བོད་ཀྱི་གྲྭ་གཞོན་སྙན་ངག་པའི་སྙན་ངག་བདམས་བཀོད།(ཁག་གཉིས་པ)

གུ་དཔལ་ཤིས་སོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-07-26

རོལ་སྐུད།  ཛམ་ཐང་ཤུགས་འབྱུང་དགོན་གྱི་གྲྭ་པ།

དབྱངས་ཀྱི་ཆ་ལང་དགུ་བརྡུངས།

ཕུལ་བྱུང་བསོད་ནམས་འབར་བའི་གཟི་བྱིན་གྱིས།།
བདུད་སྡེའི་དཔུང་མུན་མཐར་བྱེད་སྣང་བའི་གཏེར།།
བལྟས་པས་མི་ཚིམས་ཚངས་སྲས་ལེགས་མཛེས་མས།།
བྱིན་རླབས་ཤིས་པའི་སྦྲང་ཆར་དེང་འདིར་སྩོལ།།

འཁྲི་ཤིང་ཁོ་ལག་རྫོགས་པའི་ཡལ་འདབ་རྩེར།།
མགྲིན་བཟང་དབྱངས་ཀྱི་སྟོང་སྐུད་འགྱུར་བག་གིས།།
ཀུན་རྨོངས་གཉིད་ལས་སློང་བའི་གཏེར་གྱུར་ཅིང་།།
ཀུན་གཞིའི་འཆར་ཡོལ་གསར་བའི་སྒོ་གླེགས་བརྡུངས།།

ཁྱོད་སྐུའི་ལང་ཚོ་ངོ་མཚར་དགའ་བའི་དཔྱིད།།
ཡིད་ཀྱི་མེ་ལོང་གཙང་མར་སྒྲིབ་མེད་དུ།།
འཆར་བའི་བསམ་གཏན་ལ་ཆགས་གང་གི་མཚན།།
བཟླས་བརྗོད་ངག་གི་རང་བཞིན་འཛེར་ཆགས་ཀྱང་།།

ལྷུན་ཆགས་དཔང་མཐོ་མ་ལ་ཡ་ཡི་དྲི།།
རོ་བརྒྱའི་བཅུད་གཏེར་མཚོ་ཡི་བསང་གཏོར་གྱིས།།
ཐོས་བསམ་བསྒོམ་པའི་བརྩོན་སྦྱོར་རྟ་མཆོག་ཀྱང་།།
ཤུགས་འགྲོའི་བང་ཁ་དལ་གྱིས་བསྐྱོད་པར་ལྟོས།།

གཉུག་སེམས་སྣང་སྟོང་སྤྱོད་པའི་གང་གི་ཞབས།།
སྲིད་ན་མངོན་པར་མཐོ་བའི་ཆུ་མཐོང་དབྱིངས།།
གསུངས་སྐྱེས་དབྱར་རྔ་ཐོས་པའི་སྒྲོ་ལྡན་མའི།།
དགའ་བའི་ཐིག་ལེ་སྦྲུམ་པའི་སྒྱུ་མའི་འཕྲུལ།།

ལྷོ་ནུབ་ཆུ་མཐོང་དབྱིངས་སུ་སྨུག་སྤྲིན་གྱིས།།
རྣམ་པར་དགྱེས་དགུའི་གར་ཉིད་གཡོ་བ་ན།།
རིང་ནས་ཡིད་ཀྱི་དཔལ་དུ་ཤར་བ་ཡི།།
དབྱངས་ཅན་བྱོན་ནམ་ལུས་ངག་དུལ་དེ་བལྟས།།

རྨད་བྱུང་ལྟ་ན་ཉམས་དགའི་འཇུག་ངོགས་སུ།།
དྭངས་གཙང་ལྷ་ཆབ་སྙན་སྒྲོག་གྱ་གྱུར་འབབ།།
ཡིད་འོང་རི་གཟིག་རྐང་འགྲོས་བག་ཕེབས་པས།།
སྣང་སེམས་རིག་པ་སྒོ་ངའི་སྦུབས་ཀྱང་གྲོལ།།

གསེར་སྦྲེང་རོ་མའི་ཟངས་ཀྱི་སྐུད་པ་ལ།།
བདེ་སྟོང་ཕྱག་འཕྲུལ་སོར་མོའི་འདོད་འཇུག་ལས།།
སྔོན་སྨོན་རི་མོའི་ཉམས་བཀོད་ལས་སྨོན་གྱི།།
བློ་ལྡན་ཁ་ཡིས་བུ་རམ་དམུར་ལ་གཟིགས།།

གུར་ཀུམ་བསུང་ལྡན་ཟག་མེད་བདེ་སྟེར་མས།།
སྙིང་ལ་བསིལ་བྱེད་ཙན་དན་ཆབ་གཏོར་ཀྱང་།།
ཆུ་ཤིང་ལྟར་མཁྲང་དཀར་ཟླུམ་གཞོན་ཤ་ཡིས།།
ངག་རིག་དབྱངས་ཀྱི་ཁ་ཆུ་འཛད་མེད་འཆོར།།

ཡད་ཡུད་སྣང་སྟེ་རྒ་བས་ཟིན་གྱུར་པའི།།
མི་ཚེར་ལོང་མེད་དུ༔ཁས་མཚམས་སྦྱོར་གྱིས།།
མགོ་སྐྱེས་སྙེ་མ་བད་ཀྱིས་ཁུར་ནའང་།།
སྐྱེ་མང་གོམས་པའི་བློ་ནི་ཁྱེད་སར་བཀོད།།

བདག་ལུས་ཙཱུ་ཏའི་འཁྲི་ཤིང་རླུང་གིས་ཁུར།།
མགུལ་བ་འཁྱོག་ལ་དཔྱང་བཞིན་སྙན་ངག་གི།།
སྡེབ་སྦྱོར་སྤོས་ཆུ་བསྐུ་བའི་སྐལ་བཟང་ལ།།
གཙུག་ལག་སྒོ་རྟེན་འགྲན་དུ་མངོན་པར་འཆའ།།

ཉམས་སྣང་ཐམས་ཅད་རྗེན་པར་འུར་བ་ཡིས།།
ངག་གི་ཀྱལ་ཀ་གཏོང་བའི་རིག་བྱེད་བུར།།
མཁྱེན་རབས་ཡངས་པ་གནམ་རུའི་གཞུ་རྒྱུད་ལས།།
སྙོམ་འཇུག་དགྱེས་དགུའི་མདའ་མོ་ཐོངས་ཤིག་ཀྱེ།།

བྲན།  རེབ་གོང་རོང་བོ་དགོན་གྱི་གྲྭ་པ།

ཡུལ་ཡར་ཀླུང་ཁོག་གི་དྲན་པ་དམར་པོ།

འདས་སོང་ལོ་ཟླར་བརྒྱུས་པའི་དྲན་པའི་ཕག་ན། །
ནགས་རྫོབ་གཡུ་ལོ་ཡིན་པའི་ཡར་ཀླུང་གཞུང་ཡོད། །
རྡོ་དང་གཡའ་མར་ཞེན་པའི་མི་རབས་ཤིག་གི །
རི་དྭགས་རྔོན་པའི་ལོ་རྒྱུས་རྙེད་ས་རེད་བཞག །

བཙན་པོའི་མཚན་གྱི་སྙན་པ་དང་བོར་ཐོས་དུས། །
ཉི་ཟླ་རྣ་ཆ་ཡིན་པའི་གཉའ་ཁྲི་བཙན་པོ། །
འབངས་ཀྱིས་གོང་དུ་བཀུར་བའི་ཉི་མ་དེ་ནས། །
ཡར་ཀླུང་རོང་ས་བཙན་པོའི་ཕ་ཡུལ་ཡིན་སོང་། །

ལྷ་སྲས་གཉའ་ལ་ཁུར་བའི་གཏམ་རྒྱུད་དེ་དག །
ཁྱོད་ཀྱི་པང་ནས་འཚར་ལོངས་བྱུང་བ་མིན་ན། །
ཡར་ཀླུང་སོག་ཁའི་རྣང་ཞིང་གྲུ་བཞི་དེ་ཡང་། །
ཁྱོད་ཀྱི་ཟུངས་ཁྲག་འཁྱིལ་བའི་གཞི་རྟེན་ཆེ་ཡིན། །

