བདེ་སྐྱིད་སྒྲོལ་མའི་སྙན་ངག་བདམས་བཀོད།

བདེ་སྐྱིད་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-05-31

      བདེ་སྐྱིད་སྒྲོལ་མ། མཚོ་སྔོན་ཞིང་ཆེན་ལྷོ་ཕྱོགས་འབྲོག་ཁུལ་དུ་སྐྱེས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་དངོས་གཞི་མཐར་ཕྱིན། སྔ་གཞུག་ཏུ་སྙན་ངག་དེབ་《སྙན་ངག་གི་མིག་ཆུ》དང་།  《རྩྭ་ཐང་གི་བརྩེ་བ》  《བདེ་སྐྱིད་སྒྲོལ་མའི་སྙན་ངག་གཅེས་བཏུས》(རྒྱ་ཡིག) ། 《བྱུར་དམར་འཁྲི་ཤིང》དང་། ལྷུག་རྩོམ་དེབ་《ཆར་ཟམ་ཟིམ། སྨུག་ལང་ལོང》དང་། 《ཨ་མའི་ལག་པ》སོགས་པར་སྐྲུན་བྱས།
      སྐབས་བདུན་པའི་"སྦྲང་ཆར"རྩོམ་རིག་བྱ་དགའ་དང་། མཚོ་སྔོན་ཞིང་ཆེན་སྐབས་དྲུག་པའི་རྩོམ་རིག་སྒྱུ་རྩལ་བྱ་དགའ།  "བྱང་ཐང་"རྟགས་ཅན་གྱི་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་།    
     ད་ལྟ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས་མུས་སུ་མཆིས།།

དཔྱིད་ཀར་ང་ཡིས་འདི་ལྟར་མོས།

གལ་ཏེ་དཔྱིད་ཀ་ནི་བཏུང་ཆོག་པ་ཞིག་ཡིན་ཚེ།
ངས་ལྟོ་བར་ཁངས་ཆུ་འདྲེས་མའི་ས་བོན་ནུར་བོ་ཞིག་དང་།
འོད་སྣང་རུམ་པའི་མེ་ཏོག་གི་གང་བུ་ཕོར་བ་གང་འཐུངས་རྗེས།
མཁའ་དབུགས་དྭངས་མོར་དྲི་བསུང་གཙང་མ་ཞིག་བླུགས་ནས།
མཆུ་ཡིས་བར་མེད་དུ་གཞིབ་ཅིང་འབྱོང་པར་མོས།

 གལ་ཏེ་དཔྱིད་ཀ་ནི་བཀླུབ་ཆོག་པ་ཞིག་ཡིན་ཚེ།
ངས་ལུས་སུ་སྤྲིན་དཀར་འདབས་ཁའི་ཁ་ཆོན་དུ་བཟོས་ཤིང་།
ཕྱེ་ལེབ་ཀྱི་གཤོག་རིས་ཡང་སྟེང་ལ་བཀྲ་བའི་ཨ་སྔོན་གྱི་གོས་ལྭ་གྱོན་རྗེས།
འཁྱག་དར་ལས་གྲོལ་བའི་གཙང་ཆབ་ཀྱི་སྐེ་རགས་ཅིག་བཅིངས་ཏེ།
དབྱར་ཁ་ཞེས་པའི་མཛའ་བོ་དེ་འཇོ་སྒེག་གིས་བསུ་བར་མོས།

 གལ་ཏེ་དཔྱིད་ཀ་ནི་བཀླག་ཆོག་པ་ཞིག་ཡིན་ཚེ།
ངས་མགྲིན་པར་འབའ་ངུར་འཚེར་གསུམ་ཀྱི་གདངས་དབྱངས་དང་།
ཁུ་བྱུག་དང་ཅོ་གའི་སྐད་ངག་འཇེབས་ཤུགས་ཀྱིས་བསྒོས་ནས།
གངས་རི་ནས་སྤང་ཐང་དེ་ནས་ནགས་ཚལ་དང་ཞིང་ཁ་བརྒྱུད་དེ།
སྲིད་པའི་སྙིང་ཁོང་གི་སྨྲེང་བ་ཡོད་ཅོག་གྱེར་འདོན་བྱ་བར་མོས།

