གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒོ་ཡོན་གྱི་སྙན་ངག་གསར་པ་བདམས་བཀོད།

2019-05-14 16:00:12 སྒོ་ཡོན། ཀློག་གྲངས། མཆན ཡོད།
མུན་པའི་ནགས་ཚལ།

ང་རང་སྤྱི་ཚོགས་ཀྱི་དམུས་ལོང་གྱུར་པའི་རྗེས།།
ལག་པ་ཡ་གཅིག་གིས་གནམ་ལ་སྤར་ཤད་བྱས།།
སོར་མོའི་རྩེ་མོ་ནི་ཟླ་བར་རེག་ན་ཡང་།།
ཡིད་ཀྱི་མཚོ་ངོས་སུ་ཟླ་གཟུགས་ཤར་མ་བྱུང་།།

མུན་པའི་ནགས་ཚལ་གྱི་ཤྭ་བ་ཡུ་མོའི་ཚོགས།།
རྔོན་པའི་མེ་མདའ་ལས་ལྷག་པར་ང་ལ་འཇིགས།།
རང་དབང་ལྕགས་ཀྱུ་ལས་བྱོལ་བའི་འུག་པས་ཀྱང་།།
སྡོང་པོ་ཁེར་རྐྱང་གི་ཕག་ནས་ལྐོག་ལྟ་བྱེད།།

ལྷགས་རླུང་འུར་འུར་གྱི་མཚན་ལྗོངས་འཁྱག་པོ་འདིར།།
སྣང་བའི་ཆར་ཐིགས་ཤིག་དཔྲལ་བར་ལྷུང་ན་ཨང་།།

                                 ༢༨.༠༢.༢༠༡༩

མཐའ་མེད་པའི་སྒྲུབ་ཕུག

ང་ཡི་རྟོག་བཏགས་རྒྱ་མཚོའི་དབུས།།
སྙན་ངག་གྲུ་ཆུང་ཡོམ་ཡོམ་སྐྱོད།།
རེས་འགའ་རླུང་གི་འདབ་མར་རྡེག།
རེས་འགའ་ཉི་མའི་རླབས་ལ་རྡུང་།།

འཚོ་བའི་གཡོར་ཤིང་རྔམ་ཤིག་ཤིག།
ངག་གི་ཐུ་གུ་དམ་ཧྲུག་ཧྲུག།
སྤྲིན་དང་ཆར་པས“RAP”ལེན།།
སྨིན་དྲུག་ཉ་མོ་ཆུ་རྩེར་གཡེང་།།

དེའི་ཚེ་ཡིད་ཀྱི་སྲིད་པ་ནི།།
རྡུལ་ཕྲན་ལས་ཀྱང་དཔག་ཚད་ཆུང་།།
སུ་ཡང་འཇིག་རྟེན་གྲངས་མེད་ཀྱི།།
མཛེས་པའི་སྙན་ངག་གྲངས་མེད་དོ།།

                        ༢༢.༠༣.༢༠༡༩

བར་སྣང་གི་ལག་ཁྲུས་ཁང་།

ང་རང་ཨེ་ཨཱ(AI)ཡི་གྲུར་ཞུགས་ཏེ་སླར་བལྟས་ཀྱང་།།
གནའ་བོའི་གནས་མལ་གང་མཐའ་ཀླས་པའི་འབྲེལ་དྲྭ(Internet)ཉིད།།
མུན་པའི་བཙོན་པ་དག་དོང་ནག(Black Hole)ལས་ཐར་ན་ཡང་།།
འོད་ཀྱི་ཕོར་པའི་ཁར་ལྟོགས་སྐོམ་གྱིས་མནར་པའོ།།

མི་རྣམས་ཕེན་དྷོ་རའི(Pandora)སྡོང་པོའི་རྩར་དམ་དུ་འཁྱུད།།
ལྷ་ཀླུ་གཉན་གསུམ་ལ་ཁ་པར་གྱིས་གཡུལ་ཆེན་གཤོམ།།
དུས་ཀྱི་འཕྲུལ་མི་ཁོང་བར་སྣང་གི་འཁོར་ལྷས་འབྱོར།།
ཧོ་མུར(Homer)ཚོམས་ཆེན་ནང་ཚན་རྟོག(Science Fiction)གི་སྐུ་ཁྲུས་གསོལ།།

