གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་བུས་བརྩམས་པའི་རྟ་ཕོ་དང་འབྲེལ་བའི་སྙན་ངག་བརྒྱད།

2018-08-31 18:26:47 སྙན་བུ། ཀློག་གྲངས། མཆན ཡོད།

image001.jpg

                       ཤིས་སྤྲིན་གྱི་རྟ་ཕོ།

ཤིས་སྤྲིན་གྱི་རྟ་ཕོ   ག་ལེར་ངའི་གམ་དུ་འོང་སྟེ
ཁྱོད་ཀྱི་སེམས་ངལ་ང་ལ་བརྗོད་རོགས་ཟེར
དེ་ཆོག་གི      ཡིན་ཡང་ངས
སྔོན་ལ་ཁྱོད་ཀྱི་གཏམ་རྒྱུད་ལ་ཉན་འདོད་ཅེས་བརྗོད

ཤིས་སྤྲིན་གྱི་རྟ་ཕོས
ངའི་རྣ་བར་སྐད་ཆ་ཤབ་ཤུབ་ཏུ་སྨྲས་བྱུང

དངོས་གནས་དེ་འདྲ་ཞིག་ཡིན་ནམ
ངས་མུ་མཐུད་དུ་ཤིས་སྤྲིན་གྱི་རྟ་ཕོ་ལ
ནར་སོན་པ་ནི་མནར་གཅོད་ཅིག་རེད
དུས་ཚོད་ཀྱིས་རྟག་པར་ང་ཚོའི་མང་པོ་ཞིག་ཟ་བཞིན་འདུག་ཅེས་བརྗོད

ཤིས་སྤྲིན་གྱི་རྟ་ཕོས
ངའི་རྣ་བར་སྐད་ཆ་ཤབ་ཤུབ་ཏུ་སྨྲས་བྱུང

ཡིན་ཡང་གྱེས་བྲལ་ལ་ཐབས་ཤེས་མི་འདུག
སྡུག་བསྔལ་ཡོད་ཚད་བརྩེ་དུང་ལས་སྐྱེས་པ་རང་རེད
ངས་སྔ་མོ་ནས་འདི་དག་སྒྲུང་གཏམ་ཞིག་ཏུ་འབྲི་འཆར་ཡོད་མོད
འོན་ཀྱང་སྨྱུག་ཁ་ལྕི་དྲགས་པས་མི་ནུས་པར་འདུག
ངས་འདི་ལྟར་ལབ་རྗེས་རེ་ཞིག་ཁ་རོག་གེར་བསྡད

ཤིས་སྤྲིན་གྱི་རྟ་ཕོས
ངའི་རྣ་བར་སྐད་ཆ་ཤབ་ཤུབ་ཏུ་སྨྲས་བྱུང

ངས་གཟབ་ནན་གྱིས་འདི་སྐད་སྨྲས
དེ་ཁྱེད་རང་ནོར་སོང་བ་རེད
བྱེས་པ་ཞིག་གི་མིག་ལམ་དུ
ཕ་ཡུལ་ནི་ནམ་དུ་ཡང་བཀླགས་མི་ཚར་ལ
ཕ་ཡུལ་ནི་སྙན་ངག་ཏུའང་ཤོང་དཀའ་བའི
བརླན་ཤིག་ཤིག་གི་བརྩེ་དུང་རེད
འོད་ལམ་ལམ་གྱི་ཕྱིར་དྲན་རེད

ཤིས་སྤྲིན་གྱི་རྟ་ཕོས
ངའི་རྣ་བར་སྐད་ཆ་ཤབ་ཤུབ་ཏུ་སྨྲས་བྱུང

ངས་འཕྲལ་མར་ཤིས་སྤྲིན་གྱི་རྟ་ཕོ་ལ
གྱེས་བྲལ་ལ་དངོས་གནས་ཐབས་ཤེས་མི་འདུག
ངས་ངོ་མ་དྲན་གི
ཁོང་གི་ཞལ་རས་དང་རྒྱབ་གཟུགས་དྲན་གི་ཞེས་བརྗོད

