས་ཟེར་ཡང་མཐར་གཏུགས་ན་སྐད་ཡིག་གཉིས་པོར་ཐུག་ཡོད་པ་རེད། སྐད་ཡིག་སྐད་ཡིག་ཟེར་ཡང་མཐར་གཏུགས་ན་འཚོ་བའི་ནང་གི་བརྡ་རིགས་སྤྱི་དང་ཁ་ཐོག་གི་ཉི་མ་ཟླ་བ་དེའོ།། དེ་དག་བཤད་ནས་འབྲི་དགོས་པ་རེད། 

ལྷག་པར་དུ་ཁ་སང་དེ་རིང་དུས་བབས་ཀྱིས་ངག་ཐོག་གི་རྩོད་པ་དང་། ཁ་བརྒྱུད་ཀྱི་བཤད་སྲོལ། ཟ་སྐད་འཐུང་སྐད་ཀྱི་ཚིག་སྟེགས། འགྱུ་ཤུགས་དྲགས་པའི་ཁ་སྟབས། དགོད་ལུགས་ངུ་སྟངས་ཚུན་ཆད་གྲ་མ་ཉམས་གྲུ་མ་ཆག་པ་ཞིག་ཡིག་ཐོག་ཏུ་འཁུར་ཡོང་ཨེ་ཐུབ་ལ་བལྟ་དགོས་པ་རེད། 

འཇིག་ལ་ཉེ་བའི་འབྲོག་པའི་མི་རབས་ཤིག་གི་ཚིག་གི་འཕག་ལུགས། དོན་གྱི་ཆོད་ཤ། གཏམ་གྱི་ལྡེམ་འཁྱུག་ཚང་མ་མ་ཤི་གསོན་པོ་དང་མ་འཁྱག་དྲོན་པོར་ཡར་ཡིག་ལམ་ལ་འཁྱེར་ཡོང་ཨེ་ཐུབ་བལྟ་དགོས་པ་རེད། དེ་ཡང་ཡིག་ཐོག་ཏུ་ཕབ་ལོ་བྱས་པ་ཙམ་གྱིས་ཀྱང་མི་འཐུས་པས། ཆེས་མ་གཞིའི་བྲོ་བ་མ་ཤོར་བ་ཞིག་དགོས་པ་རེད། 

རྒྱུ་མཚན་དེ་དང་དེ་སོགས་ཀྱིས་མཁས་པ་ནམ་ནོར་དང་བཅས་པས་འབྲོག་པའི་ཏིས་རྩོད་རྒྱག་སྟངས་འདི་འདྲ་ཞིག་རེད་ཅེས་དང་། འབྲོག་པའི་མོ་གྱོད་བཤད་ཚུལ་འདི་འདྲ་ཞིག་རེད་ཅེས་དང་། འབྲོག་པའི་བྱི་སྟོང་འདུམ་ཚུལ་འདི་འདྲ་ཞིག་རེད་ཅེས་ཡང་ནས་ཡང་དུ་བྲིས་ཤིང་གླེང་དགོས་སོང་བ་རེད། ཕར་བལྟས་ན་ཅི་ཡང་མིན་པ་འདྲ་བོ་དེ་དག་དོན་གྱིས་ནི་སྙིང་པོའི་སྙིང་པོ་ཡིན་པ་རེད།

ལ་ལས་ཁྱོད་ཀྱིས་ཧ་ཅང་ཆེན་པོ་ཞིག་བཤད་གི་མེད་གཱ་ཟེར། ཆེན་པོ་ཞེས་པ་ཅི་ཞིག་རེད། ཚད་མའི་ཚོད་མ་ཨེ་རེད། ཁྲལ་རྩོམ་གྱི་ཤོག་འབུམ་ཨེ་རེད། རེའུ་མིག་ཉི་ཚེ་བས་ཁ་གཅོད་ཐབས་བྱེད་ལུགས་དེ་རེད་དམ། གཞན་ཅི་ཞིག་རེད། དེ་དག་ཁྱོད་ཚོས་བཤད་གིན་སྡོད་གདའ་དེ་རེད། 

ཡང་གཅིག་བཤད་ན་ང་ཚོས་ད་བར་དུ་ཆེན་པོ་རྐྱང་རྐྱང་བཤད་ནས་ཡོང་བ་རེད། ད་ངས་ནི་ཆུང་ཆུང་བཤད་གི་ཡིན། འབྲོག་པ་ཚོའི་ལྕེ་ཐོག་གི་ཞིང་ཁམས། སོ་བར་གྱི་རྒྱལ་ཁམས། ཤགས་རྒྱག་གི་རྣོ་སོ། རོགས་རྩོད་ཀྱི་རྡོ་ར་སོགས་བསྲུང་ཞིང་འཛིན་རྒྱུ་ཡིན།

སྡེ་སེམས་ཅན་གྱིས། སྐད་ཡིག་ཅེས་པ་ལག་ཆ་ཙམ་ཞིག་མ་རེད་ཟེར་གི་ཡོད་པ་རེད། སྐད་ཡིག་ནི་མི་རིགས་ཤིག་གི་བག་ཆགས་ཀྱི་ཞིང་ས་རེད་ཟེར་གི་ཡོད་པ་རེད། སྐད་ཡིག་ནི་མི་རབས་མང་པོའི་ཆགས་སྡང་གི་ཉར་བྱང་རེད་ཟེར་གི་ཡོད་པ་རེད། དེ་ཡིན་དུས་སེམས་རྩ་མི་བསྒུལ་བའི་སྐད་ཆ་དང་། ཕོག་ཐུག་མི་ཐོང་བའི་ཡིག་འཕྲེང་། མཉེན་ལྕུག་མེད་པའི་བརྡ་ལུད་སོགས་ལ་དགོས་པ་ཆེན་པོ་ཅི་ཞིག་ཡོད་དམ། 

ལྷ་ས་རུ་བོད་ལྗོངས་ཀྱི་ཨང་དང་པོའི་ངག་བརྗོད་ཀྱི་དེབ་འཕྲེང་ཟེར་བ་ཞིག་ཡོང་གིན་ཡོད་གཱ ད་ཨ་མདོ་རུ་ཡང་ངག་ཐོག་རྩོམ་རིག་ལ་ཤུགས་རྒྱག་དགོས་གི་ཟེར་གི་ཡོད་པ་མིན་ནམ། ད་ལོ་ལྟ་བུ་ཡིན་ན་ཕལ་ཆེར་རྫོང་ཁག་ཁག་རེ་ནས་ངག་ཐོག་གི་མང་པོ་ཞིག་སྡུ་གསོག་རྒྱག་གིན་འདུག་གཱ དེ་ཧ་ཅང་ཡག་པོ་རེད། སྐད་འཕྲིན་ལས་ཀྱང་སྦྱོར་བ་འདི་འདྲ་ལག་ལེན་ཏུ་བཏབ་ན་དོན་སྙིང་ཡོད་པ་ལས། ཆེན་པོ་ཆེན་པོ་ཞིག་ཅེས་ཨག་རྒྱངས་བྱས་མ་བྱས་ཡོད་པ་མ་རེད། 

ང་ཚོ་ནི་ལྷ་ཡུལ་གྱི་ལྷ་དབང་བརྒྱ་བྱིན་སོགས་མ་རེད། དེ་མིན་པས་ང་ཚོས་ཚད་དམའ་བའི་ཇ་དང་ཚྭ་ཁུ་བཤད་དགོས་པ་རེད། ཡིད་སུན་པའི་ས་རྩོད་དང་ཁྱི་ནད་བཤད་དགོས་པ་རེད། དགོས་པ་མེད་མེད་འདྲ་བའི་གླུ་དང་ཕྲ་མ་ཚུན་ཆད་ལ་ཁ་ལོང་ཁ་ཚར་འདོགས་དགོས་པ་རེད། ཆེས་དམའ་སའི་བྲག་ཐེམ་དེ་ན་ད་གཟོད་ང་ཚོའི་ཉག་ཕྲ་བའི་དགའ་སྡུག་གི་གནའ་ཁྱུ་ཡོད་པ་རེད། ང་ཚོས་བསྲུང་དགོས་པ་དེ་རེད་ལ། ང་ཚོས་འདེད་དགོས་པའང་དེ་རེད། 

གེ་སར་སྒྲུང་གི་པོད་ཆེན་དག་ཏུའང་ནང་འཁྲུག་དང་མོ་རྩོད། ལུང་ལོག་དང་ང་ཆེ་ང་བཙན། དེ་ལས་ཀྱང་མང་བ་ནི་ཚིག་རྩ་ཚིག་གིས་བསྒགས་པའོ།། འདི་དག་བསྐྱུར་བཞག་པའི་ཕ་རོལ་དུ་ང་ཚོའི་རྩོམ་རིག་ཅེས་པའི་སྤུ་ཞོལ་ལེ་བ་ཞིག་འབུད་ཡོང་རྒྱུ་ཡོད་པ་མ་རེད། ཅིའི་ཕྱིར་ཞེ་ན། “རྩོམ་རིག་ཅེས་པ་མཐར་གཏུགས་ན་ཚིག་སྒྱུ་རྩལ་ཡིན”པས་སོ།།

                                                                                 ༢༠༡༨ ༥ ༡༡ 

             ༈ དགག་པ་འབྲི་བ་དང་ཡིད་འགྱུར་འབྲི་བ་གཉིས་ལ་གཞོལ་ཆེ་ཆུང་གླེང་བ།

རྩོམ་ཞེས་པ་འདི་ལ། རིགས་ཅུང་མང་པོ་འདུག་ཀྱང་འདུག་ལ་དགོས་ཀྱང་དགོས་ཀྱི་འདུག་སྙམ། ཁྱད་པར་དུ་ལུང་འདྲེན་རྒྱས་པོའི་ཚིག་ཚོགས་ལ་བརྟེན་མི་དགོས་པའི་དགག་ཡིག་ཁ་གསལ་ཐག་ཆོད་པ། ན་ས་ཚ་སར་འཁེལ་ཐག་ཆོད་པ། དཔེ་འཇོག་དང་ཁ་མཚར་གྱིས་བཞུན་ཐག་ཆོད་པ། མཚོན་རྣོན་པོ་ཤ་ལ་བཏབ་པ་བཞིན་སག་སག་ཟུག་ཐག་ཆོད་པ་རེ་འབྲི་བར་ཅིས་ཀྱང་བྱང་དགོས་ཏེ། ཤིན་ཏུ་ཆུབ་ཀྱང་དགོས་ཏེ། ནམ་དགོས་ཤེ་ན། གཞན་གྱིས་ཚུར་གླེང་ལོག་འདེབས་པ་དང་གྲུབ་འབྲས་ཁྱད་དུ་གསོད་པའི་སྐབས་སུ་སྟེ། ལན་ཞིག་ཅིས་ཀྱང་མི་དགོས་པ་དང་ལན་འདེབས་རིན་གཏན་ནས་མེད་པ་སོགས་ཕར་ཕུད་འཕྲོར། སྔ་རྒོལ་གྱི་རྩ་བ་ཡུ་བ་ཡལ་ག་ལོ་མ་དང་བཅས་པ་ཅིས་ཀྱང་ཚར་གཅོད་ཐུབ་པའི་ཡི་གེའི་མཐུ་སྟོབས་ཤིག་དང་། སྐད་ཆའི་གོ་མཚོན་སྣ་རྒུ་ཞིག་མེད་ཐབས་མི་འདུག་སྟེ། ལྷག་པར་དུ་སྟབས་ལེགས་དང་གོ་སྐབས་ཀྱིས་རྩོམ་སྟེགས་སུ་བུད་པ་ཚོས་ཆེ་དྲག་དྲག་བྱེད་སྐབས་དེ་དག་གི་སྣ་ས་ལ་འདོགས་ནུས་པ་དང་ཁ་གནམ་ལ་བསྐོར་ཐུབ་པ། ལྕེ་མ་ནེའི་འོག་ཏུ་དམར་ལིང་ངེར་ཕྱུང་ནུས་པའི་རྩལ་སྣ་དྲག་པོ་འགའ་ཞིག་ཧ་ཅང་མཁོ་བ་ཡིན་ཏེ། གླང་པོ་ཆེ་གཟུགས་བོངས་ཆེ་ཡང་ལྕགས་ཀྱུ་ཕྲ་མོས་གར་ཁྲིད་ཡིན་པ་དང་། ནམ་མཁའི་ཆར་དྲག་འབབ་ཤེད་ཐུ་ཡང་སྔགས་ལྡན་ཡུང་འབྲུས་དུམ་གཅོད་བྱེད་ཆོག་པ་དང་། སྤྲེལ་སྲིན་ངོ་དམར་དྲན་རྒྱུ་རྒོད་ཀྱང་གཟིར་བྱེད་ཨ་ལོང་གིས་བརྒྱལ་དུ་འཇོག་ནུས་པ་ལྟ་བུ་སྟེ། ཁ་སྟབས་ཀྱི་གྲི་རིང་གྲི་ཐུང་། ཤགས་རྒྱག་གི་མདུང་རིང་མདུང་ཐུང་། ད་དུང་དགག་ཡུལ་གྱི་རི་རབ་ཐལ་བའི་རྡུལ་དུ་རློག་པར་བྱེད་པའི་བཤད་ལུགས་ཀྱི་ཉིང་རྡུལ་ཁོལ་མ། བཤད་ཐབས་ཀྱི་ཉིང་རྡུལ་ཁོལ་མ། བཤད་སྦྱར་གྱི་ཉིང་རྡུལ་ཁོལ་མ་ཞིག་ཡོད་ཤག་ཤག་ཡིན་ཚེ། ཡང་ཤི་ཡང་སོས་དང་བླ་ཤི་ཚེ་ཆག་གི་ཁ་ཆུ་འདེབས་མཁན་བྱེ་བ་ཁྲི་སྟོང་མང་པོ་འབྱུང་ཡང་ཉམ་ང་བག་ཚ་སྤུ་ཉག་ཙམ་ཡང་དགོས་པ་མ་རེད། སྔ་དྲོ་གསོད་པའི་ཤན་པ་དང་ཕྱི་དྲོ་འདྲེན་པའི་བླ་མ་བྱས་ཀྱང་ཆོག་གི་རེད། དེས་ན་དགག་རྩོམ་འབྲི་བ་ལ་འཇོན་ཙམ་དགོས་པ་རེད་ཅེས་ངས་གཟབ་ནན་གྱིས་བཤད་ཀྱི་ཡོད།

