གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་ཞིག་ལ་སྤྲིངས་པ།

2010-06-02 07:25:00 གཅན་མེ་སྟག ཀློག་གྲངས། མཆན ཡོད།


སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན།
སྐད་ཆ་ནི་བཤད་ཆོག་ལ་ཉན་ཆོག་པ་ཞིག་ཡིན།
སྙན་ངག་ནི་གླུ་ཡི་འགྱུར་ཁུགས་ཤིག་ཡིན།
གླུ་ནི་སྐད་ཤུགས་མཐོན་པོས་ལེན་ཆོག་ལ།
ངག་ནི་འདེགས་འཇོག་ལྟར་བཀུག་ཀྱང་ཆོག་པ་ཞིག་ཡིན།

 སྐོམ་གདུང་སྐྱེས་དུས།
སྦྲང་ཆར་གྱི་རོ་བཅུད་མྱོང་བ་ཇི་བཞིན།
སྙན་ངག་ཀློག་གིན་ཀློག་གིན་གླུ་རུ་ལེན་ཆོག་པར་མ་ཟད།
བླངས་ཀྱིན་བླངས་ཀྱིན་འཕུར་ཆོག་པ་ཞིག་ཡིན་འདུག
དེ་བས་ན།   སྙན་ངག་ལ་གཤོག་སྒྲོ་ཞིག་ཀྱང་ངེས་པར་ཡོད་སྲིད་དེ།
གཤོག་སྒྲོ་ཡ་གཅིག་ནི་སྙན་ངག་པའི་སེམས་དང༌།  ཡ་གཅིག་ནི།
རང་བྱུང་གི་དབྱངས་དེ་ཡིན། 
སྙན་ངག་ཡོད་པས།   ཉིན་མོ་ཡོད་ཚད་གསལ་ཞིང་འཚེར་ལ།
མཚན་མོ་ཡོད་ཚད་སྔར་ལས་ནག
ཁེར་རྐྱང་གི་སྐབས་སུ།
སྙན་ངག་གིས་ང་ལ་མདོག་འགྱུར་ཤེལ་མིག་ཅིག་གནང་ངེས།
ཤེལ་མིག་དེའི་ངོས་ནས།
ངས་མེ་ལྟར་དམར་བའི་ནམ་མཁའ་ཞིག་མཐོང་སྲིད་ཅིང༌།
ནམ་མཁའི་ཁམས་ན།  ངའི་ཡུལ་མི་ཚོ།
རང་དབང་གིས་འཕུར་སྐྱོད་བྱེད་བཞིན།
བདེ་སྐྱིད་ཀྱིས་དད་མོས་བྱེད་ཀྱིན་ཡོད་ངེས།
སྙན་ངག་ནི་རེག་ཐབས་བྲལ་པའི་དབུགས་རྒྱུན་ཞིག་ཡིན་མི་སྲིད།
དེ་ནི་རེག་མ་ཉིད་དུ་ཚ་ཞིང་གྲང་བའམ།  གས་ཤིང་འཐོར་བའམ།
སྔངས་ཤིང་འདར་བ་གང་རུང་ཞིག་ཡིན་སྲིད།
སྙན་ངག་ནི་བཙལ་ནས་མི་རྙེད་པའི་ཁབ་རྩེ་ཞིག་ཡིན་མི་སྲིད།
དེ་ནི་རྣོ་ཞིང་རྟུལ་བའམ།  བཀྲག་ཆེ་ཞིང་ཉམས་པའམ།
གཟེར་ཞིང་འབོག་པ་གང་རུང་ཞིག་ཡིན་སྲིད།

སྙན་ངག་གིས་མིའི་རིགས་ཀྱི་བསྐལ་པ་སྟོང་གི་གཟི་བརྗིད་བྲིས་ཆོག་ལ།
ཁྱོད་དང་ངའི་སྐད་ཅིག་གཅིག་གི་ངོ་ཚའང་བཤད་ཆོག
སྙན་ངག་གིས་ཚོར་འདུས་དེད་པའི་མིག་ཆུ་རྡོག་གཅིག་ནས།
ཡིད་ཀྱིས་སྤྲུལ་པའི་དམྱལ་ཁམས་བཅོ་བརྒྱད་བར་གླེང་ཆོག་ཆོག་ཡིན།

ཡིན་ནའང།  ཁ་སང་དེ་རིང༌།
ཁྱོད་ཀྱི་ཐག་སྣེ་ཡོད་འོས་པའི་གསེར་གྱི་ཨ་ལོང་དེ་མེད་དོན་ཅི་ཡིན་ནམ།
ལྕེ་རྩེ་ན་ཡོད་འོས་པའི་དབྱངས་རྟ་དེ་མེད་དོན་ཅི་ཡིན་ནམ།
ཡུན་རིང་ལ་བསྒུགསཀྱང༌།
ཁྱོད་ཀྱི་ཁྲི་འཕང་ན།   ཁྱོད་ཀྱི་སྤྱི་གཙུག་ན།
ངས་མཐོང་དགོས་པའི་འོད་ཕུང་དེ་མེད་དོན་ཅི་ཡིན་ནམ།
མེད་དོན་ཅི་ཡིན་ནམ།