 གལ་ཏེ་དཔྱིད་ཀ་ནི་སྦྲུམ་ཆོག་པ་ཞིག་ཡིན་ཚེ།
ངས་ཁྱོར་བས་གཉོམ་ཆུང་གི་དབྱར་རྩྭ་དགུན་འབུ་གྲངས་མེད་དང་།
སྐྲག་སྙིང་ཤོར་བའི་བྱེའུ་ཕྲུག་ཚང་ཉལ་དག་དལ་མོར་བསྐྱོར་ཏེ།
མེ་ཏོག་སྟོང་ལྡན་གྱི་ཕྲུ་མའི་ཐུམ་སྣོད་དུ་ལེགས་པོར་གཅུད་རྗེས།
ག་ལེར་རང་གི་བྱང་ཁོག་ཏུ་ཉར་ནས་བསྲུང་ཞིང་བསྐྱབ་པར་མོས།

               ཤོག་ལྷེ།

ང་ནི་སུ་ཡིན་ཁྱོད་ཀྱིས་མ་ཤེས་ཀྱང་ཅི་ཡང་མི་སྐྱོན་ལགས།
ད་ནས་ང་རང་འབྱུང་བའི་འཇིག་རྟེན་དུ་ལམ་ལ་ཆས་ན།
རླུང་གི་རྒྱུ་བ་དང་ཉེ་བར་འཕྲད་ཚེ།
ལྷབ་ལྷུབ་ཀྱིས་འཕུར་ཏེ་ཤག་ཤག་ཏུ་གཤགས་འགྲོ
ཆུ་ཡི་བརླན་གཤེར་ལ་སྟབས་ཉེས་ཀྱིས་ལྕེབས་ཚེ།
ལྷུ་ཚིགས་གཉོམ་པའི་མྱག་མྱོག་ཏུ་ཉོབ་ནས་དུམ་ཆད་དུ་རལ་འགྲོ
མེ་ཡི་ལྕེ་དམར་གྱིས་བལྡགས་ཐེངས་རེར།
འཚིག་པའི་གར་སྟབས་ངོམ་བཞིན་རྣམ་ཤེས་ཐལ་རྡུལ་དུ་ཟགས་འགྲོ
དེ་བས་ཀྱང་།
སྣག་ཚའི་གནོན་ཤུགས་དང་གློག་རྡུལ་གྱི་ཟིལ་ཤུགས་ཀྱིས།
འཕྲུལ་ཆས་ཀྱི་སྲུབས་བར་བརྒྱུད་ནས་བསྐྱུགས་ཐེངས་རེར།
ཁྱོད་ཀྱི་གཟིགས་མོར་ལྕེ་སྒྲོ་བཞིན་འཇུར་ནུར་གྱིས་ཐོན་ཏེ།
བག་ཕེབས་དང་ཞི་དུལ་གྱིས་ངང་སྒུག་བྱེད་མཁན་དེ་ཡིན།
ནམ་རྒྱུན་ཡི་གེ་རི་མོའི་མདུན་བདར་ཐེབས་ཐེངས་རེར།
ང་ནི་གཉའ་སྒུར་རེ་ཅི་ཡང་ཁུར་ལེན་ཕོད་པའི།
སྲབ་ཅིང་ཡང་ལ་སེམས་པ་དྲང་མོ་ཐར་གཅོལ་མཁན་ཞིག་ཡིན།
བརྐྱངས་ཕྱག་ཁྲི་ཡི་སྒུར་གཟུགས་ཀྱིས་ང་རང་ལེབ་ལེབ་ཏུ་ཕབ་ཅིང་།
འོ་ཐིགས་འབུམ་གྱི་གཤེར་གཟུགས་ལས་ང་རང་གཙང་མར་གཞབས།
སྨྱུག་གུ་བྲེལ་བའི་མཆུ་ཏོ་སྟོང་གིས་ང་ལ་གཅེས་པའི་འོ་ཞིམ་སྟེར།
ང་ནི་སུ་ཡིན་ཁྱོད་ཀྱིས་མ་ཤེས་ཀྱང་ཅི་ཡང་མི་སྐྱོན་ལགས།
 
             སྐྲག་ཤོར།

བྱིའུ་ཕྲུག་ན་ཆུང་ནང་བཞིན།
གཤོག་རྩལ་ངོམས་ནས་འཕུར་མ་ཕོད་པ་ནི།
བྲག་ཐེམ་དེར་ཅིས་ཀྱང་དབབ་དགོས་པར་སྐྲག་པས་ཡིན།

ཟླ་བཞི་བའི་ཁུ་ལོ་ནང་བཞིན།
དུས་ཐོག་མཇལ་འཛོམས་གནང་མ་ཕོད་པ་ནི།
ཐ་མའི་གྱེས་བྲལ་འབྱུང་ཤ་སྟག་ལ་སྐྲག་པས་ཡིན།