1158832566.jpg

འོན་ཀྱང་དགག་པའི་གནམ་ལྕགས་ཐོག་མདའ་ནི་ཅིས་ཀྱང་འཕེན་དགོས་པ་ཞིག་ཡིན་མོད། རྟག་པར་འཕེན་དགོས་པ་ཞིག་རང་མིན། རྩོམ་པ་པོ་ཞིག་ཡིན་ན་སོས་དལ་བག་ཕེབས་ཀྱི་སྐབས་ལ། འདས་སོང་གི་ཚོགས་དྲུག་ཞིང་བཀོད་ལ་ལྷུན་ཆགས་བྱོན་ལེགས་ཀྱི་འཇའ་དྲུག་སྒྲིག་པ། ད་ལྟ་བའི་སྒོ་ལྔའི་མེ་ཏོག་ལ་དྭངས་རྫོགས་སྤོས་འཐུལ་གྱི་ཆུ་གསོས་འདེབས་པ། མ་འོངས་པའི་རྟོག་ཚོགས་ཇི་སྙེད་ཀྱི་ཁང་ཀླད་དུ་བློ་བདེ་གཤིས་ཕབ་ཀྱི་ཇོ་དར་འཐེན་པ་སོགས་ཏེ། མཐར་གཏུགས་ན་ཡིད་ཀྱི་འགྱུར་བ་སྙན་ཐག་ཆོད་པ། བསམས་ཤིང་བསམ་ན་ལྷོད་ཐག་ཆོད་པ། ག་ལེར་བལྟས་ན་འབོལ་ཐག་ཆོད་པ། ཡང་ཡང་བཀླག་ན་མཛེས་ཐག་ཆོད་པ་ཞིག་རྩོམ་ཤེས་པའི་འཆར་སྒོ་ཡང་དགོས་ཤག་ཤག་ཡིན། རྩོམ་ལུགས་དེ་འདྲར་ཡིད་ཀྱི་འགྱུར་བ་བརྗོད་པ་ཟེར་ལ། སྒྱུ་རྩལ་རྩོམ་རིག་ཀྱང་ཟེར། ཚིག་སྣ་བསྡུས་ཏེ་སྒྱུ་རྩོམ་ཟེར་མཁན་ཡང་གདའ། རྩོམ་ལུགས་དེ་ནི་རྩོམ་པ་པོ་ཞིག་ལ་མཚོན་ན་མིག་དང་སྲོག་དང་ཁྱིམ་བཞིན་དུ་གལ་ཆེ་བ་སྟེ། རྩོམ་པ་པོ་ངོ་མ་ཞིག་ཡིན་ན་འཆར་སྒོ་ནི་རྒྱལ་སྲིད་ཡིན་ལ། ཡིད་འགྱུར་ནི་མངའ་ཐང་ཡིན། རྩོམ་པ་པོ་ངོ་མ་ཞིག་ཡིན་ན་འཆར་སྒོ་ནི་ལྟེ་བ་ཡིན་ལ། ཡིད་འགྱུར་ནི་སྙིང་པོ་ཡིན། རྩོམ་པ་པོ་ངོ་མ་ཞིག་ཡིན་ན་འཆར་སྒོ་ནི་སྔོ་ཤང་ཤང་གི་མཚོ་མོ་ཡིན་ལ། ཡིད་འགྱུར་ནི་སེར་ཀྱུག་ཀྱུག་གི་ངང་ཁྱུ་ཡིན། ཞིབ་ཏུ་དཔྱད་ན་སྙན་ངག་ཀྱང་ཡིད་འགྱུར་གྱིས་ཡིན་ལ། ལྷུག་རྩོམ་ཡང་ཡིད་འགྱུར་གྱིས་ཡིན། ཟློས་གར་དང་གཏམ་རྒྱུད་སོགས་ལའང་ཡིད་འགྱུར་གྱི་རྩི་དང་བྲལ་ན་ནི། འཛམ་གླིང་མཛེས་མའི་གཙུག་རྒྱན་ཞིག་ལ་ཁོག་སྨད་མེད་པ་ལྟ་བུའི་ཡ་མ་བརླ་ཞིག་ལས་འོང་རྒྱུ་ཅི་མེད། དེ་བས་ངས་ཡིད་འགྱུར་གྱི་རྩོམ་ནི་ཧ་ཅང་གལ་ཆེན་འགངས་ཆེན་ཡིན་ཞེས་ཀྱང་ཉིས་བཤད་སུམ་བཤད་རྒྱག་གི་ཡོད། 

ཡིད་འགྱུར་ཐོན་དགོས་པའི་རྩོམ་ལ་ཡིད་འགྱུར་མ་ཐོན་ཚེ་ག་ལ་འགྲིག་ཀྱང་། ཡིད་འགྱུར་ཐོན་མི་དགོས་པའི་ལོ་རྒྱུས་དང་གསར་འགྱུར། གནའ་རྫས་ངོ་སྤྲོད་པ། ཕྱུགས་ཟོག་གི་མཚམས་སྦྱོར། ཐོན་རྫས་ཀྱི་གསལ་བཤད་ལྟ་བུར་ཡང་ཡིད་འགྱུར་ཅན་གྱི་ཚིག་རེ་མཆིས་ཚེ་མི་ཚོས་ཡང་ནས་ཡང་དུ་ཀློག་ཅིང་། དེ་ནི་རྩོམ་ཧྲིལ་པོའི་བྱེ་ཐང་དུ་ལྗང་མྱུག་ཐར་ཐོར་རེ་བུད་པ་བཞིན་ལས་སླ་པོར་བློས་མི་ཐོང་བ། བསྐྱུར་མི་བྲ་བ། ཕྱི་མིག་འཆོར་བ་ཞིག་ཅིས་ཀྱང་ཆགས་ཀྱི་ཡོད་པ་རེད། 

གཞི་རྩའི་ཆ་ནས་བཤད་ན། དགག་པ་འབྲི་བ་དང་ཡིད་འགྱུར་འབྲི་བ་གཉིས་ཀྱི་ངོ་བོ་དང་བྱེད་ནུས་ཚུན་ཆད་མི་འདྲ་བས། གཅིག་ཚབ་གཅིག་གིས་མི་ཡོང་ཞིང་། སོ་སོའི་དགེ་མཚན་སོ་སོར་ཡོད་པ་ཞིག་ཡིན་པས། གཙོ་ཕལ་དང་མཆོག་དམན་གྱི་དབྱེ་བ་དེ་ཙམ་མེད་མོད། ང་རང་སྒེར་ངོས་ནས། དགག་པ་ནི་མཚམས་མཚམས་ལ་ཆང་གི་ཚོད་ཙམ་འཐུང་རྒྱུ་དང་། ཡིད་འགྱུར་ནི་དུས་རྟག་པར་ཇ་ཡི་ཚོད་ཀྱིས་མང་འཐུང་རེ་བྱས་ན་རེད་སྙམ་གྱི་ཡོད། དེ་ནི་ངའི་དོ་ཞག་ཅིག་གི་དགའ་ཕྱོགས་ཡིན་ལ། དགའ་ཕྱོགས་དེར་འགྱུར་བ་འགྲོ་མི་འགྲོ་ང་རང་གིས་ཀྱང་ད་དུང་མི་ཤེས་པས། ཁྱོད་ཚོས་ག་ལ་ཤེས་ཐུབ་ཨང་།

                                                                         ༢༠༡༨ ༦ ༢༥ 

             ༈ རྩོམ་སྐད་ཀྱི་རས་དང་སྣུམ་གླེང་བ། 

ང་ལ་མཚོན་ནས་བཤད་ན། རྩོམ་སྐད་ནི་དྭངས་པའི་མཐར་ཐུག་ཅིག་དང་གསལ་བའི་མཐར་ཐུག་ཅིག ནམ་རྒྱུན་ཁ་ནས་ཁ་ལ་ལབ་པ་ལྟ་བུའི་ཆེས་ཐགས་ཐོགས་མེད་པ་ཞིག་ཡིན་པ་ཙམ་གྱིས་འགྲིག་བསྡད་ཡོད་སྙམ་གྱི་ཡོད། དེ་ལས་ལྡོག་སྟེ། ཆེད་དུ་ལི་ཤུའི་གུར་ཁང་དང་རྦ་བཞེད་སོགས་ཀྱི་ཚིག་འགྲོས་བཞིན་ཨེ་ཡོང་འབད་པ་ནི་ལས་ཀ་ལྷག་མ་ཞིག་རེད་ཀྱང་འདོད་ཀྱི་ཡོད། 

ག་ཚོད་གོ་བདེ་ན་དེ་ཚོད་བཟང་ཞིང་། གོ་མཁན་ཇི་ལྟར་མང་ན་བརྩམས་པའི་དགོས་པའང་དེ་ལྟར་འགྲུབ་ཀྱི་ཡོད་ཁར། ཡི་གེ་ཀློག་ཙམ་འགྲོ་བ་ཞིག་གིས་ཀྱང་ཆེས་ཚེགས་མེད་དུ་ནང་དོན་གོ་བ་ཞིག་འབྱུང་ཚེ་ངས་བདག་གཞན་སུ་ལའང་མཐེ་བོང་སྟོན་ངེས་ཡིན། 

རྩོམ་སྐད་ནི་སྤྱིར་བཏང་བ་ཡིན་དྲགས་ནས་འབྲོག་པའི་ལ་གཞས་ཤིག་དང་འདྲ་བོ་ཡོད་པའམ། སྲང་ལམ་གྱི་འཁོན་འགྲས་ཤིག་དང་འདྲ་བོ་ཡོད་པའམ། ཨ་མ་རྒན་མོའི་གནའ་བཤད་ཅིག་དང་འདྲ་བོ་ཡོད་པའམ། རྣ་རྡོལ་ལ་སོང་དྲགས་པའི་ཁ་བཏོན་ཞིག་དང་ཡང་འདྲ་བོ་ཡོད་ཚེ་རྩོམ་མཁན་གང་དེ་བརྡ་རྙིང་གི་རྫོང་ལས་ཐར་བའི་རྟགས་ཤིག་དང་ཚིག་མཁྲེགས་ཀྱི་དོལ་ལས་བུད་པའི་རྟགས་ཤིག་ཀྱང་ཡིན་ཏེ། ས་མཚམས་དེར་ཐོན་དུས་ཁྱོད་ཀྱི་ངག་གི་སྒྲིབ་པ་ཕལ་ཆེར་དག་ཡོད་ལས་ཆེ་སྙམ།

ཆེས་གལ་ཆེ་བ་ནི། རྩོམ་ལས་བྱུང་བའི་གློག་རྒྱུན་ཞིག་དང་ཀློག་པ་པོའི་སེམས་ལས་བྱུང་བའི་གློག་རྒྱུན་ཞིག་ཕན་ཚུན་ཕོག་ཐུག་བྱུང་སྟེ་མེ་སྟག་མཆེད་དགོས་པ་དེའོ།། ཆེས་གལ་ཆེ་བ་ནི་རྩོམ་ལས་བྱུང་བའི་ཕོ་གཤིས་ཤིག་དང་ཀློག་པ་པོའི་སེམས་ལས་བྱུང་བའི་མོ་གཤིས་ཤིག་ཕན་ཚུན་གྲ་འགྲིག་པོ་བྱུང་ནས་དགའ་མགུར་སྤྱོད་ཐུབ་དགོས་པ་དེའོ།། 

འཚོ་བའི་ཁྲོད་དུ་ནི་སྐད་ཆ་ལ་ལ་ཞིག་ཕྱེད་ཙམ་སྨྲས་ཏེ་མ་སྨྲས་ཀྱང་ཕ་རོལ་པོས་གོ་ནུས་པ་དང་། སྐད་ཆ་ལ་ལ་ཞིག་ཟུར་ཙམ་སྨྲས་ཏེ་མཚམས་བཞག་ཀྱང་ཆོག་པ་དང་། ཡང་སྐད་ཆ་ལ་ལ་ཞིག་དགོད་གཏམ་གྱི་སྒྲོམ་ལ་བཅུག་ནས་མ་གཏོགས་ལབ་མི་དར་ལ། མནའ་དང་སྦྲགས་ནས་ལབ་དགོས་པའང་ཡོད་ཁར། ལབ་དང་མ་ལབ་ལ་ཁྱད་པར་གཏན་ནས་མེད་པའང་ཡོད་ཅིང་། མིག་བརྡ་དང་ལག་བརྡའི་ཞོར་ལ་ཁ་གདངས་པ་ཙམ་གྱིས་སྐད་ཆ་ཞིག་གཡུགས་ཚར་བའི་རང་བཞིན་ཅན་ཡང་མང་། 

དེ་འདྲ་ཞིག་ཡིན་པའི་སྟབས་ཀྱིས་འཚོ་བའི་ནང་གི་སྐད་ཆ་ཟེར་ན་འདྲ། ཁ་ཐོག་གི་ལབ་གླེང་ཟེར་ན་འདྲ། སྤྱིར་བཏང་གི་སྨྲ་བ་དེ་རིགས་ཧ་ཅང་འདྲེན་ཤུགས་ལྡན་པ་ཞིག་ཆགས་ཡོད་ཅིང་། ཆེས་ཐག་ཉེ་བ། ཆེས་བབས་ཆགས་པ། ཆེས་བློར་འབབ་པ། ཆེས་རྣར་སྙན་པ་བཅས་ཀྱི་ཁྱད་ཆོས་མ་ལུས་ཚང་ནས་ཡོད་པ་རེད། སྐད་ཆ་སྐད་ཆ་ཞེས་པ་དོན་གྱིས་ནི་དེ་འདྲ་ཞིག་ལ་ཟེར་བ་རེད། 

ནམ་ཞིག་ང་ཚོའི་རྩོམ་སྐད་ཀྱང་དེ་འདྲའི་ཡང་ཟོར་ལྡན་པ། ཟ་པེ་ལེན་དང་འཐུང་པེ་ལེན་ཡིན་པ། འཐེན་འཐེན་ཐོགས་ཐོགས་བྱས་ནས་ཀློག་མི་དགོས་པ། བཤད་ས་མི་འགྲོ་བ་གཅིག་ཀྱང་མེད་པ། བཤད་མི་ཤེས་པ་གཅིག་ཀྱང་མེད་པ། ལྷམ་ཞིག་གི་གསལ་བཤད་དང་སྒོ་ཞིག་གི་བཟང་ངན་བྲིས་ནའང་ལོས་བདེན་ལོས་བདེན་འདོད་སྤྱད་ཅིག ཅིས་ཀྱང་མཆོད་བརྗོད་དང་དངོས་པོ་ངེས་བསྟན་སོགས་མེད་ཀྱང་རྩོམ་གྱི་གོ་རང་ཆོད་པ། བོར་ཡིག་དང་རྙེད་ཡིག་ཅིག་བྲིས་ཀྱང་སྐབས་དོན་ལས་ལྷག་པ་ཅང་བྲི་མི་དགོས་པ་ཞིག་ཡོང་ཚེ། སྐད་ཡིག་གཞན་ནང་བཞིན་བོད་སྐད་བོད་ཡིག་གི་ཚེ་ཐག་ཀྱང་ཇེ་རིང་དུ་འགྲོ་ཁར། སྤྱོད་མཁན་མང་བ། ཁྱབ་རྒྱ་ཆེ་བ་སོགས་ཀྱི་རིན་ཐང་ཡང་ལྡན་ཁོ་ཐག་ཡིན་ནོ།།

དེ་མིན་པར། ད་ལྟ་ནང་བཞིན་ཁ་ཐོག་ནས་བཤད་པ་དག་ཐད་ཀར་ཡིག་ཐོག་ཏུ་ཕབ་མི་ཉན་པ་འདྲ་བོ། ཡིག་ཐོག་གི་དེ་དག་ཀྱང་ཁ་ཐོག་ཏུ་ཟེར་མི་དར་བ་འདྲ་བོ་ཞིག་གི་ངང་ནས་མུ་མཐུད་སོང་ཚེ་སྐད་ཡིག་གི་ངོས་ནས་ཉེན་ཁ་ཞིག་དང་། དེ་སྤྱོད་མཁན་གྱི་ངོས་ནས་ལན་ཆགས་ཤིག་ཡིན་པ་གདོན་མི་ཟ་སྟེ། ཁ་སྐད་ཅེས་པའི་ཤར་ཕྱོགས་ཀྱི་རི་མགོ་དེ་དང་ཡིག་སྐད་ཅེས་པའི་ནུབ་ཕྱོགས་ཀྱི་རི་མགོ་དེ་གཉིས་ཀྱི་བར་དུ། མཐར་གཏུགས་ན་གཅིག་གྱུར་གྱི་ཟམ་པ་ཞིག་ཀྱང་མེད་པས། རྩོམ་སྐད་བཞུན་མོ་ཞིག་ག་ལ་ཡོང་ཐུབ་ཨང་། 

