གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་ཉིན་གཅིག

2015-04-02 18:42:42 གཅན་མེ་སྟག ཀློག་གྲངས། མཆན ཡོད།


འདི་ནི་བརྩམས་སྒྲུང་རེད་ཟེར་ཆོག ལྷུག་རྩོམ་རེད་ཟེར་ཆོག ཉིན་ཐོ་ཟེར་ནའང་ཆོག གཙོ་བོ་ཁྱེད་ལ་གང་འདོད་པ་དེ་ལྟར་ཡིན་པས། རྩོམ་ལུས་གང་ཞིག་ཡིན་པ་ང་ལ་ཤོད་དུ་མེད།

  སང་སང་དུ་གྲགས་པའི་ཆུ་ཚོད་འཁོར་ལོ་དེས་ང་རང་གཉིད་ལས་དཀྲོགས་རྒྱུ་སྔ་དྲགས་སོང་། ཁ་པར་སྟེང་ཤར་བ་ནི་ཞོགས་པའི་དུས་ཚོད་ལྔ་བ་ཡིན་ཞིང་། ལག་འདོགས་ཆུ་ཚོད་ཀྱི་མདའ་རྩེ་ལྔ་དང་ཕྱེད་ཀ་ཡིན་ལ། སྔས་འགྲམ་གྱི་སྒྲོག་ཙེའི་སྟེང་བཞག་པའི་དྲིལ་ལྡན་ཆུ་ཚོད་གྱི་ཨང་གྲངས་དུས་ཚོད་དྲུག་པ་ཡིན་འདུག གཉིད་མ་སད་ཀྱི་མིག་ཕྱེད་ཕྱེས་ཏེ་སྒེའུ་ཁུང་ལ་བལྟ་དུས། སྒེའུ་ཁུང་གི་འོད་མདངས་ད་དུང་ནག་རོག་གེར་འདུག་པས་གྲིམ་རིལ་ཞིག་བརྒྱབས་ནས་ཁ་གཡོན་བལྟས་ཀྱིས་སླར་ཉལ་མོད། སླར་ཡང་ཁ་པར་གྱི་སྐད་སྒྲ་ཞིག་གིས་ཡར་མ་ལངས་ཐུ་མེད་དུ་གྱུར། ཕ་རོ་བཟའ་རྒྱུའོ་ཟེར་ཞོར་སུ་གང་ཡང་མེད་པར་ལེ་གདའ་ཞིག་བྱས་ཏེ་ཁ་པར་སྒོ་ཕྱེས་དུས། ༼ཨ་རོ། ཁྱོད་གངས་བྷ་ཨེ་ཡིན༽ཟེར། ༼ཁྱོད་ནོར་སོང་། ང་གངས་བྷ་མིན༽ཞེས་པར་། ཕ་རོལ་བོས་༼ལབ་མ་རྒྱག ཁྱོད་གངས་བྷ་རེད་མོ༽ཟེར། རྒྱུན་དུ་འདི་འདྲའི་ཁ་པར་དག་གིས་སེམས་ཁམས་དཀྲུག་པར་བྱེད་པས། སྐད་ཅིག་ལ་ཁོང་ཁྲོ་དང་བཅས་༼ང་གངས་བྷ་ཡིན་ཡ། གཡུ་ལོ་བཟའ་རྒྱུའོ། སྒོར་མོ་ནམ་ཞིག་ལ་སྟེར་རྒྱུ༽ཞེས་སྨྲས་པར་ཕ་རོལ་བོས་ཁ་པར་ཁྲོག་སེ་སྒོ་བརྒྱབ་སོང་།