ས་འོག་བྱི་ལོང་ནང་བཞིན།
ཡོད་ཚད་ཚང་དུ་གསོག་འཇོག་བྱ་མ་ནུས་པ་ནི།
ནམ་ཞིག་འཛད་དེ་མེད་འགྲོ་བར་སྐྲག་པས་ཡིན།

མེ་ཏོག་སེར་ཆེན་ནང་བཞིན།
འདབ་མ་ཅི་དགར་ཁ་དབྱེ་མ་ཕོད་པ་ནི།
ཉིན་ཞིག་སད་ཀྱིས་གཏོར་འགྲོ་བར་སྐྲག་པས་ཡིན།

ལྟོས་དང་།  བདག་གི་སྙིང་ཉེ།
མ་གཞི་དེ་དང་དེ་ལྟ་བུའི་ང་རང་ནི།
མི་རྟག་རླུང་བུའི་མདའ་ཡབ་ན་ཡོམ་ཡོམ་གྱིས་འབྱར་བའི།
འབུ་སྡོམ་སྐྲག་ཤོར་ཞིག་ཡིན་པ་ཐག་གིས་ཆོད་པས་སོ།།
                      
སོས་སླེབས་པའི་མཐོ་སྒང་།

འཁྲི་ཤིང་སྐམ་པོའི་སྟེང་དུ་མེ་ཏོག་རློན་པ་ཞིག
དགུན་ཉལ་རྩྭ་སྐྱའི་གསེབ་ན་སྔོ་ཆུང་མགོ་དགྱེ་ཞིག
གངས་རི་དཀར་པོའི་དབུ་རྩེར་སྤྲིན་ཚོམས་མནོག་མོ་་ཞིག
ཞིང་ཚུགས་དྲོན་པོའི་ཁོད་དུ་ཡུར་ཆུ་འཁྱག་པ་ཞིག
འདམ་ཆུ་དྲོས་པའི་འགྲམ་ན་བྱ་ཁྱུ་ཕྱིར་ཡོང་ཞིག
འབྲི་མོ་རྩེབས་མའི་གཞུག་ཏུ་བེའུ་འཁྱར་འཁྱོར་ཞིག
ལུག་ལྷས་གོར་མོའི་དབུས་ན་ལུ་གུ་ཕྱིས་རོ་ཞིག
ཆབ་རོམ་ཞུ་བའི་ཤུལ་ན་ལྕི་ཐོ་ནག་སྒོང་ཞིག
སྒེའུ་ཁུང་ཤེལ་སྒོའི་ཕྱི་རུ་འབུ་སྦྲང་རོ་ལངས་ཤིག
དྲོ་འཁྱག་འགལ་འདུའི་བར་ན་སོས་ཀ་གཉོམ་པོ་ཞིག

བར་སྣང་ཁམས་སུ་ཁ་བ་དལ་མོ་ཞིག
ས་གཞི་ཡངས་པོར་རླངས་པ་ངན་ངོན་ཞིག
གློ་སྦུགས་ཕྲ་མོར་བརླན་དྲི་སྐྱིད་པོ་ཞིག
དབུགས་ཀྱི་རྒྱུ་བར་བདེ་བའི་མེ་དྲོད་ཅིག
འགྲམ་པའི་མཁུར་མགོར་ཁངས་ཆར་འདྲེས་མ་ཞིག
མལ་གྱི་སྔས་སུ་གཉིད་སྣང་སྟུག་པོ་ཞིག
སེམས་པའི་ཟབ་སར་བརྩེ་བ་འཁྱིལ་མ་ཞིག
བུམ་པའི་ལྟོ་བར་ས་བོན་སོ་མ་ཞིག
བཞོ་ཟེའུ་སྣོད་དུ་སྤྲི་གསར་ལྟེམ་ལྟེམ་ཞིག
འདི་ཡང་མཐོ་སྒང་སོས་ཀ་སླེབས་རྟགས་ཨང་།

     སྟོན་མཇུག

སྟོན་ཀའི་ཁ་ཚུབ་ལས།
ཉི་ཐིག་གསེག་འགྲོས་ཀྱིས་བུད་འགྲོ
དཀར་ཡོལ་ནང་གི་འབྲི་ཞོ་ལ་སྔར་ལས།
ནུར་བབས་ནས་འོ་མའི་ཁ་སྤྲི་མཐུག་པོར་ཆགས།

རླུང་བུས་སྒུལ་བཞིན་པ་ནི།
དཔེ་དེབ་ཀྱི་ཤོག་ལྷེ་ལྟར་སྲབ་ལ།
ས་ངོས་ཀྱི་རྩི་ཆུང་ལྟར་དམའ་བའི།
ངའི་ཡ་ཆུང་གི་དངན་པ་ཨེ་ཡིན་སྙམ།