སྲོལ་རྒྱུན་གྱི་རྩོམ་སྐད་ནི་སྲོལ་རྒྱུན་གྱི་རྩོམ་སྐད་རང་རེད། དེ་ནི་མཛོད་ཁང་ཞིག་གི་དོད་དུ་བཞག་སྟེ་ཚྭ་དགོས་དུས་ཚྭ་ལེན་པ་དང་། ནས་དགོས་དུས་ནས་ལེན་པ། ཁབ་སྐུད་དགོས་དུས་ཁབ་སྐུད་ལེན་པ་ལྟ་བུ་བྱས་ན་མི་ཆོག་པ་མེད་ཅིང་། དེ་རང་འགྲིག་ཀྱང་འགྲིག་པ་རེད། འོན་ཀྱང་དེང་སང་ནི་ཐོན་རྫས་ཀྱི་རྣམ་གྲངས་མང་བ། ལུགས་གསར་གྱི་བརྡ་རིགས་འབེལ་བ། གོ་བརྡ་སྤྲོད་སྟངས་དང་ནང་སེམས་མཚོན་ལུགས་ཀྱི་དཔེ་འཇོག་ནི་སྔར་གོ་ཡང་མ་མྱོང་ལ་དྲན་ཡང་མི་ཐུབ་པ་རྫོགས་མེད་མཆིས། སྐད་རིགས་ཕན་ཚུན་ཤུགས་རྐྱེན་ཐེབས་རེས་ཀྱིས“འཛམ་གླིང་སྤྱི་སྐད”ཟེར་བ་ཞིག་ཀྱང་ཡོང་མི་སྲིད་པ་མིན་པའི་ཚོད་དུ་བསླེབས་ཡོད་ཙང་། སྲོལ་རྒྱུན་གྱི་རྩོམ་སྐད་ཁོ་ནས་མུ་མཐུད་དུ་འགྲོ་ཐུབ་ནའང་འགྲོ་དགོས་ལ་འགྲོ་མི་ཐུབ་ནའང་འགྲོ་དགོས་ཟེར་བ་ནི། ལོ་ཁྲིའི་ཡར་སྔོན་གྱི་ལྷ་མོ་ཞིག་ཆུང་མར་ལེན་རྒྱུ་ཟེར་བ་ལྟ་བུའི་ཆེས་འགྲུབ་ཐབས་མེད་པ་ཞིག་ཡིན་ནོ།།

དེས་ན་སྐད་ཡིག་གཞན་ལས་བྱུང་བའི་བརྡ་རིགས་སྙིང་ཉེ་ཞིང་ཤ་ཚ་བ་དག་ཀྱང་འོས་འཚམས་ཀྱིས་དང་དུ་ལེན་པ། ཡང་སྐད་ཡིག་གཞན་ལས་བྱུང་བའི་མཁོ་གལ་ཆེ་བའི་ཡིག་རྟགས་སོགས་ལའང་སྒོ་རྒྱག་ཤག་ཤག་རང་མི་བྱེད་པ། ཚིག་སྡུད་དང་ཕྲད་སྡུད་སོགས་ནི་ཆེས་ཡང་རྩལ་དང་ལྡན་པས་ཁ་ལོ་བསྒྱུར་མཁས་པ་ཞིག་གཅེས་ཏེ། དཔེར་ན། “新车”ལ“རླངས་འཁོར་གསར་བ”ཞེས་ཧ་ཅང་ཉོག་རིང་ཞིག་འབྲི་མི་དགོས་པར། “འཁོར་གསར”ཞེས་ཆིག་ཆོད་ཀྱིས་སྦྱར་ནའང་ཆོག་པ་ཡིན་ཏེ། ཚིག་དེའི་གོང་འོག་གམ་ཁོར་ཡུག་ཏུ་ཚིག་གཞན་དང་རྟགས་གཞན་ཡང་མཆིས་ཤ་སྟག་ཡིན་པས། རླངས་འཁོར་གསར་བ་མིན་པའི་གཞན་ཁ་ཁ་ཞིག་ལ་ནོར་དོགས་ཅང་ཡོད་པ་མ་རེད། གཞན“མདོ་མཛངས་བླུན”ཞེས་ལབ་ཀྱང་ཆོག་པ་རེད་ལ། “མཛངས་བླུན་ཞེས་བྱ་བའི་མདོ”ཞེས་ཀྱང་ལབ་ཆོག་ཁར་ལབ་ཀྱང་ཡོད་པ་ཅི་ལ་མི་ཤེས། 

ནམ་མཁའི་ནོར་བུས། གླིང་གི་དཔའ་བོ་གེ་སར་ཞེས་བྲིས་ཡོད་ལ། དཔའ་བོ་གླིང་གེ་སར་ཞེས་ཀྱང་བྲིས་ཡོད། དེ་བཞིན་དུ་གངས་ཅན་ཁ་བའི་ལྗོངས་ཞེས་བྲི་ཆོག་ལ། ཁ་བ་གངས་རིའི་ལྗོངས་ཞེས་བྲིས་པའང་མང་དུ་མཆིས། སྤྱིར་བཏང་རྡོ་ཁབ་ལེན་ཟེར་བ་ཡིན་མོད། ས་པཎ་གྱིས“ཁབ་ལེན་རྡོ”ཞེས་ཀྱང་བྲིས་ཡོད་དོ།། 

དེས་ན་རྩོམ་སྐད་ནི་བག་ཆགས་ཀྱིས་ཁ་བསྒྱུར་པ་ཞིག་དང་། ཉམས་མྱོང་གིས་ལས་སྣོན་བྱས་པ་ཞིག་ཡིན་པས། ཁ་ཆེའི་ཟ་ཁང་གི་ཐབ་ཚང་དུ། མ་ཆེན་གྱི་དྭངས་རྩེ་དག་གིས་མིག་གིས་མི་ཟིན་པའི་མྱུར་སྟབས་ཀྱིས་ཕྱྭེ་སྐུད་འཐེན་པ། ཕྱྭེ་རིལ་བཅའ་བ། ཕྱྭེ་ལེབ་རྡལ་བ་ལྟ་བུའི་ཆེས་རང་བྱན་ཆུད་པའི་གདེང་ཚོད་ཅིག་ཡིན་ན་འགྲིག་པ་ལས། གནད་འགག་གི་སྐབས་སུ་ཟ་སྐད་འཐུང་སྐད་མགོ་རྔ་ཚང་བ་ཞིག་ཀྱང་ལབ་རྒྱུ་མེད་ན་ནི་གཏན་ནས་འགྲིག་ཐབས་ཡོད་པ་མ་རེད། 

རྩོམ་སྐད་ཨང་། རྩོམ་པ་པོ་ཞིག་གིས་ནམ་དགོས་དུས་སུ་བཀོལ་ཆོག་ཆོག་གི་སོ་སོའི་ཡ་ཐོད་ཀྱི་མིག་དང་མགོ་ཟུར་གྱི་རྣ་ལྟ་བུ་ཞིག་ལོས་ཡིན་ཡ། འདང་ཡུན་རིང་མ་བརྒྱབ་ན་མི་ཡོང་ཞིང་ཚེགས་ཆེན་པོ་མ་བསྟེན་ན་མི་རྙེད་པ་ཞིག་ཡིན་ཚེ་དེའི་ལན་ཆགས་ཀྱིས་ཆེ་བ་ལ། དེའི་དཀའ་ལས་ཀྱིས་མང་བ་ལ། གང་ལྟར་རྩོམ་སྐད་ཅེས་པ་ཐག་རིང་ཐག་རིང་ཞིག་ན་ཡོད་པ་མ་རེད། སྔར་བྱིས་དུས་ཤིག་ནས་སྦྱངས་ཡོང་བ་དེ་དག་རེད། དུས་ད་ལྟ་ཡང་ཉི་མ་རེ་རེར་ཞོགས་པ་ནས་ས་སྲོད་བར་དུ་ངེས་པར་བརྗོད་དགོས་པ་དེ་དག་རེད་ལགས། 

                                                                       ༢༠༡༨ ༦ ༢༣ 

             ༈ སྒྲུང་མཁན་གསུམ་དང་འབྲེལ་བའི་དྲན་ཐོ། 

བརྒྱུད་མྱོང་བའི་འཚོ་བ་མི་འདྲ་བ་དང་། བཀླགས་མྱོང་བའི་དཔེ་ཆ་མི་འདྲ་བ། ཕྲད་མྱོང་བའི་གནད་དོན་མི་འདྲ་བའི་སྟབས་ཀྱིས་སྒྲུང་མཁན་སོ་སོས་འབྲི་བཞིན་པའི་སྒྲུང་ཡང་འདྲ་མི་སྲིད་པས། སྒྲུང་ལ་མང་སོང་ཟེར་རྒྱུ་ཞིག་ཡོང་མི་སྲིད་པ་འདྲ། ལྷག་ཏུ་སྒྲུང་ནི་མཐར་གཏུགས་ན་སྐད་ཆའི་སྐུད་པ་རྨེལ་མཁས་མིན་ཐུག་ཡོད་པར་བཤད་པས། མི་རང་རང་གི་རྨེལ་སྟངས་ཀྱིས་རྨེལ་དགོས་པ་རེད། 

ང་ཚོས་ཕར་བསྟོད་ཚུར་བསྟོད་བྱས་པ་མིན་མོད། སྐྱབས་ཆེན་བདེ་གྲོལ་དང་པད་མ་ཚེ་བརྟན། ལྷ་བྱམས་རྒྱལ་གསུམ་ནི་ང་རང་ཆེས་དགའ་སའི་སྒྲུང་མཁན་གསུམ་ཡིན་ལ། ང་ཁོ་ཚོར་དགའ་དགོས་པའི་རྒྱུ་མཚན་མི་འདྲ་མོད། དགའ་ས་གཙོ་བོ་དེ་སྒྲུང་གཏམ་ཡིན་པ་ནི་འདྲ་སྙམ། 

ངས་ཁོང་རྣམ་པའི་བརྩམས་ཆོས་བཀླགས་པ་བརྒྱུད་ནས་ང་རང་ལའང་ང་རང་གི་ཐུན་མིན་གྱི་འཚོ་བ་ཞིག་དང་ཡན་གར་བའི་རྩོམ་སྟངས་ཤིག་ཡོད་པ་མཐོང་གིན་ཡོད་ལ། ཁོང་རྣམ་པ་དང་གླེང་མོལ་བྱས་པ་བརྒྱུད་ནས་ངས་ལྷག་པར་དུ་རང་ལ་སུ་ཡང་སོང་མ་མྱོང་སའི་ཁེར་ལམ་ཞིག་གིས་བསྒུག་ཡོད་པའང་རྟོགས་གིན་ཡོད། 

གུས་ཚིག་ཇེ་ཉུང་ལ་བཏང་ནས་བཤད་ན། སྐྱབས་ཆེན་ངེད་གཉིས་ཀྱིས་ངོ་ཤེས་ནས་ལོ་མང་པོ་སོང་། ད་ལྟའི་བར་དུ་སོ་ལ་བསེར་བུ་དང་སེམས་ལ་འཁྲུགས་པ་ཤོར་མྱོང་མེད། ཁོས་གཞན་ཟེར་ལ་ཅི་མི་སྙམ་པའི་འོག་ནས་ང་ལ་བསྟོད་པ་ཐེངས་མང་བྱས་མྱོང་། དེས་ངའི་སེམས་ངོ་ཟིན་སོང་ཟེར་བ་མིན་མོད། གཞན་གྱི་ཕྲ་མ་དང་ཟེར་སྒྲོས་ལ་ཡེ་མི་འཇིགས་པའི་ཁོའི་ངང་རྒྱུད་དེ་ལ་ང་དད་ཅིང་དུངས། “རང་ཚུགས”ཟེར་བ་ཞིག་ཡོད་ན་ནི་དེ་ཡིན་རྒྱུ་རེད། ཡང་ཁོའི་དེ་ཏབ་ཅིག་གི་བང་དང་ཐུན་གཅིག་གི་ཟས་མིན་པར་ལོ་བཅུ་ཕྲག་ལྷག་ལ་རྒྱུན་བསྲིངས་ནས་ཡོང་བ་རེད།

1279897306.jpg

ཁོས་ཐེངས་དང་པོར་འཚོགས་འདུ་ཞིག་གི་སྟེང་ནས“སེང་རྡོར་གྱི་རྩོམ་རྩལ་དགེ་ཆོས་ལས་བརྒལ་འདུག”ཅེས་ཁྲོམ་བསྒྲགས་བྱས་པས། ཕྲག་དོག་ཅན་ཚོས་ལམ་སེང་ཁོ་ལ་ཕོད་བཙུགས། ཡིན་ནའང་ཁོ་རང་རྨ་ཆུའི་ཁྲོ་ཁོ་མའི་བུ་རྒྱུད་ཡིན་པས་མི་ཚོས་གླགས་གཏན་ནས་མ་ཁེལ། “སེང་རྡོར་གྱི་རྩོམ་རྩལ་དགེ་ཆོས་ལས་བརྒལ་འདུག”ཅེས་པའི་གླེང་གཞི་དེ་ཡང་དེ་ནས་བཟུང་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ་མཐར་རྒན་མཐའ་མཁས་པ་པད་མ་འབུམ་ནས་གཞོན་མཐའ་དེང་གི་སློབ་ཆུང་སློབ་མའི་བར་གྱི་ཁ་རྒྱུན་ཞིགས་ཆགས་ཡོད། 

སྐྱབས་ཆེན་ཁོ་རང་མི་བཀན་མོ་ཞིག་ཡིན། ཧ་ཅང་བརྟན་པོ་ཞིག་ཀྱང་ཡིན། ངེད་གཉིས་ཀྱི་བར་ན་ཤ་ཉེའི་འབྲེལ་བ་མེད། ལུས་ཁུངས་ཀྱི་འབྲེལ་བ་མེད། ལྟོ་ཕར་ཁེན་དང་དབང་ཚུར་ཁེན་གྱི་འབྲེལ་བ་ཡང་མེད་མོད། ཁོས་དཔའ་ཞིང་དཀྱེལ་ཡངས་པའི་རང་ཚུགས་བཟུང་ནས་ངའི་རྩོམ་ཡིག་ལ་རྒྱབ་གཉེར་བྱེད་གིན་འདུག སྲུང་མ་བྱེད་གིན་འདུག རྩོམ་པ་པོ་ཞིག་རྩོམ་པ་པོ་གཞན་ཞིག་གི་བརྩམས་ཆོས་ལ་འདི་ལྟར་ལྷག་བསམ་ཟོལ་མེད་ཡིན་པ་ཁོ་ནས་ཀྱང་ང་རང་ཡིད་ཚིམས་ཤིང་མགུ་གང་ནས་ཡོད། 