ཕྱིང་བ་སྟག་རྩེར་ཞེན་པའི་མི་སེར་དག་གིས། །
ཁྱོད་ལ་བཅིངས་པའི་བརྩེ་བ་རྣམ་དག་མིན་ན། །
ཁྱོད་དང་མཉམ་དུ་མྱངས་པའི་སྐྱིད་སྡུག་འཚོ་བ། །
མགོ་བོ་གླན་ནས་ཁྱེད་ལ་བཤད་དགོས་མི་འདུག །

གྲི་གུམ་ཁེངས་པའི་བཙན་གཏམ་རི་ལ་འཐེན་ཡང་། །
ཁོང་གི་ཟུངས་ཁྲག་དམར་བོ་ཁྱེད་ལ་འཐིམས་ཤིང་། །
བྱ་ཁྲིས་སྡུག་ཡུས་ཁུར་ཏེ་སྤོ་ཡུལ་འགྲིམས་ཀྱང་། །
སླར་ཡང་ཁྱོད་ཀྱི་རུམ་ནས་འཚར་བ་མིན་ནམ། །

རུ་ལས་སྐྱེས་ཀྱི་མཛངས་པའི་མཛད་པ་དེ་ཡང་། །
ཁྱོད་ཀྱི་པང་ནས་འཁྲུངས་པའི་བདེན་པ་རེ་ལ། །
ཡར་ཀླུང་གཙང་བོའི་གཞུང་གི་ལྟོ་དཀར་ཉ་མོས། །
གཤོག་འགྱུར་མཚོ་ལ་བརྡབས་པའི་དྲན་པ་ཡོད་བཞག །

ཐེག་ཆེན་མདོ་ཡི་གླེགས་བམ་སེར་བོ་དེ་ཡང་། །
ཁྱོད་ཀྱི་ཕྲག་ལ་སུ་ཡིས་བཞག་པ་ཡིན་ནམ། །
རྒྱལ་བསྟན་པད་དཀར་འཆང་བའི་མདོ་སྡེའི་ས་བོན། །
ཁྱོད་ཀྱི་མངལ་དུ་སྦྲུམ་པའི་གསང་བ་ཡོད་བཞག །

གཉན་བཙན་གསོན་པོ་དུར་ལ་ཕེབས་པ་ཡིན་ནམ། །
སྐྱོ་གར་སྡུག་ཡུས་འཁྲབ་པའི་ལེ་ཚན་བསྒྲིགས་བཞག །
གང་ཡིན་མ་ཤེས་ད་དུང་གསང་བར་ལྷག་པ། །
ཡར་ཀླུང་གཙང་བོ་ཁོ་ན་མ་གཏོགས་མི་ཤེས། །

སྲོང་བཙན་ཁྲོས་པའི་རྣམ་འགྱུར་མཐོང་མྱོང་ཡོད་དམ། །
མཐའ་བཞི་འདུལ་དུས་ཁྱོད་རང་དགའ་མྱོང་ཡོད་དམ། །
སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་བསྒྱུར་བྱེད་དུས། །
ཁྱོད་རང་དུང་བའི་རླབས་རྒྱུན་དབྱིངས་སུ་གཏོར་རམ། །

ཐོན་མིས་ཤེས་རབ་མིག་གི་ཞལ་ཁ་ཕྱེ་དུས། །
ཁྱོད་ཀྱིས་དབྱངས་གསལ་ངག་ལ་གྱེར་མྱོང་ཡོད་དམ། །
སྨག་རུམ་མཐའ་རུ་སེལ་བའི་སྐྱ་རེངས་འགྱོག་དུས། །
ཁྱོད་ཀྱི་བློ་སྤོབས་གསར་བའི་ཉི་མ་ཤར་བཞག །

མགར་གྱིས་ཀོང་ཇོ་བསུས་པའི་གཏམ་རྒྱུད་རེ་ལ། །
ཁྱོད་ཀྱིས་རྣ་བ་གླགས་ནས་ཉན་རྒྱུ་བྱུང་ངམ། །
གཉེན་ཆང་ཧུབ་གང་འཐུངས་པས་བཟི་རྒྱུ་བྱུང་སྟེ། །
དགའ་སྐྱོ་ཟུང་གིས་གྲུབ་པའི་འཚོ་བ་རྙེད་བཞག །

བཙན་པོའི་དཔུང་ཆེན་བཤར་བའི་ལོ་ཟླ་དག་ལ། །
གཡུལ་ངོ་ཐབས་ཀྱིས་བསྒྱུར་བའི་རྟུལ་ཕོད་ཅན་དེ། །
ཁྱོད་ཀྱི་པང་ནས་ཆས་པའི་ཞབས་རྗེས་དཔར་ཡོད། །
ཡར་ཀླུང་རོང་ས་བླ་དང་སྲོག་གི་མཁར་ཡིན། །

དུག་གི་ཁ་རླངས་བགོས་པའི་བློན་ངན་ཞིག་གིས། །
རྒྱལ་སྲིད་འཇིག་པའི་ལྟས་ངན་མིག་ལ་བཤམས་ཀྱང་། །
འཁྲེང་སེམས་ཁྱོད་ཀྱི་གཞུང་ནས་ལྷག་པ་མིན་ན། །
བཙན་པོའི་བང་སོ་དེ་དག་རྙེད་ས་མ་རེད། །

ཁྲེལ་གཞུང་ཕྱི་ཐག་རིང་བའི་དམ་ཚིག་ཅིག་ལ། །
བྱམས་པའི་ཁ་ཆད་བྱས་པའི་སྙིང་གཏམ་མེད་ན། །
ཁེར་རྐྱང་འཚོ་བའི་ཀློང་གི་ཡར་ཀླུང་གཙང་བོ། །
བགྲེས་སོང་ལོ་ཟླའི་ཁྲོད་ནས་སྐམ་ས་ལོས་ཡོད། །

འཕྱོངས་རྒྱས་མི་སྤུས་དག་པའི་གཞུང་ཁོག་ཅིག་རེད། །
ཟླ་སྒྲོལ་སྐྱེ་གཟུགས་མཛེས་པའི་སྨན་ཤར་ཞིག་རེད། །
བཙུན་པ་ཚངས་དབྱངས་དུང་བའི་འཕྲིན་པ་རེ་ལ། །
བརྩེ་བས་འདི་ཕྱི་ཟུང་གིས་སྐྱབས་འཇུག་གནང་ཡོད། །

འཕྱོངས་རྒྱས་འཕྱོངས་རྒྱས་མ་ཟེར་འཕྱོངས་རྒྱས་གཞུང་གི །
མཛངས་མ་མ་བཟང་བུ་མོ་ཟླ་བ་སྒྲོལ་མའི། །
སྤྱན་གྱི་གཟིགས་ཕྱོགས་དྲན་པའི་སྟག་ཤར་རེ་ལ། །
ཡར་ཀླུང་འཕྱོངས་རྒྱས་དྲན་པས་རྨ་ཁ་བཟོས་བཞག །

དགུན་གྱི་དྲགས་རླུང་ལྡང་ཡང་དངན་པ་མ་འཐེན། །
དབྱར་གྱི་ཚ་གདུགས་སླེབས་ཀྱང་ཉོབ་པ་མ་གནང་། །
སྟོན་གྱི་བ་མོ་ཁུར་བའི་རེ་སྒུག་ཁྲོད་ནས། །
དཔྱིད་ཀྱི་ཁུ་ལོ་གྲག་པའི་ལོ་ཟླར་ཉོན་ཨང་། །

མི་ལྡོག་ཁད་ཀྱིས་སླེབས་པའི་དུས་ཆད་ཅིག་ལ། །
རང་གི་མྱོང་བྱང་བྲིས་པའི་ཟིན་ཐོ་དམར་བོ །
བརྗེད་མེད་དཀའ་སྡུག་ཁུར་བའི་ལོ་ཟླའི་དྲན་པ། །
རང་གི་དྲུང་ལ་བསུས་དང་བདག་ཀྱང་ཐོན་ཡོང་། །
              2021.7.10

