གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདབ་ཆགས་ཀྱི་གཏམ་ལས་འཕྲོས་པའི་སྐྱེ་ཁམས་ལྟ་བ།

2011-01-29 12:19:00 གཅན་མེ་སྟག ཀློག་གྲངས། མཆན ཡོད།

                                                      ___ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་ཏུ་ཞུགས་པའི་གཏམ་བཤད་ཉུང་ངུ། 
         ཀུན་མཁྱེན་འཇིགས་མེད་གླིང་བའི་གཏམ་ཚོགས་ལས་ལེའུ་ལྔ་བཅུ་བ་འདབ་ཆགས་ཀྱི་གཏམ་བྱ་བ་ཞིག་ཡོད་པ་ལས་དངོས་བསྟན་དུ་མི་ཁོམ་པའི་གནས་ལ་སྐྱོ་བ་སྐྱེས་ཚུལ་ཅིག་བྲིས་ཡོད་ཅིང་། ཤུགས་བསྟན་དུ་རི་སྐྱེས་སྲོག་ཆགས་གང་ལའང་གནོད་པ་མི་བྱེད་པའི་གདམས་པ་ཞིག་བསྐུལ་ཡོད་པ་ལ། འདིར་དེ་ལས་ཅུང་ཞིག་འཕྲོས་ཏེ་བོད་མིའི་སྐྱེ་ཁམས་འདུ་ཤེས་སྐོར་ལ་དཔྱད་མོལ་ཉུང་ཙམ་བྱེད་འདོད་དེ། དེ་ཡང་བོད་མིའི་སྲོལ་རྒྱུན་རང་བཞིན་གྱི་འདུ་ཤེས་ཁྲོད་དུ་སྐྱེ་ཁམས་ཁོར་ཡུག་ལ་བཟུང་བའི་རྣམ་འགྱུར་ནི་དེང་གི་ཁོར་ཡུག་སྲུང་སྐྱོབ་ཁོ་ན་ཙམ་མ་ཡིན་པར་དེ་ནི་རང་བྱུང་ཁམས་ཆེན་པོར་དྲིན་ལན་མཇལ་འདྲའི་དག་སེམས་དང་མ་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་པར་བྱ་བའི་བསམ་བློའི་བག་ཆགས་བཟང་བོ་ཞིག་རེད།
         སྤྱིར་བཏང་བོད་ཀྱི་ཡུལ་འདི་རི་མཐོ་ས་གཙང་ཆུ་བོ་ཐམས་ཅད་ཀྱི་མགོ་ཁུངས་ཡིན་པར་བསྔགས་པ་བཞིན་དོན་ལའང་དེ་ལྟར་སྣང་སྟེ། བོད་མིའི་སེམས་ཁོང་དུ་བླ་མཚོ་དང་བླ་རི་བླ་སྡོང་ཞེས་པའི་དག་གཙང་གི་དད་སེམས་ཡོད་ལ། བླ་སྟག་བླ་འབྲོང་བླ་བྱ་ཞེས་པའི་རི་དྭགས་སྲུང་འཛིན་གྱི་སྙིང་རྗེ་ཡོད་དེ། མི་ཕྱུགས་དར་ཞིང་འབྲུ་སྣ་རྒྱས་ཏེ་བུ་རབས་ཚ་བརྒྱུད་འཕེལ་བར་བྱེད་པའི་རྟེན་གཞི་གཙོ་བོ་ཡང་རི་ཆུ་རི་དྭགས་སོགས་ཀྱི་འཚོ་གནས་ལེགས་པོ་དེ་ལ་ངོས་འཛིན་པར་བྱེད།   