སྤྱིར་བསྟོད་པ་ནི་དེ་ཙམ་གལ་ཆེན་པོ་ཅང་མ་རེད། ཡིན་ནའང་མྱི་ཁ་ཆེ་བའི་མྱི་ཞིག་ལ་བསྟོད་པ་བྱ་དགོས་ན་སྙིང་སྟོབས་དང་སྤོབས་གདེང་རན་པ་ཞིག་མེད་ན་ཅིས་ཀྱང་ཡོང་ཁག་པོ་ལོས་ཡིན། དེ་བས་བསྟོད་པ་དང་བསྟོད་པ་འདྲ་བ་མ་རེད། ང་ལ་བསྟོད་དགོས་ན་དཔའ་སྙིང་ཅུང་ཟད་མེད་ན་ནི་ག་ལ་ཡོང་། མྱི་ཁར་སྐྲག་ནས་མགོ་བཏུམས་ཡོད་མཁན་ཚོས་ངའི་རྩོམ་ཡིག་ཀློག་ཐུབ་པ་ལས་གླེང་མི་ཐུབ། དེ་ནི་ཁོ་ཚོར་ལྕེ་མེད་པས་ཀྱང་ལོས་ཡིན་མོད་གཙོ་བོར་སྙིང་མེད་པས་རེད་འདོད། 

མིའི་འབྲེལ་བ་ནི་སྐྱབས་ཆེན་གྱི་སྙན་དེབ་ཅིག་གི་ཁ་བྱང་ལས་བསྟན་པ་ལྟར“མི་རྟག་པ”ཞིག་ཡིན། འཇིག་རྟེན་ན་ཁྱོ་ཤུག་ལས་སྙིང་ཉེ་ཞིང་འབྲེལ་བ་ཟབ་པ་ཞིག་ཡོད་རྒྱུ་མ་རེད་དེ། ལོ་དང་པོར་ཕན་ཚུན་ལ་མི་ཚེ་གང་བོར་མཉམ་དུ་འདུག་ཅེས་དམ་བཅའ་བཞག མནའ་ཆེན་བསྐྱལ། མི་འགྱུར་རྡོ་རྗེའི་མཛུབ་དཀྲིས་བསྐོན་རེས་བྱས་ནའང་དེའི་ཕྱི་ལོར་དགྲ་མི་ཤ་བོ་ཆགས་ཏེ་ཕན་ཚུན་གསོད་རེས་གཏུབ་རེས་བྱེད་པ་གྲངས་ཀྱིས་མི་ཆོད་ཅིང་། ལོ་སྔོན་མའི་དགའ་རོགས་དང་སྙིང་སྡུག་སོགས་ཀྱི་ཚབ་ལ་ཁྱི་རྒན་དང་ཁྱི་མོ་ཞེས་འབོད་པའང་བརྩིས་པས་མི་ཚར་ན། སྤྱིར་བཏང་གི་གྲོགས་པོའི་འབྲེལ་བ་ནི་ཤིན་ཏུ་རྟག་བརྟན་ཐེར་ཟུག་ཅིག་ཡོང་སྲིད་ས་མ་རེད། སྐྱབས་ཆེན་ངེད་གཉིས་ལོ་བཅུ་ཕྲག་ལྷག་གི་རིང་ལ་མྱི་ཁའི་རྒྱ་མཚོས་མ་ཁྱེར་ཞིང་ཕྲ་མའི་རླུང་གིས་མ་གཡོས་པར་དུས་ད་དུང་ཡང་ཉིན་དཀར་ཐུག་ན་ངོ་ཡིན་པ་དང་མཚན་མོ་ཐུག་ན་སྐད་ཡིན་པ་ནི། ཕྲན་གྱིས་ལོངས་སྤྱོད་བཟང་བོ་ཞིག་ལ་ངོས་འཛིན་གི་ཡོད། མ་འོངས་པར་ཡང་འདི་བཞིན་འགྲོ་ཐུབ་ན་ནི་ཡག་ཐོག་གི་རྒྱན་ཡིན་མོད། གལ་ཏེ་ཆོས་ཉིད་གང་རུང་གིས“མི་རྟག་པར”འགྱུར་ཚར་རུང་། ཁོང་གིས་ང་ལ་ཤ་ཚ་བ་དང་། ཁོང་ང་ཡི་རྩོམ་ལ་རྩིས་ཆེ་བའི་རྟགས་དང་མཚན་མ་ཐམས་ཅད་ཤོག་བུ་དང་དྲྭ་བའི་འཇིག་རྟེན་འདི་མ་འཇིག་བར་དུ་འཇིག་མི་སྲིད་པས། དེ་ང་རང་གིས་ནང་ནོམ་རྩ་ཆེན་ཞིག་ལ་བརྩི་རྒྱུ་ཡིན། ལར་རྒྱལ་བ་པཎ་ཆེན་བར་ལའང་སེལ་ཞུགས་མྱོང་བའི་གཏམ་རྒྱུད་འདུག་ན། མིའི་འབྲེལ་བ་ནི་ཆེས་མི་བརྟན་པ་སྟེ་ལྕུག་ལྕུག་ཏུ་གཡོ་བའི་ངང་ཚུལ་ཞིག་ལས་མ་འདས་མོད། ང་རང་རྩོམ་གྲོགས་དམ་པ་འདི་ལ་འདང་ཡོད་དྲགས་ནས་མཚམས་ལན་རེར་འདང་ལྷག་པ་རེ་ཡང་མི་རྒྱག་ཀ་མེད་རེད། 

ང་ཚོས་འདི་ལྟར་ཕན་ཚུན་ལ“ལྐུགས་པའི་འཛུམ”དང“ཕྱུག་པོའི་ལགས་སོ”ཙམ་མ་ཡིན་པར་སྐད་མཐོན་པོས་གདེང་འཇོག་བྱེད་རེས་དང་ལག་མཐོན་པོས་མེ་ཏོག་སྟེར་རེས་བྱས་ན་ལ་ལ་ཞིག་མི་དགའ་ཡང་སྲིད་མོད། མཁས་པ་མཁས་པའི་དྲུང་ན་མཛེས་ཟེར་མི་ཐུབ་ཀྱང་། རྩོམ་དགའ་རྩོམ་དགའི་དཔལ་དུ་འགྱུར་ཞེས་ལབ་ཆོག་པ་འདྲ། 

པད་མ་ཚེ་བརྟན་གྱི་སྒྲུང་གཏམ་ནི་དགུ་འགྱུར་གྱི་ཐིག་ལེ་ཞིག་ཡིན་ལ། ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ནི་ཟླ་འོག་གི་ཆུ་སྒྲ་ཞིག་ཡིན། སྐྱབས་ཆེན་བདེ་གྲོལ་གྱི་སྒྲུང་གཏམ་ནི་སྨུག་སྤྲིན་གྱི་གཡེར་བག་ཅིག་ཡིན་ཏེ། བདག་གིས་ནི་བྲག་འགག་གི་ལྷ་ཁང་ཞིག་བསྐོར་ནས་རི་དྭགས་ཨེ་ན་ཡ་སྐོར་ཞིག་འདེད་གིན་ཡོད་པས། ང་ཁོང་རྣམ་པའི་སྒྲུང་གཏམ་ལ་དད་དགོས་པའི་རྒྱུ་མཚན་ཡང་མཚམས་འདི་ནས་བྱུང་བ་ཡིན་ངེས་ལ། ཁོང་རྣམ་པས་ངའི་སྒྲུང་ལྷུག་ལ་གཅེས་མཐོང་བྱེད་དོན་ཡང་ཕལ་ཆེར་གནད་འདི་ལ་ཐུག་ཡོད་རྒྱུ་རེད་སྙམ། 

མ་གཞི་ནས་བཤད་ན། ང་རང་དབུས་གཙང་གི་སྒྲུང་རིང་མང་པོར་དབྱིངས་ཞུགས་ཡོད་མཁན་ཞིག་ཡིན་མོད། དམིགས་བསལ་ཞིག་ལ། ལྷ་བྱམས་རྒྱལ་གྱི་ལམ་གྱི་ཉི་འོད་ཀྱིས་མཚོན་པའི་སྒྲུང་ཐུང་ཕལ་ཆེར་དང་སྒྲུང་འབྲིང་ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན་སོགས་ནི། གློ་བུར་གློ་བུར་དུ་ཡིད་ལ་ཤར་ཡོང་བའི་ངའི་ཆུང་འདྲིས་ཀྱི་བུ་མོ་དེ་དང་འདྲ་བ་ལ། བུ་མོས་དེས་སྐད་ཕྲ་མོས་ང་རང་འབོད་པ་ནང་བཞིན་རེད། ང་རང་རི་བརྒལ་ཆུ་བཅད་ཀྱིས་བུ་མོ་དེའི་གམ་དུ་ལོག་པ་ནང་བཞིན་རེད། ངོ་མས་བུ་མོ་དེ་དང་ཨ་ན་མ་ན་རེད་ཡ།

པད་མ་ཚེ་བརྟན་གྱི་སྒྲུང་གཏམ་ནི་རང་ཡན་དུ་བཞུར་བའི་ཚོར་རྒྱུན་ཞིག་རེད། དུས་ངེས་མེད་དུ་རྨི་བའི་རྨི་ལམ་ཞིག་རེད། ཚད་དང་མཐའ་འཛིན་དུ་མེད་པའི་ལོ་དང་ཟླ་བ་ཞིག་རེད། ཁ་གྲངས་མང་བའི་ལམ་དང་ལམ་མདོ་རེད། ནང་དོན་མང་བའི་བརྡ་དང་རྟགས་མཚན་རེད། ཡང་ཆེས་ཐག་རིང་གི་ཡིན་པའི་ཐག་ཉེ་ཞིག་ཀྱང་རེད་སྙམ།

སྐྱབས་ཆེན་བདེ་གྲོལ་གྱི་སྒྲུང་གཏམ་ནི་རྒྱ་ཆེ་བའི་གྲོང་ཁྱེར་དང་ཁོད་ཡངས་པའི་ནག་ཚལ་གཉིས་ཀྱི་གཤིབ་བསྡུར་ཞིག་རེད། ཁོའི་སྒྲུང་གཏམ་མཚམས་ལན་རེར་མཁའ་དབྱིངས་ཐོལ་གྱིས་གཤགས་པའི་སྐར་མདའ་ཞིག་རེད། ཡང་མཚམས་ལན་རེར་རང་བྲོ་ཁུག་མ་བྱས་པའི་ཨ་སྐྱོ་བ་ཞིག་ཀྱང་རེད། ཁོའི་སྒྲུང་གཏམ་ནི་སྟག་དང་འབྲོང་གི་ཕ་གཞིས་རེད། རྡུལ་དང་ས་བོན་གྱི་རྣམ་གཞག་རེད། མདོར་ན་བསྡུས་ན་ཆེས་ཛ་དྲག་གིས་འགྲོ་བའི་དུས་ཚོད་རྐྱང་རྐྱང་རེད་འདོད།

ཅུང་ཆེ་བཤད་བྱས་ན། པད་མ་ཚེ་བརྟན་གྱིས་སྒྲུང་གཏམ་གཞིར་བཞག་གིས་གློག་བརྙན་ལ་དབང་བསྒྱུར་ཟིན། ལྷ་བྱམས་རྒྱལ་སྙན་ལྷུག་གཞིར་བཞིག་གིས་སྒྲུང་གཏམ་གྱི་ཡང་རྩེར་བརྟོལ་ཡོད། སྐྱབས་ཆེན་བདེ་གྲོལ་གྱིས་སྙན་ངག་གཞིར་བཞག་གིས་སྒྲུང་གཏམ་གྱི་ཆུ་རྐ་བཤངས་ཚར། དེ་ཡིན་ན་ཅི་རེད་ཟེར་ན། ཅང་མ་རེད་དེ། འདི་འདྲའི་རྩོམ་གྲོགས་ཡོད་པ་ནི་ངའི་བསོད་ནམས་ཤིག་རེད་འདོད་གི་ཡོད། གཞས་ཤིག་ཏུ། “ངའི་རྙེད་དགོས་པའི་མི”ཞེས་པའི་ཚིག་ཅིག་ཡོད་ཐལ། དེ་ནང་བཞིན་རེད། ཁོ་ཚོ་ནི་ངས་རྙེད་དགོས་པའི་མི་དག་ཡིན་ངེས། མི་འདི་དག་དང་དུས་རབས་གཅིག་ཏུ་སྐྱེས། ཚེ་ལ་སྔ་ཕྱི་མ་ཤོར། ཚིག་རྩ་མཐུན་པོ་བྱུང་། བསམ་པ་སྣོད་གཅིག་ཏུ་དཀར་བ་ཆགས་ཁར། རང་རྩོམ་ཆ་ཚང་ཁོང་རྣམ་པར་སྤྱན་བསྟར་བྱས། ཁོང་རྣམ་པས་ཀྱང་ཚེགས་དང་དཀའ་ལས་ཤིག་ཏུ་མ་བསམས་པར་ཆེས་ཞིབ་ཅིང་ཕྲ་བར་བཀླགས། དེ་འཕྲོར་ཚིག་ལ་སེར་སྣ་མེད་ཅིང་དོན་ལ་དཔེ་མཁྱུད་མེད་པའི་སྒོ་ནས་གདེང་འཇོག་རབས་དང་རིམ་པ་གནངས་པ་བཅས་ནི་ངའི་བསོད་ནམས་ཤིག་མིན་ན་ཅི་ཞིག་ཡིན་ནམ། རླུང་རྟ་ཞིག་མིན་ན་ཅི་ཞིག་ཡིན་ནམ། ངོམ་རི་བ་ཞིག་མིན་ན་ཅི་ཞིག་ཡིན་ནམ། གཅིག་གིས་ཁ་ཡག་བཤད་པའི་དབང་དུ་བཏང་རུང་གསུམ་པོས་གྲོས་བྱས་པ་ནང་བཞིན་གྱི་ཁ་ཡག་ཅིག་ཡོང་དཔེ་དོགས་མེད་སྙམ། གང་ལྟར། ཚིག་རྩུབ་ཀྱི་དུས་རབས། དགག་རྒྱག་གི་གནས་བབས། དྲྭ་སྟེང་ཕལ་ཆེར་མཚང་འབྲུ་རེས་དང་སྐྱོན་སྔོག་རེས་བྱེད་པའི་བར་སྐབས་འདི་འདྲ་ཞིག་ལ། འུ་ཅག་མཐུན་པ་སྤུན་བཞི་ནང་བཞིན་གུ་ཡངས་ཀྱི་ནགས་ཚལ་དུ་འཛོམས། ཞི་འཇམ་གྱི་སྡོང་བོ་ལ་སྤྱོད། གུས་ཞབས་དང་ལྡན་པའི་དུས་ཚོད་ཅིག་བསྐྱལ་རྒྱུ་བྱུང་བ་ལ། བསམས་ཤིང་བསམ་ན་དུས་བབས་ཀྱི་རིན་ཐང་ཞིག་གདའ་སྙམ། ཡང་བསམས་ཤིང་བསམ་ན་སྐབས་བབས་ཀྱི་དགོས་པ་ཞིག་གདའ་སྙམ། 

སྨྲ་བ་ཉུང་ཞིང་དུས་ཚོད་ཆུད་ཟོས་སུ་མི་གཏོང་ཞིང་ལས་ཀར་གཞོལ་དྲགས་པའི་པད་མ་ཚེ་བརྟན། བོད་ཀྱི་གཅེས་ཕྲུག་བརྒྱུད་ནས་མི་རྣམས་ལ“དལ་མོ་བྱོས”ཟེར་མཁན་གྱི་ལྷ་བྱམས་རྒྱལ། ང་ལ་ཤ་ཤིན་ཏུ་ཚ་ཞིང་ཁོ་ཧྥེ་འཐུང་རྒྱུར་དགའ་བའི་སྐྱབས་ཆེན་བདེ་གྲོལ། མི་ཚེ་འདིར་ཁྱེད་རྣམ་པ་ལ་རྩོམ་འབྲེལ་འཇོག་རྒྱུ་བྱུང་བ་ནི། ང་ཡི་ད་ལྟའི་བདེ་སྐྱིད་སྣ་གཅིག་དང་འབྱུང་འགྱུར་གྱི་ཕྱིར་དྲན་སྣ་མང་པོ་ཡིན་སྲིད་ཨང་།