ཁམས་པ་རབ་དབྱངས། བསྙོ་ལོ་གནས་མདོ་དགོན་གྱི་གྲྭ་པ།

སྒྲ་རྒྱན་སིལ་མའི་དབྱངས།

གཉུག་མའི་དབྱངས་ཀྱི་ངག་རིག་སིལ་སྒྲ་འདིས། །
རྨད་བྱུང་འགྲོས་མའི་དབྱངས་རྟ་ལྷོད་ཀྱིས་ཁྱེར། །
ཚོགས་དྲུག་དབྱངས་རྟ་སྲོག་ཏུ་སྦྲུམ་པ་འདི། །
ངག་རིག་དབྱངས་ཀྱི་རྒྱུད་སྐུད་སུ་ལ་དཀྲོལ། །

རིག་བྱེད་ཚིག་གི་རྩ་མདུད་གྲོལ་བ་ན། །
བརྗོད་དོན་གླུ་ཡི་གྲེ་བ་ཇི་ལྟར་འཚེངས། །
དབྱངས་ཀྱི་གདངས་ཆ་ཀུན་ཏུ་འཕྲོ་བ་ན། །
ཚིག་རྒྱན་སིལ་མའི་བརྡ་གླུ་སུ་ལ་ལེན། །

སྣང་བའི་ཀུན་རྟོག་འཕྱུར་ཐེངས་རེ་རེ་ལ། །
ཚིག་གི་ཟློས་གར་སེམས་ཉིད་ངོས་སུ་བཞད། །
རྟེན་འབྱུང་ངག་གི་སྒྱུ་འཕྲུལ་ཕར་ངོགས་ན། །
འཁོར་འདས་སྒྱུ་མའི་གླུ་ཆུང་ཁྱེད་ལ་ལེན། །

སྒྱུ་འཕྲུལ་ངག་གི་འཆར་ཡན་འདི་དག་ལ། །
སྡེབ་ལེཊ་ཚིག་གི་མཛེས་པའི་ཉམས་སྣང་སྩོལ། །
ཚིག་རྒྱན་དབྱངས་ཀྱི་འཁྲི་ཤིང་འདི་དག་ལ། །
སོར་རྩེའི་རྒྱུ་དམངས་ཁྱེད་ལ་སྩོལ་ཅིག་གུ།  །

རྟེན་འབྱུང་ངག་གི་ཤུགས་གླུ་རིང་མོ་འདི། །
མཚོ་བྱུང་ལྷ་མོས་བདག་ཡིད་ཁྱེད་ལ་སྲུང་། །
མྱོས་པའི་འདབ་མ་ཟུམ་པའི་རྒྱལ་མོ་འདི། །
བསྙེན་ཅིང་བཀུར་བའི་མཛའ་བ་ཁྱེད་ལ་བསྟེན། །

བདག་ཡིད་གདུང་བའི་ཚིག་གི་ངལ་བ་འདི། །
སྙན་པའི་ངག་གི་འདུ་བྱེད་སྒྲ་འབྱིན་ཅིང་། །
རྣམ་རྟོག་ལུས་གྱི་བ་སྤུ་གཡོ་བའི་རྗེས། །
རྗེས་ཆགས་བརྩེ་བའི་རྣམ་པ་ཁྱེད་ལ་གཡོ། །

མི་གཡོ་སྤྱན་གྱི་མཐའ་ལ་གཟིགས་པ་ཡིས། །
སེམས་ཉིད་སྣང་བ་བརྩེ་བའི་སྐྱབས་སུ་རེ། །
སྙན་ངག་ཡངས་པའི་ནཊ་ཚལ་སྟུག་པོ་འདི། །
བཅོམ་ལྡན་རྒྱལ་མོས་ཁྱེད་ལ་སྲུང་བར་མཛོད། །

ཁྱེད་ནི་ངག་གི་ཚིག་གཏེར་བྱེ་བའི་མཛོད། །
ཡིད་འགྱུ་ཚིག་གི་གདུང་བ་ཀུན་ཏུ་རྒྱུ། །
སྙིང་རྗེའི་སྤྱན་རས་གཟིགས་པ་མ་ལྷོད་པའི། །
སེང་ལྡེང་ནགས་ཀྱི་ལྷ་མོ་ཁྱེད་ཀྱིས་སྲུང་། །

དགའ་བྱེད་ཚལ་གྱི་རི་དྭགས་འཛིན་བྱེད་པའི། །
པདྨའི་མདངས་ཀྱི་འཛུམ་པ་བཀྲ་བའི་རྒྱུ། །
ངག་རིག་སྒྱུ་འཕྲུལ་རྩེན་པའི་དྲ་བ་ལ། །
ཁྱེད་ནི་མི་གཡོ་བརྟན་པའི་རི་རྒྱལ་བཞིན། །

ཚོགས་དྲུག་སྣང་བའི་འཛིན་པ་མ་ཆོད་ཀྱང་། །
ཚིག་གི་དིང་གླིང་བཞེངས་བའི་ཕར་ངོགས་སུ། །
རྣམ་རྟོག་རླུང་གི་སིལ་བུ་འཐོར་བའི་རྗེས། །
སྐྱོ་བའི་དྲིལ་ཆུང་འཁྲོལ་བའི་སྒྲ་དབྱངས་མ། །
               ༧/༡༠/༢༠༢༡/ཉིན་བྲིས།

བྱ་ཁེར་སྡོད། ཛམ་ཐང་ཨ་སིག་དགོན་གྱི་གྲྭ་པ།

སེམས་ཀྱི་སྒྲོ་གུ་བཀྲོལ་བ།

ཤེས་རབ་རྟ་ཁ་སྔོན་མོ་ཆུ་ལ་གཏུགས་ཏེ།།
ཆུ་ཡི་རིལ་བུ་སྲོག་གི་རྩ་ལ་བྲན་དུས།།
སྣང་བ་རླུང་གིས་ཁྱེར་བའི་མཚེར་ཤུལ་འདི་ན།།
འཇག་མའི་ཤུགས་གླུ་པི་ཝང་གདངས་ལས་སྙན་པ།།

རིག་པ་གཅེར་བུ་ནམ་མཁའི་ཀློང་ལ་འདྲེས་པ།།
སེམས་ཀྱི་སྒྲོ་གུ་བཀྲོལ་བའི་ཁམས་ཀྱི་དྭངས་མ།།
ཨེ་ཡིན་ཅི་ཆ་ཞེ་བློ་དྲོད་ཀྱིས་འབར་ཏེ།།
རྩ་ཁམས་ཆང་གིས་བསྲོས་པའི་དགའ་བ་འདུག་གོ།

སྒེག་ལྡན་ན་ཆུང་འདོད་པའི་ཞེ་རྩ་ལྷོད་ཅིང་།།
གང་བྱུང་རོ་ཉལ་ཆོག་པའི་གུ་ཡངས་བྱུང་འདྲ།།
ཆོས་ཀུན་ཚིག་གི་རྟོད་ཐག་དྲ་བ་ཆད་ན།།
ཐ་དག་ཆུ་རུ་ཞིག་པའི་ཉམས་ཤིག་རྙེད་འོང་།།

འདོད་ཡོན་འཇའ་ཚོན་སྣ་ལྔ་སེམས་ཀྱི་ཆོ་འཕྲུལ།།
བློ་སྒོ་གློད་ན་རིག་པའི་ལྟོ་རྒྱབ་ཙམ་སྟེ།།
གནས་མལ་འདི་ན་ཐོགས་རེག་ཡེ་ནས་བྲལ་བ།།
ནམ་མཁའི་དབྱིངས་སུ་མདོང་སྐོར་བྱས་པར་མཚུངས་སོ།།

འཇིགས་རུང་དུར་སའི་བྲག་ལ་མགོ་བོ་བསྙས་ཏེ།།
གཅིག་པུའི་གནས་མལ་འཆའ་ལ་དཔའ་གདེང་ཐོབ་འདྲ།།
པགས་སྟན་ཉི་མས་དྲོས་པའི་ཧོབ་གཏམ་མ་ཡིན།།
ཁུང་ནས་གོ་ཁྲབ་རྙེད་པའི་འཆར་སྣང་བྱུང་ཡོད།།