ཤིས་སྤྲིན་གྱི་རྟ་ཕོས
ངའི་རྣ་བར་སྐད་ཆ་ཤབ་ཤུབ་ཏུ་སྨྲས་བྱུང

ཁྱེད་ཀྱིས་ང་ལ་སེམས་གསོ་མ་གནང
ངའི་རྒྱབ་རི་ཉིལ་སོང
དེ་ངའི་ལས་དབང་རེད་་་་་་་
ངས་བཤད་མ་ཚར་གོང་དུ
ཤིས་སྤྲིན་གྱི་རྟ་ཕོས
ངའི་རྣ་བར་སྐད་ཆ་ཤབ་ཤུབ་ཏུ་སྨྲས་བྱུང

མིན     ག་ལ་ཡིན
ཁྱེད་ཀྱིས་ང་ལ་དེ་འདྲའི་མཐོང་ཆེན་མ་བྱེད
ང་ནི་དབུལ་ཕོངས་ཀྱི་སྤྲིན་པ་ཞིག་ལས་ཅི་ཡང་མིན
ང་ནི་སང་ཉིན་ལ་རེ་ལྟོས་བྱེད་མཁན་ཞིག་ལས་ཅི་ཡང་མིན
ཁྱེད་ཀྱི་མཐོ་ཚད་དེར་ང་རང་ཅིས་ཀྱང་སླེབས་དཀའ
ངས་ངོ་མ་བཤད་པ་ཡིན

ཤིས་སྤྲིན་གྱི་རྟ་ཕོས
ངའི་རྣ་བར་སྐད་ཆ་ཤབ་ཤུབ་ཏུ་སྨྲས་བྱུང
ཁྱེད་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ
ངས་ཤིས་སྤྲིན་གྱི་རྟ་ཕོ་ལ་འདི་སྐད་སྨྲས
ད་ནི་འུ་གཉིས་ཀྱིས་སྡུག་གི་ལོ་རྒྱུས་མི་གླེང་བར་བྱ
ཞེ་ལྷོད་ལྷོད་ངང     ཅི་ཡང་མི་སེམས་པར
བསིལ་འཇམ་གྱི་རླུང་བུ་འདི་ལོངས་སུ་སྤྱོད་པར་བྱ
སྔོ་ལྗང་གི་རྩྭ་ཐང་འདི་ལོངས་སུ་སྤྱོད་པར་བྱ
དྭངས་གཙང་གི་ནམ་མཁའ་འདི་ལོངས་སུ་སྤྱོད་པར་བྱ
ད་དུང    ལྷད་མེད་ཀྱི་དགོད་སྒྲ་འདི་ལོངས་སུ་སྤྱོད་པར་བྱ

ཡིན་ཡང
ཤིས་སྤྲིན་གྱི་རྟ་ཕོ
ག་ལེར     ག་ལེར
ངའི་མཐོང་ལམ་དུ
མི་མངོན་པར་གྱུར་སོང

ཤིས་སྤྲིན་གྱི་རྟ་ཕོ
ག་ལེར
ནམ་མཁའི་མཐོངས་སུ
མི་མངོན་པར་གྱུར་སོང

                           2018/7/5—7པེ་ཅིན་ནས།

image003.jpg

                       རྟ་ཕོ་དང་སྒ་ཆ།

སོ་ཕག་གིས་བཟོས་པའི་ཁང་པ་དེའི་སྒོ་འགྲམ་དུ
གྲུག་སྟེང་ཤེའུ་ཐིག་གིས་ཁེངས་པའི་རྟ་ཕོ་ཞིག
རྟོད་ཐག་ཐུང་ཐུང་བྱས་ཏེ་བརྟོད་འདུག

རྟ་ཕོས
རྣོ་སྲབ་དང་ཚར་སྒྲོག་ལ
ངོ་ལོག་ཅི་ཡང་གནང་གི་མེད
རྒྱབ་ལ་བསྟད་པའི་རྟ་སྒ
རྔུལ་ཆུས་བརླན

རྣོ་སྲབ་སྟེང་གི་ལག་པ་དང
རྟོད་ཐག་གི་སྣེ་མོ་བཟུང་བའི་མིག་ཟུང
ད་དུང་ཚར་སྒྲོག་གི་ན་ཟུག་བཅས་ཀྱིས
དེ་མ་ཐག་ང་ངོ་ཤེས་བྱུང

རྟ་སྒ་ཁོ་ནས
ང་རྨང་ནས་བརྗེད་འདུག
སྔོན་ཆད
ཨ་ཕའི་འཕོང་ལ་ཞོན་མྱོང་བའི་བུ་ཆུང་ང
རྨང་ནས་བརྗེད་འདུག

