གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲ་བའི་སྙན་ངག་བདམས་བཀོད།

2018-09-22 22:17:57 སྲ་བ།(རྨ་ཆུ) ཀློག་གྲངས། མཆན ཡོད།

IMG_3256.jpeg

  སྐྱེས་མིང་ལ་འཇིགས་མེད་ཚེ་བརྟན་ཟེར་ཞིང་ཕ་ཡུལ་མདོ་སྨད་ཀྱི་འབྲོག་སྡེ་ཆེན་མོ་ཁྲོ་ཁོ་སྨད་མ་ཡིན། འཕྲུལ་འཁོར་གྱི་ཆོམ་སྒྲས་ཕ་ཡུལ་གྱི་རི་ལུང་སྒུལ་ཞིང་རྟ་ཕོ་གོང་ཉལ་བྱེད་པའི་དུས་རབས་མཇུག་རྫོགས་ལ་ཉེ་བའི་ལོ་རབས་དགུ་བཅུ་བའི་ནང་ལ་མ་ཡུམ་ལགས་ཀྱི་མངལ་ནས་ཨ་སྐད་ཐོག་མ་བསྒྲགས་ཤིང་། ཉིས་སྟོང་བཅོ་བརྒྱད་ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན།ད་ལྟ་སྡོད་སའི་གྲོང་ཚོ་འདི་རུ་ང་ལ་སྲས་ཧོ་ལ་པ་ཨེར་ལྟ་བུའི་ཧ་ཅང་ཁེར་རྐྱང་གི་སྣང་བ་སྐྱེ་མོད།རང་ཉིད་འུར་གྱིས་མྱོས་པའི་ཁོར་ཡུག་ཞིག་ཏུ་འཚོ་བཞིན་དུ་ཧ་ཅང་ཁེར་རྐྱང་ཡིན་ཞེས་ལབ་ན་མི་མང་པོ་ཞིག་གིས་མངོན་ལྐོག་གང་རུང་དུ་འཕྱ་སྨོད་མི་བྱེད་པའི་ངེས་པ་མེད་ནའང་།འཛུམ་མདངས་ཀྱིས་ནང་སེམས་ཡིབ་ནས་སྡུག་བསྔལ་དོས་དྲག་པོར་གྱུར་བའི་མི་ཞིག་ལ་མཚོན་ན་ཁེར་རྐྱང་དེ་རིགས་རྦད་དེ་ཁོར་ཡུག་དང་འབྲེལ་བ་ཡོད་མི་སྲིད། ང་ལ་རང་གི་འཚོ་བའི་ཁྲོད་སྣང་མེད་དུ་བཞག་པའི་སྐད་ཅིག་མའི་མཛེས་པ་རེ་རེར་བདག་པོ་རྒྱག་པའི་ཧམ་སེམས་ཆེན་པོ་ཞིག་ཡོད་པས་སྙན་ངག་འབྲི་རྒྱུར་ཧ་ཅང་དགའ་བོ་ཡོད།
                       
                     བེམ་པོ།

དུས་ཚོད་ནི་དམིགས་ཡུལ་མེད་པའི་ཆུ་ལོག་ཅིག་དང་འདྲ་བར
ང་ཚོ་ཡུལ་བ་ནས་སྡོད་ཐབས་མེད་པར་ཕྱོགས་ཕྱོགས་སུ་གཏོར
མདུན་དུ་སྐྱོད་དུས་ཕུགས་བསམ་ཞེས་པའི་ཁེན་ས་ཞིག་ཡོད་ནའང
ཕྱིར་མིག་ལྟ་དུས་འཚོ་བའི་ནད་གཡོག་ལས་སུའང་གཡོལ་ཐབས་བྲལ
ཁྱོད་དང་འཕྲད་པས
ངས་བརྩེ་དུང་ཞེས་པའི་མེ་ཏོག་གི་ཞྭ་མོ་དེ་གྱོན་ནས
དབྱར་ཁ་བུད་འགྲོ་བར་དོགས་པས་མནར
ཁྱོད་དང་འབྲལ་དུས
ངས་དྲན་གདུང་དྲག་པོའི་ཁུར་བོ་ཁུར་ནས
འགྲུལ་བཞུད་མཇུག་རྫོགས་པར་རེ་བས་སྒུག
                                                              