དེའི་དབང་གིས་ནི་བོད་མི་རིགས་ཀྱིས་རི་ཀླུང་དང་གཙང་བོ།   ནགས་ཚལ་དང་རྩྭ་ཐང་།   ས་ཞིང་དང་འབྲོག་ས་སོགས་ལ་བཀའ་དྲིན་སྙིང་བཅངས་ཀྱིས་མཆོད་བཀུར་མཇལ་སྐོར་བྱེད་ཅིང་། རང་བྱུང་ཁམས་ཆེན་པོར་གཞི་བཙུགས་ནས་མི་ཕྱུགས་ཀྱི་བདེ་སྡུག་ལ་སྐྱབས་འཇུག་ཞུ་བཞིན་ཡོད།
        དེ་ལྟའི་འདུ་ཤེས་ཤིག་ཆགས་པས་ན་བོད་མིའི་སེམས་ཁོང་དུ་རང་བྱུང་ཁམས་ཆེན་པོ་ནི་ལྷ་སྒྲུང་ཞིག་ཡིན་ལ། སྙན་ངག་ཅིག་དང་གླུ་དབྱངས་ཤིག་ཀྱང་ཡིན་ཏེ། རང་བྱུང་ཁམས་གླེང་དུས་འཚོ་གནས་སྣོད་ཀྱི་འཇིག་རྟེན་ཁྲོད་བཅུད་བཞིན་ཆགས་པའི་མི་རང་ཉིད་གླེང་བ་ཡིན་ཞིང་། འཇིག་རྟེན་བྱ་བའང་སྣེ་གཅིག་ནས་སྣོད་དང་སྣེ་གཅིག་ནས་བཅུད་ཡིན་པ་རང་ཤུགས་ཀྱིས་གྲུབ་ཡོད།   ང་ཚོས་རྒྱུན་པར་སྐྱེ་ཁམས་དོ་མཉམ་ཞེས་པའི་གླེང་གཞི་ཞིག་བར་མེད་དུ་གླེང་བཞིན་ཡོད། ཡིན་ནའི་དོ་མཉམ་ཞེས་པའི་ཆ་འདི་ལ་གོ་བ་ཡང་དག་ཅིག་ལོན་གྱི་མི་འདུག   ནང་བསྟན་རིག་པའི་བསམ་བློ་ཡིན་ན་འདྲ་ལ་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྐང་ཡིན་ཀྱང་རུང་སྟེ། སྐྱེ་ཁམས་བྱ་བ་འདི་ས་ཆུ་རི་དྭགས་ཀུན་པོར་གོ་དགོས་ན་དེ་ལ་དོ་མཉམ་གྱི་བསམ་བློ་ཞིག་ཇི་ལྟར་ཆགས་དགོས་སམ། དཔེར་ན་གླིང་སྒྲུང་ལས་ཀྱང་ཤེས་ཐུབ་སྟེ།རྩྭ་མགོ་འབྲས་བུ་རུག་གེར་ཡོད།། རྩི་ཐོག་སྤྲུགས་ན་མར་གྱིས་གསོས།། རྩྭ་སྐེད་ཟིལ་བ་ཁྲོམ་མེར་ཡོད།། རྩྭ་ཐུར་བཅག་ན་དར་གྱིས་གཡོགས།། རྩྭ་སྟེང་མར་ཁུ་འཁྱིལ་ལེར་ཡོད།། རྩྭ་བ་བཀོག་ན་ཇ་ཡིས་ཚུགས།།  