 མདོག་འགྱུར་བའི་མེ་ལོང༌།
ཡུན་རིང་བོར་བརྗེད་ངས་ཀྱིས་བསླད་པའི་མི་དེ་དག
གངས་དང་རླུང་འཚུབ་ཁྲོད་ཕྱིར་ལོག་པའི།   ཉི་འོད་འཚོ་མཁན་གྱི་རྫི་བུ་དེ་དག
ངའི་སྙན་ངག་གི་མེ་ལོང་ངོས་སུ་མངོན་བྱུང༌།

རི་སྒང་དེ་དག་དང༌།   ཟླ་བ།
སྔོ་ཡུག་ཡུག་གི་སྡོང་བོས་བཏེགས་པའི་སུ་རུ་མེ་ཏོག་དེ་དག
རླན་ཞིང་གཤེར་བའི་ན་རྩྭའི་ཁུད་ཀྱི།  ལྷབ་ལྷབ་འཕུར་བའི་ཕྱེ་མ་ལེབ་དེ་དག
ངའི་སྙན་ངག་གི་མེ་ལོང་ངོས་སུ་མངོན་བྱུང༌།
བོངས་ལྕི་བའི་མཁའ་དབུགས་ཀྱི་ཁུར་བོས་མནན་པའི།
ངལ་དུབ་ཀྱི་མི་དེ་དག    ལྕགས་མདོག་གི་ངོ་གདོང་དེ་དག
མར་རྩམ་དང་བྲལ་མ་མྱོང་བའི་འཛུམ་ཆིལ་ཆིལ་གྱི་སོ་ཕྲེང་དེ་དག
རིའི་ཉག་ཏུ་དར་ལྕོག་འཐེན་མཁན་གྱི་མི་དང༌།  རྡོ་འབུམ་སྲུང་མཁན་གྱི་མི
རྡུལ་ཕྲན་ཞིག་དང་མཚུངས་པའི་མི་དེ་དག
རྡུལ་ཕྲན་ཞིག་དང་མཚུངས་པའི་གྲོང་རྡལ་དེ་དག

སྙན་ངག་གི་མེ་ལོང་ངོས་སུ།
ལུས་ཡོངས་རྡུལ་དྲེག་གིས་ཁེབས་པའི་མི་དེ་དག་མངོན་བྱུང༌།
ལོ་རྒྱུས་དང་དེབ་ཐེར་ཁྲོད་ཡེ་ནས་མི་མངོན་ལ།
རི་ཚོགས་ཀྱི་རྒས་གཉེར་བར་ན་འབུ་ཕྲ་ནང་བཞིན་འཚོ་ཞིང༌།
གཞན་ལ་མེ་ཕུང་སྦྱིན་པར་མཁས་པའི་མི་དེ་དག
ཐང་ཆེན་དུ་སྐད་གསང་མཐོན་པོས་ཨ་ལན་སྟེར་མཁན་གྱི་མི་བུ།
ལས་དབང་ལ་ཐེ་ཚོམ་མེད་པའི་མི་དེ་དག
མི་ཆེན་དུ་འབོད་པའི་སྐྱེས་བུ་རེ་གཉིས་སྒལ་བར་ཁུར་ནས།
དེ་དག་གི་ལུང་བསྟན་སྒུག་མཁན་གྱི      དག་དག་གི་ཆེད་དུ།
འུར་སྒྲ་དང་བཅས་མདུན་དུ་མཆོང་ཕོད་མཁན་གྱི་མི་དེ་དག
ངའི་སྙན་ངག་གི་མེ་ལོང་ཁྲོད།
འཚོ་མྱོང༌།  དགའ་མྱོང༌།   ངུས་མྱོང༌།   ཤི་བའི་མི་དེ་དག
རྦད་སེམས་དང་སྟོང་འདང་ཁོ་ནས།
ཁ་སང་གི་གཞིས་ཁྱིམ་སྙེག་མཁན་གྱི།  སྙིང་ཉེ་བའི་མི་བུ་དེ་དག

དེ་དག་རེ་རེ་བཞིན་མངོན་བྱུང༌།
ཐ་མག་རེ་འཐེན་བཞིན།   ཨ་རག་རེ་འཐུང་བཞིན།
ཁུ་སིམ་མེར་བསྡད་ནས།    ཁྱོད་ཀྱིས།
སློག་ཚར་གྱི་གོང་བ་མཐོན་པོར་སློང་མཁན་གྱི་མི་དེ་དག
ངའི་སྙན་ངག་གི་མེ་ལོང་ངོས་ན།
བདག་མེད་ཀྱི་འཚོ་བཞིན་པ་མཐོང་བྱུང་ངམ།

ཀྭ་ཡེ།   མཐོང་བྱུང་ངམ།

 

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།