                                           2018 3 15

                      ངའི་དབང་བོ།
                                             
ང་ནི་ཆུ་ཐིགས་གཅིག་གིས་གཏོར་སླ་བའི་ལྷིང་འཇགས
འུར་ཟིང་ཙམ་ལ་གཡོལ་འདོད་ཀྱི་ཁེར་རྐྱང
བླུན་རྨོངས་ཀྱི་སྒོ་དང་སྒེའུ་ཁུང
འབུར་ཤེལ་ནང་གི་རི་མོ
མེ་ལོང་ཁྲོད་ཀྱི་གཤེད་མ
ཁྱེད་དང་འབྲལ་མི་འདོད་པའི་རྣམ་ཤེས་བཅས་ལགས
ཉི་མ་དེ་ནས་བཟུང་ང་རང་ཉེས་ཅན་དུ་གྱུར་བས
ཤན་པའི་ལག་ན་གྲི་མེད་པ་མཐོང་རྗེས
ང་རང་ནོར་ལུག་གི་ཁྲག་ཏུ་སྦེད
ཉིན་མོ་འུག་པའི་མིག་དང
མཚན་མོ་པདྨའི་དབུས་སུ་ཡིབས
མི་ནི་ལྐོག་ཏུ་གྱུར་བ
ང་ཡང་རང་ལ་མི་གསལ་བ
གང་དུ་སྡོད་ཡུན་རིང་ན་དེ་ནི་ཕ་ཡུལ་དུ་གྲུབ་ཡོང་ངམ
ལམ་ལ་ཆས་དགོས་པ་དྲན་ན
ང་རང་ཕ་ཡུལ་མེད་པའི་མི་ཞིག་ཏུ་འགྱུར་འདོད་ཆེ་ཨང

                                         2018 5  20

                         2018
                        
ང་ནི་སྤྲིན་པ་དཀར་པོའི་གཟུགས་སུ་སྤྲུལ
ཕ་ཡུལ་གྱི་རླུང་བུ་འཇམ་པོས་ཁུར་འགྲོ་བར་རེ་ཞིང་སྒུག
རི་ལུང་སྟོང་ཕྲག་གི་མཛེས་སྡུག་སེམས་སུ་ཉར་ནས
ཕ་ཡུལ་གྱི་གྲུ་ཟུར་ཀུན་ལ་བདེ་བཅོས་པའི་སྟོང་བསམ་བཅངས
ང་རང་མ་གཞི་ནས་སྟོང་བསམ་རིང་ལུགས་པ་ཞིག་ཆགས་ཡོད
ངའི་སྨྱུག་འོག་གི་ཡིག་འབྲུ་རེ་རེ་སྨྲ་ཤེས་པར་གྱུར་དུས
ཁོར་ཡུག་གི་མི་ཀུན་གཞི་ནས་འོན་ལྐུག་ཏུ་བརྫུས
རྗེས་སུ་ང་རང་ཡན་ལག་གི་བརྡ་ལ་གོམས
སྨྲ་བསམ་ཐམས་ཅད་སྡུག་བསྔལ་གྱི་ཁོག་ཏུ་བཅུག
དེ་ནས་བཟུང་ང་ཡི་འཛུམ་མདངས་ལ་ལྷད་འདྲེས
ང་རང་གཞི་ནས་ཆར་སྤྲིན་དུ་གྱུར
ཕ་ཡུལ་ལ་མི་དབང་བའི་རྫོང་མཁར་འདིའི་མིག་ཆུའི་ཚབ་ཏུ
ཐན་སྐམ་གྱིས་མནར་བའི་ཕ་ཡུལ་ལ་ཡུན་རིང་དུ་ཆར་ནག་ཕབ
ཆར་ཆུ་འདམ་དང་འདྲེས་རྗེས
ཉམས་ཆུང་བའི་བདག་གི་འདུན་པ་རྐང་རྗེན་ལ་ཁྲོམ་དུ་ཉུལ
མི་ཚོགས་ཀྱི་རྗེས་སུ་གཡམ་རྒྱུག་བྱས
སླར་ཡང་སྐྲག་འཇིགས་མ་བཟོད་པར་ཕྱིར་ལོག
ཉིས་སྟོང་བཅོ་བརྒྱད་ལོར
ང་ལ་བསྟན་འཛིན་མཚོ་མོ་ལས་ཅི་ཡང་མེད