  མདང་ཞིག་བརྒྱབ་རྗེས་སླར་གཉིད་འདོད་ཀྱང་མི་འདུག དེ་ག་ཙམ་ནས་ཡར་ལངས་ཏེ་ཁ་ངོའང་མ་བཀྲུས་པར་གློག་ཀླད་ཀྱི་མདུན་དུ་བསྡད་ནས་ཅི་ཞིག་འབྲི་བར་བསམ་བློ་གཏོང་བཞིན་པའི་སྒང་ལ། སྙིང་ན་བའི་ཁ་པར་དེ་ཡང་བསྐྱར་གྲགས་བྱུང་། ༼ཅི་ཞིག་རེད། སྒོར་མོ་ད་སྟེར་རྒྱུ་ནི་མིན་ན༽ཞེས་ངས་སྐད་འཛེར་འཛེར་ཞིག་བཏང་བར། ༼ཡང་བཟི་ཡོད་པ་མིན་ནམ། ཉི་མ་གཅིག་ལ་མེད་ནའང་སྨྱོ་ལ་ཁད་ཅིག་ཏུ་གྱུར་འདུག༽ཟེར། ཨ་ལས། ད་ཐེངས་ཀྱི་ཁ་པར་འདི་ནི་ཆུང་མས་ཟི་ལིང་ནས་བཏང་འོང་བ་ཞིག་རེད་འདུག ཆུང་མ་དང་བུ་མོ་གཉིས་ཁེ་ཉིན་ཟི་ལིང་དུ་ཕྱིན་པ་ནས་འདི་ནི་ཐེངས་དང་པོར་བཏང་བའི་ཁ་པར་ཡིན་པས་ཆུང་མ་ཅུང་ཙམ་ཁྲོས་པའི་ཉམས་ཤིག་འདུག ༼མ་རེད། མ་རེད། ད་སོ་མ་སུ་ཡིན་མི་ཤེས་པ་ཞིག་གིས་ཁ་པར་གཏོང་ཉེས་བྱས་པས། ངས་ཚོད་ཚོད་ལ་ལན་དེ་འདྲ་ཞིག་བྱིན་པ་ཡིན༽ཞེས་གསལ་བཤད་བྱེད་བཞིན། ཆུང་མའི་མཐོང་ཡུལ་དུ་མེད་ནའང་གོམས་ཕྱོགས་ཀྱིས་མགོ་བོ་འཕྲུག་འཕྲུག་བྱེད་ཞོར༼དོན་དག་ཅི་ཞིག་ཡོད༽དྲིས་པར། ༼དེ་རིང་དངུལ་ཁང་དུ་སོང་ལ་ཨ་ནེའི་དངུལ་བྱང་སྟེང་སྒོར་འགའ་འཇོག་དགོས། དེ་ནས་སྦྲགས་སྲིད་ཁང་དུ་སོང་ལ་ངའི་ཡིག་འཕྲིན་ལེན་དགོས། ད་དུང་བུ་མོའི་གྱོན་པ་ཁེ་ཉིན་ནས་གོས་བཀྲུ་ཁང་དུ་བཞག་ཡོད་པའང་མ་བརྗེད། དེ་ནས་རང་གཅིག་པུས་ཆང་བཏུང་སྟེ་ལམ་བར་ཞིག་ནས་ཁྱི་བཞིན་དུ་ཉལ་ནས་སྡོད་ཨ། ཉལ་ནས་སྡོད༽ཟེར་རྗེས་ཁ་པར་གྱི་སྒོ་ཁྲོག་གེར་བརྒྱབ་སོང་།

  ཁ་པར་བརྒྱབ་རྗེས་ཀྱི་ཁང་མིག་གློ་བུར་དུ་དབེན་ཐིང་ངེར་སོང་བའི་སྣང་བ་ཞིག་ལ། གློག་ཀླད་ཀྱི་ཤེལ་སྒྲོམ་ངོས་སུ་འཚེར་བའི་འོད་མདངས་སྔོན་པོ་དེ་ལ་བལྟ་བཞིན་བལྟ་བཞིན་གློ་བུར་དུ་འཚིག་པ་ཟ་བ་ཞིག་བྱུང་སྟེ། ཕ་རོ་མ་རོ། ནམ་ལངས་པ་ནས་སེམས་ཁམས་སྐྱིད་པོ་ཞིག་འབྱུང་རྒྱུ་མི་འདུག་ཟེར་ཞོར་གློག་ཀླད་ཁ་བརྒྱབས་པ་དང་། འཁྲུས་ཁང་དུ་སོང་ནས་ཁ་ངོ་རྟེན་འབྲེལ་ཙམ་ཞིག་བཀྲུས་རྗེས་རྩམ་པ་ཆིངས་བུ་ཞིག་བརྫི་ཞོར་དུས་ཚོད་ལ་བལྟ་དུས།༼དུས་ཚོད་གང་ཞིག་འགྲིག་མིན་ཀྱང་མི་ཤེས༽ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀར་ཉེ་འདུག