ཞེས་དང་ཡང་། ན་ཕོ་ཐུར་བཅག་ན་གསེར་ཐུར་དགོས།། ན་མོ་ཐུར་བཅག་ན་དངུལ་ཐུར་དགོས།། ལ་སོགས་པའི་བསྟན་དོན་ལ་བསམ་བློ་ཞིག་བཏང་ན་རྩྭ་དང་ན་རྩྭ་ལྟ་བུ་ཞིག་ལའང་གཅེས་འཛིན་དང་བཀུར་སྟི་བླ་མེད་གནང་བཞིན་པ་ལྟ་བུ་རེད། ང་ཚོས་རང་རིགས་ཀྱི་ནང་ཆོས་གཞུང་ལ་ཕྱིར་བལྟ་ཞིག་བྱས་ཚེ། བྱམས་དང་སྙིང་རྗེ་ལས་བྱུང་བའི་སྲོག་གཅོད་སྤོང་བ་གཅིག་པུ་ཡིས་ཀྱང་སྐྱེ་ཁམས་དོ་མཉམ་གྱི་འདུ་ཤེས་བརྟན་པོ་ཞིག་ཆགས་པར་བྱས་ཡོད། མི་དང་སྲོག་ཆགས་གང་ཡིན་རུང་ཚེ་སྲོག་གི་མ་ལག་གཅིག་ཏུ་གནས་ཡོད་ལ། ཚེ་སྲོག་ཅིག་ཡིན་ཕྱིར་དེ་ལ་རང་རང་ཐུན་མིན་གྱི་རིན་ཐང་ཡོད་པ་སྨོས་མ་དགོས་པ་རེད། 
        ཚེ་སྲོག་འདྲ་མཉམ་གྱི་འདུ་ཤེས་ཆགས་པ་དང་ཚེ་སྲོག་གཅེས་འཛིན་གྱི་ལྟ་བ་ཆགས་པ་དེས་སྐྱེ་དངོས་རྩི་ཤིང་སོགས་ཕྲ་ཕུང་གསོན་པོ་ལྡན་པ་དག་ལའང་ཚེ་སྲོག་ཏུ་འཛིན་པའི་ལྟ་བ་རྒྱ་ཁྱབ་ཏུ་དར་ཡོད་ཅིང་། བྱམས་སྙིང་རྗེའི་ལྟ་བ་འདི་དང་སེམས་ཅན་སྡུག་བསྔལ་ལས་སྒྲོལ་འདོད། སེམས་ཅན་བདེ་སྐྱིད་དང་ལྡན་འདོད་ཀྱི་ལྟ་བ་འདི་དག་བྱུང་བས་ད་གཟོད་རང་བྱུང་ཁམས་ཆེན་པོར་དྲིན་བཟོ་འདུ་ཤེས་ཆགས་པ་ཡིན་ལ། དགེ་སེམས་ཀྱིས་ཀུན་ནས་བསྐུལ་བའི་བསམ་བློའི་བག་ཆགས་བཟང་པོ་དེའང་མི་རིགས་འདུ་ཤེས་ཁྲོད་རྐང་བཞིན་ཆགས་པ་རེད་འདོད། དེ་དང་དེ་འདྲའི་དཔེ་གྲངས་ཀྱིས་མི་ལོངས་པ་ཡོད་དེ། ཞབས་དཀར་བའི་རྣམ་ཐར་ལས་གྲོག་ཚང་གི་རྩྭ་ལུད་ཀྱི་ནང་དུ་མེ་ལྷུང་ནས་གྲོག་མ་རྣམས་མེ་ཡིས་འཚིག་པ་མ་ཟད། ས་ཕྱོགས་ཐམས་ཅད་འཚིག་སྟེ་མེ་མུར་དུ་སོང་བ་མཐོང་བས་ཁོང་རང་སྙིང་རྗེ་བཟོད་བླགས་མེད་པ་སྐྱེས་ཏེ་ཚོགས་བསོག་སྒྲུབ་སྦྱོང་གང་ཤེས་བྱས་ཞེས་པ་ལས་ཀྱང་ཤེས་ནུས་ལ།དེ་བཞིན་དུ་རྗེ་མི་ལའི་ཁྱི་ར་བ་མགོན་པོ་རྡོ་རྗེའི་གླུ་སོགས་ལས་ཀྱང་ཤེས་ཐུབ་པ་ལྟ་བུས་སྐྱེ་ཁམས་དོ་མཉམ་དུ་འཛིན་པའི་འདུ་ཤེས་འདི་ནི་བོད་མིའི་སྲོལ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་ར་སྤྲོད་བྱེད་ཐུབ། ཡིན་ནའང་ད་ལྟའི་གནས་བབས་ལ་བལྟས་ན། ༡༩༩༦ལོ་ནས་༩༩ལོའི་བར་དུ་རྨ་ཆུའི་མགོ་ཁུངས་རྨ་སྟོད་རྫོང་དུ་ཐེངས་གཉིས་ལ་རྨ་ཆུའི་ཆུ་རྒྱུན་ཆད་པ་དང་། རྩྭ་ས་བྱེ་ཐང་ཅན་དུ་གྱུར་བ།  