                           2018 6 25
                                                          
                       ཤོག་སྐྱ།
     
                                   ____གྲོགས་JK·སེང་གེ་ལ།

འུར་ཟིང་གིས་མྱོས་པའི་ཁོར་ཡུག་འདིས་ང་ཡི་སྐྲག་འཇིགས་ཡིབ་ཐུབ
མདུད་ནག་ཤོར་བའི་ནང་སེམས་ཀྱང་རྒྱ་ཡན་དུ་བཏང་ཆོག
མིག་ཆུ་དང་རྣམ་འགྱུར་ལས་མཚོན་ཐབས་བྲལ་བའི་སྡུག་བསྔལ་དེའང་བཞག་ཆོག
འོན་ཀྱང་ལག་པས་བྲང་གཞུང་ལ་འཐབ་ཀྱང
སེན་མོས་མགྲིན་པ་བྲད་ཀྱང་སེལ་མི་ཐུབ་པ་ནི
ཁྱེད་དང་མཉམ་སྡོད་ཀྱི་དུས་ཡུན་ཐུང་དྲགས་པ་དེ་རེད
འུ་གཉིས་ཀྱིས་སྣང་བའི་འཇིག་རྟེན་ཅིག་ཏུ་ཁང་བ་མཉམ་ཕུབ་བྱས
སྙན་ངག་གི་མཛེས་པ་མཚོན་ཆེད་ཡི་གེ་རྩེད་ཆས་བཞིན་དུ་བཀོལ
ཆང་གི་བཟི་སྣང་ལས་འུ་གཉིས་ཁོ་ན་ལ་དབང་བའི་བདེ་སྐྱིད་ལོངས་སུ་སྤྱད
བྲལ་བའི་ཆོས་ཉིད་བསམ་བཞིན་དུས་ཚོད་ཀྱི་ལྷུ་རྐང་གཏོར་བར་སྟོང་བསམ་བཅངས
དྲན་པའི་བྲག་ལ་ལྕགས་ཕུར་ཟུག་པ་བཞིན་གསལ་བོར་ལྷག་པ་ནི
འབྲལ་ཁ་འུ་གཉིས་ལ་ཕུགས་བསམ་དང་མཉམ་པར་ཞིག་ལས
སྐད་ཆ་མང་པོ་ཞིག་མེད་པ་དེ་རེད

                                           20180  8 31
IMG_3255.jpeg                                    

                      ཡུན་རིང་ཞིག་འགོར་མི་སྲིད།  

ང་ལ་བདེ་སྐྱིད་འཐོབ་པར་ཡུན་རིང་ཞིག་འགོར་མི་སྲིད
ནང་སེམས་ཀྱི་སྡུག་བསྔལ་རི་དྭགས་ཤིག་གི་མིག་ལ་སྦས་རྗེས
སྙིང་རྗེ་དང་རེ་བར་བརྫུས
དེ་ནས་སླར་ཡང་རི་མོར་ཕབ་སྟེ
འཕྲིན་ཡིག་ཅིག་གི་བར་ཏུ་བཅུག་ནས་ཁྱོད་ལ་བསྐུར་འཇོག
ད་ནི་ཐམས་ཅད་རེ་བས་སྟོང་ནའང་ང་ལ་སྐྱོ་བ་ཡོད་མི་སྲིད
ཁྱོད་ཀྱང་བྲལ་ཟིན་པས
ང་རང་མ་འོངས་པའི་སྡུག་བསྔལ་དག་ལ་འཛེམ་དགོས་དོན་མེད