  སེམས་པ་མི་སྐྱིད་ནའང་ཕྱི་རོལ་གྱི་ནམ་མཁའ་དྭངས་མོ་ཞིག་རེད། དེའི་དབང་གིས་རླངས་འཁོར་ཀྱང་བསྐོར་འདོད་མེད་པར་རྐང་ཐང་དུ་འགྲོ་དགོས་སྙམ་བཞིན་གཞིས་ཁུལ་གྱི་ར་སྐོར་ནང་དུ་སླེབས་དུས། ཨ་ནེ་ཚེ་སྒྲོན་གྱིས་འོ་མ་འགྱིག་དམ་གང་ཉོས་ནས་ཕྱིར་ཁྱིམ་དུ་འགྲོ་བ་དང་འཕྲད་པས། མོས་འཛུམ་ཤིག་ཤིག་གིས་༼ཁྱོད་ཀྱི་རྟེན་འབྲེལ་ལེགས་པོ་རེད༽ཅེས་འགྱིག་དམ་ལས་འོ་མ་ཐིགས་པ་འགའ་མཛུབ་མོས་མཆོད་སོང་། ངས་བཀའ་དྲིན་ཆེ་ཟེར་ཞོར་ལམ་དུ་འགྲོ་སྐབས་གློ་བུར་སེམས་ཁམས་ཀྱང་ཤོད་ཡང་ལེ་བ་ཞིག་བྱུང་སྟེ། ནམ་ལངས་ཉི་ཤར་གྱི་རྟེན་འབྲེལ་ཟེར་བ་དེ་འདྲ་ཞིག་ཡིན་ནམ་སྙམ། ལས་ཁུངས་སུ་སླེབས་ཏེ་མིང་ཐོ་བཀོད་རྗེས་གཞུང་སྒྲུབ་ཁང་དུ་ཕྱིན་པར། བདག་གི་མདུན་ཅོག་སྟེང་གསར་དུ་འབྱོར་བའི་ཚགས་པར་དང་འཕྲིན་ཡིག་རྩེག་མ་ཞིག་འདུག་ལ། དེ་དག་ལས་རེ་རྐང་གླིང་གིས་བསྐུར་བའི་༼རྨ་ལྷོ་ཚགས་པར༽དང་། ཟླ་ཟེར་རྩོམ་སྒྲིག་ཁང་གིས་བསྐུར་བའི་༼ཟླ་ཟེར༽དུས་དེབ་འགའ། ལྡོང་བུ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་༼མི་རིགས་རྩོམ་རིག༽གི་དུས་དེབ་འགའ། ཀྲེ་ཅང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བསྐུར་བའི་༼གཙང་ལྷོའི་སྙན་ངག༽གི་དུས་དེབ་དང་། ༼གཙང་ལྷོ༽ཞེས་པའི་རྩོམ་རིག་དུས་དེབ་འགའ་བཅས་ཡོད་འདུག དེ་ལས་གཞན་དུ་ཡིག་ཤུབས་སྟེང་ལྕགས་པར་གྱིས་དཔར་བའི་ས་མིང་དང་མི་མིང་ཅན་དག་ལས་མི་སྒེར་བས་བྲིས་ཤིང་བསྐུར་བའི་འཕྲིན་ཡིག་གཅིག་ཀྱང་མི་འདུག་པས། སྐབས་སྐབས་སུ་རྗ་ཞི་ཡ་མར་ཁུ་སི་ཡིས་བརྩམས་པའི་སྒྲུང་ཐུང་༼ཁོ་ལ་འཕྲིན་ཡིག་བསྐུར་མཁན་མེད་པའི་དམག་སྤྱི༽༼没有人给他写信的上校༽ ཟེར་བ་ཞིག་ཀྱང་ཡིད་ལ་འཁོར་འོང་།