                                                                               ༢༠༡༨ ༤ ༢༩ 

              ༈ དེས་ན་ཁྱོད་ཀྱིས་བོད་ཡིག་ནང་ལ་རྒྱ་ཡིག་འབྲི་དོན་ཅི་ཡིན་ཟེར་བའི་ལན་དུ། 

སྤྱིར་བཏང་དམིགས་ཀྱིས་བསལ་བ་དག ། བསྟན་བཅོས་ཀུན་ལ་རབ་ཏུ་གཅེས།། ཞེས་པའི་ལུང་རྙིང་དེའི་ཧ་ཡང་གོ་ཡི་མེད་པ་དག་གིས། ཀློའུ་འདྲི་རྐྱང་རྐྱང་བྱེད་པས་སུན་ཡང་སུན་མོད། ལན་མདོར་བསྡུས་ཤིག་བྲི་བར་བྱ།

སྤྱིར་འཚོགས་འདུའི་ཁ་བྱང་འདྲ་བོ་དང་བྱ་དགའི་དཔང་རྟགས་ལྟ་བུ་གཟབ་ནན་གྱི་ལས་ལ་ཤིན་ཏུ་བསྒྲིམ་དགོས་ཁར། ཡིག་ནོར་གཏགས་ནོར་དང་གཡར་བརྡ་སྦྲགས་སྐད་སོགས་ལ་རྦད་དེ་སེམས་ཆུང་བྱ་དགོས་པ་ཡིན་མོད། དྲྭ་རྩོམ་རྩག་རྩིག་ལ་དམིགས་བསལ་མང་པོ་ཡོད་པ་རེད། 

བརྡ་ལྷག་པར་དུ་འཕྲོད་ཆེད་དང་ཤུགས་ལྷག་པར་དུ་ལྡན་ཆེད་ཡིག་རིགས་གཞན་དང་སྐད་རིགས་གཞན་རན་ཙམ་བསྲེས་ནས་བྲིས་སམ་བཤད་ན་ཅུང་སྐྱིད་པོ་ཡོད་པ་རེད། རྩེད་མཚར་གྱི་གྱ་གྱུ་མཆིས་པ། ཀུ་རེ་ཡི་ཁ་འཆལ་མང་བ། གསར་དར་བརྡ་རིགས་མང་པོའི་འདྲེས་མདོ་ནས་སྤྲོ་སྣང་འཐུ་ཞིང་དགོད་སྒྲ་ལེན་པ་ནི་དྲྭ་བའི་ཁྱད་ཆོས་ཤིག་རེད་ལ། དྲྭ་སྐད་ཀྱི་དགོས་པ་ཞིག་ཀྱང་རེད། 

གལ་ཏེ་དམིགས་བསལ་ཟེར་བ་ཞིག་གཏན་ནས་མེད་ཟེར་ན། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཞེས་པའང་མར་གཡུགས་ཞོག་ཨང་། ཨོཾ་མ་ཎི་པད་མེ་ཧཱུཾ། ཞེས་པའང་གོ་རེ་ཟོ་དང་ཇ་འཐུངས་ལྟ་བུའི་བོད་སྐད་རྣལ་མ་ཞིག་ལ་སྒྱུར་ཅིག་ཨང་།

འོན་ཀྱང་ལན་ཆགས་དེ་འདྲ་འདག་དགོས་པ་མ་རེད། སྔར་ཡིན་ནའང་ཟློས་གར་གྱི་རིག་པར་ནི་སྐད་རིགས་དུ་མ་བསྲེས་ནས་སྤྲོ་སྣང་སློང་སྲོལ་ཞིག་ཡོད་སྐད་ལ། དེའི་རིན་ཐང་ཡང་བརྗོད་མི་ཚར་བ་ཟེར་རྒྱུ་འདུག དེ་མིན། བོད་ཡིག་གི་བསྟན་བཅོས་རྙིང་བ་མང་པོར་ལན་ཝར་གྱི་ཡིག་གཟུགས་འདྲ་དགོས་པ་རང་མེད་ཀྱང་སྤྲོ་བ་སློང་ཆེད་དམ་མཛེས་པ་འདོན་ཕྱིར་ཆེད་མངགས་བཅུག་ཡོད་པ་གང་མང་མང་རེད་དོ།།

དེའི་སྟབས་ཀྱིས་གཡར་བརྡ་དང་སྦྲགས་སྐད་སོགས་ལ་གཟབ་དགོས་པའི་དུས་ཤིག་དང་། ཆེད་དུ་སྤྱོད་འོས་པའི་དུས་ཤིག་སྟེ། རྣམ་གྲངས་དུ་མའི་ལམ་ནས་འགྲོ་ཤེས་རྒྱུ་འདི་ཧ་ཅང་གཅེས་པ་ཡིན་ནོ།།

ཡང་དེའི་རྐྱེན་གྱིས། སྐབས་རེར་ཡིག་རིགས་བསྲེས་པ་དང་སྐད་རིགས་བསྡེབས་ནས་འབྲི་བ་ནི་སྐད་ཡིག་གིས་མ་འདང་བ་ཞིག་མིན་པར། འདང་དྲགས་པ་ཞིག་དང་། སྐད་ཡིག་གཞན་གྱི་མཐུ་སྟོབས་ཀྱང་ལྡེམ་པོར་སྤྱོད་པ་ཡིན་པས། ཀླད་པ་རྒྱུན་ལྡན་ཡིན་ན་ངེས་པར་ལོངས་སྤྱོད་ཅིག་ཀྱང་ཡིན་སྲིད། 

                                                                        ༢༠༡༨ ༦ ༡༩ 

              ༈ སྙན་ངག་པ་དང་སྙན་ངག་སྐོར་གྱི་འབེལ་གཏམ། 

ལ་ལ་ཞིག་གི་ཟེར་སྲོལ་བལྟས་ན་སྙན་ངག་པ་དང་རྩོམ་པ་པོ་ཞེས་པའི་མིང་དེ་ཁོ་ཚོས་ང་ལ་བྱིན་པ་འདྲ་བོ་ཞིག་ལ་བརྩིས་ཡོད་པ་འདྲ། ཁོ་ཚོའི་ལྷ་མ་འཐད་དུས་ངའི་མིང་དེ་ཕྱིར་ཁྱེར་འགྲོ་བ་དང་ཁོ་ཚོའི་ཁམས་དྭངས་ཤིང་སེམས་སྐྱིད་ན་ད་དུང་ཅུང་ཟད་ལ་བསྐྱུར་ཆོག་པ་དང་མིང་དེ་ཡང་ཇེ་དགའ་ཇེ་བཟང་ལ་གཏོང་ཆོག་པ་འདྲ་བོ་ཞིག་ལབ་གྲབས་བྱེད་པས། རླངས་འཁོར་གཡར་མ་ཞིག་དྲན་མི་ཡོང་ངམ། 

ཨ་སྐལ་ཆད་ཚོ། མིང་དེ་ངོ་མ་དངོས་པོ་རྡོག་རྡོག་ཅིག་ལྟར་གཞན་ལ་སྟེར་ཆོག་པ་ཞིག་དང་ཕྱིར་ལེན་ཡང་ཆོག་པ་ཞིག་ཡིན་ཚེ། ཆེས་ཐོག་མ་ནས་ཁྱོད་ཚོ་རང་རང་གིས་ཁྱེར་སོང་ཡོད་ངེས་པས་ང་ལ་ནི་ཐེམ་སྲིད་རྒྱུ་ཨེ་རེད། འདི་ལས་ཤིག་གིས་ཡིན་ནམ། གང་ལྟར་མང་པོ་ཞིག་གིས་སྙན་ངག་པ་ཟེར་དུས་ང་དྲན་པ་དང་ང་ཟེར་དུས་སྙན་ངག་པ་ཞེས་པ་དྲན་གི་ཡོད་པ་འདྲ། 

ང་ལ་སྙན་ངག་པ་ཞེས་པའི་མིང་དེ་ནམ་ཐོགས་པ་རེད་ཅེ་ན། ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཞེས་པའི་ཚིགས་བཅད་དེ་སོགས་བྲིས་རྗེས་མི་ཚོས་ངའི་རྩོམ་གྱི་ཨར་སྣ་མ་བརྟེན་པར་ཅུང་དབང་མེད་དུ“སྙན་ངག་པ་ཞིག་རེད”ཁ་ནས་ཤོར་སོང་བ་རེད། མཐར་གཏུགས་ན་ངས་མི་རྣམས་ཀྱི་ཆེས་མི་འཐད་པའི་ཕྱོགས་ནས་བརྒྱབ་དུས་ད་གཟོད་མིང་དེ་ང་ལ་ཐོགས་པ་ཞིག་རེད། གལ་སྲིད་མིང་དེ་རྟ་རྒྱབ་ནས་སྒ་ལེན་ལེན་བྱས་ནས་ལེན་ས་འགྲོ་བ་ཞིག་ཡིན་ཚེ་ཁོ་ཚོས་ལོ་བཅོ་ལྔའི་སྔོན་ཞིག་ནས་བླངས་ཚར་ཏེ་སྒམ་ཞིག་ཏུ་བཅུག་སྟེ་ཟྭ་ཡང་བརྒྱབ་ཡོད་ཤག་ཡིན་མོད། “ལར་ལས་ཀྱིས་བྱུང་བའི་སྨེ་བ་དེ།། གྲི་ངར་མས་བཀོག་ཀྱང་སྐྱེ་བར་འགྱུར།།”ཞེས་པ་ནང་བཞིན་མིང་དེ་ང་རང་གི་ཚེ་འབྱར་ཁོ་ཐག་ཅིག་ཡིན་པ་ངས་ད་གཟོད་ཧ་གོ་ཡོད།

སྙན་ངག་པ་ཞེས་པའི་མིང་དེ་གལ་སྲིད་ཕར་ལེན་ས་འགྲོ་བ་ཞིག་ཡིན་ཚེ། གཞན་ཕར་ཞོག་དང་ང་རང་གིས་ཀྱང་ཨེ་ལོན་གི་བལྟ་སྲིད། ངས་ཧ་ལམ་ལོ་ཉི་ཤུའི་རིང་ལ་མིང་དེ་ཁུར་བ་རེད། ད་སྡེ་དཔོན་ཞིག་གི་འགན་ལ་ཆགས་བཞག་ཀྱང་དངོས་གནས་གཞན་ལ་སྤྲོད་རན་རེད་ཡ། མིང་དེ་གཞན་གྱིས་ལེན་ཆོག་པ་ཞིག་ཡིན་དུས་རང་གིས་བཙོང་ཆོག་པ་ཞིག་དང་གཡར་ཆོག་པ་ཞིག་ཀྱང་ཡིན་ངེས་པས། གཅིག་བྱས་ན་ངས་དེ་བཙོང་ནས་སྤྲང་པོ་ཚོར་སྦྱིན་པ་ཞིག་གཏོང་སྲིད་ལ། གཉིས་བྱས་ན་ངས་མིང་དེ་སྤུན་མཆེད་དག་ལ་གཡར་ནས་ཁོ་ཚོ་ལའང་ཉི་མ་འགའ་རེ་དང་ཟླ་བ་རེ་ཟུང་གི་སྙན་ངག་པ་རེ་བྱ་རུ་འཇུག་ངེས་ཡིན། ཡིན་མོད། དེ་ནི་དཔེ་སྲིད་པ་ཞིག་མ་རེད། དེས་ན་འདང་ཇི་ལྟར་བརྒྱབ་ཀྱང་སྙན་ངག་པ་ཞེས་པའི་མིང་དེ་ང་རང་གི་ལན་ཆགས་བུ་ལོན་གྱི་ཁུར་བོ་འཕོག་རྒྱུ་མེད་པ་ཞིག་ཡིན་པར་མནའ་བསྐྱལ་ཆོག་པ་འདྲ།

སྙན་ངག་པ་ཞེས་པའི་མིང་དེས་ཐོག་མར་འབོད་དུས་ངས་ཀྱང་སྐྱིད་པོ་ཞིག་རེད་འདོད་མྱོང་མོད། ད་ལྟ་ནི་ཧ་ཅང་རྒྱུན་ལྡན་ཞིག་རེད། མིང་དེ་སུ་ལ་དགོས་ན་སུས་ཁྱེར། བརྒྱ་ལ་འཁྱེར་ཐུབ་ན་ཟེར་བ་ཡིན་ཨ། བགོ་ས་འགྲོ་ན་བགོས་ནའང་ཆོག་སྟེ། ད་དུང་མང་ཕྱོགས་ཆེ་ཕྱོགས་ཁྱོད་ཚོར་སྟེར་ཡ། ངས་སེར་སྣ་མི་བྱེད་ཉི་ཟླ་དཔང་།

འགའ་རེས་ཁྱོད་སྙན་ངག་པ་བྱེད་ན་སྐད་ཆ་འཇམ་པོ་བྱོས་ལ་ཤོད། གཞན་ལ་དགག་པ་མ་རྒྱག བསམ་པ་དཀར་པོ་བྱོས། ཆགས་སྲེད་ཀྱི་དྲི་ཙམ་ཡང་བྲོ་རུ་མ་འཇུག རབ་ཡིན་ན་ཆང་ཡང་མ་འཐུངས་ཞེས་བསླབ་བྱ་འདྲ་གཏོང་ཁུལ་བྱེད། དེ་ཡང་དགེ་བཅུའི་ཁྲིམས་གསར་བ་ཞིག་མ་རེད་དམ། ངས་དེ་དག་སྲུང་མི་ཐུབ། ཡང་གཅིག་བཤད་ན་ཆ་རྐྱེན་དེ་དག་ཚང་བའི་ཁྱོད་ལ་སུས་ཀྱང་སྙན་ངག་པ་ཞེས་མི་འབོད་པ་དང་། ཆ་རྐྱེན་དེ་དག་གི་ལྡོག་ཕྱོགས་ན་ཡོད་པའི་ང་ལ་མི་ཚོས་སྙན་ངག་པ་ཞེས་འབོད་གི་ཡོད་པ་མིན་ནམ།

1291814419.jpg

སྙན་ངག་ཅེས་པ་ཡིན་མིན་མི་ཤེས་ཏེ། ངས་མང་པོ་བྲིས་པ་ཡིན། དེབ་ཏུ་བཅོས་ནས་བཙོང་བའང་ཡིན། དངུལ་ཡང་རན་ཙམ་རྙེད་སོང་། དེ་ཡིས་ཁ་ཡང་གསོ་ཐུབ་གི་འདུག ང་ལ་དེས་ཆོག ངས་འདི་ལྟར་བསམ་གི་ཡོད། ངའི་དེ་ཚོ་སྙན་ངག་ཡིན་ནི་ཡིན་རྒྱུ་རེད། མིན་ན་གཞན་གྱིས་སྒོར་མོ་ཕུད་ནས་ཉོ་རྒྱུ་མ་རེད། སྒོར་མོ་ཕུད་ནས་ཉོ་གི་ཡོད་དུས་དེ་གཅིག་ཡིན་ནི་ཡིན་རྒྱུ་རེད། ངའི་དྲན་སྟངས་དེ་འདྲའི་སྟབས་བདེ་ཞིག་ཡིན། རྙོག་འཛིང་ཞིག་མིན་ནོ།།