ཁོ་ཚོས་སྙིང་གཏམ་མཐའ་དག་སྒོ་ལ་ཕྱུངས་རྗེས
མི་ནི་འདི་ལྟར་སྡུག་བསྔལ་གྱིས་གཟིར་དགོས་དོན་མེད་ཟེར
ཁྱོད་རང་དྲན་ཚེ
གཡས་གཡོན་དགོད་སྒྲས་ཁྱབ་ནའང
ང་ནི་རང་ཉིད་གཅིག་པུས་མིག་ཆུ་འདོན་ཐུབ་པའི
ངོ་ཚ་ཁྲེལ་མེད་ཅིག་ཏུ་གྱུར་འདུག

                     བོད་ཀྱི་ནད་པ།
                         
ལོག་པའི་བློ་གྲོས་ཀྱིས
མི་རྣམས་འཁོར་བ་ལ་ཧ་ཅང་ཆགས་པས
འཇིག་རྟེན་གྱི་བདེ་སྐྱིད་བརྗེད་འགྲོ་ལ་ཉེ་དུས
གློ་བུར་དུ
རི་རབ་ལས་གཙང་བོ་གཤོང་འདྲའི
དམྱལ་ཁམས་ལས་གྱེན་ལོག་བྱས་འདྲའི
བོད་ཁམས་འདར་བར་བྱེད་པའི་ང་རོ་འབྱིན
ང་རྒྱལ་གྱིས་འགྱིང་བའི་མི་རྣམས་ཨ་ཐང་ཆད
ཕུགས་བསམ་གྱིས་སྟོང་བའི་མི་རྣམས་ལྐོག་ཏུ་ངུ
ནང་སེམས་དབུལ་བའི་བུད་མེད་དག་ཀྱང་ཆགས་པས་གཟིར
གེ་ཐར་བ་ཚོས་པདྨ་རྡོ་རྗེ་གླེང
སྙན་ངག་པས་ཀྱང་ངར་མ་ལབ
འཇིག་རྟེན་འགྱུར་ནས་དུས་རབས་ཤིག་མཇུག་རྫོགས་རྗེས
ཁོ་ཚོས་ད་གཟོད་རང་ཉིད་རྗེས་ལུས་ཡིན་པ་ཚོར་སྲིད                                    

རང་ཉམས་རྫིག་པོའི་རྟོགས་པ་དེས
མི་རྣམས་ཆང་དང་བུད་མེད་སྤྱོད་པའི་འཕྲུལ་མཛངས་ལ་གོམས་པས
མི་ཡུལ་གྱི་བརྩེ་དུང་བོར་འགྲོ་ལ་ཉེ་དུས
གློ་བུར་དུ
བག་མེད་གླང་ཆེན་སྨྱོས་འདྲའི
རྟ་བརྒྱ་བྲག་གཡང་ལ་མཆོང་འདྲའི
མི་སེམས་འདར་བར་བྱེད་པའི་ཆོ་ངེ་འདེབས
ཁེ་གྲགས་ལ་དགའ་བའི་མི་རྣམས་ངོ་ཚས་མྱོས
དམག་འཁྲུག་གིས་སྤྱུགས་པའི་མི་རྣམས་རང་ཡུལ་དུ་ལོག
གྲྭ་བ་དག་ཀྱང་བག་ཕེབས་ངང་སྡོད་མི་ཚུགས
ངར་མ་སྡུག་གི་གཅོང་རོང་དུ་ལྷུང་མྱོང་ངམ
པད་མ་ཚོར་བའི་རབ་ཁ་ནས་ལྕེབ་མྱོང་ངམ
སྲིན་པོའི་དཔུང་བ་བསྒྲིགས་པའི་མི་ཚོགས་ཁྲོད
ཁོ་ཚོ་ནི་ཉི་ཟླའི་རྣ་ཆ་ཐོགས་པའི་ལམ་འགྲོ་བ་དེ་ཡིན