གཤེར་ཆུ་སྲ་འགྱུར་གྱི་བརྡ་ཐོ་ཞིག
གཙང་བོའི་གྲམ་པ་བརྒྱུད་ནས་ཚུར་ལེན་དུས།
ཕར་བསྲིངས་པའི་ངའི་ལག་པའི་རེག་བྱ་ནི།
ཁ་བའི་འདབ་མའི་སྙིང་སྟེང་གི་ཡི་གེ་འཁྱག་པ་དག་ཡིན།

ཆབ་རོམ་མཁྲེགས་པོ་མེ་དྲོད་ཀྱིས་སྲོས་ན།
ད་གཟོད་གཉོམ་དུང་གི་མིག་ཆུ་ཞམ་ཞམ་བཞུར་ཕོད།
ཤེད་ཤུགས་བཀོལ་ཏེ་སིལ་བུར་གསེས་ན་དེ་ལྟར་ག་ལ་ནུས།
སྟོན་གྱི་ལོ་ན་འདི་ལྟར་ཞི་འཇམ་བག་ཕེབས་ཀྱིས་རྒས་སུ་ཆུགས།
 
སེམས་པའི་རྩེ་གཞུང་།

ཕ་ས་མར་ཁུ་དྲོན་མོ།།
རྩེ་གཞུང་སྐྱིད་པའི་སྨན་ལྗོངས།།
བུ་མོའི་དབྱར་གྱི་མཚེར་ས།།
རབ་བརྟན་དེའུ་ཡགས་མདོ་ཡིན།།
དེའུ་ཆུང་དབུ་རྩེ་དམན་ཀྱང་།།
རྒྱང་རིང་མིག་ཐག་ཆོད་ས།།

སྟོད་ཀྱི་སྟོབས་ལྡན་ཀླད་ནས།།
མེ་ཏོག་སྟོང་བདུན་བཞད་སོང་།།
འདབ་མའི་ཨ་ལོང་རེ་ལ།།
བརྩེ་བའི་ཚིག་རེ་བཅོལ་བ།།
ཚིག་ལ་ཚིག་ལན་ཅི་ཡོད།།
གཡུ་ཆུང་སྦྲང་མས་ཁྱེར་ཤོག།

ཤ་བོའི་སྨུག་ལུང་ཐང་དུ།།
དྲུག་པའི་ཚེས་གསར་ཞིག་ལ།།
བཀྲ་ཤིས་ཆུ་འགོ་དྭངས་མོ།།
ཧུབ་འཐུང་ལན་གསུམ་བགྱིས་པ།།
ཆུང་འདྲིས་འགྲམ་ཆང་བདུད་རྩི།།
བཏུང་བ་དེ་དང་འདྲ་བྱུང་།།

རྩེ་རྫོང་སྐྱིད་པོའི་རི་དེར།།
སྙིང་ཉེ་སྐྱིད་པོ་བདེ་མོ།།
ཟུར་མིག་དཀྱོགས་ཉེས་ཤོར་ནས།།
གཞན་གྱི་གདོང་ལ་མ་གཏོད།།
འཕྲད་འདོད་རྩེ་ཆུའི་གསེར་ཉ།།
གཡུ་སྒང་བསྐོར་ནས་སླེབས་ཆོག།

མེ་ཕོ་སྦྲེལ་ལོའི་དབྱར་ཁར།།
ཅི་ཀིན་ལྷ་བྲག་དཀར་པོར།།
རྐང་ཐང་རྡོག་ཁྲེས་བརྒྱབ་ནས།།
གནས་སྐོར་ལན་གསུམ་བགྱིས་པས།།
ཚེ་སྔོན་ལས་འཕྲོའི་ཞལ་རས།།
ལམ་ཐུག་ཡོང་ན་བསམས་བྱུང་།།

ཀ་རིང་ཀོའུ་ཏེའི་སྡེ་གཟར།།
དབྱར་རྩྭ་དགུན་འབུའི་གྱོད་རེད།།
བྱ་རྒོད་ཆད་ལའི་རྩེ་རུ།།
མི་རྟ་ངལ་ཚེགས་ཐོས་ནས།།
ཁ་པར་བརྡ་རྟགས་ཉམས་྄པར།།
ཞེ་གཏིང་ལེ་འདེད་རྒྱག་འདོད།།