  གཞུང་སྒྲུབ་ཀྱི་བྱ་བ་དེ་ནི་དུས་ཚོད་འཕྲོ་བརླགས་སུ་གཏོང་ལ། དོན་སྙིང་དང་ཁྱད་མཚར་གང་ཡང་མེད་པའི་སྒྱིད་ལུག་གི་ཉི་མ་སྐྱེལ་སྟངས་ཤིག་རེད། བདག་གི་མདུན་ཅོག་ཁ་སྤྲོད་དུ་ཡོད་པའི་དགེ་རྒན་ཡང་ལགས་ནི་བུད་མེད་འཇོན་ཐང་ཡོད་ལ་རང་གཤིས་གསེར་དང་འདྲ་བ་ཞིག་ཡིན་པ་མ་ཟད། དེ་བས་ཀྱང་བདག་གིས་གོང་བཀུར་བྱེད་དོན་ནི་མོ་རང་བོད་ཀྱི་སྙན་ངག་པ་གྲགས་ཅན་འཇུ་སྐལ་བཟང་ལགས་ཀྱི་སྐུ་ཟླ་ཡིན་པས་ཡིན་ལ། རྒྱུན་པར་སྐད་ཆ་མང་པོ་མེད་ལ་ཁེངས་སྐྱུངས་ཅན་ཞིག་ཀྱང་ཡིན་པས་ངེད་གཉིས་བར་དུ་སྐད་ཆ་མང་པོ་ལབ་རྒྱུ་མེད། དགེ་རྒན་ཡང་ལགས་གཞུང་ལས་ཁང་དུ་ཐོན་མ་ཐག་ཆུ་བསྐོལ་བ་དང་མེ་ཏོག་ལ་ཆུ་གཏོར་བ་སོགས་ཀྱི་ལས་ཀ་ཙག་ཙིག་སྒྲུབ་བཞིན་ཡོད་པས། ངས་༼ང་ལ་སྒེར་དོན་ཞིག་ཡོད་པས་ཕྱི་རོལ་དུ་ཐེངས་གཅིག་འགྲོ་དགོས་པ་འདུག ལས་ཁུངས་སུ་དོན་དག་རེ་ཡོད་ན་ང་ལ་ཁ་པར་ཞིག་གཏོང་རོགས་༽ཞུས་ཏེ་སྒོ་ཕྱིར་བུད་ཅིང་། ལས་ཁུངས་དང་ཁ་གྱེས་ཏེ་དངུལ་ཁང་དུ་ཆས་པ་ཡིན།

  མགོ་ལོག་ཁུལ་ནི་ས་རྒྱ་ཆེ་ཡང་སྤང་དང་ན་ཁུགས་ཀྱིས་ཟིན་ཞིང་། གྲོང་ཁུལ་དངོས་ཀྱི་ཆགས་སྟངས་ནི་རྐང་བ་གཡོན་པའི་ལྷམ་ཀོག་ཅིག་ཐད་དུ་བོར་འདྲའི་རྣམ་པ་ཞིག་ལས་མེད་ནའང་། མི་གྲངས་ཁྲི་གཉིས་ཡས་མས་ཀྱི་སྲང་ལམ་དུ་གླ་གཏོང་འཕྲུལ་འཁོར་དང་གད་སྙིགས་སྒྲོམ་དག་གི་གསེང་ན་གང་འདོད་དུ་རྒྱུ་བའི་བདག་པོ་མེད་པའི་ར་མའི་ཚོགས། ཚོང་ཁང་དང་དངུལ་ཁང་སོགས་ལས་གཞན་ལས་ཁུངས་དག་གི་ར་སྐོར་དུའང་འགྱིང་འགྱིང་གྱིས་འགྲོ་བའི་ནོར་དང་བ་གླང་སོགས་ནི་གོམ་པ་རེ་གཉིས་ཀྱི་བར་ནས་ཀྱང་གདོང་ཐུག་རྒྱག་ལད་ཁད་དུ་ཡོད་པས། ངས་ཀྱང་གླ་གཏོང་འཕྲུལ་འཁོར་ཞིག་གླས་ནས་དངུལ་ཁང་གི་སྒོ་འགྲམ་བར་དུ་ཕྱིན།

