གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྔ་མཆོད་ཆེན་མོ་དང་སྙན་ངག་ཁྲོད་ཀྱི་ཚིག་རྒྱན་རིག་པ།

2010-01-21 00:04:00 གཅན་མེ་སྟག ཀློག་གྲངས། མཆན ཡོད།


ནམ་མཁའ་ནས་བབས་པའི་ཆུ་དེ་ཕྱིར་ནམ་མཁའ་རུ་སིམ་འགྲོ
གཙང་བོ་མཚེའུ་དང་རྒྱ་མཚོ    ཆུ་མིག་ཟིལ་བ་དང་ཆར་ཐིགས
རྟེན་འབྱུང་གི་ལག་པ་གཡས་བ་ནས་རྐྱལ་ཏེ    གཡོན་པའི་མཐའ་སྣེ་རུ་མ་བུད་པའི
དཀྱིལ་འཁོར་དེ་ན   འདས་ཟིན་པའི་ཆུ་རླངས་ག་ཚོད
ད་དུང་ང་ཚོའི་མིག་ཁོངས་སུ་ཆགས་ཡོད

གང་ཟག་དེ་འདས་སོང་ནའང     ཆུ་ལ་འདས་པ་མི་འདུག
བུད་མེད་དང་འདྲ་བའི་ཆུ་དེ    ལོ་རྒྱུས་ཀྱི་མཛུབ་རྩེ་བར་ནས་བཞུར་ཏེ
ས་ཆེན་གྱི་ཁོངས་པ་ཁད་ཀྱིས་བཀང་ལ
རླབས་ལྕེ་རེ་གཉིས་ཤིག་གིས་རྡེག་པའི     སྤྲིན་པ་དེའང
སྐད་ཅིག་མའི་དུས་ཡུན་བར་ནས་འཁྱག་པས་བསྡམས་སོང

རླུང་ལ་ཨུ་ཚུགས་ཇི་ལྟར་ཆེ་ཡང
འཁྱག་རོམ་གྱི་མུ་ཏིག་འཁུར་བའི་གངས་རི་བསྙིལ་ཐབས་མི་འདུག
གངས་རི་ནི་རྟོག་བཏགས་ཀྱི་རྒྱན་ཞིག་སྟེ
དེ་ལ་འཁོར་བའི་ཟླ་བ་ནི་གཟུགས་ཅན་ཁོ་ནའི་ཉམས་ཤིག་ཡིན
དེ་ལ     བསྐོར་བ་དང་གབ་ཚིག་མ་འདྲེས་པའི་ཉིན་མོ་ཞིག་ཀྱང་དཔེ་རུ་ཤར་ཡོད

 ཆུ     ཐིགས་པ་རེ་རེ་བཞིན་ལྷུང་འོངས
ཐིགས་པ་རེ་རེ་བཞིན་འཕྱུར་འོངས
ཐིགས་པ་རེ་རེ་བཞིན་ཉིན་མོའི་གཏིང་རིམ་ནས་འཛུམ་ཏེ
སེམས་དོན་ཡོད་ཚད་ཁྲོད་ཀྱི་བདེ་སྐྱིད་དེ
རྡུལ་ཕྲན་གྱིས་ཕྱེ་བའི་ཉི་ཐིག་དམར་པོའི་ཀློང་དུ་ཡུན་ཀྱིས་སྣུབ་འོངས

ཆུ་ཡི་རེག་བྱ་ནི   སྟོང་ཉིད་ཀྱི་མཛུབ་རྩེས་བཏེགས་པའི་ཚོར་སྣང་ཞིག་ཡིན
དེའི་བརླན་ཞིང་བཤེར་བའམ   དྭངས་ཤིང་གཙང་བའམ
སིམ་ཞིང་གྱེས་པའི་མྱོང་སྟོབས་དག    བསྡུས་བརྗོད་ཀྱི་རྒྱན་ཞིག་དང་འདྲ་བར
ཆད་མ་མཐུད་དུ་ང་ཚོའི་ཡིག་འབྲུའི་ཀློང་ན་ཇེ་ཟབ་ཏུ་འགྲོ་བཞིན་མཆིས
སྐམ་མ་རློན་དུ་ང་ཚོའི་དྲན་པའི་དབུས་ན་ཇེ་གསལ་དུ་འགྲོ་བཞིན་མཆིས

 ཆུ་ཡི་རེག་བྱ་དེའི་ཁྲོད་ནས     སྐད་ཆ་ཡོད་ཚད་ལྷག་མ་རེད
དྭངས་ཤིག་ཤིག་འཁྱིལ་བའི་རླབས་གཉེར་དེའི་བར་ནས
ཚིག་རྒྱན་མ་ལུས་ཝུ་བ་རེད    ཆུ་ཤིང་ཇི་བཞིན
སྐྱེ་འཆི་དང་ཆགས་སྡང   དགེ་སྡིག
རུས་རྐང་སྲ་མོའི་ནང་རིམ་ནས་བརྡོལ་བའི   ལས་ཀྱི་སྡོང་བུ་འབའ་ཞིག་རེད

ནམ་མཁའ་ནས་བབས་པའི་ཆུ་དེ་ཕྱིར་ནམ་མཁའ་རུ་སིམ་འགྲོ
སྙན་ངག་ལས་བྱུང་བའི་རྒྱན་དེ་ཕྱིར་སྙན་ངག་དུ་འཕོས་འགྲོ
ང་ཚོས་ཆུ་ཡི་རིག་པ་འདིའི་གཏིང་ན་ཆུ་ཁོ་ན་ལས་མེད་པ་རྟོགས་ཚེ
འཁྱག་རོམ་དང་རྡོ་བ་དང་རྒྱུ་སྐར་མཐའ་དག་ཀྱང
ལག་པས་མི་སྙོབ་པའི་སྟོང་གཟུགས་ཤིག་མིན་པ་ཅིས་ཀྱང་ཚོར་ངེས

 ད་གཟོད་ཚོར་ངེས།

              ༢༠༠༩ལོའི་ཟླ༡༢་པར།

 

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།