ཡང་ལ་ལས་ད་ལྟ་ཁྱོད་ལ་མི་རྣམས་ཀྱིས་སྙན་ངག་པ་ཞེས་འབོད་རུང་། མ་འོངས་ན་ཨེ་འབོད་སུས་ཤེས་ཟེར། མ་བོས་ན་མ་བོས། བོས་ན་བོས། དེ་ང་དང་འབྲེལ་བ་ཅི་ཞིག་འདུག མ་འོངས་པ་ན་ང་ལ་སྙན་ངག་པ་ཞེས་འབོད་མི་འབོད་ནི་དོན་ཆུང་ཞིག་རེད། མ་འོངས་ན་ཁྱོད་ལ་མི་ཞེས་འབོད་མིན་ཡང་ལབ་དཀའ་བས་དེས་ན་དེ་ལ་ཅི་བྱ་དགོས་པ་རེད། ཡང་ལ་ལས་ཁྱོད་མི་རིགས་ཀྱི་སྙན་ངག་པ་ཞིག་བྱ་རྒྱུ་ཡིན་ན་འདི་དང་འདི་བསྒྲུབ་དགོས་པ་རེད་ཟེར། ངས་ནམ་ཞིག་ལ་ང་མི་རིགས་ཀྱི་སྙན་ངག་པ་ཞིག་བྱ་རྒྱུ་ཡིན་ཞེས་ཐོ་འགོད་བྱས་ཐལ། ཁྲིགས་ཁྲིགས་མེད་ན། ང་མི་སྒེར་གྱི་སྙན་ངག་པ་ཞིག་བྱ་ན་ཡང་ཐང་། གལ་ཏེ་དམྱལ་བའི་སྙན་ངག་པ་ཟེར་བ་ཞིག་ཡོད་ན་ང་རང་དེ་བྱ་ན་ཡང་ཐང་། གལ་ཏེ་ངའི་རང་དབང་ལ་ཡོང་ན་ང་སྤྱིར་སྙན་ངག་པ་མི་བྱ་ན་ཡང་ཐང་ངོ་།།

བསམས་ཤིང་བསམ་ན། ངའི་རང་དབང་ལ་ཕལ་ཆེར་མི་ཡོང་བ་འདྲ། གཅིག་གིས་ང་ལ་ཁྱོད་ཀྱིས་སྙན་རྩོམ་དྲུག་སྟོང་དྲུག་བྲིས་འདུག ཚིག་རྐང་དགུ་ཁྲི་བྲིས་འདུག་ཟེར། ཨ་མ་མ། མང་བ་ལ། ཁོས་རྩིས་དེ་ག་རེ་བྱས་ནས་བརྒྱབ་པ་ངས་ཀྱང་མ་ཤེས་མོད། ང་རང་གིས་ཕྱིར་འདང་ཞིག་བརྒྱབ་ནའང་ངས་བྲིས་པ་ཉུང་ཉུང་ཞིག་མ་རེད། དེ་གཞན་གྱིས་ཚགས་བཙུགས་པ་ནི་མ་རེད། གླ་བྱིན་པ་ཡང་མ་རེད། སྐུལ་མ་བྱས་པ་ཡང་མ་རེད། དེས་ན་འདང་བརྒྱབ་ནས་ཡོང་ན་ང་སྙན་ངག་པ་ཞེས་པ་ཡིན་པ་འདྲ། འོན་ཀྱང་སྙན་ངག་པ་ཡིན་ན་སྙིང་པོ་ཅི་ཞིག་ཡོད་པ་རེད། མིན་ན་གྱོང་ཁ་ཅི་ཞིག་ཡོད་པ་རེད། བར་དེ་ན་ཁེ་གྱོང་ཞིག་ཡོད་ལུགས་ངས་ངོ་མ་ཤེས་གི་མེད། 

ངས་ང་སྙན་ངག་པ་མིན་ཞེས་ལབ་ན། ཁྱོད་རེད་ཟེར་ནས་སྐོར་ཞིག་ཐོན་འཇོག་གི ངས་ང་སྙན་ངག་པ་ཡིན་ལབ་ན། ཁྱོད་མ་རེད་ཟེར་ནས་སྐོར་ཞིག་ཐོན་འཇོག་གི ད་ནི་ཟེར་ཤེས་མ་སོང་། ཡིན་ནའང་ཡིན། མིན་ནའང་མིན། ཡིན་ནས་དགའ་རྒྱུ་ཡང་མེད། མིན་ནས་མི་དགའ་རྒྱུ་ཡང་མེད་དོ།།

ཁ་ཆུང་ཟེར་བ་ཞིག་གིས་སྙན་ངག་དང་དཔེ་ཆ་སོགས་འབྲི་ན་འདི་འདྲ་དང་དེ་འདྲ་བྱས་ནས་བྲིས་ན་ཧ་ཅང་བཟང་ནི་རེད་ཟེར། ངས་ལན་དུ་ཁྱེད་ཀྱིས་སྙན་ངག་ག་ཚོད་བྲིས་ཡོད། དཔེ་ཆ་ག་ཚོད་བརྩམས་ཡོད་ཅེས་ཞུས་པ་ཡིན། ཕྱིར་ལན་དུ་སྙན་ངག་གཅིག་ཀྱང་བྲིས་མ་མྱོང་ལ་དཔེ་ཆ་ཡང་གཏན་ནས་བརྩམས་མྱོང་མེད་ཟེར། ཡང་ངས། ཁྱེད་ཀྱིས་མ་མྱོང་ན་དེ་ལྟར་བྲིས་ན་བཟང་བ་དང་འདི་ལྟར་བྲིས་ན་མི་བཟང་བ་ག་རེ་བྱས་ནས་ཤེས་པ་ཡིན་ཞེས་ནན་གྱིས་ཞུས་པ་ན། ཁྱོད་ཀྱི་གནའ་ཤི་བོ་ཟེར། 

                                      ༢༠༡༨ ༥ ༡༠ 

            ༈ མཛེས་སྡུག་ལ་ཉར་ཚགས་བྱེད་སྟངས་ཤིག

ངས་གློ་རྒྱག་ལ“ལིག་ཡས་ཧྥིས(刘亦菲)ད་ཧ་ཅང་མཛེས་གི་ཞེས་ལབ་པ་ཡིན་ན། མི་མང་པོ་ཞིག་གཏིང་ནས་མི་དགའ་བར་འགྱུར་ངེས་ཏེ། རྒྱ་མོ་དེ་ལ་ལྟོས་ན་ཕྱི་རྒྱལ་གྱི་གྲགས་སྐར་མ་འདི་དང་དེ་ཡག་ཅེས་རྒོལ་ཁུལ་བྱ་སྲིད་དོ།། ཁྱོད་ཀྱི་མཐོང་རྒྱ་ངེས་ངེས་ཆུང་གི་ཡང་ཟེར་ངེས་ཡིན་ནོ།།

ངས་ཀྱང་རྒྱ་གར་གྱི་མཛེས་མAishwaryaRaiནས་བཟུང་སྟེ་ཧ་ལམ་མཛེས་མའི་མིང་ཐོགས་ཚད་པོར་ཉམས་རེ་བཞག་མྱོང་ཞིང་། ཨ་རིའི་ཙུང་ཐོངDonald Trumpཡི་སྲས་མོས་ངའི་ཡིད་དབང་རབ་ཅིག་བཀུགས་པའི་ཕན་དུ། མཐར་གཏུགས་ན་ལིག་ཡས་ཧྥིས་ཁོ་ན་ངའི་མཆིན་ཐོག་ཏུ་ཤ་འདུག་འདུག་བྱས་ནས་བསྡད་འདུག་ཟེར་ཆོག་པ་འདྲ། 

དེ་ཡང་ཤར་ཕྱོགས་ཀྱི་མི་ནི་ཤར་ཕྱོགས་ཀྱི་མི་ལ་དགའ་སྲིད་པ་ཡིས་ཀྱང་ཡིན་ན་ཐང་། དེ་ཡང་རིགས་རྒྱུད་སེར་པོའི་མི་ནི་རིགས་རྒྱུད་སེར་པོའི་མིར་དུངས་པ་ཡིས་ཀྱང་ཡིན་ན་ཐང་མོད། ངས་བལྟས་ན། གནའ་མི་ཚོས་གེ་སར་རྒྱལ་པོའི་སྒྲུང་དུ་བྲིས་པའི་མཛེས་མ་དག་དང་ཐོག་ཁང་དམར་པོའི་རྨི་ལམ་དུ་བྲིས་པའི་མཛེས་མ་རྣམས་ཀྱི་བསྡུས་གཟུགས་ཤིག་ད་ལྟ་གསོན་ངོགས་སུ་ཡོད་པའི་མི་ལས་རྙེད་དགོས་ན་ནི་ལིག་ཡས་ཧྥིས་ཁོ་ན་ལས་ཧ་ལམ་ལྷག་མེད་པ་འདྲ། 

ཁོ་མོའི་སྐྲ་ལོའི་རྦབ་ཆུ། ཁོ་མོའི་ངོ་ཡི་པད་དཀར། ཁོ་མོའི་ཉམས་ཀྱི་ལྷ་ཁང་། ཁོ་མོའི་ལུས་ཀྱི་ཙུ་ཏ། ཁོ་མོའི་མཆུ་ཡི་བྱུར་དམར། ཁོ་མོའི་མིག་གི་གཟི་རིས། ཁོ་མོའི་སྨིན་མའི་འཇའ་གུར། ཁོ་མོའི་ཁ་སྣའི་དཀྱིལ་འཁོར། ཁོ་མོའི་སོ་དང་སེན་མོ་ཙམ་ལའང་འདོད་ཡོན་གྱི་མཆོག་དང་ལོངས་སྤྱོད་ཀྱི་ཕུད་ཀྱིས་ཁྱབ་ཡོད་པར་འདོད་དོ།།

ང་རང་སྐྱེས་མ་སྔ་མ་འཕྱི་ལིག་ཡས་ཧྥིས་ཡོད་པའི་དུས་རབས་དང་ཁེལ་སོང་བ་ནི་སོ་སོའི་བསོད་ནམས་ཤིག་ལ་ངོས་འཛིན་བྱེད་གི་ཡོད་ལགས། ངས་ལིག་ཡས་ཧྥིས་ཀྱིས་དུས་རབས་གོང་མ་གོང་མའི་འཇར་པན་གྱི་མཛེས་མ་ཞིག་འཁྲབ་ཡོད་པར་བལྟས་མྱོང་། ཁ་བའི་གཡོགས་པའི་རི་ལྗོངས་ཤིག་ཏུ་བརྩེ་དུང་གི་ཁྲག་དམར་ལ་བརྟེན་ནས་འགྲོ་བའི་ལྷ་ལྕམ་དེ་ཨང་། ཡང་ངས་ལིག་ཡས་ཧྥིས་ཀྱིས་གནའ་རབས་ཀྱི་དྲང་སྲོང་ཞིག་གི་སློབ་མའི་ཚུལ་བསྟན་ཡོད་པ་ཞིག་ལའང་བལྟས་མྱོང་། དར་དཀར་གྱི་སེང་རས་བརྒྱུད་ནས་མཁའ་ལ་འཕུར་ཞིང་བྲག་ལ་རྒྱུ་བའི་སྒེག་མོ་དེ་ཨང་། 

ཕྱོགས་གང་ནས་བལྟས་ཀྱང“ལུས་སྣང་ཞིག་དག་ནས་ཡོད་པའི”ལིག་ཡས་ཧྥིས་མཐོང་ཐེངས་རེ་རེར། ངས་མོ་རང་རུས་པའི་སྒྲོམ་ལ་སྐྱི་མོས་ལྷན་པ་ཙམ་བརྒྱབ་ཡོད་པའི་ང་ཚོ་གང་ཟག་ཕལ་བ་དག་ལ་བསྡུར་རྒྱུ་ནི་རྩ་བ་ནས་བརྗེད་འགྲོ་སྟེ། སྙན་ངག་གི་བསྟན་བཅོས་རྙིང་བ་དག་ཏུ“འཆི་མེད་བུ་མོས་དགྲ་ཟླའི་ཕྱོགས་ཀུན་གསལ།།”ཞེས་བྲིས་ཡོད་པའང་ལིག་ཡས་ཧྥིས་འདྲ་བ་ཞིག་ལ་སྦྱར་ན་ད་གཟོད་གོ་རྒྱུ་ཞིག་མཆིས་སྙམ། “ཡར་ལངས་ན་རྒྱ་དར་འཕྱར་བ་འདྲ།། མར་བསྡད་ན་མེ་ཏོག་གཡོ་བ་འདྲ།།”ཞེས་པའང་ལིག་ཡས་ཧྥིས་ཀྱི་ཐོག་ནས་ད་གཟོད་ར་འཕྲོད་ཡོང་ངོ་།།

བསྐལ་བ་སྟོང་ལ་བསྒུག་ན་ད་གཟོད་འཕགས་པ་གཅིག་འཁྲུང་ཡོང་ཟེར་བའི་གཏམ་དེ་བདེན་མིན་མ་ངེས་ཀྱང་། དུས་རབས་ཕྱེད་ལ་བསྒུག་ནའང་ལིག་ཡས་ཧྥིས་ལྟ་བུའི་ལྷ་མོ་ཞིག་སྐྱེ་མིན་ནི་ཤིན་ཏུ་ཐེ་ཚོམ་གྱི་གནས་སོ།། 

མི་གཞན་དག་ནི་རྒས་ན་རྒས་ཀྱང་། ལིག་ཡས་ཧྥིས་རྒས་སོང་ན་ནི་ངའི་སེམས་ཀྱིས་ཏན་ཏན་བཟོད་ས་མ་རེད། 

མི་མང་གི་རྐང་ལག་གིས་བསྐྲུན་པའི་གནའ་བོའི་མཁར་དང་ཁང་བ་དག་ཀྱང་ཡ་མཚན་ཆེ་མོད། དེང་གི་མིའི་ལག་རྩལ་ལ་བརྟེན་ནས་བྱས་པའི་ཁ་པར་སོགས་ཀྱང་ཙ་ཡ་རེད་མོད། སྤྱིར་བཏང་གི་ཕ་མ་གཉིས་ཤིག་གི་ཁུ་ཁྲག་ལས་བྱུང་བའི་ལིག་ཡས་ཧྥིས་ཞེས་པ་སྟེ། མི་མིན་ལྷའི་སྲས་མོ། ལྷ་མིན་མིའི་ལུས་རྟེན། མིག་ཁོ་ནའི་ནང་དུའང་དག་པའི་ཞིང་། བདེ་བ་ཅན། མངོན་པར་དགའ་བ། ཡིད་དགའ་ཆོས་འཛིན། ཟངས་མདོག་དཔལ་རི་སོགས་དངོས་དང་དངོས་མིན་གྱི་ལྟད་མོ་ཡོད་རྒུ་འདུས་པའི་བུ་མོ་འདི་ཡང་ནམ་ཞིག་རྒན་མོ་མི་སྡུག་པ་ཞིག་ལ་འགྱུར་རྒྱུ་རེད་ཟེར་ན། ཁོ་མོ་ཡང་ནམ་ཞིག་འཆི་བདག་གི་ཞགས་པས་འཛིན་རྒྱུ་རེད་ཟེར་ན། ངས་ངོ་མ་དང་ལེན་བྱེད་མི་ཐུབ་གི་ཡ། 