                                ༢༠༡༧ལོར།

                      ཆོ་འཕྲུལ།                                    

ཙག་རླུང་གིས་སྒེའུ་ཁུང་ལ་འོ་དང
ཤུབ་ཤུབ་སྨྲ་བའི་གསང་གཏམ་དེས
ང་རང་གཉིད་མི་ཁུག་པར་བཟོས་པས
ཞལ་རས་ཆུ་ཞིང་གབ་པའི་སྙིང་ཉེ་མར
མཆུ་སྦྱོར་བྱེད་པའི་སྣང་བརྙན་གྱི་བསླུ་བྲིད
བརྩེ་བའི་དར་ཆ་སྒྲེང་བའི་འདོད་ཆགས
ད་དུང་སྐད་ཅིག་མའི་བདེ་བ
མུན་པ་གསང་དོར་དུ་བླུགས་རྗེས
ཕུགས་བསམ་རླངས་པར་གྱུར
སྙིང་ཉེ  འཁྲུལ་སྣང་འདི་རྨི་ལམ་མིན
སྙིང་ཉེ  འཁྲུལ་སྣང་འདི་རྨི་ལམ་ཡིན
                                         
                          2017 3 08

                      ལྷིང་འཇགས་ཀྱི་གཉའ་གནོན།
                                     
ངས་བསྐལ་བ་འཇིགས་བྱེད་ཀྱི་མེ་དཔུང་ཁྱེར་ནས
འཁྱག་ལྟོག་གིས་མནར་བའི་ཁྱོད་སར་སླེབས་ནའང
ཁྱོད་ཀྱིས་ང་ལ་ལྐོག་ཁ་གཏོང་བ་དང
ང་རང་མི་ཚོགས་ཀྱི་གྲས་ནས་ཕུད་པས
ངས་བརླན་ཞིང་འཁྱག་པའི་མུན་པ་གྱོན་ནས
ཁྱོད་དང་རེ་ཞིག་གཏན་བྲལ་མི་བྱེད་ཐབས་མེད་དུ་གྱུར
ད་ལྟ་ང་རང་ཆོ་འཕྲུལ་ལྟ་བུའི་རྨི་ལམ་གྱི་གཟེབ་ཏུ་ཚུད་ཡོད
དུས་ཚོད་ཀྱིས་ང་ཡི་དྲན་པ་གཏོར་བར་བྲེལ་ཞིང
འུ་གཉིས་ཀྱི་འདས་སོང་གསེབ་ཏུ་འགད་རྫས་སྦས་ནས
ནམ་ཞིག་ལ་གཏན་མེད་བྱེད་པའི་གཡོ་འཕྲུལ་དྲན

ང་ནི་སྨྲ་བ་ཉུང་བའི་སྤྲང་བོ་ཞིག་དང་འདྲ་བར
ཨམ་གཙིགས་ཁོག་བཅུག་ངང་ཁྱོད་སར་གཅར་ནའང
ཁྱོད་ཀྱིས་ང་ལ་བཙོག་ལྟ་བ་དང
ང་རང་ལ་རྒྱ་མེད་པའི་ཁྱི་སར་བཞག་པས
ངས་ངལ་ཞིང་དུབ་པའི་སྐྱོ་སྣང་ཁྱེར་ནས
རང་ཉིད་གཅིག་པུ་ལམ་ལ་མི་ཆས་གདམ་མེད་དུ་གྱུར
ད་ལྟ་ང་རང་དྲན་གསོ་ཁང་ལྟ་བའི་ཡུལ་གྲུ་ཞིག་ཏུ་གཞིས་ཆགས་ཡོད
ཡུལ་ལྗོངས་འདིས་ང་ཡི་ཕུགས་བསམ་ཤ་བཞིན་འཐག་ནའང
ངས་འུ་གཉིས་ཀྱི་འདས་སོང་ལ་བསྐྱར་དུ་དྲོད་ཁ་གསོས་ཆོག