མདོ་དབུས་མཐོ་སྒང་དུ་རི་དྭགས་རྩ་ཆེན་རིགས་༡༠༩༧ཡོད་པ་ལས་དེང་སྐབས་རིགས་༧༡ཙམ་ལས་མེད་པར་རྒྱུད་ཆད་པ། ཡར་སྔོན་མཚོ་སྔོན་དུ་གནས་པའི་གངས་གཟིག་དང་ཤྭ་བ། ཤྭ་སྐྱ། གླ་བ། འབྲོང་སོགས་ཉེ་བའི་ལོ་ཉི་ཤུའི་ནང་བརྒྱ་ཆའི༩༠རྩ་མེད་དུ་གྱུར་བ། མཚོ་ནུབ་ཁུལ་གྱི་ལོ་རྒྱུས་དེབ་ཐེར་ཞིག་ནང་སྤྱི་ལོ༡༩༦༠ནས་༡༩༦༡ལོའི་བར་གྱི་ལོ་གཅིག་གི་རིང་ལའབྲོང༧༠༠༠རྐྱང༧༥༠༠༠གཉན༡༠༠ལྷག་འཛིན་བཟུང་བྱས་ཞེས་བཀོད་པ་ལ་ལྟོས་དང་།
      སྐྱེ་ཁམས་དོ་མཉམ་གྱི་འཇུག་འབྲས་འདི་ལྟ་བུ་ཞིག་ཡིན་ནམ། ང་ཚོས་རྒྱུན་པར་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱེད་ཀྱི་ཡོད་ལུགས་དང་དེ་གཙིགས་ཆེན་དུ་འཛིན་དགོས་ཚུལ་རྐྱང་རྐྱང་ཤོད་རྒྱུ་ལས་དོན་ལ་འབབ་ཀྱི་ཨེ་ཡོད། མཚོ་སྔོན་ཞིང་ཆེན་གཅིག་པུར་མཚོན་ན་རྒྱལ་གཉེར་ཚོང་ལས་སྡེ་ཁག་གིས་༡༩༦༦ལོ་ནས་༡༩༨༥ལོའི་བར་དུ་རི་དྭགས་པགས་པ་ཁྲི༡༩༢དང་༣ཉོ་བསྡུ་བྱས་ཚུལ་ལ་སོམས་དང་། ཆ་སྙོམས་ལོ་རེའི་ནང་དུ་རི་དྭགས་ཁྲི༦ཙམ་མེད་པར་བཟོ་ཀྱིན་འདུག   དེའི་དབང་གིས་ཁོར་ཡུག་སྲུང་སྐྱོབ་གྱི་གཞི་ངོ་མ་བོ་དེ་འཚོ་གནས་འདིའི་ཡོད་ཚད་ལ་ངོས་འཛིན་དགོས་རྒྱུ་ལས་རང་སའི་རྩྭ་ས་གོར་མོ་ཙམ་ལ་ངོས་འཛིན་བྱས་ཚེ་རྐང་ནས་འཆུགས་སོང་བ་རེད།   ད་དེ་ཙམ་བྱོས།

                                              
                                                       ཟིན་འགོད་པ། བཀྲ་ཤིས་རྒྱལ།༢༠༠༩ལོའི་ཟླ༧པར།

རྩོམ་ཁུངས། གཅན་མེ་སྟག་གི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།