ཀུན་རྟོག་སྤྲིན་གྱི་འདུ་འགོད་ཅི་ཙམ་མྱུར་ཡང་།།
ནམ་མཁའི་གཤིས་ལ་འཕོ་བགྲོད་འགྲོ་འདུག་སྟོང་བས།།
མཚོ་ལ་ཁ་བ་འབབ་པའི་ཉམས་སྣང་འདི་ལ།།
བློ་གཏད་བཅོལ་བས་ཨེ་ཆོག་གདོད་མའི་མགོན་པོ།།

བློ་རྩེ་བློ་ལ་གཏུགས་པའི་འཆར་སྒོ་ཞིག་ལ།།
སྣང་བ་སང་རས་ལྟ་བའི་ཕར་ག་འདི་ན།།
བརྗོད་མེད་སེམས་ལས་འདས་པའི་གནས་ཤིག་འདུག་སྙམ།།
གནས་དེར་འགྲོ་བའི་འདུན་མ་ཤིན་ཏུ་ཆེ་འོ།།

ཡུལ་སྣང་འཇིག་རྟེན་ཁམས་ནས་ནང་དུ་ལོག་སྟེ།།
སེམས་ཀྱི་གྲོང་ཁྱེར་འདི་རུ་ལན་ཅིག་ཕྱིན་པས།།
སྒྱུ་མའི་སྣང་བ་ཟད་པའི་རེ་བ་རྙེད་བྱུང་།།
ད་ནི་གང་ལྟར་བྱས་ཀྱང་ཞེ་བློ་མགུ་འོ།།

སྒང་རུ་དར། སྔ་འགྱུར་ལི་མདོ་ཆོས་སྒར་གྱི་གྲྭ་པ།
      
 ཡར་ལྷ་ཤམ་པོ་བཏུལ་བ།

རྗེས་ཆགས་བརྩེ་བའི་གདུལ་ཞིང་འོ་མའི་མཚོ། །
བསིལ་ལྡན་གངས་རིའི་སུལ་དུ་འཁྱིལ་གཟིགས་ནས། །
མཚོ་སྐྱེས་རྣམ་འདྲེན་ངང་པའི་རྒྱལ་པོ་ཡང་། །
དགྱེས་པའི་འཕུར་ལྡིང་བོད་ལ་རྩེན་པའི་དུས། །

སྟག་ལོ་དཔྱིད་ཟླ་ར་བའི་ཚེས་བདུན་པའི། །
ཉི་མ་དམར་ཐག་ཆད་པའི་དུས་མཚམས་སུ། །
ས་ནི་མེར་མེར་ཡོམ་ཡོམ་ཤིག་ཤིག་འགུལ། །
ཡར་ཀླུང་རི་ཐང་གཉིས་ཀ་འཐོར་སྙམ་ཚེ། །

ཡར་ལྷ་ཤམ་པོའི་སྤྲུལ་པའི་གཡག་རྒོད་ནི། །
གངས་རིའི་དབུ་རྩེ་ས་ལ་ཆད་པ་ལྟར། །
རྡུལ་དམར་རླུང་གིས་འཁོར་བའི་ཀློང་ཤེད་ན། །
རྨིག་བཞི་ས་ལ་རེག་གམ་མ་རེག་སྙམ། །

སྔུན་ན་གནམ་ས་འདར་བའི་སྒྲ་ཡིས་བསུས། །
རྒྱབ་ན་ཆར་སྤྲིན་ནག་པོའི་ཁེབས་མ་གཡོ། །
བར་ན་གཏུམ་ཆེན་རྔམ་པའི་གོམ་རླབས་ཅན། །
མཐོང་བའི་མོད་ལ་སྙིང་ཤ་འཕར་ལྡིང་བྱེད། །

ཤིན་ཏུ་བསྐྱོད་པའི་རྭ་རྩེར་མེ་སྟག་གི། །
ཟི་ར་ཁྲོམ་ཁྲོམ་བུ་ཡུག་འཚུབ་ལྟར་འཕྲོ། །
ལྗོན་ཤིང་རྒྱས་པ་འདྲ་བའི་རྔ་རྩིད་ཀྱིས། །
ཉི་མའི་ཟེར་ཡང་སྒྲིབ་པ་ལྟ་བུར་སྣང་། །

ངར་ངར་ཧར་སྒྲ་དྲག་པོས་སྣ་དྲངས་ཏེ། །
ཁྲག་གིས་དམར་བའི་མིག་གཉིས་མདུང་ཚུགས་སུ། །
ལྟ་བཞིན་སློབ་དཔོན་ཆེན་པོའི་ཐད་ཀ་ལ། །
ཞེ་སྡང་དྲག་པོས་མཆོང་ཞིང་ལྕེབས་ཏེ་ཐོན། །

སྐད་ཅིག་དེ་ལ་འོད་དམར་གློག་ཞགས་ལྡེམ། །
ཕྱོགས་མཚམས་ཀུན་ན་གིང་བརྒྱད་ཤ་ར་ར། །
མངག་གཞུག་ཕོ་ཉའི་ཚུལ་དུ་རྒྱུག་བྱེད་ཅིང་། །
དམ་ཅན་རྒྱ་མཚོ་དྲག་པོའི་ལས་ལ་བཞེངས། །

གཡས་ཀྱི་རྡོ་རྗེ་རིགས་སྔགས་མེ་ཡིས་འཁྱུད།།
གཡོན་པའི་ཁ་ཊཱཾ་གནམ་ལྕགས་ཞུན་མར་ཁོལ། །
ཕོ་ཁྱུང་དར་ལ་བབ་པའི་འཁྱུག་འགྲོས་ཀྱིས། །
སློབ་དཔོན་དེ་ནི་མཁའ་ལ་ཁད་ཀྱིས་འཕགས། །

མི་ཤིགས་སྲུང་བ་ཆེན་པོས་རྒྱས་བཏབ་ཅིང་། །
གདུག་ཅན་སྲོག་ལ་དཔའ་བ་དྲག་པོའི་ཐུན། །
རྡོ་རྗེའི་བ་སྤུ་ཐོག་མདའི་ཟེར་མ་ཅན། །
མཁའ་དབྱིངས་འཇའ་ཚོན་ལྡིང་བའི་ཁྱམས་སུ་རྩེན། །

གཡོ་མེད་དགོངས་པའི་གཟེར་གྱི་བརྟུལ་ཞུགས་ཀྱིས། །
དམིགས་པའི་སེམས་ཅན་ལྕགས་ཀྱི་འཇུར་བུར་བཙུད། །
ཨེ་ཁང་གྲུ་གསུམ་འབར་བའི་གཟེབ་ཏུ་བསྡམས། །
ལས་རླུང་སྲོག་གི་དྭངས་མ་མངོན་དུ་དྲངས། །

ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཡི། །
ཕྱག་རྒྱ་བཞི་ཡིས་འགུགས་འདྲེན་འཆིང་སྡོམ་མཛད། །
རྒྱུ་འཐུམ་སྙིང་གཟེར་ནད་ཀྱིས་སྲོག་ལ་བཏབ། །
ཕྱི་དབུགས་ཆད་ནས་ཤི་གསོན་འགག་ལ་ཐུག །

སྤྲུལ་པ་ཞིག་ནས་རང་གཟུགས་མངོན་པ་དང་། །
ཁོ་བོའི་སྲོག་གི་ཉག་ཐག་མ་བཅད་ན། །
ཅི་བསྒོས་བཀའ་ལ་ཉན་ཞེས་དམ་བཅའི་ཚིག །
ཉམ་ཐག་མིག་གི་མདངས་ཀྱིས་བཤད་པ་བྱུང་། །

དགོངས་པ་གློད་པས་བདེ་བའི་དབུགས་ཕྱིན་སྐབས། །
སྔར་གྱི་བྱས་བསགས་ནག་པོའི་སྡིག་ལྟུང་གི། །
བུ་ལོན་བཤགས་པས་འཇལ་བའི་གོ་སྐབས་ལ། །
བསྟན་པ་བསྲུང་བའི་བྱེད་པོར་མངའ་གསོལ་ལོ། །
     (གུ་རུའི་རྟོགས་བརྗོད་ལས་ཚན་བཤུས།)