  གླ་འཁོར་དེའི་བདག་པོ་ནི་མི་འཚུབ་ཆ་ཅན་ཞིག་ཡིན་པའམ་ཡང་ན་ཆུ་ཚོད་སྐར་ཆ་གང་ལའང་གླ་དངུལ་འཕྲོག་རྩོད་བྱེད་མཁན་ཞིག་ཡིན་པ་མི་ཤེས་ཏེ། ང་རང་རླངས་འཁོར་ལས་ཐང་དུ་བབས་མ་བབས་ཙམ་ལ་ལམ་འགྲམ་གྱི་བུད་མེད་བྱིས་པ་པང་དུ་བཟུང་མཁན་ཞིག་གི་འགྲམ་དུ་རླངས་འཁོར་ཙིར་སྒྲ་དང་བཅས་བསྐྱོད་མགོ་ཚུགས་པས། གཟུར་དབང་དང་གཡོ་དབང་མེད་པར་ང་རང་གོམས་ཤུགས་ཀྱིས་ལུས་པོ་འཁྱོར་ཏེ་བུད་མེད་དེའི་ཕྲག་པ་གཡས་པར་ལག་པ་བརྡབས་དགོས་བྱུང་ཞིང་། དེའི་ཤུགས་ཀྱིས་བུད་མེད་དེའང་ལུས་པོ་ཡོམ་འདར་ཆེན་པོ་ཞིག་བྱས་པས། རྣར་གཟོན་པའི་ཨག་སྒྲ་ཞིག་དང་བཅས་བྱིས་པ་དེ་སྐད་ཆེན་པོས་ངུས་བྱུང་ལ། བུད་མེད་དེས་ཀྱང་ཆེས་གཙོག་གཙོག་གི་ཐ་སྙད་མང་པོ་ཞིག་སྡང་མིག་དང་བཅས་ངའི་སྟེང་དུ་བསྐོར་བྱུང་།

  རིག་པ་ཅུང་ཞིག་སོར་ཆུད་དུས། ལས་ཀ་བ་དང་དབྱར་རྩྭ་བརྐོ་མཁན། འབུ་འཚོང་རྒྱག་མཁན། དངུལ་ཁང་དུ་འགྲོ་མཁན་མི་མང་པོ་ཞིག་གིས་ང་དང་བུད་མེད་དེ་གཉིས་བསྐོར་ཏེ་སྐེ་བསྲིངས་བསྲིངས་དང་མིག་རིག་རིག་གིས་ལྟད་མོར་བལྟ་བཞིན་ཡོད་ལ། བུད་མེད་དེའི་པང་དུ་བཟུང་བའི་བྱིས་པ་དེས་ཀྱང་མེ་རི་ཞིག་འབར་གས་བྱུང་བའི་སྲུབས་ཀ་དང་འདྲ་བའི་ཁ་གདངས་ནས་ངུ་སྐད་འབྱིན་པ་ལས་མིག་ཆུ་རྡོག་གཅིག་ཀྱང་གཏོང་ཀིན་མི་འདུག ཨ་ཁ་ཁ། སྤྱིར་བཏང་གི་གནད་དོན་འདི་འདྲ་ནི་མི་སྤུས་ཅུང་ཞིག་ཡོད་མཁན་དག་ལ་༼དགོངས་པ་མ་ཚོམ༽ཞེས་པའི་སྐད་ཆ་གཅིག་གིས་ཐག་གཅོད་བྱེད་ཐུབ་ནའང་། རྒྱལ་ཁམས་འགྲིམས་མ་མྱོང་ལ་སྤྱི་ཚོགས་ཀྱི་འདུ་ཤེས་མེད་མཁན་དག་ལ་ནི་ཡུན་རིང་གི་ཁ་རྩོད་བརྒྱུད་ནས་ཐག་གཅོད་པའམ་ཡང་ན་དོན་དག་ཆེ་ནས་ཆེ་རུ་གྱུར་ཏེ་ཁྲིམས་ཁ་རུ་ཐོན་དགོས་པའང་ཡོད་པས། ངས་བསམ་བློ་ཙམ་ཡང་མ་བཏང་བར་ཁུག་མ་ལས་སྒོར་བཅུ་ཤོག་ཅིག་བཏོན་ཏེ་བུད་མེད་དེའི་ལག་ཏུ་བཞག་པར། སྐད་ཅིག་ཧྲིག་གེར་ལུས་པའི་བུད་མེད་དེས་ཀྱང་དམོད་མཚམས་བཞག་སོང་ལ། མཐའ་བསྐོར་ནས་ལྟད་མོར་བལྟ་མཁན་དག་ཀྱང་ཁོ་ཐག་ཆད་པའི་ངང་རང་རང་སར་གྱེས་སོང་།

