གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་ཤུལ་གྱི་གསོལ་འདེབས།

2010-04-20 23:51:00 གཅན་མེ་སྟག ཀློག་གྲངས། མཆན ཡོད།

         
          ༼མགོ་ལོག་ཁུལ་གྱི་ན་གཞོན་ཚོགས་པ་ཞིག་གིས་ཡུལ་ཤུལ་ས་ཡོམ་ལ་མྱ་ངན་ཞུ་བའི་ཚོགས་འདུའི་སྟེང་གྱེར་འདོན་བྱ་རྒྱུར་བྲིས་པ།༽

 
ཟླ༤པའི་ཚེས་༡༤       ཞོགས་པར
གཏོས་ཆེ་བའི་གཅོང་རོང་ཞིག་ཁྱེད་ཀྱི་རྒྱབ་གཟུགས་སུ་མངོན་བྱུང
དྲག་རླུང་རྡུལ་འཚུབ་ཀྱི་བར་སྟོང་གི    སྐྱ་རེངས་ནག་པོ་དེ
རྣམ་ཤེས་བྱེ་བ་ཕྲག་བརྒྱད་ཀྱི་རྨི་ལམ་དག་གི་སྔས་འགྲམ་ནས
དངངས་སྟབས་ཀྱིས་སད་དུས
ངས་ནི་གདངས་ཤིན་དུ་དམའ་བའི   
སྨེ་སྔགས་ཁོ་ན་ལས་གྱེར་བའི་སྨོན་ལམ་ཞིག་དང
ཐག་རིང་གི་གསོལ་འདེབས་ཞིག་ལས    ཅི་ཡང་རྙེད་མ་བྱུང་སྟེ
ས་གཞི་འདིས་ཡང་སྙིང   
དུས་རབས་གང་མང་གི་བརྗོད་སྙིང་དབུས་སུ
སྨག་རུམ་ཡར་སྔོན་གྱི་འཇིགས་སྣང་ག་ཚོད་བསྣན་ཡོད
 
ཡུལ་ཤུལ་ཨ    ཁྱེད་རང་སྐབས་ནམ་ཞིག་ནས
ངའི་སེམས་པ་ཡང་ཡང་དུ་དངངས་བར་བྱེད་པའི
ངའི་དྲན་ཤེས་ཡང་ཡང་དུ་འདར་བར་བྱེད་པའི
ཆེས་ཐོག་མའི་མཐོ་སྒང་གི་ནམ་མཁའ་དེ་རུ་གྱུར
སྨྲ་བརྗོད་གང་ཡང་མེད་པའི་སྐུ་ལྷ་མདའ་མདུང་ཨ
དེ་རིང་གི་སྔོ་བསངས་ཁྲོད་དུ
ཁྱོད་ཀྱིས མིག་ཆུ་མེད་པའི་ཚོར་བ་གང་ཞིག་རྙེད་ཡོད
རླུང་གི་རྒྱ་གྲམ་ལས་འཐོར་ཞིང  
ས་གཞིའི་རྦབ་ངོགས་ནས་གས་པའི
ཆགས་གྲུམ་ཁྲི་འབུམ་གྱི་ཉི་མ་ཡ   
དེ་རིང
གློ་བུར་སྨག་གིས་ཟོས་པའི་སྔོ་བསངས་ཀྱི་ནམ་མཁའ་ན་མི་འདུག་སྟེ
ནམ་མཁའ་ལ་མིག་མི་འདུག  
རྣ་བ་དང          སེམས་ཀྱང་མི་འདུག
 