སད་མི། ལྷ་ཐོག་མཛོད་རྩེ་དགོན་གྱི་གྲྭ་པ། 

དབྱངས་ཀྱི་མཆི་མ་བཟླུམས་པའི་ཐིག་ལེ།

འཇམ་མཉེན་ཕྱག་བརྒྱའི་སོར་མོས་ངོ་ཚ་བཟོ་འམ། །
བར་སྐོར་ལན་གསུམ་བརྒྱབ་ཀྱང་རྡོག་སྒྲ་མ་བྱུང་། །
ཇོ་བོར་ལན་གསུམ་མཇལ་ཡང་གསུང་སྐད་མ་བྱུང་། །

གཞིས་རྩེའི་ལྕང་གཞས་དེ་ལས་བསིལ་རླུང་ལྡང་སྟེ། །
མཚོ་ལ་མཆོང་སྙིང་བྲོ་ཡང་མཚོ་མོ་ལས་འོངས། །
ཡིད་དགའ་བདེ་ཆེན་མཚོ་མོས་ཐུགས་བསམ་མི་བཞེས། །

ཀུན་རྫོབ་བློ་ལ་ཤར་བ་སྒྱུ་མའི་ཚུལ་འཆོས། །
ཡུད་ཙམ་རླུང་མ་འཚུབ་ཀྱིས་ཞབས་བྲོ་བརྡུང་ཡོང་། །
ཆང་མ་ཡེ་ཤེས་མཁའ་འགྲོའི་ཞབས་ཕྱག་འདྲ་ལེ། །
ཚིལ་དྲེགས་སོར་བཞིར་བྱས་ཀྱང་འདུན་མ་གཏམ་འདོད། །

ས་མཐའི་ཁང་སྟོང་ཁྲོད་ཀྱི་རྟོག་པའི་འཇའ་རིས། །
སེམས་ལ་ཆུ་འཛིན་འཁོར་བའི་ཉེར་བསྡོགས་ཤིག་སྟེ། །
སྒེའུ་ཁུང་དྲ་ཡོལ་ངོས་ཀྱི་རི་མོ་དེ་དག །
གླུ་དང་གར་ལ་རོལ་བའི་སྒྱུ་འཕྲུལ་འདྲ་བྱུང་། །
འཆར་ཡན་སེམས་འགྱུ་ངོས་ནས་སྙན་པ་བསྩལ་བྱུང་། །

རི་དང་གཙང་པོའི་འགྲམ་གྱི་ཁང་ཆུང་གྲུ་བཞིའི། །
སྒོ་དང་ཀ་བ་དག་ནི་ཡུན་རིང་འདྲིས་པའི། །
ཆུང་འདྲིས་ཞེས་ཀྱང་ཆོག་ལ་སྨྲས་ཀྱང་ཆོག་པའི། །
བནྡེའི་འཚོ་བ་འདི་ནི་ཤ་བ་སྨུག་པོའི། །
སྡིག་སྒྲིབ་ཐུར་མ་བགོས་པའི་རི་ལུང་བཞིན་དུ། །
ཀུན་རྟོག་འོ་མའི་མཚོ་ལ་ཡང་ཡང་འདྲིས་ཡོད། །

ཕྱི་རོལ་ལྗོན་པ་དག་གིས་ཀུ་ཅོ་མི་འདོན། །
འཁྲིས་ཀྱི་གྲིབ་མ་འདིས་ཀྱང་ཀུ་རེ་མི་རྩེད། །
ལམ་གྱི་རྡོ་བ་འདི་དག་ཁུ་སིམ་ཁུ་སིམ། །
ག་ལེར་བཞུད་ཅིང་ག་ལེར་བཞུགས་པ་རེད་ཨང་། །
སོས་དལ་སེམས་ལ་ཚེས་པའི་ལོ་ཟླའི་མི་ཚེ། །
གླེགས་བམ་སྟོད་སྨད་ཅིག་གི་ཆིག་ཤད་ལྟར་དུ། །
སྣག་ཚྭ་ལན་གཅིག་བཏབ་པའི་རྗེས་ཤུལ་འདྲ་བྱུང་། །

ཁ་བའི་རྡུལ་མང་བརྩེགས་པའི་དགུན་གྱི་ས་གཞིར། །
ཉི་ཟེར་ཐིགས་པ་ཙམ་ལ་མོས་པ་ཆེན་པོས། །
རེ་སྒུག་བག་མར་ལེན་པའི་ཕོ་རོག་དེ་དག །
འཕག་ཚག་སྡོང་པོའི་འགྲམ་ནས་རྒྱག་འདོད་མེད་ཅིང་། །
སྐོར་ལྡིང་ནམ་མཁའ་སྟོངས་ཀྱང་ཡི་ག་ཆད་དེ། །
གཤོག་པས་ལུས་ཕུང་གཡོགས་ཏེ་ངུ་ཤོམ་བྱེད་ཞོར། །
མཆུ་སྡེར་གུག་གུག་བྱས་ཏེ་ཨོལ་མདུད་འདར་ཞོར། །
ཚེ་ཡི་སྐུད་པ་འདི་ལ་བསགས་སྦྱང་བྱས་སོང་། །

ཁངས་ཆར་བུ་ཡུག་ཁྲོད་ཀྱི་བྱིས་པ་ཆུང་ངུའི། །
སྐྱིད་སྡུག་མདངས་ལ་འཕོས་པའི་སྤྱན་གྱི་མཐའ་ནས། །
ཁ་བའི་ཟེགས་མ་རེ་རེའི་ཟིལ་བུ་འཐོར་རམ། །
སྡིག་སྒྲིབ་སེམས་ལ་བྱོ་བའི་མིག་ཆུ་རེད་དམ། །
དགུན་གྱི་ཙག་རླུང་ཁུར་བའི་ཆུ་རིས་དེ་དག །
བཞུར་མིན་བྱོན་མིན་ཞིག་གི་རྦ་རླབས་འཕྱོས་ཤིང་། །
ཉམས་ལྡན་བྱིས་པའི་ཚོགས་ལ་ཡུན་རིང་འགྲིམས་ནས། །
ན་བུན་སྐྱ་མོའི་འགྲམ་གྱི་འཁྱག་རོམ་དག་དང་། །
རྩེད་དགའ་ཨ་ཅེ་དགྱེས་པའི་ངང་ཚུལ་དྲན་བྱུང་། །

ཚངས་མགུར་ཐོར་བུ་ཐོར་བུ་ཡིད་ངོར་ཕབ་སྟེ། །
འཕྱོངས་རྒྱས་ཕྱོགས་ལ་བཞུགས་པའི་ནམ་མཁའི་ནོར་བུར། །
འཕྲིན་ཡིག་བསྐུར་སྙིང་འདོད་པའི་ཚངས་དབྱངས་རྒྱ་མཚོ། །
ལོངས་སྤྱོད་འཁོར་ལོའི་དབུས་སུ་བཞུགས་པ་མ་བྱས། །
སྐྱེ་བ་རྗེས་མ་ཞིག་ལའང་འཕྲད་སྙིང་འདོད་ཀྱང་། །
ཁད་ཀྱིས་ཁད་ཀྱིས་ཡོལ་བའི་འདི་ཕྱིའི་སྣང་བ། །
ཚུལ་བཞིན་ཡིད་ངོར་འཆར་བའི་ཆོས་སྐལ་ཡོད་དམ། །
དལ་གྱིས་དལ་གྱིས་བཞུར་བའི་དུས་ཀྱི་གཙང་བོ། །
བབས་ནས་རང་སོར་གནས་པའི་དུས་ཤིག་ཡོད་དམ། །
ཁོ་བོ་ཁེར་རྐྱང་ནགས་ལ་གབ་ཚོད་རིང་ཨང་། །