                       2016/9/5པེ་ཅིན་ནས།

 image005.jpg

                       རྟ་ཕོ་ཤི་རྗེས།

                                       ----རྟ་ཕོ་ཞིག་ལ་མྱ་ངན་དུ།

              1

ཝེ   བདག་པོ་ཁྱོད་གང་དུ་ཆས

              2

རྩྭ་ཐང་གི་གཤོག་པ
རླུང་གི་གཤོག་པ་ཆད་སོང
ཆེས་མཛེས་པའི་སྟག་ཤར
རྒྱང་བསྐྱོད་ཀྱི་སྤོབས་པ་འགག་སོང

འཚེར་སྐད་ལན་གསུམ
རྨི་ལམ་དུ་གྲགས
ཁ་རྔོག་ལང་ལོང
རྨི་ལམ་དུ་འཕྱོ

སྲབ་སྐྱོགས་དང་སྒ་སྟན་གྱི
ཉི་མའང་ནུབ་སོང

         3

གློ་བུར་དུ
འདབ་ཆགས་མགོ་ཐོག་ནས་ཚང་དུ་འཕུར་སོང
འབའ་འབུ་རྐང་འོག་ནས་ཁུང་དུ་འཛུལ་སོང
ཇི་འདྲའི་མཛེས་པའི་ས་སྲོད་ལ
སོ་སོ་རང་ཡུལ་དུ་ལོག་རྗེས
མཚམས་སྤྲིན་གཅིག་པུ
རྟ་ཕོའི་དོན་དུ

ངུ

          4

རོལ་དབྱངས་ཤིག
མཐའ་ཡས་པའི་རོལ་དབྱངས་ཤིག
རྩྭ་ཐང་གི་རོལ་དབྱངས་ཤིག
རླུང་བུ་ལས་ཀྱང་ཡང་པའི་རོལ་དབྱངས་ཤིག
དུས་བཞིའི་རོལ་དབྱངས་ཤིག
ཁ་དོག་དུ་མས་གྲུབ་པའི་རོལ་དབྱངས་ཤིག
སྤྲིན་གསེབ་ཀྱི་རོལ་དབྱངས་ཤིག

ད་ནས་བཟུང
ཁུ་སིམ་མེར་གྱུར

            5

ཝེ   བདག་པོ་ཁྱོད་གང་དུ་ཆས
རྟ་ཕོ་མི་དྲན་ནམ

              2017/7/29ཕ་ཡུལ་ནས།

image007.jpg

                   ཨ་ཕའི་རྟ་ཕོ།

ངས་རྨི་ལམ་དུ་ཅི་ཞིག་མཐོང་བ་རྨིས
མ་གཞི་ཨ་ཕའི་རྟ་ཕོ་ཡིན་འདུག

ཇི་འདྲའི་དགའ་བ་ལ
ངས་རྟ་ཕོའི་ཁ་རྔོག་ལ་བྱིལ་བྱིལ་བྱས་ཆོག
ངས་དང་ཐོག
ཨ་ཕའི་རྟ་ཕོ་ནི་ཁོང་དང་འདྲ་བར
མཐོང་ཐུབ་རྒྱུ་མ་རེད་སྙམ

ངས་རང་ཉིད་རྟ་ཕོར་བཞོན་ཏེ
ཕ་ཡུལ་དུ་ཨ་མར་ལྟ་རུ་འགྲོ་བ་རྨིས

འོན་ཀྱང་ཨ་ཕའི་རྟ་ཕོ་ནི
སྔོན་ཆད་ལྟར་གཡུང་པོ་ཞིག་མ་ཡིན་པར
ང་གམ་དུ་བཅར་དུས
ཁོ་ཕལ་ཆེར་སྐྲག་གིན་འདུག
མིག་ཟུང་བགྲད་དེ་ང་ལ་ཅེར་འདུག

ངས་ཁ་རོག་གེར་འདི་ལྟར་སྨྲས
རྟ་ཕོ    ང་ཡིན
སྐྲག་མི་དགོས   རྟ་ཕོ
འུ་གཉིས་མཉམ་དུ་ཕ་ཡུལ་ལ་འགྲོ