སེམས་སོང་མི་དེར་བསྒུགས་བསྒུགས།།
དྲིན་ཅན་ཕ་མར་མ་བསྒུགས།།
རྒྱང་མིག་ལམ་སྣེར་བལྟས་བལྟས།།
ལག་གི་དཔེ་ཆར་མ་བལྟས།།
སྙིང་གཏམ་གསང་བ་ཤོར་ཏེ།།
ལྷ་མོའི་བླ་མཚོར་ཤར་སོང་།།

ལབ་ཙེ་རྩེ་འདུས་རི་བོ།།
ལྷ་བསང་མཆོད་པའི་གཞི་མ།།
གཞི་བདག་རང་དབང་ཡོད་ན།།
ང་དང་སྙིང་ཉེའི་ལག་རྡང་།།
ལོ་དང་ཟླ་རུ་མ་བཀྱེད།།
ནངས་དང་དགོང་ལ་སྦྲེལ་རོགས།།

རྨ་ཁུགས་གྱི་ལིང་རྟ་མཆོག།
སྐྱི་བསེར་རླུང་ལས་མགྱོགས་པ།།
སྟོད་ལ་བུད་སོང་མ་ཟེར།།
སྨད་ནས་བསྡད་བྱུང་མ་གསུང་།།
གཙང་ཆབ་བརྒལ་སོང་མ་ལབ།།
ལ་མོ་བརྒྱབ་ནས་བུད་འགྲོ།

རླུང་དེ་ཆབ་བྲག་དབུ་རྩེའི།།
ཀླུ་མོ་བརྒྱ་ཡི་ཞལ་རླངས།།
སེམས་གསོར་རྔུབ་ཐེངས་མང་ཀྱང་།།
དྲན་གདུང་དར་ལྕོག་ལྷབ་ལྷུབ།།
ལྕེ་མོ་འབུམ་ཁྲིར་སྤྲུལ་ནས།།
ང་ལ་ལྷིང་འཇགས་མི་སྟེར།།

རྒེའུ་ལྷ་མོ་སྤུན་བདུན།།
མོ་སྐྱེས་ལས་དབང་འདྲ་འདྲ།།
སྐྱེས་མཆོག་རྨ་ཆེན་གངས་ལ།།
བརྩེ་སེམས་ཅི་ཙམ་ཕྱུག་ན།།
སྐྱེས་དམན་བདག་གི་བྲང་ཁོག།
དེ་ལས་དབུལ་བའི་དཔེ་མེད།།

རྨ་ཆུ་བྲུག་ན་བྲུག་ཆོག།
རྩེ་ཆུ་བཞུར་ན་བཞུར་ཆུགས།།
སྤང་རྩྭ་སྔོན་མོ་འཕྱུར་ནས།།
རྟ་ནོར་ལུག་གསུམ་འཕེལ་དགོས།།
ང་དང་བྱམས་པའི་འཚོ་རྟེན།།
འདིའི་ལྷག་གཞན་ན་མེད་དོ།།

འོད་ཅིག་ཡིན་ན་བསམ་བྱུང་།།
སྨུག་ཅིག་ཡིན་ན་འདོད་བྱུང་།།
གསའ་རི་དང་རིའི་ཕྱོགས་ནས།།
རྩེ་དྲུག་སྙིང་བདུན་བརྒྱུད་དེ།།
ཐག་རིང་སྙིང་ཉེའི་ལུས་ལ།།
ཚ་གྲང་སྙོམས་པར་རྒྱུགས་ཆོག།

ཐང་སྐྱེས་རྩི་ཤིང་མེ་ཏོག།
སྤར་བགྲད་གཅིག་གིས་བཏོག་ཆོག།
མ་སྐྱེས་སེམས་ཀྱི་སྡུག་བསྔལ།།
བཀོག་ཀྱང་ཁོག་རྒྱུ་མི་ནུས།།
འཇིག་རྟེན་སྣང་བ་འདི་ལ།།
སུ་ཡིས་བདག་པོ་རྒྱག་རོགས།།

འཁོར་བའི་སྙིང་བོ་མི་གླེང་།།
གསོན་པའི་རིན་ཐང་མི་འཇལ།།
གལ་ཆེན་ནང་གི་འགངས་ཆེན།།
ཆུང་འདྲིས་རྒ་བས་ཟིན་དུས།།
མི་ཚེའི་ལ་རིང་ལུང་ཐུང་།།
མཉམ་དུ་བརྒལ་བས་ཆོག་གོ།
 
རྩོམ་སྒྲིག་པ། དབང་མོ།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེ་སྐྱིད་སྒྲོལ་མའི་སྙན་ངག་བདམས་བཀོད།

2019-05-31 བདེ་སྐྱིད་སྒྲོལ་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།