ཚོར་ཤེས་རླུང་གིས་བསྒུལ་ནས་འཇག་སྐྱ་གཏོར་ཡང་། །
འཇག་མའི་སྤྱིལ་ཁང་འདི་ལ་ཤུག་ཤུག་རྒྱུ་བའི། །
རེག་བྱ་རླུང་གི་འཇམ་མཉེན་ལུས་ཀྱིས་མྱོང་ཚེ། །
ན་ཟུག་འཕར་མས་བཙིར་བའི་ལོ་ཆང་ཁམ་པ། །
ཏིག་གུ་བརྒྱ་རེ་བསོགས་ཀྱང་བཟི་ཁ་མ་བྱུང་། །
རྟིང་མའི་དགུན་ཟླ་ཐོན་དུས་ད་དུང་གསོལ་ཆོག །
ཙག་དང་ལྷགས་པ་གཏོར་བའི་མེ་ཁ་སྒོང་ཞོར། །
སེམས་ཀྱི་གས་སྲུབས་སྐོང་བའི་སྐྱོ་གཞས་ཡིན་ཆོག །
འདི་ལ་ཐུགས་སུན་མ་གནང་སེམས་ཀྱི་གངས་སྒྲོལ། །
བདག་གིས་བཅོས་པའི་ནགས་ཀྱི་སྡོང་པོ་རེ་རེར། །
གཟི་ཡི་ཕྲ་རྒྱན་སིལ་མ་སིལ་བུར་བཏབ་ཡོད། །

ཉམས་སྣང་མེ་ལོང་ལྟ་བུའི་ཁྱོད་ཀྱི་མགྲིན་པས། །
སྙན་པའི་རྩ་མདུད་འཁྲོལ་བའི་ཟླ་བ་བྱུང་ཚེ། །
ངག་ལ་མཚོ་མོ་རྒྱས་པའི་དབྱངས་ཀྱི་ནམ་མཁར། །
ཚེ་ཡི་སྡིག་སྒྲིབ་སངས་བའི་ཟིལ་པ་ཆགས་ཤིང་། །
ཡིད་ཀྱི་འཁྲུལ་བ་གཞོམ་པའི་རེ་ཁཱ་སྩོལ་བར། །
ཟ་འདོད་དྭངས་བ་འདྲེན་པའི་ཁྱོད་ཀྱི་ཞལ་ནི། །
བརྡ་ཆད་གསེར་དངུལ་སྤུངས་པའི་སྒྱུ་འཕྲུལ་འདྲ་ལེ། །
ནག་ཆུང་ཡིག་འབྲུ་བྲིས་པའི་ཞབས་རྗེས་འདྲ་ལེ། །
སྨིན་མ་གནག་ཅིང་སྣུམ་པའི་འཇོ་སྒེག་འདྲ་ལེ། །
གོམ་པའི་འདེག་འཇོག་བསྣོལ་བའི་ཞབས་ཕྱག་འདྲ་ལེ། །
ལན་གཅིག་ཐུར་ལ་དཔྱངས་ནས་གཟིགས་ཙམ་གནོངས་དང་། །
བདག་ཡིད་ཀུན་རྟོག་ནགས་ལ་སྨུག་པ་འཚུབ་ཡོང་། །

མཚོ་དང་མཚེའིུ་འགྲམ་ནས་གཅེར་བུར་རྒྱུ་ཞིང་། །
ནགས་དང་ཤུག་པའི་གསེབ་ནས་ཁེར་གླུ་ལེན་ཞོར། །
སུ་རུ་སྤེན་པའི་མེ་ཏོག་འཐུ་བའི་བུ་ཆུང་། །
མཉེས་པའི་དྲི་བསུང་འཐུལ་བའི་རྫ་ལ་མ་ཆགས། །
ཤིས་པའི་སྙེམ་པ་འཐོར་བའི་ལྷ་ཡང་མ་གུས། །
སྲོད་ཀྱི་ཐོ་རེངས་འཆམ་པའི་གར་མ་དེ་ཡིན། །
མཚན་གྱི་སྤྱང་ཚོགས་རྩོམ་པའི་འོ་དོད་དེ་ཡིན། །
ཟླ་བའི་ཞེ་ལ་ན་གནོད་ན་ཟླ་བ་ནུབ་ངེས། །
གཙང་བོའི་འགྲོས་ལ་གནོད་ན་གཙང་པོ་རྒྱས་ཡོང་། །
ཁོ་བོས་གཙང་ཆུ་དེད་ཅིང་གཙང་ཆུ་འཐུང་ཞོར། །
ལྕགས་པོ་རི་ནས་བལྟས་ཤིང་ཞོལ་ནས་བསྡད་པས། །
ཆང་དྲི་བག་ཙམ་དྲོ་བའི་ཆང་མ་མཁའ་འགྲོ། །
སྤྱན་གྱི་གཟིགས་ཕྱོགས་ཤིག་ནས་བག་ཙམ་མངོན་བྱུང་། །

དྲན་པས་ཟིན་པ་མེད་པ་ལོ་ཟླའི་རྗེས་ཤུལ། །
ཡིན་ཡང་སེམས་ཀྱིས་བསྐྱོན་པའི་འཆར་ཡན་དེ་དག །
ཕྱི་མིག་གདུང་བ་མཚོན་པའི་སྣང་བརྙན་རེད་དོ། །
བརྗིད་པས་གྲགས་པ་འཕེལ་བའི་ཚོན་ཁ་མེད་ཀྱང་། །
རང་སེམས་སྐྱིད་ལ་བསྐུལ་བའི་ཕ་འབབ་རེད་དོ། །
ཀུན་རྟོག་མཚོ་ཆེན་བསྲུབས་ལས་གཏན་དུ་འཁྲུངས་པའི། །
ཚོར་ཤེས་དྲན་གདུང་འཕྲུལ་མའི་འཆར་ཡན་དེ་ག །
སྣང་བའི་རྫིང་བུ་འདི་ལ་ཡང་ཡང་རྒྱུ་ཞིང་། །
རྒྱུ་མའི་ཁོར་མོ་ཡུག་འདིར་ཡང་ཡང་རྩེན་པས། །
ས་མཐའི་ས་མཐོར་གཤེགས་པའི་གངས་ཀྱི་རལ་ཅན། །
གཏན་དུ་ཡུལ་དང་བྲལ་བ་འདི་གས་ཡིན་ནམ། །
ཁྱོད་ལ་རྫི་གླུ་ལྷ་ཡི་དྲུག་འགྱུར་སྒེག་ལྡན། །
ཐོས་པས་ཞེན་པ་ཕྲ་མོ་སྒུལ་བ་བྱུང་ངམ། །
བྱུང་ན་དབྱངས་ལྡན་རྒྱུད་སྐུད་ལྷོད་ཙམ་གནང་རོགས། །
       20/07/03/ ཉིན་མོར་མཇུག་རྫོགས་པར་བྱས། 

རྫས། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་པ།

སེམས་འགྱུ་ཐོ་ལེ་བ།

ལྟོས་དང་འཆར་ཀའི་དམར་བས་རབ་མཛེས་པའི།།
ཡོལ་བ་དེ་ཀོའི་ཕག་གི་ཉི་མ་ཡང་།།
རེ་དོགས་སྨིག་རྒྱུ་འཐབས་པའི་སོ་མཚམས་ནས།།
སྨུག་པའི་གཟེབ་ལ་ཚུད་པའི་སྡུག་ཡུས་འཆད།།

སྣང་བའི་རྟ་ཁྱུ་ཞོགས་པའི་གཙང་འགྲམ་དེར།།
བལྟས་པས་མི་བཟོད་ལུས་ཀྱི་ཟོར་ཀྱང་ཡང་།།
བདག་ནི་ཉི་མའི་འོད་ཁྱིམ་སྙེག་འདོད་ཀྱིས།།
ཚོར་བའི་ཤོག་བྱ་བཟོས་ནས་རླུང་ཁར་བཏང་།།

ཀྱེ་མ་འཁོར་བའི་གྲོང་གི་ཉེར་བསྡོགས་དག།
རང་སེམས་རྙི་རུ་འཛིན་པའི་ཆོ་ག་སྟེ།།
ཐོབ་ཤོར་དབེན་པའི་ནགས་ཀྱི་གླིང་བུ་ལ།།
ཡིད་ཀྱི་རི་དྭགས་དེ་ཙམ་འཁོར་དོན་ཅི།།

ལན་རེར་སྣང་བའི་རླུང་ཡོར་འཆར་ཡན་གྱི།།
ངལ་གསོའི་གྲུ་གཟིངས་སྐྱོད་པའི་རམ་འདེགས་སུ།།
གཡོ་བར་བགྱི་ཡི་དར་ཞིང་རྒུད་པའི་ཡུན།།
ཟང་ཟིང་ཁོར་མོ་ཡུག་གིས་བདས་ན་ཕངས།།