གློག་དང་གློག་རྡུལ་གྱིས་བརླབས་པའི་བསམ་ཡས་འཇིག་རྟེན།།
འཆར་ཡན་ལང་ལོང་གི་བགྲེས་སོང་དང་དབྱེར་མེད་གྱུར།།
རེ་ཞིག་མ་རྨོས་པའི་རྒྱལ་ས་ཚེ་དུས་བྱས་ཀྱང་།།
དགེ་སྡིག་དྲོ་འཁྱག་གི་ཟློས་གར་རྫོགས་པའི་མཐའ་ཅི།།

                        ༢༥.༠༣.༢༠༡༩

མཆན། 《བར་སྣང་གི་ལག་ཁྲུས་ཁང》ཞེས་བྱ་བ་འདི་ཉིད་ནི། སློབ་དཔོན་ཕི་ལ་ཐོ(Plato)མཆོག་གིས་མཛད་པའི<<རྫོགས་ལྡན་རྒྱལ་ཁབ>>ཀློག་ཐེངས་གཉིས་པའི་རྗེས། དེབ་དེའི་རྒྱབ་ཤོག་ནང་མའི་ངོར་གང་ཤར་བྲིས་པ་ཡིན།

ཕོར་པའི་ནང་གི་ཞིང་ཁམས།

ཁོ་ཧྥེ་ཁམ་བུ་གང་འདི།།
ཇཱ་ཟིའི(Jazz)རོལ་མོར་བརྒྱུས་ཏེ།།
ཡིད་ཀྱི་བླ་མར་མཆོད་ན།།
བླ་མའི་སྐུ་གསུང་ཐུགས་གསུམ།།
བདག་གི་ལྕེ་རྩེར་བབས་ནས།།
འཚོ་བའི་དངངས་སྐྲག་མ་ལུས།།
བདུད་རྩིའི་ཟོལ་གྱིས་དྭངས་འགྲོ།
དོ་ནུབ་དབེན་པའི་གནས་འདིར།།
ང་རང་གཅིག་པུ་མ་རེད།།

                 ༡༠.༠༣.༢༠༡༩

ཤི་རྨས་ཐེབས་པའི་སེམས་བསྐྱེད།

ཇི་ལྟར་བལྟས་ཀྱང་གཟུགས་ཀྱི་ཁམས།།
ཁྱོད་ཀྱིས་མཐོང་བ་ལྟར་མ་ཡིན།།
ཇི་ལྟར་སྨྲས་ཀྱང་འཇིག་རྟེན་གནས།།
ཁྱོད་ཀྱིས་བཟླས་པ་ལྟར་མ་ཡིན།།

ཇི་ལྟར་བསམས་ཀྱང་འཚོ་བའི་རྒྱ།།
ཁྱོད་ཀྱིས་འདོད་པ་ལྟར་མིན་པས།།
རང་སེམས་གླང་ཆེན་སྨྱོན་པ་ལ།།
ཁྲབ་རྨོག་འཁོར་གསུམ་མི་གདག་པར།།
ཟང་ཟིང་རྩེད་མོ་ལས་ཕྱུང་སྟེ།།
ཅུང་ཟད་ཉི་མར་ལྡེ་ན་ལེགས།།?

                  ༢༣.༠༣.༢༠༡༩

འཇའ་ལུས།

རྨི་ལམ་ཐོག་མའི་ནང་ལ།།
ཁྱེད་ཉིད་ཁ་རོག་བུད་སོང་།།
རྨི་ལམ་བར་མའི་ནང་ལ།།
ཁྱེད་ཉིད་ཁ་རོག་བུད་སོང་།།
རྨི་ལམ་ཐ་མའི་ནང་ལ།།
ང་ཡང་ཁ་རོག་བུད་སོང་།།
མཚན་མོ་ཁ་རོག་བུད་སོང་།།
རྨི་ལམ་ཁ་རོག་བུད་སོང་།།

             ༢༣.༠༢.༢༠༡༩

ཐོ། ཐོ། ཐོ།

ཕར་ཚུར་གང་ལ་འགྲོར་འདོད་ཀྱང་།།
བགྲོད་པའི་གནས་ནི་སྟོངས་པའི་ཕྱིར།།
འཚོ་བའི་དྲྭ་བ་དྲྭ་ཕྱེད་ལ།།
ད་ནས་ལུས་སེམས་བསྐུམ་པར་བྱ།།

རྫོགས་མཐའ་བྲལ་བའི་ཐ་སྙད་ཚོགས།།
འཁོར་བའི་སླ་ངར་བླུགས་པའི་མོད།།
དཔོག་པར་དཀའ་བའི་རླབས་རིས་དག།
དུས་དང་དུས་སུ་ཆ་མེད་བརྡོལ།།