                                        ༢༠༡༧ ལོར།
             
                       ཁྱེད་ཁོ་ན།
                               
ང་ཡི་སེམས་ཀྱི་སྙན་ངག་དག་བྲུ་བར་བྱེད་པའི་ཁྱོད་ཀྱི་ལང་ཚོས
ང་ལ་སྙན་ངག་གིས་ཀྱང་མཚོན་དཀའ་བའི་སྙན་ངག་ཅིག་གནང
དེ་ནི་རོལ་མོ་དང་ཨ་རག་གིས་སློང་མི་ཐུབ་པའི
འདོད་པ་ཡིས་ཀྱང་མི་ཟིན་པའི་རྨི་ལམ་གྱི་ཞིང་ཁམས་ཁོ་ནའོ
ནམ་ཞིག་དུས་ཚོད་ཀྱི་ལྷུ་རྐང་འཐོར་ཏེ་ལང་ཚོ་ལ་རང་དབང་བྱུང་ན
ཁྱོད་ཀྱང་འཇིག་རྟེན་པའི་ལུགས་ཀྱི་བྲན་དུ་འགྱུར་དགོས་དོན་མེད
གྱེས་བྲལ་དག་འཛུམ་གྱིས་བསུ་བཞིན
མྱ་ངན་གྱི་ལག་པས་བྲང་ལ་ཤུགས་ཀྱིས་འཐོབས་དང
ང་རང་ནམ་མཁའ་ལ་ག་ཙམ་དགའ་ནའང
རང་ཉིད་ལ་གཤོག་པ་མེད་པ་ཤེས་བཞིན་དུ
ཁྱོད་ཀྱི་བརྩེ་དུང་ནམ་མཁའ་ལ་དཔེ་འཇོག་བྱེད་མི་སྲིད

                                 ༢༠༡༧ ༩ ༢༢ ཉིན།

IMG_3262.JPG

                       དགུན་ཁ།
    
བྱིས་པའི་དུས་ཀྱི་རྩེད་ཟླ་དག་བསམ་ན
རྒྱུ་འབྲས་ཀྱི་རེའུ་མིག་འདིས་ང་རང་ནམ་ཡང་བསླུས་མ་མྱོང་བ་འདྲ
ནར་སོན་རྗེས་ཀྱི་ལོ་ཟླ་མང་པོ
ཉི་འོད་དང་ཆར་བ་བཞིན
གྲོང་ཁྱེར་གྱི་སྲང་ལམ་དུ་ཟགས་ནས་ཡལ་སོང་མོད
བདག་གི་ཕུགས་བསམ་ཤྭ་བའི་ཁྲ་ཐིག
འཇའ་ཡི་ལང་ཚོ་དང་ཁྲོན་པའི་ཟླ་བ
རྣམ་ཤེས་བོར་བའི་འཁྱམས་པོ་ང་དང་ཇེ་རིང་ནས་ཇེ་རིང་དུ་ཕྱིན
ཆང་གིས་བཟི་ཐབས་བྲལ་བའི་ནང་སེམས་ཀྱི་ཡི་གེའི་ཚོགས
སེང་གེ་བཞིན་དུ་ཁོ་བོའི་འདོད་པའི་ནགས་ཚལ་ལ་བདག་པོ་བརྒྱབ་བྱུང
སེམས་ཀྱི་ལྡེབས་རིས་སུ་བརྐོས་པའི་བུད་མེད་ཀྱི་གཟུགས་བརྙན་དག
རྒྱུས་མེད་ཀྱི་ལམ་འགྲོ་བ་དག་གིས་ཤུལ་མེད་དུ་བཟོས་ཡོད་ནའང
སྐད་ཅིག་སྐད་ཅིག་ལ་མངོན་ཡོང་བའི
མ་འོངས་པ་དེར་རེ་བ་བྱེད་མི་དགོས་པ་བཞིན
འུ་གཉིས་མཉམ་དུ་འཚོ་སྐབས
ད་ལྟ་བ་ལས་ཡོད་སྲིད་དམ
ཁེར་རྐྱང་དང་ལྷིང་འཇགས་ཀྱི་སྐབས་སུ
འཇིགས་སྐྲག་དང་སྐྱོ་སྣང་ལ་དོགས་ནས
རྒྱང་རིང་གི་ཨ་མའི་ཞལ་རས་ཕྱིར་དྲན་གྱི་ཤོག་ངོས་སུ་འབྲི་དགོས་བྱུང
མི་ལ་འཇིགས་སྐྲག་ཁོ་ན་ལས་སྙིང་རྗེ་ཡོད་མི་སྲིད
དེ་བས་བློ་རིག་དང་ལྡན་པའི་མི་ཞིག་ལ་ལྷག་ཏུ་སྙིང་རྗེ་ཡོད་མི་སྲིད
གཡོ་སྒྱུ་དང་བསླུ་བྲིད་ཀྱི་མདུད་པ་དེ་གྲོལ་ན
དགུན་གྱི་དུས་ཚིགས་འདི་གྲང་ངར་དུ་བགྲང་རུང་ངམ