  དངུལ་ཁང་ལས་ཕྱིར་བུད་རྗེས་སྦྲག་སྲིད་ཁང་དུ་ཕྱིན་ཏེ་ཆུང་མའི་ཡིག་འཕྲིན་དག་བླངས་ཤིང་། གོས་བཀྲུ་ཁང་ནས་བུ་མོའི་གྱོན་གོས་བླངས་རྗེས་ཉིན་གུང་ཟིན་འདུག དེ་བས་ཕྱིར་ལས་ཁུངས་སུ་འགྲོ་དགོས་དོན་མི་འདུག་སྙམ་བཞིན་སྒོ་བྱང་ལ་ཅི་ཞིག་ཡན་ལག་ཁང་༼什么分店༽བྱ་བའི་ཚོང་ཁང་ནས་ཐ་མག་སྒམ་གང་ཉོས་ཤིང་། མིང་ལ་བོད་ཟས་ཟ་ཁང་ཟེར་ཡང་བོད་ཟས་སྣ་གཅིག་ཀྱང་མེད་པའི་ཟ་ཁང་ཞིག་ཏུ་སྦྱིན་བདག་ལ་ཐུག་པ་ཚ་བོ་དཀར་ཡོལ་གང་དང་ལུག་ཤ་རྒྱ་མ་གང་གཏུབས་ཤོག་ཅེས་བཤད་དེ། ཉིན་གུང་གི་ཁ་ཟས་རོལ་མགོ་བརྩམས། ཟ་ཁང་དེའི་ནང་དུ་བལྟས་ཚོད་ཀྱིས་དབྱར་རྩྭ་བརྐོ་མཁན་ལོས་ཡིན་འདོད་པའི་མི་མང་པོ་ཞིག་ཡོད་པས་འདུག་སྟེགས་སྟོང་བ་གཅིག་ཀྱང་མི་འདུག སྒེའུ་ཁུང་དང་ཉེ་སར་མི་ཕོ་རྫིག་ཉམས་ཅན་ཞིག་གིས་སྒྲོག་ཙེ་གཅིག་བཟུང་ནས་བསྡད་ཡོད་པ་མཐོང་བས་༼ང་འདི་ཀར་བསྡད་ན་འགྲིག་གམ༽དྲིས་པར། ༼བསྡད་འདོད་ན་བསྡད་ཆོག༽ཟེར། མགོ་བོ་དགྱེ་ཙམ་ཡང་མི་བྱེད། མི་ཕོ་དེས་འཐེན་ཐུག་དཀར་ཡོལ་གང་དང་ལུག་ཤ་རྒྱ་མ་དོ་ཙམ་ཟ་ཞོར་སྦྱིན་བདག་ལ་༼གོ་རེ་ཨེ་ཡོད་༽ཟེར། སྦྱིན་བདག་གིས་གོ་རེ་ལེབ་མ་གཉིས་ཁྱེར་འོང་སྟེ་ཁོའི་མདུན་དུ་བཞག་པ་ན། ཁོས་འཛེམ་ཚོན་མེད་པར་གོ་རེ་དང་ཤ་ཚིལ་སྤགས་ནས་ཟོས་པ་དང་ཐུག་པའི་ཁུ་བ་དྲོན་མོ་རྐྱང་འཐུང་བྱས་པས་ལག་པ་གཉིས་ཀར་སྣུམ་ཚིལ་གྱིས་ཡོངས་སུ་ཟིན་འདུག སྒྲོག་ཙེའི་སྒང་ན་གཙང་ཤོག་ཡོད་ནའང་སྤྱོད་ལོབས་སུ་མ་སོང་བ་འདྲ་སྟེ། སྣུམ་ཚིལ་འདྲེས་པའི་ལག་པ་གཉིས་ཀའི་སོར་མོ་བཅུ་བོ་ཀེར་ཏེ་སྐྲ་ལོའི་སྟེང་དུ་བྱིལ་ཞིང་། སོར་མོ་རེ་རེ་སྐྲ་གསེང་དུ་སོ་ཤད་རྒྱག་པ་བཞིན་རྒྱབ་ཏུ་ཐེངས་འགར་ཕྱིས་པས་སྐྲ་ལོ་སྣུམ་རུག་གེར་སོང་ལ། ལག་པའི་སྣུམ་ཚིལ་ཡོངས་སུ་དག་འདུག