ངའི་འདི་བཀླགས་རྗེས་འགའ་རེས། ཁྱོད་ཀྱི་ལག་ལ་ལིག་ཡས་ཧྥིས་ཡོང་གི་མ་རེད་ཟེར་ན་ཐང་སྟེ། ལག་ལ་ཡོང་མི་ཡོང་གི་གནད་དོན་ཞིག་ཅང་མ་རེད། རི་ཡག་པ་ཙོང་ཁའི་སྐྱེས་རི་ཞེས་པ་ལའང་ཅུང་ཟད་རྒྱང་ནས་བལྟས་ན་རྫིག་གི་རེད། འོན་ཀྱང་ཐད་ཀར་གམ་ལ་བཅར་ཚེ་ས་སྤུངས་ནག་ཉིལ་ལེ་བ་ཞིག་ལས་ཅི་ཡང་ཡོད་པ་མ་རེད། ཆུ་ཡག་པ་ཙོང་ཆུ་རིང་མོ་ཞེས་པ་ལའང་ཅུང་ཟད་ཐག་རིང་ནས་བལྟས་ན་གཟི་ཉམས་ཆེ་བ་རེད། རྒྱུགས་ཐེངས་གཅིག་གིས་ཆུ་ཁར་སོང་ན་དམར་མདོག་གི་ས་ཆུ་ཞིག་ལས་གང་ཡང་མེད་པ་རེད། མཛེས་མ་ཕལ་ཆེར་ཡང་མིག་གི་ལོངས་སྤྱོད་དང་སེམས་ཀྱི་འཁྲི་ཡུལ་བྱས་ན་དོན་སྙིང་ཡོད་པ་ལས། འདོམས་དང་འདོམས་གཏུག་རྒྱུ་ཁོ་ནར་རེམ་པ་ནི། མཛེས་སྡུག་ལ་ཉར་ཚགས་བྱེད་མི་ཤེས་པའི་སྐྱེ་བོ་བསོད་ཆུང་དག་གི་ལས་སྲོལ་ཡིན་ནོ།།

                                                                          ༢༠༡༨ ༥ ༡༤

            ༈ དེང་སང་གི་བུ་མོ་དག་གི་མཛེས་སྤྲས་བྱེད་སྟངས་སྐོར་གླེང་བ། 

དེང་སང་གི་དབང་དུ་བཏང་ན་སྨིན་མ་འབྲི་ལུགས་ཁོ་ནར་གཞུང་ལུགས་ཡོད་ཅིང་སྐྲ་ལོ་སྡོམ་སྟངས་ཁོ་ནར་ལྷན་ཐབས་ཡོད་ཁར། ཀྲང་ན་ལའི་ངོ་ལྟ་བུ་ཀོར་དབྱིབས་ལ་དེ་ཚོད་ཀྱི་མཛེས་སྤྲས་བྱེད་སྟངས་ཤིག་དང་། ཧྥན་པིན་པིན་གྱི་ངོ་ལྟ་བུ་ནར་དབྱིབས་ལ་དེ་དང་འཚམས་པའི་ཡག་ལས་བྱེད་སྟངས་ཤིག་མཆིས་པ་མ་ཟད། གཟུགས་ལ་དཔགས་པའི་ལྭ་བ་གྱོན་ལུགས། མིག་ལ་རན་པའི་མིག་ཤེལ་རྒྱག་ལུགས། སྐེ་མདའ་ལ་ལྟོས་པའི་ལྭ་གོང་མཐོ་དམའ་འཚོལ་བ། ཚོ་རྗུད་ལ་བསྡུར་བའི་གོས་འཁོབས་ཆེ་ཆུང་སོགས་འདེམས་ཤེས་ཤིང་གྱོན་བྱང་བའང་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཡིན་ས་རེད། 

སྒྱུ་རྩལ་སློབ་གྲྭའི་བུ་མོ་དག་ལ་ལྟོས་དང་། གོས་ཚགས་བྱེད་སྟངས་ཁོ་ནར་ལྟད་མོ་ཞིག་ཡོད་ཅིང་། ཞྭ་ལྷམ་གྱི་ཆེ་ཆུང་དང་ཁ་དོག་འདེམས་སྟངས་ཁོ་ནར་དཔྱད་རྩོམ་ཞིག་བྲི་ཆོག་པའི་ཚོད་རེད། ངོ་ཆུང་བ་དག་གིས་སྙིང་ཉེ་བའི་བྱིས་ཉམས་ཤིག་བརྩོན་ལེན་བྱེད། ཤ་ཅུང་རྒྱགས་པ་དག་གིས་性感གྱི་ཁྱད་ཆོས་རྩལ་དུ་འདོན། གཟུགས་ཕྲ་ཞིང་རིང་བ་ཕལ་ཆེར་རོལ་སྒེག་གར་གྱི་སྟངས་སྟབས་ཀྱིས་འགྲོ། ཤ་ཁ་སྔོ་བ་ཞིག་ཡིན་ན་རྒྱ་གར་བུ་མོའི་བྲོ་བ་ཞིག་ཡོང་ཐབས་བྱེད། གཟུགས་བྱད་ནག་དྲགས་པ་ཞིན་ཡིན་རུང་མི་ནག་མཛེས་མའི་ཆས་དང་ཉམས་ཀྱིས་བརྒྱན་པར་བྱས་ཚེ་ཅིས་ཀྱང་ཡིད་འགུགས་ཀྱི་ཆ་རྩོལ་མེད་དུ་ཐོན་ཡོང་བ་ཡིན། དེས་ན་གསོ་ཤེས་ཤིང་སྐྱོང་མཁས་ན་ནི་མེ་ཏོག་ཡིན་ཚད་ལ་མཛེས་སྡུག་ཡོད་ལེ་རེད། གསོ་མ་ཤེས་ནས་སྐྱོང་མ་མཁས་ཚེ་ལང་ཚོའི་བདག་མོ་དག་ཀྱང་ལོ་གཅིག་གཉིས་ཤིག་གི་རིང་ལ་རྒན་མོ་མི་སྡུག་པ་རེར་འགྱུར་འགྲོ་བ་རེད། 

ས་དམའ་སར་བསྡད་ན་པགས་སྤུས་ཇེ་ནེམ་ལ་འགྲོ་བ་དང་། ཤ་རིགས་གཏན་ནས་མ་སྤྱད་ཚེ་ངོ་ཇེ་དཀར་ལ་འགྲོ་བ་དང་། ཕྱག་མང་དུ་འཚལ་ན་ཕོ་བ་ཇེ་ཆུང་ལ་འགྲོ་བ་སོགས་ཀྱང་བུ་མོ་ཚོས་ཤེས་དགོས་ཡོད་སྙམ།  བུད་མེད་ཀྱི་བརླ་རིང་བ། འཕོངས་ཆེ་བ། ཚང་སྒྲོམ་འདལ་བ། མཆུ་སྒྲོས་ཕྱིར་གཡེལ་བ་སོགས་ཀྱང་མཛེས་པའི་ཡན་ལག་གལ་ཆེན་རེ་རེ་ཡིན་མོད། ད་དུང་མང་པོ་ཞིག་གིས་ཧ་མི་གོ་བ་འདྲ། བསྐྱུར་འཇོག་ཨ།

                                                                      ༢༠༡༨ ༦ ༡༦ 

             ༈ ཞི་ལུ་ལོ་ཉུང་ཚོའི་ཆེད་དུ་ཞི་མོ་ཚོ་གླེང་བ། 

ཕྲན་གྱིས་ལོ་སུམ་ཅུ་རྩ་གྲངས་ལ་རྩམ་པ་ཟོས་པའི་ཉམས་མྱོང་ལྟར་བཤད་ན། ཞི་ལུ་ཚོས་ཞི་མོ་ཚོར་གུས་གུས་ཞུམ་ཞུམ་མང་པོ་བྱས་ན་ཞི་མོ་ཚོ་རིམ་གྱིས་ཡིད་ཆད་འགྲོ་ནི་རེད། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཞི་མོ་ཚོར་ཁྱོད་ཞི་ལུ་ཙམ་ཡིན་པ་ཞིག་གིས་མི་ཆོག་པར། ཁྱོད་ལ་ཞི་ལུའི་བྲོ་བ་སྟུག་པོ་དེ་དགོས་པ་རེད། བྲོ་བ་དེ་གང་རེད་ཅེ་ན། རྣམ་པའི་སྟེང་གི་བྲོ་བ་དང་གཤིས་ཀའི་སྟེང་གི་བྲོ་བ་སྟེ་གཉིས་སོ།།

དང་པོ་རྣམ་པའི་ཆ་ནས་བཤད་ན། ཞི་ལུ་ཚོར་ལྷན་སྐྱེས་ཀྱི་ཁ་སྣ་མིག་གསུམ་གྱི་མ་རྩ་གལ་ཆེ་ནི་རེད། རྒྱུ་མཚན་ཅི་ཡིན་ཞེ་ན། ཞི་ལུ་ཚོས་སྦྱར་བྱུང་གིས་མཛེས་སྤྲས་བྱས་ན་མི་མཛའ་བ་དང་མི་དར་བས་རེད།  དེས་ན་ཞི་ལ་ཚོར་མི་སེམས་བརྟོལ་བའི་མིག་གཉིས་དང་གོ་དོན་མང་བའི་མིག་མདངས་ཤིག་དང་། དབྱིབས་ལེགས་ཚོད་ལ་རན་པའི་སྣ་ཞིག་བཅས་མེད་ཐབས་མི་འདུག་ལ། ལྷག་ཏུ་འཇམ་དྲག་གཉིས་འདྲེས་ཀྱི་ཉམས་ཤིག་དང་། སྤྱང་གྲུང་ལས་བྱུང་བའི་དགོད་ལུགས་བཤད་སྟངས་ཤིག་ངེས་པར་དགོས་པ་འདྲ། ད་དུང་ཉམས་མྱོང་གི་སྨིན་མདུད། སྐྱིད་ཁྱག་སྡུག་ཁྱག་གི་རང་བཞིན། འཇིག་རྟེན་ལག་མཐིལ་དུ་ལོན་ཡོད་པ་ལྟ་བུའི་གདེང་ཚོད་ཅིག་བཅས་ཡོད་ན་ནི་ཞི་མོ་ལྷ་མོ་འདྲ་ཞིག་ཡིན་ཡང་ཞི་ལུ་དེའི་དོན་ལ་སེམས་རྩ་མི་འགུལ་ཟེར་ན་རྫུན་ཡིན་ནི་རེད།

དོ་ཞག་ཞི་ལུ་ལ་ལས་ངོ་ལ粉སྐུད་བཞིན་འདུག་མོད། དེ་མི་དགོས་པ་ཞིག་རེད། རི་པ་ཞིག་ལ་མཚོན་ན་ཉི་མ་དང་ཁ་འབྲལ་ཐབས་མེད་པས་ངོ་ཉི་འོད་ཀྱིས་ཅུང་ཟད་ཚིག་ཡོད་ནའང་ཧ་ཅང་རྒྱུན་ལྡན་ཡིན་ནི་རེད། ས་རྡུལ་དང་ཁ་འབྲལ་ཐབས་མེད་པས་བ་སྤུའི་བུ་ག་སོགས་སུ་ས་རྡུལ་ཅུང་ཟད་འཚངས་ཡོད་ནའང་སྐྱོན་ཆེན་པོ་མི་འདུག་ཅིང་། ལང་ཚོའི་བཟང་སྒང་ལ་ལུས་གསེང་གི་ཟུངས་སྟོབས་དང་དྲོད་ཤུགས་ཀྱིས་ཚུར་བརྟོལ་ཡོང་བའི་སྲིན་རྨའི་ཤུལ་ལམ་ལང་ཚོའི་རྨ་རིས་དག་ཀྱང་ད་ཚོད་པར་རྩལ་ལ་བརྟེན་ནས་བསྒྲིབ་དགོས་པ་ཞིག་ཡིན་པར་མི་འདོད། 

རོལ་ཤེས་མཁན་ཞིག་གིས་རོལ་ཚེ་མིའི་ནང་ན་ཁྲག་གི་ཆུ་བོ་རྒྱུ་ཞིང་རྒྱུངས་པའི་རྩ་གནད་ལྡེམ་པ། གློ་སྙིང་གི་རླབས་རྒྱུན་དྲག་ཏུ་འཕྱོ་བའི་རྐྱེན་གྱིས་ཕྱི་རོལ་གྱི་ངོ་གདོང་ལའང་འགྱུར་བའི་རི་མོ་བབས། རྨ་ཡི་རྟགས་མཚན་འཕེལ། ཁྲག་རྩ་དང་དབང་རྩ་སོགས་ཀྱི་འཁོར་སྐྱོད་ཀྱི་འཕེལ་འགྲིབ་དང་མགྱོགས་བུད་བཅས་ལ་བརྟེན་ནས་ཀྱང་རེས་སྐྱི་མདངས་དམར་ཤས་ཆེ་བ། རེས་པགས་མདོག་སེར་ཤས་ཆེ་བ། རེས་ཤ་ཁ་སྔོ་ཤས་ཆེ་བ་ཞིག་ཡིན་པས། མཐར་གཏུགས་ན་འགྱུར་བ་དེ་སོགས་ནི་ཁྱོད་རང་གསོན་པོར་ཡོད་པའི་རྟགས་རེད། ཁྱོད་ལ་གསོན་ཤུགས་དེ་དག་ཡོད་ན་ཞི་མོ་ཚོ་མི་དགའ་ན་ཡང་མི་སྤྲོ་དོན་ཡོད་ནི་མ་རེད། བློ་ཕམ་མ་བྱེད་རོགས། 