གདུང་བར་མ་བགྱི་སྲིད་པའི་འཕྲུལ་འཁོར་ཀློང་།།
བྱ་བའི་འདུ་འགོད་ཁོ་ནས་བྲེལ་བ་ཡི།།
གྲོག་མའི་ཕོ་བྲང་བཞེངས་པའི་ཀུན་རྟོག་ལས།།
རེ་ཞིག་འགོངས་པར་གནོངས་དང་སྙིང་གི་མི།།

ལས་ཀྱི་སྐལ་པར་གནང་བའི་འཇིག་རྟེན་དུ།།
མི་ཚེའི་འཁོས་ཀ་ཞན་ཡང་མི་སྐྱོན་ཏེ།།
ད་ནི་ཤུགས་རིང་བརྩེགས་པའི་གྱང་རོ་ཡིས།།
འཚོ་གནས་སྦུར་མར་གཏོང་བའི་ལས་དེ་ཞོག།
               ༢༠༢༡ ༦ ༢

འབར་བློ་དཀར། སྡེ་དགེ་འབར་ཆུང་དགོན་གྱི་གྲྭ་པ།

གཟེབ་ནང་གི་བྱེའུ།

འཁོར་བའི་གཟེབ་འདི་མི་ཆེ་མི་ཆུང་མོད།།
བྱེའུ་ཁྱེད་ཉིད་གནས་འདིར་ཡུན་རིང་ལུས།།
མུན་པའི་ནགས་ཚལ་སྐྱེས་ཤིང་འཇིག་པ་ལས།།
ཁྱེད་ཀྱིས་གང་ཡང་མ་མཐོང་མཐོང་མི་ཕོད།།
          
ཚེ་ཡི་སྐར་ཁུང་ནང་ནས་སྐབས་ལན་རེར།།
མངོན་ཆུང་ཚུལ་གྱིས་འཆར་བའི་ཟླ་བ་གང་།།
སྙིམ་པའི་པང་དུ་ལེན་པར་འདོད་ན་ཡང་།།
བཟུང་ཙམ་བྱས་ཏེ་ཕྲལ་དུ་གཏོང་དགོས་བྱུང་།།།
          
གློ་བུར་ཁྱེད་ཀྱི་གཟེབ་སྒོ་ཁྲོག་གེར་ཕྱེས།།
སྙིང་ལ་སྡུག་པའི་མུན་པ་རྒྱང་དུ་བྲོས།།
དེ་ལྟ་ན་ཡང་ཁྱེད་ཉིད་གང་ཞིག་ཏུ།།
འཕུར་དགོས་ཁ་ཚོན་མ་ཆོད་དེ་གར་ལྷག།

ཕྱི་རོལ་ལྟད་མོ་ཇི་ལྟར་མང་ན་ཡང་།།
ཁྱེད་ཀྱི་མིག་ཟུང་མུན་ནག་ལ་གོམས་པས།།
མུན་པའི་མཁར་གྱང་བརྒལ་ཏེ་འོད་སྣང་གི།
ཕྱོགས་སུ་བསྐྱོད་པའི་རེ་བའི་སེམས་ཤུགས་ཉམས།།
                2021 1 11

གུ་དཔལ་ཤིས། ཁྲི་འདུ་ཡོངས་ཤར་དགོན་གྱི་གྲྭ་པ།

སྒྲུང་ནང་གི་ནམ་མཁའ།

ལས་ཀྱི་འཐམ་འཁྱུད་བར་ནས
ནང་གི་རི་དྭགས་མེ་ལོང་གི་ཉི་འོད་ནས་འབབ

གཙང་པོ་ལྟ་བུ་རྒྱང་རིང་གི་དྭངས་གསལ
ཤག་ཤག་ངང་སེམས་ཀྱི་རྒྱ་མཚོར་འདྲེས་སོང

མཐོང་ཡུལ་ན་སྨོན་པའི་སྤྲིན་དཀར་གྱི་ཚོགས་ལས
སྙན་འཇེབས་ཀྱི་སྒྲ་དབྱངས་ཁོ་ན་དུར་ཁྲོད་ཀྱི་ཞིང་ཁམས་སུ་གྲགས

ཚོར་བའི་སྒེའུ་ཁུང་ནང་གི་ཟླ་བ་ཁེར་འགྲོས
སྐྱོ་མུག་དང་སྐོམ་གདུང་གྱི་གྲང་ངར་ལ་འཐབ་དུས
ཕྱི་ཚུལ་གྱི་འཇམ་ཤས་ཡོངས་སུ་བརླན་པར་བྱས

རྡུལ་འཐབ་པའི་སྨུག་ལོང་གི་གྲིབ་མའི་སྔ་གཞུག
དྲན་པའི་རླབས་རེས་ཀྱི་མཚོ་མོ་ཡུན་གྱིས་སྐྱོམ

ཁེར་རྐྱང་གི་སྒོ་གླེགས་དལ་གྱིས་རྡུང་དུས
འཇམ་མཉེན་གྱི་རེག་གཟུགས་ཟླ་བས་བཟི

རྔོག་མ་རླུང་ལ་ཡན་པའི་སྣང་བ
ཁྱོད་ཀྱི་ཕྱི་ཚུལ་ལས་ངག་སྒྲོས་ཀྱི་ལྷོད་ཤ་མཆེད་འོང

ཆར་བའི་ཟིལ་བ་ཐོགས་པའི་གསེར་མདོག་གི་ཤིང་ལོ
གྲང་བའི་བསིལ་རླུང་གིས་སྒུལ་བའི་ཤ་དང་མཆིན་པ

ཡིད་འོང་གི་དུས་བཞི
ནང་སེམས་ཀྱི་རེག་གཟུགས་ཤིག་ལས
སུ་ལའང་བརྗོད་ཐབས་བྲལ
      ༢༠༢༡ ༤ ༡༨

དུར་མིག གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་པ།

ནད་ཁྲི་རྙིང་པ།

དུས་ཚོད་ཀྱི་རྗེས་ནས་དབྱར་ཁ་སྔར་བཞིན་ཚེས
ལྷ་སྒང་རྩྭ་ཐང་འདི་མིག་ལམ་ལ་བརྒལ་དུས
ཁ་རོག་གེར་མདོ་གྲོང་དུ་བུད་སོང

དར་རྩེའི་མདོ་རུ་ཉི་མ་དམར་ཐག་ཆོད་དུས
ས་སྲོད་ནང་དུ་རླུང་འཁྱག་པ་གཡུགས་བྱུང
སྲང་ལམ་གྱི་ལམ་གློག་དག   ཁུ་སིམ་མེར་གསལ་ཡོང

གློ་བུར་དུ་ནད་ཁྲི་རྙིང་པ་ཞིག་མིག་ལམ་དུ་གསལ
མི་དག་གི་བཤད་སྲོལ་ལྟར་ན
ཉིན་འགའི་ཡར་སྔོན་དུ་བཙུན་མ་ཞིག་ཞི་བའི་དུར་ས་རུ་གཤེགས་སོང་ཟེར
དེའི་རྗེས་ནས  
མི་རྟག་པ་དྲན་ཁོམ་མ་བྱུང་བར་ནད་ཁྲི་འདིར་རང་ཁོ་ནར་ཞུགས་ཡོད
ཡང་ན   ཆུ་ཐིགས་པ་རེ་རེ་ལུས་ཀྱི་རྩྭ་ཁམས་སུ་ཐིམ་རྗེས
མཚན་མོ་དང་ས་སྲོད་མཚོན་ཆེད
ནང་སེམས་སུ་རླུང་བསིལ་མོ་ལྡང་ཡོང

ཕ་མ་གཉིས་ཀྱིས་བཤད་ན
སྙིང་ཉེ་བའི་གཅེས་ཕྲུག་ལགས
ཁྱོད་རང་གནས་འདི་ནས་མིག་ཟུང་གཏན་དུ་བཙུམས་མི་ཉན
ད་དུང་མིང་སྲིང་ཚོ་དང་མཉམ་དུ་ཕ་ཡུལ་གྱི་རྩྭ་ཐང་དུ་ལོག་དགོས་ཟེར