ཡིན་ཡང་ངས་ཨ་ཕའི་རྟ་ཕོ་ཡིས
ཅིས་ཀྱང་ང་ཞོན་དུ་མ་བཅུག་པ་རྨིས

ངའི་མིག་ཆུ་ཉིལ་ཉིལ་དུ་བཞུར
ངས་ཨ་ཕ་ཞེས་སྐད་མཐོན་པོས་བོས

ངས་རང་ཉིད་རྟ་ཕོ་ལས་ཀྱང་སྐྲག་གིན་ཡོད་པ་རྨིས
འོན་ཏེ་ངས
ཨ་ཕའི་རྟ་ཕོ་རང་གི་མཐོང་ལམ་དུ་ཡལ་བ་རྨིས

ངས་ང་གཉིད་ལས་སད་པ་རྨིས
ཡིན་ཡང་དུས་ནི་ནམ་གུང་ལ་བསླེབས་འདུག 
 
                     2017/12/28
                       2018/4/9པེ་ཅིན་ནས།
image009.jpg

                        དུས་ཚོད་ཀྱི་རྟ་ཕོ་རྔོག་རིང་།

བདེ་མོ་འཇོག་སྟངས་ཤིག་ལན་ནམ།
དལ་གྱིས་ཁ་ཕར་འཁོར་རྗེས།
སེམས་པ་གཡང་གཟར་དུ་ལྷུང་།
སྔོན་ཆད་ལྷུང་མ་མྱོང་བ་མིན་ཏེ།
ད་ཐེངས་ཇེ་ཟབ་ཏུ་འགྲོ་བ་འདི་ཅི།
གང་ལྟར་ཡང་ཁྱོད་རང་དྲན་དུས།
བདག་སེམས་ཀྱི་རྨ་ཁ་གསོ་མཁན།
དུས་ཚོད་ཀྱི་རྟ་ཕོ་རྔོག་རིང་།

སྟོན་ཁ་ཐུང་དྲགས་པས་ལན་ནམ།
འགྲོ་ཞོར་དུ་ལོ་མ་རྐང་གཅིག་བསྒྲུགས་རྗེས།
སེམས་པ་འཚུབ་ལོང་ངེར་གྱུར།
སྔོན་ཆད་གྱུར་མ་མྱོང་བ་མིན་ཏེ།
ད་ཐེངས་ཇེ་ཐུ་རུ་འགྲོ་བ་འདི་ཅི།
གང་ལྟར་ཡང་ཁྱོད་རང་དྲན་དུས།
བདག་སེམས་ཀྱི་འཇིགས་སྐྲག་སེལ་མཁན།
དུས་ཚོད་ཀྱི་རྟ་ཕོ་རྔོག་རིང་།

མཚན་མོ་རིང་དྲགས་པས་ལན་ནམ།
གཉིད་ཀྱི་བྱ་ཁྱུ་ཞོགས་ཤུལ་དུ།
སེམས་པ་སྟོང་ལྷང་ངེར་ལུས།
སྔོན་ཆད་ལུས་མ་མྱོང་བ་མིན་ཏེ།
ད་ཐེངས་ཇེ་སྟོང་དུ་འགྲོ་བ་འདི་ཅི།
གང་ལྟར་ཡང་ཁྱོད་རང་དྲན་དུས།
བདག་སེམས་ཀྱི་ཁེར་རྐྱང་བསྲོ་མཁན།
དུས་ཚོད་ཀྱི་རྟ་ཕོ་རྔོག་རིང་།

                 2017/11/16པེ་ཅིན་ནས།

image015.jpg

               རྟ་ཕོ།

ང་ཡི་ཁེར་རྐྱང་ནང་དུ་རྟ་ཕོ་ཞིག་ནམ་རྒྱུན་འཚེར་གྱིན་འདུག
ལོ་ཟླའི་རི་སྒང་གི་ཉག་ག་རེ་རེ་ནས།
ཁྱོད་ཀྱིས་ཧ་ལམ་ཐོས་ཐུབ་པའི་འཚེར་སྐད་ཅིག
ནམ་རྒྱུན་སྒྲོག་གིན་འདུག

སྒ་ཆ་བསྟད་མ་མྱོང་བའི་རྟ་ཕོ་དེ།
ངའི་བློས་ཐུབ་ཀྱི་འགྲོགས་ཟླ་ཉག་གཅིག་ཡིན།
རྒྱང་རིང་གི་སྤང་ཐང་ནི་རྟ་ཕོའི་ཕུགས་བསམ་སྟེ།
ཁྱོད་ཀྱི་གཙང་བོ་དལ་གྱིས་བཞུར་བའི་དབྱར་ཁ་དེ།
རྟ་ཕོས་ཡང་ཡང་དྲན་གྱིན་ཡོད།

