གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབེན་སིམ་གྱི་དུས་ཚོད།

2014-12-19 09:44:28 གཅན་མེ་སྟག ཀློག་གྲངས། མཆན ཡོད།


གཞུང་ལས་ཁང་དུ ཉི་མ་རེ་རེར་ཡང
ང་ཁྱེད་ཀྱི་ཁ་གཏད་དུ་བསྡད་ཡོད
མདུན་ཅོག་གཉིས་ལྷན་དུ་གཤིབ་པ་ནས
ཉི་མ་རེ་རེར་ཡང ངས་ཁྱེད་ཀྱི་ལུས་དྲི་ཚོར་ཐུབ་ཡོད

ངེད་གཉིས་བར་ན
གློག་ཀླད་གཉིས་ཡོད འབྲི་དེབ་གཉིས་ཡོད
སྨྱུ་གུ་གཉིས་ཡོད
ཉི་འོད་སྒེའུ་ཁུང་ལས་དལ་གྱིས་འོང་དུས
དཀར་ལྗང་ལྷན་འདྲེས་ཀྱི་ཡོལ་བ་དེ་ཡིས
ངེད་གཉིས་ཀྱི་གསང་བ་ཡོངས་སུ་བཤད་སོང

ཉི་མ་མང་ཆེ་ཤོས་ལ
ངེད་གཉིས་ཁུ་སིམ་མེར་བསྡད་ཡོད
ངེད་གཉིས་ཀྱིས་རང་རང་གི་ངོ་གདོང
ཚགས་པར་རྒྱབ་རོལ་དུ་སྦས་ནས
སེམས་གཏིང་གི་སྐད་ཆ་ཡོད་ཚད
ཁ་རོག་གེར་གློག་ཀླད་དུ་གཏགས་ཡོད

སྐབས་ལན་རེར སྒོ་ཆུང་དེ་རླུང་གིས་སྒུལ་ཙམ་བྱས་ཚེ
ངེད་གཉིས་རྒྱུ་མཚན་མེད་པར་དངངས་འཚབ་རེ་སྐྱེས་ཤིང
ལན་རེར ངེད་གཉིས་ཀྱི་ལག་པ་ཕན་ཚུན་འཕྲད་ཙམ་བྱས་ཚེ
གློག་དང་འཕྲད་པ་བཞིན
ངེད་གཉིས་མྱུར་བ་མྱུར་བར་རྒྱང་དུ་བཀྱེད་འགྲོ

ཉི་མ་རེ་རེ་བཞིན
ངའི་ལུས་པོ་མདུན་དུ་བསྣུར་ཙམ་བྱས་ན
ཁྱེད་ཀྱིས་དེ་མ་ཐག་མགོ་བོ་དགྱེ་སྟེ
ངས་ཅི་ཞིག་བཤད་པར་གཟབ་གཟབ་ཀྱིས་ཉན་ཁུལ་བྱེད་ལ
ཁྱེད་ཀྱིས་རྐུབ་སྟེགས་མདུན་ཕྱོགས་སུ་འཐེན་ཙམ་བྱས་ན
ངས་ཀྱང་རྣ་བ་བསྒྲིམས་ཏེ
ཁྱེད་ཀྱིས་ཅི་ཞིག་ལབ་པར་ཉན་ཁུལ་བྱས

དུས་ཚོད་ནི་ཁེར་རྐྱང་གི་ལམ་འགྲུལ་བ་ཞིག་སྟེ
ཁོས་ཞོགས་པའི་དྭངས་གཙང་ལ་མཚམས་འདྲི་མི་བྱེད་ལ
ཁོས་སེམས་ཀྱི་རྨི་ལམ་དག་སྨྲ་བ་མེད་པར
ཁང་མིག་གྲུ་བཞི་འདིའི་ལྡེབས་ངོས་སུ
དམིགས་ཡུལ་མེད་པར
ཁེར་རྐྱང་གིས་འགྲོ་བཞིན་ཡོད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།