                            ༢༠༡༧ལོའི་ཟླ༡༡

                   གྲོང་ཁྱེར་གྱི་མི།

གྲོང་ཁྱེར་ནི་དུས་རབས་ཀྱི་ལྕི་ཚད་ཁུར་བའི་ཤེས་རིག་གི་འབྲས་བུ་ཡིན
གྲོང་ཁྱེར་ནི་ཕུགས་བསམ་དང་དངོས་ཡོད་བར་གྱི་འགལ་བ་དེ་ཡིན
གྲོང་ཁྱེར་དུ་ང་ཚོ་ངང་ངམ་ཤུགས་ཀྱིས་ཁེར་རྐྱང་ལ་གོམས
ཁེར་རྐྱང་གིས་མྱོས་པའི་འུར་ཟིང་ལ་གོམས
འུར་ཟིང་ཁྲོད་ཀྱི་རིག་གནས་དང་ལབ་གླེང་ལ་གོམས
གྲོང་ཁྱེར་དུ
ང་ཚོར་ལྷིང་འཇགས་ངང་ཐ་མག་འཐེན་ཆོག་པའི་རྐུབ་སྟེགས་ཤིག་ལས་མེད་ཀྱང
ཨམ་གཙིགས་ཁོག་བཅུག་ངང་རང་ལམ་རང་གིས་འཚོལ་འདོད