དུས་ཚོད་མང་པོ་ཞིག་རྟ་ཕོའི་ལུས་སྟེང་ནས་མར་ཟགས་ཀྱིན་འདུག
འདབ་ཆགས་ཁྱོ་ཤུག་འགའ་ཡང་རྟ་ཕོའི་མགོ་ཐོག་ནས་རྒྱང་ལ་འཕུར་སོང་བས།
རྟ་ཕོ་འཚེར་སྐད་དང་བཅས་ཁྱོད་ཀྱི་རབ་ཁ་ནས་དལ་གྱིས་བརྒལ་དུས།
ཁྱོད་རང་ཚར་སྒྲོག་ཅིག་དང་འདྲ་ནའང་།
རྟ་ཕོ་སླར་ཡང་ཁྱོད་ལ་བརྒལ་ན་བསམས།

                      2017/12/10པེ་ཅིན་ནས།

image011.jpg 

                         སྐྱས་རྟ།

ང་ནི་སྐྱས་རྟ་ཞིག་དང་འདྲ
སྐྱས་རྟ་ནི་གཡུལ་རྟ་ཞིག་དང་འདྲ
གཡུལ་རྟ་ནི་རང་གི་གྲོགས་པོ་ཞིག་དང་འདྲ
གྲོགས་པོ་ནི་མགྲོན་པོ་ཞིག་དང་འདྲ

ང་ནི་སྐྱས་རྟ་ཞིག་དང་འདྲ་ཟེར་མཁན
འཚོ་བ་དང་ཁེར་རྐྱང་རེད
སྐྱོ་ངལ་དང་དཀའ་སྡུག་རེད
རྔུལ་ཆུ་དང་མིག་ཆུ་རེད

ངས་རང་ཉིད་ལ     ཁྱོད
སྐྱས་རྟ་ཞིག་དང་འདྲའམ་ཞེས་དྲིས
ངས་ཁ་རོག་གེར་རང་ཉིད་ལ
ཁྱོད་དངོས་གནས་འདྲ་གི་ཞེས་ལབ

ཆུང་དུས་རུ་བ་སྤོར་དུས
ང་ནི་ང་དང
སྐྱས་རྟ་ནི་སྐྱས་རྟ་ཡིན

རྨི་ལམ་གྱིས་ང
རྒྱང་རིང་ཞིག་ལ་ཁྲིད་རྗེས
ངས་ཁ་རོག་གེར་རང་ཉིད་ལ
ཁྱོད་དངོས་གནས་འདྲ་གི་ཞེས་ལབ

                    2018/4/22པེ་ཅིན་ནས།
image013.jpg

              ས་སྲོད་ཀྱི་རྟ་ཕོ།

ས་སྲོད་ནི་རྒུད་པའི་ཡང་རྩེ

ང་ལ་བདེན་དཔང་ཡོད་དེ
རྟ་ཁྱུ    ཞོགས་སོང་བ་ག་ལ་ཡིན
དུས་ཀྱི་རླུང་བུ་ཡང་ཡང་ལྡང
ཡང་ཡང་ལྡང་བས་ལན་ནམ

གང་ལྟར    ཕྱིར་འོང་མེད་པ
ལོ་ཟླ་ཁོ་ན་གཏན་ནས་མིན

བདག་པོ་མེད་པའི་རྟ་ཕོ་ཞིག
སུས་ཀྱང་འདེད་མ་ནུས་ནའང
ཁ་སང་ལས་ཀྱང
མགོ་བོ་དགྱེ་དབང་མི་འདུག

ང་ལ་བདེན་དཔང་ཡོད་དེ
གཙང་བོ་དང་ཕ་བོང་ཡང
དྭ་ཕྲུག་བཞིན་དུ
རྩྭ་ཐང་གི་འཁུན་སྒྲ་ལྷག་མས
མུན་ནག་ལ་ཟ་རུ་བཅུག

ཡིན་ཡང   ཁེར་རྐྱང་ལས་ཀྱང
ས་སྲོད་ཀྱི་གདུང་བ་ཤིན་ཏུ་ལྕི
ང་ལ་བདེན་དཔང་ཡོད་དེ
རྩྭ་ཐང་དུ་བོར་བ
འཚེར་སྐད་ཁོ་ན་ག་ལ་ཡིན

            2018/7/18པེ་ཅིན་ནས།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།