ལག་ཟུང་ནང་གི་ཤོག་ལྷེ་ལ་གདུང་བ་ལྷག་མ་སྐྱེ
མག་མོག་གི་མཚན་ལམ་རིང་མོ་རེ་རེ་ཆུ་ཐིགས་པ་ཤིག་ལ་འདྲེས་ཡོད

ཡོལ་བ་རེ་རེའི་ཕ་རོལ་ན
ཆ་རྒྱུས་ཡེ་ནས་མེད་པའི་མི་ཕོ་དག་ཆུ་འཁྱག་ལ་སིམ་ཡོད
ད་ལྟ    ན་བ་ནི་འཆི་བ་ཁོ་ནས་མགོ་བརྩམས་པ་རེད

ཡང་ན  ཉི་ནུབ་མང་པོ་ཞིག་འདི་ནས་བསྐྱལ་རྗེས
སྒེའུ་འགྲམ་དུ་བྱེའུ་འཕུར་བཞིན
རླུང་ལྡང་བྱུང
ནད་ཁང་སྒོ་རྟགས་སོ་གསུམ་པ
ད་ནི་སྙིང་ཁམས་འཕར་འཕར་དེ་བདེ་བར་སྨོན
            2021.6.26

གཡེ་རུས་རྐང་།  རྔ་བ་འབྲོག་དགེ་དགོན་པའི་གྲྭ་པ།    

ཐ་སྙད་ཀྱི་ཆག་གྲུམ།                                                  

                           ༡
སྐབས་སྐབས་སུ    སེམས་པ་ལྷིང་འཇགས་སུ་གཏོང་མི་ཐུབ་དོན
དངོས་ཡོད་ཀྱི་གནས་ཚུལ་ལ་ཤིན་ཏུ་སུན་པས་རེད
གད་སྙིགས་ལྟ་བུའི་མཁོ་མེད་ཀྱི་ཐ་སྙད་འགས་སེམས་པ་གཙེ་ཡོང་དུས
ངས་རང་ཉིད་ཀྱི་དྲན་རྒྱུ་མང་བའི་སེམས་པ་འདི་ཡང
གཏོས་ཆེ་བའི་མཚན་མོའི་ཁྲོད་དུ་མེ་རུ་སྦར་ན་འདོད
                           ༢
སེམས་ཀྱི་མེ་ལོང་ངོས་སུ་མི་གཙང་བའི་ས་རྡུལ་གྱིས་གཡོགས་ཀྱང
སྐྱོ་གདུང་གི་མིག་ཆུ་དག་ནི་སེམས་ནས་མི་བཞུར་དོན་ཅི་ཞིག་གི་སླད་དུའོ
                           ༣
ཇི་ལྟར་བཀྲུས་ཀྱང་འདག་ཐབས་མེད་པའི
སྐྱེ་བ་སྔོན་མའི་ལན་ཆགས་དང་ལས་འཕྲོ་ཡི་ཚིག་རོ་དག་གི་སྐྱུར་དྲི
སྐྱེ་བ་མང་པོ་ཞིག་བརྒྱུད་བརྒྱུད་མཐར
ད་ལྟ་ད་དུང་ཡང་ངའི་སྣ་ལམ་དུ་དྲི་ངན་དེ་དག་འཐུལ་ཡོང་གིན་འདུག
                         ༤
དབུལ་ཕོངས་ཀྱི་དཀར་ཡོལ་ཆག་རོའི་ནང་གི་གསེར་དངུལ་དག་ནི
མི་དགེ་བའི་སྡིག་སྒྲིབ་ཀྱིས་བཞེངས་བའི་རྣམ་སྨིན་གྱི་ལན་ཆགས་ཉག་གཅིག་གོ
                          ༥
ངས་རང་ཉིད་ཀྱི་བྲང་གཞུང་གི་ནགས་ཚལ་དུ
འདོད་ཆགས་དང་ཞེ་སྡང་གིས་བསླངས་བའི་རྔོན་པ་ཞིག་བཏང
ད་ལྟ་ང་རང་ཉིད་ཀྱང་དེ་དག་གི་རྗེས་སུ་བསྙེགས་ཏེ
ང་རང་གི་བྲང་གཞུང་ནས་ང་རང་ཉིད་ཀྱང་བོར་འདུག
                        ༦
སྡིག་སྒྲིབ་ཀྱིས་བཞེངས་བའི་ལུས་སྟེང་གི་རྨ་ཁ་དག་གི་ན་ཟུག
ལན་ཆགས་ཀྱིས་དེད་ཡོང་བའི་མི་ཁོམ་པའི་བྲེལ་ཟིང་གི་སེམས་པ
རྒྱུ་འབྲས་ཀྱི་ཡལ་གར་བཞད་པའི་ལས་ཉོན་གྱི་ས་བོན
དེད་དེད་ཀྱང་ཟད་དུ་མེད་པའི་འཇིག་རྟེན་འཁོར་བའི་མུན་ནག
ཇི་ལྟར་ལྷན་པས་གཡོགས་ཀྱང་འཛིན་ཐབས་མེད་པའི་རྣམ་རྟོག་གི་འཆར་ཡན
                            ༧
མི་དང་མིའི་བར་གྱི་འབྲེལ་བ་ནི་སྐད་ཆས་མཚོན་ཐབས་མེད་ཀྱང
སྐད་ཆ་བཤད་སྟངས་ཀྱིས་བར་གྱི་འབྲེལ་བ་ཆགས་འགྲོ་བ་ཞིག་རེད
སྙིང་ཉེ་ཉེ་ཡིན་ཁུལ་གྱིས
ཚུར་གམ་དུ་བཅར་མཁན་གྱི་མི་རྣམས་ཀྱི་བརྩེ་བ་ནི
སྡོང་རྩ་ལྟ་བུའི་ཉོག་འཛིང་ཅན་ཞིག་རེད
དེ་ལྟ་བས་ན   ང་རང་ཉིད་ནི་ནམ་ཡང་ཁེར་རྐྱང་ཁོ་ན་ལ་སྤྲོ་བའི་རི་དྭགས་ཤིག་གོ
                        ༨
སྤྲོ་སྣང་གི་གླུ་གཞས་ཤིག་གཏོང་འདོད་ཀྱི་སེམས་པ་ལ
གློ་བུར་དུ་སྡུག་བསྔལ་གྱི་ན་བུན་འཁྲིགས་ཏེ
མིག་ཆུ་རྡོག་གཅིག་གིས་མིག་མཐར་བརླན་པའི་གཏམ་རྒྱུད་ཀྱི་བང་སོ
                        ༩
ངོས་གཅིག་ནི་འོད་སྣང་དང་ངོས་གཅིག་ནི་གྲིབ་མས་གྲུབ་པའི་ཁྱིམ་གྱི་རྩིག་པ་དེས
ངའི་འཇིག་རྟེན་དུ་མུན་པ་ཁོ་ན་བཏང་པས་ག་ལ་ཚད
ངའི་མིག་ཟུང་བརྒྱུད་ནས
འཁྱག་གྲང་གི་དགུན་ཟླ་རིང་མོ་ཞིག་སེམས་སུ་བསྐྱིལ་ནས་བསྡད
                        ༡༠
མི་ཁོམ་པའི་བྲེལ་འཚང་གི་བར་ནས
ཐ་གུ་ཞིག་གི་སྣེ་གཉིས་སོ་སོའི་སེམས་ལ་བཅིངས་འདུག
སྣེ་གཅིག་ནི་གནས་སྐབས་ཀྱི་ཁ་ཟས་སློང་བྱེད་ཀྱི་འཛིན་བྱང་ཞིག
སྣེ་གཅིག་ནི་འཆི་བ་ཁོ་ན་ལ་གདོང་ཐུག་རྒྱག་སའི་སྨག་རུམ་མཐུག་པོ་ཞིག་གོ
                               ༢༠༢༡/༢/༣

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བོད་ཀྱི་གྲྭ་གཞོན་སྙན་ངག་པའི་སྙན་ངག་བདམས་བཀོད།(ཁག་གཉིས་པ)

2021-07-26 གུ་དཔལ་ཤིས་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།