གཉིས་པ་གཤིས་ཀའི་ཆ་ནས་བཤད་ན། མཛེས་མ་ཕལ་ཆེར་དཔའ་བོར་དགའ་ཞེས་པའི་ངག་རྒྱུན་ཞིག་ཡོད་པ་དེ་ཧ་ཅང་བདེན་ནི་རེད། སྒྲུང་དང་གློག་བརྙན་དུ་ལྟོས་དང་ཡང་གནད་དེ་གསལ་ནི་རེད། མིའི་མིག་ནང་ནས་བུད་པའི། ལྷའི་ཐུགས་ནང་ནས་བུད་པའི། ཚོགས་པ་སོགས་ཀྱི་ཁ་གཏད་དུ་ལངས་པའི་དཔའ་བོ་ཁེར་འགྲོ་དང་གཤིས་ཀ་ཕྱིན་ཅི་ལོག་པའི་ཕོ་ཤར་དག་གི་ཐོག་ལ་ད་གཟོད་ཕོ་བྲང་གི་སྲས་མོ་རྣམས་ཀྱིས་ཀྱང་སྲོག་དམར་ཐད་ཀར་འཇོག་པ་རེད། རྒྱབ་ཀྱི་ཕ་མིང་དོར། མདུན་གྱི་སྣ་ས་བཞག་སྟེ་བས་མཐའི་མི་རྐྱང་རེའི་ཆེད་དུ་མི་ཚེ་འབུལ་བ་དེ་ཞི་མོ་ཚོའི་ཁྱད་གཤིས་ཁ་ཁ་ཞིག་ཡིན་ནི་རེད། དར་མདོའི་མཛའ་གཞས་ཞེས་པའི་ཟློས་གར་ལས་ཀྱང་གནད་དེ་བསྟན་ཡོད་པ་རེད། ཇིན་ཡུང་གི་དྲག་སྒྲུང་ཕལ་ཆེར་ལས་ཀྱང་དཔའ་བོ་དང་ཁྲམ་པ་དག་གི་ཆེད་དུ་མཛེས་མ་ལྷ་མོ་འདྲ་བ་མང་པོས་བརྩེ་དུང་གི་ཁྲག་དམར་བཏོན་པ་ཡང་ཡང་བསྟན་ཡོད་པ་རེད། 《倚天屠龙记》ཡི་ནང་དུ་ཀྲང་བོའུ་ཅིས་ཀྱི་ཆེད་དུ་མཛེས་མ་ག་ཚོད་ཅིག་གིས་སྡུག་དཀའ་ལས་ག་ཚོད་ཅིག་རིག་ཐལ། གླིང་སྒྲུང་གི་དབང་དུ་བཏང་ནའང་། ཨ་ཅེ་འབྲུག་མོས་སྐབས་དེར་རྐུན་ཇག་ཅིག་ཡིན་པའི་ཇོ་རུ་ཉག་གཅིག་སྐྲ་བདག་ཏུ་བཀུར་བ་མིན་ནམ། ཨ་སྟག་ལྷ་མོས་ཀྱང་རང་གི་མིང་བོ་གསོད་མཁན་གེ་སར་ཁོ་རང་ཚེ་རོགས་སུ་ཐག་བཅད་པ་མིན་ནམ། མགར་བཟའ་ཆོས་སྒྲོན་གྱིས་ཀྱང་ཧོར་སྡེ་བ་ཁ་དག་ཞབས་རྫོགས་བྱེད་མཁན་བུ་ཐང་རྙེད་ཁོ་ནར་སུ་ཡང་རེག་ཐུག་བྱས་མེད་པའི་ལུས་གསར་ཕུལ་ནས་བྲང་ཆུང་གླན་པ་མིན་ནམ། ཇོ་རུས་འབྲུག་མོར་ཐུབ་ཚོད་དང་བརྙས་བཅོས་མ་བྱས་སམ། ཇོ་རུས་ཨ་སྟག་ལྷ་མོའི་བྲང་ཁ་ཨ་འདྲ་བ་ལ་པུས་མོ་ཨུ་འདྲ་བ་མ་བཙུགས་སམ། ཇོ་རུས་མགར་བཟའ་ཆོས་སྒྲོན་ལ་ཆུ་གླང་རོགས་པོའི་རྨིག་པ་ཚུན་ཆད་ཕུད་ནས་སྡུག་པོ་མ་བཏང་ངམ། ཡིན་ནའང་དེ་ཙམ་གྱིས་བུ་མོ་དེ་གསུམ་ཇོ་རུ་ལ་ཡིད་ཆད་ཡོད་དམ། ཡོད་པ་མ་རེད། བུ་མོ་དེ་དག་ཇོ་རུའི་ཚེ་གང་གི་ཚེ་རོགས་ཆགས་སོང་བ་མིན་ནམ། དེ་བས་ཞི་མོ་ཚོ་དཔའ་བོར་དགའ་བ་མ་ཟད། དཔའ་བོའི་རྩུབ་སྤྱོད། ཇག་པའི་ཞེ་སྡང་། ཁྲམ་པའི་ཕོ་ཚོད་སོགས་ལ་མི་དགའ་རང་དགའ་ཡིན་ནི་རེད། 

དེང་སང་དཔའ་བོ་ཞེས་ཁ་ཁ་ཞིག་སྟོན་རྒྱུ་ཡོད་ནི་མ་རེད་གདའ། དཔའ་བོའི་གཤིས་ཀ་བརྒྱུད་འཛིན་བྱས་པའི་མི་དང་། ཇག་པའི་ཕོ་ཚོད་ལག་ལེན་དུ་འདེབས་པའི་མི་དང་། ཁྲམ་པའི་ཞེ་སྟོབས་རང་བཞིན་དུ་མཆིས་པའི་མི་ལ་ཞི་མོ་ཚོ་རབ་ཏུ་དགའ་ནི་རེད། ང་ཚོས་རྒྱུན་དུ་གོ་རྒྱུ་ལ། ཞི་མོ་ཅིག་མ་ཅིག་ཤོ་རྒྱག་ཉིག་མ་ཉིག་གི་རྗེས་དེད་ནས་བྲོས་སོང་ཟེར་བ་འདྲ་བོ། ཡང་ཞི་མོ་ཅིག་མ་ཅིག་གིས་རང་གིས་བཟའ་ཚང་བསྐྱུར་ནས་རྐུན་ཇག་ཉིག་མ་ཉིག་གི་ཁར་ཆད་སོང་ཟེར་བ་འདྲ་བོ་མང་པོ་རེད་ཨང་། ཞི་མོ་རིག་ཡག་མཛངས་ཁྱད་ཅན་ཞིག་མཚོན་ན་ལས་བྱེད་པ་རྒད་པོ་བསམ་ཤེས་འབུ་ཡང་གཅིར་མི་ཐུབ་པ་ཞིག་དང་མཉམ་དུ་ཚེ་གང་བོར་འཚོ་བ་ལས། སྤྱི་ཚོགས་འདི་ཡམ་ཡོམ་ཟིང་ཟིང་དུ་གཏོང་བའི་མི་ལྡོམ་ཁ་ལས་མི་དགེ་བ་ཞིག་དང་ལྷན་དུ་དུས་ཚོད་གཅིག་བསྐྱལ་ནའང་དགེ་བ་ཞིག་ཡིན་པ་རེད། ཡང་ཞི་མོ་ཚོ་གཞོན་ཆུང་ཁ་གཤིས་འཇམ་ཞིང་ཁ་ངོ་དཀར་བའི་མུག་ལ་ཞིག་དང་ལྷན་དུ་བདེ་བདེ་འཇགས་འཇགས་ཀྱི་འཚོ་བ་ཤི་མིན་གསོན་མིན་ཞིག་རོལ་བ་ལས། རང་གིས་ཀྱང་ནང་རྒྱུས་མི་ལོན་པའི་རི་དྭགས་ལྟ་བུའི་མི་རྐྱང་ཞིག་གི་བསླུ་བྲིད་ལ་ཉམས་བཞག་ནས་ཆེས་ཆེར་དོགས་ཟོན་བྱས་ནས་བསྡད་ན་བདེ་བདེ་སྐྱིད་སྐྱིད་ཅིག་ཡིན་པ་རེད། མདོར་བསྡུས་ན་ཞི་མོ་མང་པོ་ཞིག་གི་ཕྲ་ཕུང་དུ་ཛ་དྲག་གི་ཅི་ཞིག་འགྱུར་ལྡོག་གིས་རྒྱུ་བཞིན་ཡོད་པ་རེད། ཁོ་མོ་ཚོས་ནམ་ཡང་མཐོང་འདོད་པ་ནི་ཞི་ལུ་ཚོའི་རྒོད་གཤིས་དང་གཡེར་བག ཕོ་ཚོད་དང་བློ་རིག་སོགས་ཡིན་ནི་རེད། ཁོ་མོ་ཚོས་ནམ་ཡང་བློས་གཏོང་གི་སྙིང་སྟོབས་ཤིག་འཚོལ་བཞིན་ཡོད་པ་རེད། ཞི་ལུ་ཞིག་གིས་རང་གི་ཆེད་དུ་ཅི་ཡང་བློས་གཏོང་ཕོད་པ་དེ་དང་རང་གིས་ཀྱང་ཞི་ལུ་དེའི་ཆེད་དུ་ཅི་ཡང་བློས་གཏོང་ཕོད་པ་སྟེ་རྒྱུ་དེ་གཉིས་ཀྱིས་ཁོ་ཚོར་མི་ཟད་པའི་སྤྲོ་སྣང་ཞིག་འཁྱེར་ཡོང་བཞིན་ཡོད་པ་རེད། དེ་ཡང་སྲིད་པའི་ཁ་དཔེར། “བུ་དགུའི་ཨ་མ་ཡིན་ཡང་བློ་མ་གཏོད”ཅེས་པའི་ཤུགས་བསྟན་ནའང་གནད་དེ་ཡོད་ནི་རེད། བུད་མེད་ནི་དེ་འདྲའི་སྒྱུ་མ་ཆེན་པོ་ཞིག་ཡིན་པས་ལྷག་ཏུ་རིན་ཐང་ཆེ་ཞིང་ནམ་ཡང་མཇུག་བསྒྲིལ་རྒྱུ་མེད་པའི་རོལ་རྩེད་རྩེ་གྲ་ཞིག་ཆགས་ཡོད་པ་རེད། ཁྱོད་རང་ཉིད་ཀྱི་སྟེང་ན་ཕོ་ཉམས་དང་ཕོ་ཚོད། ཟིལ་ཤུགས་དང་དབང་སྡུད་སོགས་མེད་ཚེ། ཞི་མོ་ཚོར་པུས་མོ་སར་བཙུགས་ནས་ཞུ་བ་བྱས་ནས་ཡོང་རྒྱུ་ཅང་ཡོད་པ་མ་རེད། ཞི་མོ་ཚོས་འཚོལ་བཞིན་པ་ནི生殖器ཁོ་ན་ཞིག་ཡིན་ནི་མ་རེད། ཁོ་མོ་ཚོས་འཚོལ་བཞིན་པ་ནི་གྱ་གྱུ་རབ་ཏུ་མང་བའི་ཕོ་རྩལ་གྱི་ཕུང་བོ་ཞིག་ཡིན་པ་རེད། དེ་དག་ཁྱོད་ལ་ཡོད་དམ། 

གོང་ནས་ཀྱང་ལབ་ཡོད་པ་ནང་བཞིན། ཞི་ལུ་ཚོར་དཀར་ཤ་དམར་མདངས་ཅང་དགོས་ནི་མ་རེད། གཙོ་བོ气质དགོས་ནི་རེད། སྤྱི་ཚོགས་ཀྱི་གདེང་གོ་ཡོད་པའི་ཟིལ་ཤུགས། མི་དང་ཐད་ཀར་གདོང་གཏོད་ནུས་པའི་རྫིག་ཉམས། ལོ་ཚོད་ལས་བྱུང་བའི་རྗེས་དཔག་གི་བློ་སྟོབས། དེ་སོགས་ཡོད་ན་ཞི་མོ་ཚོར་བདེ་འཇགས་ཀྱི་ཚོར་བ་སྤྲོད་ནི་རེད། ཞི་མོ་ཚོར་དགོས་པའང་གཙོ་བོ་དེ་ཡིན་ནི་རེད། དེ་མིན་ཁ་ཁྲ་སུག་སུག་དགོད་ཤེས་པ་ཙམ་དང་ཆགས་གླང་ཞིག་ནང་བཞིན་ནམ་གང་བོར་ཐོག་ཏུ་ལྡིང་ཐུབ་པ་ཙམ་ལ་ཞི་མོ་ཚོ་ཡུན་རིང་ལ་དགའ་ནི་མ་རེད། ཧ་ལམ་སུན་ཡང་སུན་ནི་རེད། 

དེ་མིན། ཞི་མོ་ཚོས་མཛེས་སྤྲས་བྱས་ན་ཧ་ཅང་འགྲིག་གི་རེད། ཅིག་ཤེས་བཏང་ཁུལ་བྱས་ནས་ཞི་མོ་ཚོས་མཛེས་སྤྲས་བྱས་པ་ཐན་དུ་བརྩི་བ་ནི་སྨྱོ་བའོ།། རྒྱལ་རབས་ཁག་གི་སྲས་མོ་དག་གི་ལོ་རྒྱུས་ལ་ལྟོས་དང་། ངོ་མ་ཅན་གྱིས། སྨིན་མ་བྲིས་ན་ཇ་ཡུན་དགོས།། སེན་རྩི་བསྐུས་ན་གཉིད་ཡུན་དགོས།། ཚེ་གང་མཛེས་པར་མི་ངལ་བའི།། བུད་མེད་སྒྲོན་མ་འོད་པོ་ཆེ།། ཞེས་པ་དེ་རང་ཡིན་ནོ།། དེང་སང་ཡིན་ནའང་སྡེ་སྔོན་ཐོན་རྒྱལ་ཁབ་ཀྱི་ཞི་མོ་ཚོར་གཅིག་ལྟོས་དང་། མ་གཞིའི་སྐྱི་མོ་གསོ་བའི་ཆུ་ཡག་པོ་དང་། དེའི་སྟེང་ལ་སྐྱོན་མེད་བཟི་མེད་ཀྱི་བྱུགས་རྫས་རན་པར་གཏོང་བ། དེའི་ཐོག་ལ་ཉི་དུག་རླུང་དུག་འགོག་པའི་སྣུམ་རྩ་ཆེན་བཀོལ་བ་སོགས་ཤིན་ཏུ་རྒྱུན་ལྡན་ཡིན་ནི་རེད། ཞི་མོ་ཚོར་མེ་ཏོག་གོང་ཆེན་སྟེར་བ་ཡང་འུ་ཚོས་བལྟས་ན་བྱ་བ་ལྷག་མ་ཞིག་ཡིན་ན་ཐང་མོད་དེ་ལ་རྒྱུ་མཚན་མང་པོ་ཡོད་ནི་རེད། ད་དུང་དྲི་ཞིམ་སྤོས་ཆུ་ཡང་བུད་མེད་ཀྱི་ཆེས་མེད་ཐབས་མེད་པ་ཞིག་ལ་བརྩི་ནི་རེད། ཁ་སྐག་ཡག་པོ་བཤད་མ་དགོས་པ་རེད། རྣ་རྒྱན་མ་ཟད་སྣ་རྒྱན་འདོགས་མཁན་ཡང་མང་ནི་རེད། དེ་ཙམ་ཡང་ཉོ་མ་ཐུབ་དུས། ད་ཞི་མོ་ཚོར་བདག་པོ་རྒྱག་འདོད་པ་ནི་ཧམ་སེམས་རང་རེད། 

དྲན་སྐུལ་གཏོང་རྒྱུ་ཞིག་ལ། ཞི་མོ་ཚོར་རྫུན་གྱིས་མགོ་སྐོར་བཏང་བ་ལས་ཐུ་བ་ཞིག་ཡོད་ནི་མ་རེད། ནམ་ཞིག་རྫུན་རྔ་བུད་ཚེ་ཞི་མོ་ཚོའི་བརྩེ་དུང་ལ་རང་བཞིན་གྱིས་ཆག་གྲུམ་ཤོར་ཚར་ཡོད་ནི་རེད། དེ་ནས་སླར་ཡང་གསོ་རྒྱུ་ཟེར་ན་ད་དཀའ་མོ་ཡིན་ནི་རེད། དེ་ལས་སོ་འབལ་ཐེངས་གཅིག་ལ་མགོ་ན་ཐེངས་གཅིག་བྱས་ནས་དྲང་མོར་བཤད་བཞག་ན་བཟང་ནི་རེད། ཞི་མོ་ཚོར་སེམས་སྟོན་ཤེས་པ་བྱོས་དང་། ཆུང་མ་གཞན་ཞིག་ཀྱང་ལེན་རྒྱུ་ལབ་ནའང་གྲོས་མི་ཡོང་རྒྱུ་ལྷག་པ་ཡོད་ནི་མ་རེད། འོན་ཀྱང་འབྲོག་ཕྲུག་འུ་ཚོའི་ལ་ཉེར་གཅིག་ལྟོས་དང་། ཆུང་མ་མང་ང་ཞིག་སོས་ནི་མ་རེད། དོ་ཞག་འབྲས་དང་ཚལ་གྱི་གོང་དཀའ་གཱ ཆུ་དང་གློག་གི་རིན་མཐོ་གཱ དེ་བས་ཆུང་མ་གཅིག་གིས་ཆོག་ནི་བྱོས། 

                                                                            ༢༠༡༨ ༦ ༡༦


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)





རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།