ནམ་ཡང་འབྲོ་བ་མེད་པའི་གླགས།།
འདུ་འཛིས་འཇུན་པའི་གླིང་ཕྲན་འདིར།།
གཤོག་སྒྲོ་འཐོར་བའི་བེམ་པོ་བདག།
སྨྲ་བ་འགགས་པའི་བྱེའུ་ཆུང་ཉིད།།

མྱུར་ཏུ་སུས་ཀྱང་འདོར་ངེས་ཀྱི།།
ཐལ་བ་སྤར་མོ་གང་གི་ཚུལ།།
འཇིག་རྟེན་འདི་དང་འབྲལ་གྱུར་ན།།
གཏན་དུ“བསམ་པ་རྫོགས་པ་ཡིན།།”

                     ༢༠༡༩.༠༣.༡༣

                     ༈ འགྲུལ་པ།

རང་ཉིད་གཅིག་པུས་སྒོ་ཐེམ་བགོམས་ཏེ།།
ཁང་པའི་ཕྱི་ལོགས་འཆམ་འཆམ་འགྲོ་དུས།།
མདུན་གྱི་ཟམ་ཁར་མ་སླེབས་ཙམ་ལ།།
སྟོན་རླུང་སིབ་སིབ་ཁ་བ་བབས་བྱུང་།།

ཁ་བ་མར་མར་འབབ་པའི་ལམ་ཀར།།
གོམ་པ་ཡ་ཡོ་མང་པོ་བོར་ཏེ།།
ཡང་ཡང་རྗེས་སུ་འཁོར་ནས་བལྟས་ཀྱང་།།
སྔར་གྱི་སོང་ཤུལ་རྙེད་ཐབས་མི་འདུག།

གལ་སྲིད་སང་ཉིན་ཉི་མ་ཤར་ནས།།
ཉི་འོད་ལམ་ལམ་ས་གཞིར་འཕོག་ན།།
དེ་རིང་བཏོད་པའི་རྐང་རྗེས་དེ་དག།
སླར་ཡང་མཐོང་བའི་སྐལ་བ་ཡོད་དམ།།

                ༠༣.༡༠.༢༠༡༨

              ངེས་འབྱུང་སྤུ་སུད་མ།

གམ་དུ་སྡོད་པའི་དགའ་མ་ལ།།
མིག་གིས་ལན་མང་བལྟས་པའི་ཚེ།།
རིམ་བཞིན་ཤ་དང་ཁྲག་ཏུ་གྱུར།།
ཤ་ཁྲག་དག་ཀྱང་རུས་པར་ཟགས།།

མཐར་ནི་ཀེང་རུས་དཀར་སངས་ལ།།
“སྙིང་ཉེ”ཞེས་པས་བོས་པ་ན།།
འཕྲལ་དུ་བྱད་བཞིན་ལེགས་པ་ཡི།།
ཆགས་པའི་ཁུར་འཛིན་ན་ཆུང་མ།།
སྨིན་མ་དཀྱུས་རིང་དང་བཅས་ཏེ།།
ང་ལ་བལྟས་ནས་དགོད་ཙམ་བྱེད།།

                 ༡༢.༠༡.༢༠༡༩

འཆི་བདག་གི་དཔྱིད་ཀ

སྒྱུ་རྩལ་གྱི་གཞུང་ལམ་སྟེང་དུ་མི་མང་པོས་ཕྲེང་བསྟར།།
ལ་ལ་ནི་ལག་པས་བྲང་ཁར་འབྲད་བཞིན་ཆོ་ངེ་འདོན།།
ལ་ལ་ནི་པུས་མོ་ས་ལ་བཙུགས་ཏེ་ཁོང་དགོད་བྱེད།།
ལ་ལ་ནི་མིག་མཐར་མཆི་མས་བརླན་ནས་རྗེས་སུ་ལྟ།།
སྐྱེ་བོའི་ཚོགས་བཤར་བའི་རྒྱབ་ཀྱི་གྲོང་ཁྱེར་སྨུག་པས་བསྒྲིབས།།
མདུན་ཕྱོགས་ཀྱི་ཕར་སྣེ་ཡང་སུ་གང་ལ་ཆ་རྒྱུས་མེད།།
ལམ་འགྲམ་གྱི་གཡས་གཡོན་དུ་མེ་ཏོག་དང་ཚེར་མ་འདར།།
ང་གཅིག་པུར་ལམ་དཀྱིལ་དུ་རྣམ་ཤེས་དང་ལྷན་ཅིག་ལུས།།

                     ༢༧.༠༣.༢༠༡༩

 

རྩོམ་སྒྲིག་པ། དབང་མོ།


  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།