ཡུལ་ཤུལ་ཨ
དེ་རིང   མྱ་ངན་ཐང་གི་གས་སྲུབས་བར་ནས
ངས་ཁྱེད་ཀྱི་རྩབ་རལ་དུ་སོང་བའི་ཁེར་རྐྱང་གི་ངོ་གདོང་མཐོང་དུས
ངའི་ལོ་ཟླ་ཡོད་ཚད་སྐད་ཅིག་གིས་བསྡད་བྱུང
བརྡབ་གསིག་རྗེས་ཀྱི་གཞིས་ཁྱིམ་དང་གྱང་ཀོག
གས་གཏོར་མཇུག་གི་དྲན་གཞིག་དང་ན་ཟུག
ད་དུང་ཁྱེད་ཀྱི་སྟེང་རིམ་གྱི་སྟེང་རིམ་ནའང    དབེན་སིམ་པའི་ཚུལ་གྱིས
འདར་བཞིན་དུ་འགྲོ་གྱིན་པའི་དུས་ཚོད་འདི་དག
ངས་གཏམ་རྒྱུད་གང་ཞིག་གི་ཚུལ་གྱིས
སུ་ཞིག་ནས་སུ་ཞིག་ལ་སྒྲོགས་དགོས
 
ཡིན་ནའང       ཞོགས་པ་འདི   
ལོ་ཟླ་འདིའི་སྐད་ཅིག་གི་གཟེར་ཤུགས་ཤིག་ཡིན་པ་ང་ལ་གསལ་ཡོད
ཞོགས་པ་འདི
མི་རིགས་འདིའི་གློ་བུར་བའི་ཆགས་འཇིག་ཅིག་ཡིན་པའང་ང་ལ་གསལ་ཏེ
རྒྱུ་རྐྱེན་ནི    དཔའ་བོའི་ལོ་རྒྱུས་ཀྱི་ས་བོན
ད་དུང་ཁྱེད་ཀྱི་སྙིང་ཁོངས་སུ་སྦྲུམ་ཡོད་པས
ཕྱི་རོལ་དུ་ག་སར་གྲོལ་བའི་མེ་ཏོག་ནག་པོ
སྨིག་སྒྱུའི་ཞིང་ཁམས་བཞིན་ཡལ་མེད་ནའང
བཙན་པོའི་གྲི་སོ་ཡི་རྣོ་ངར    
ད་དུང་ཁྱེད་ཀྱི་ལག་དབུས་སུ་གནས་ཡོད་པས
རྙིངས་བ་མེད་པའི་གངས་རི་ཡི་བླ་སྲོག་གསོན་པོ་དེ
སྔར་ནས་ཁྱེད་དང་ངའི་ཁྲག་རྒྱུན་ཀློང་དུ་བབས་ཡོད་པས
སྐད་ཅིག་གི་ན་གཟེར་འདི་ལ་ཞེད་དོན་ཅི
 
ལྷན་འཛོམས་གཞན་ཞིག་གི་དམིགས་འདུན་དང་རེ་བའི་ཆེད་དུ
འགྲམ་ངོགས་གཞན་ཞིག་གི་ཞི་འཇགས་དང་བདེན་པའི་ཆེད་དུ
ཁྱེད་དང་ང་ད་དུང་ཆར་རླུང་ལ་དྲག་འཛིང་བྱེད་དུ་འགྲོ་དགོས
ཁྱེད་དང་ང་ད་དུང་ས་གཞི་ལ་གདོངས་མཆོངས་བྱེད་དུ་འགྲོ་དགོས
ཡུལ་ཤུལ་ཨ    ང་ཡི་ཕ་ས
ས་ཡ་དྲུག་གི་སེམས་པ་གཞི་གཅིག་ཏུ་སྦྲེལ་ནས
ས་ཡ་དྲུག་གི་ལག་གདང་སྣེ་གཅིག་ཏུ་བཅངས་ནས
ཁྱེད་དང་ང་རང
ད་དུང་ཆེས་མཐའ་མཇུག་གི་ཕ་ས་བསྐྲུན་དུ་འགྲོ་དགོས་པས
མགོ་བོ་གྱེན་དུ་དགྱེས་ཤོག་དང 
མིག་ཆུ་རྩད་ནས་ཕྱིས་ཤོག་དང
 
 
          ༢༠༡༠ལོའི་ཟླ༤པར།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།