                                             2017  6 21

                      ཤར་སྒོ་ནས་འཕྲིན་བཏང་བ།   

ལུས་ཀྱི་ཆ་ལུགས་ཡ་མ་ཟུང།།
བཤད་པའི་གཏམ་ནི་སྲ་མ་སྲེ།།
སེམས་ཀྱི་གཞོན་ནུ་ངུ་མ་དགོད།།
རྒྱུད་ཀྱི་རྣམ་རིག་ལྡིབ་པོར་གནས།།
བློ་མིག་ཅན་གྱི་སྦྱིན་བདག་གིས།།
སྙིང་གི་ཉེ་སར་བཞག་པའི་ཚུལ།།
གང་དགའ་གང་མཁོ་འདྲི་བའི་ཞོར།།
བཏུང་བའི་མཆོག་དག་ཡང་ཡང་འདྲེན།།
རོལ་མོའི་དབྱངས་ཀྱི་མཁའ་དབྱིངས་སུ།།
ཚོར་བའི་བྱིའུ་ཆུང་འཕུར་ཞིང་ལྡིང་།།
ལྷན་ཅིག་འཛོམས་པའི་སྐལ་བཟང་ལ།།
གཏམ་དག་མེ་ཏོག་ཆར་དུ་བསྙིལ།།
སྣ་ཚོགས་གློག་གིས་རྒྱན་པ་ཡི།།
རྩེག་པའི་ངོས་དང་ཆང་སྟེགས་སོགས།།
མཚན་གྱི་རྒྱུ་སྐར་དག་ལས་ཀྱང་།།
ཡིད་ཀྱི་བརྟན་པ་དབང་མེད་འཕྲོག།
ཆང་འདི་བཞེས་དང་སྙིང་གཏམ་བཤད།།
བཤད་སའི་མི་དེར་འཕྲད་པ་དཀའ།།
ཕྲད་ཚེ་གཏམ་ལ་ངོ་ལྐོག་མེད།།
སྦེད་དང་གསང་བ་དེ་བས་དབེན།།
ཁྱེད་ནི་སྦས་པའི་ཚུལ་བཟུང་ནས།།
རྫོང་མཁར་འདི་རུ་ཁ་རོགས་སྡོད།།
དེ་བས་མི་ཕོ་ཁོག་སྟོང་འགས།།
ཁྱོད་ཀྱི་སྤྱོད་པ་སྤྲེའུ་བཞིན་འཁྲབ།།
ངའོ་སྙམ་པའི་ཤེས་དམན་དག།
བློ་ཆུང་བྱིས་པའི་ཤེས་ཡོན་གྱིས།།
སེང་གེ་བཞིན་དུ་འགྱིང་བ་དེ།།
ཚང་གི་སྟག་མོ་དགོད་པའི་རྒྱུ།།
བྱ་རྣམས་ས་ལ་འབབ་ཚུལ་འདི།།
ནམ་མཁའ་མེད་པའི་རྒྱུ་རུ་ཟད།།
ཡིན་ཡང་རྒོད་པོ་ཁྱེད་ཉིད་ལ།།
སྒྱུ་རྩལ་ཞེས་པའི་ནམ་མཁའ་ཡོད།།
ཁྲོ་བའི་ལན་དུ་མི་ཁྲོ་ཞིང་།།
རྡེག་པའི་ལན་དུ་མི་རྡེག་པ།།
འགྱིང་བག་མེད་པའི་མི་བུ་ཁྱེད།།
ལྷུན་པོ་བཞིན་དུ་བརྟན་འདི་མཚར།།
འུ་གཉིས་མཐོང་བའི་ཕན་ཚུན་ནི།།
ལྡོག་པའི་འོད་ཀྱི་གཟུགས་ཡིན་ཕྱིན།།
རེག་བྱ་མེད་པའི་ཕ་རོལ་ཏུ།།
ད་ལྟ་བ་ཞིག་སུ་ཡིས་རྙེད།།
འཇིག་རྟེན་ཆོས་ཀུན་སྒྱུ་མའི་འཕྲུལ།།
དུས་ཀྱི་འཁོར་ལོ་བར་མེད་འཁོར།།
གྲོགས་ཀུན་བསྲུང་བྱའི་ཚིག་དང་འགལ།།
མི་རྣམས་ལུས་སེམས་གདུང་བས་གཟིར།།
ཆ་མེད་ངོ་གདོང་གློག་བཞིན་འཁྱུག།
རྒྱུས་མེད་གཏམ་དག་ཆུ་བཞིན་བྱོ།།
སེམས་དག་འདྲེས་པའི་ས་མཚམས་སུ།།
རྩོད་པའི་རླུང་བུ་དལ་གྱིས་ལྡིང་།།
ད་ནི་མི་སྡོད་ཡུལ་བའི་ཕྱོགས།།
བྲེལ་བའི་གོམ་ཁ་ལྐོག་ཏུ་སྒྱུར།།
སྐད་འཕྲིན་དང་ནི་ཁ་པར་ལས།།
དགོས་མེད་གཏམ་དག་མི་སྨྲ་རོགས།།
འོད་གྱི་བུ་ཆུང་ཤར་རིའི་རྩེར།།
འཕགས་པས་འཇིག་རྟེན་མུན་པ་གྲོལ།།
བདག་གི་གཡས་གཡོན་མཐའ་འཁོར་ཀུན།།
སྐྱེ་སྟོབས་གསར་བའི་ལང་ཚོ་འབར།།  
གཏི་མུག་བདུད་མོའི་དབང་གྱུར་བའི།།
གཉིད་ཀྱི་བུ་མོས་བསླུ་བྲིད་ཀྱིས།།
ཉལ་ཡུན་བསྲིངས་པའི་འདུན་པ་ཞིག།
ངང་ངམ་ཤུགས་ཀྱིས་རྒྱུད་ལ་ཞུགས།།
ཨེ་མ་བདག་གི་དར་བབ་ཀྱི་ལང་ཚོ།།
ཨ་ཧོ་ལེ་ལོའི་དབང་དུ་ནི་སོང་སྟེ།།
ཨ་ཁ་བླ་རྩ་ཇེ་ཡང་ནས་ཇེ་ཡང་།།
ཨ་ཙི་དཔེ་ཀློག་ལས་ལ་ཡང་བཤོལ་བ།།

                       2018.1.25 ཉིན།

*ཤར་སྒོ_རྨ་ཆུ་རྫོང་མཁར་ན་ཡོད་པའི་ཆང་ཁང་ཞིག

               

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།