ཨ་མ་མ། དེ་ནི་ཐབས་ཤེས་གསོར་མོ་ཞིག་རེད་ཨང་སྙམ་བཞིན་ཡིད་སྨོན་ཞིག་ཀྱང་སྐྱེས་སོང་། དེ་མཚམས་སྦྱིན་བདག་གིས་ངས་བོས་པའི་ཐུག་པ་དང་ལུག་ཤའང་ཁྱེར་ནས་སླེབས་བྱུང་ལ། རང་ཡང་ཕོ་བ་ལྟོགས་པའི་སྒང་ཡིན་པས་སྤྱང་ལྟོགས་ལུག་ཁྱུ་ལ་རྒྱུགས་པ་བཞིན་སྐད་ཅིག་གཅིག་གིས་མེད་པར་བཟོས། ཟས་ཀྱིས་ཁ་ངོམས་ཤིང་བཏུང་བས་ཡིད་བརྒྱགས་པས་ན་ད་ནི་ཕྱིར་ལོག་སྟེ་ཅི་ཞིག་འབྲི་ཨེ་ནུས་བལྟ་སྙམ་བཞིན་མགོ་གུག་གུག་གིས་ཕྱིར་རང་ཁྱིམ་དུ་ལོག་པ་ཡིན།

  ངེད་ཀྱི་ཁང་བའི་ཁ་གཏད་དུ་ལོ་ན་སུམ་ཅུ་ཡས་མས་ཀྱི་བུད་མེད་ལས་བྱེད་ཅིག་བསྡད་ཡོད་ཅིང་། གོ་ཐོས་སུ་མོ་རང་ཐེངས་གཉིས་ལ་གཉེན་འཐོར་བྱས་རྐྱེན་ད་ལྟ་ཁྱོ་ག་གཞན་ཞིག་བཙལ་འདོད་མེད་ལ། དགའ་ཡ་དུངས་ཡ་ཡི་གཞོན་པའི་བརྩེ་དུང་ངམ་དེ་ཡང་གླེང་འདོད་མེད་པར་ཉིན་དང་མཚན་དུ་འཁྱམ་པོ་སྐོར་ཞིག་བསྡུས་ཏེ་ཆང་རག་བར་མེད་དུ་སྤྱོད་བཞིན་ཡོད་ལ། སྐབས་རེར་ཆང་གིས་བེད་དྲགས་ནས་སྒོ་ཕྱིར་འབུད་སྐབས་ནང་གོས་རྗེན་པ་ཞིག་ལས་གྱོན་མེད་པའི་སྐབས་ཀྱང་ཡོད་པ་རེད་ཟེར། དེ་རིང་ཡང་ཉིན་གུང་མ་ལོན་ཙམ་ནས་ཆང་གིས་བེད་དེ་ཁང་བའི་ནང་འགྲོ་འདོད་པས་ཟྭའི་ཁུང་མིག་ཏུ་ལྡེ་མིག་མ་འཕྲོད་པར་ཡང་དང་ཡང་དུ་ལྡེ་མིག་ཟྭ་མིག་ཏུ་སྤྲོད་བཞིན་པ་མཐོང་ལ། ལུས་པོས་རང་ཚུགས་མ་ཁྱོགས་པར་ཡོམ་ཡོམ་དུ་འཁྱར་བས་ལྡེ་མིག་རྩ་བ་ནས་ཟྭ་མིག་ཏུ་འཕྲོད་ཀྱིན་མེད་པའང་ཤེས། ངས་ཁང་བའི་བྱི་མིག་猫眼ལས་ཡུན་རིང་བལྟས་རྗེས་བློས་མ་བཟོད་པར་སྒོ་ཕྱིར་བུད་དེ་ཁོ་མོའི་ལག་གི་ལྡེ་མིག་བླངས་སྟེ་སྒོ་ཕྱེས་ཤིང་། ཁོ་མོ་རང་གི་ཁང་བའི་ནང་འགྲོ་རུ་བཅུག་པས་༼ཁྱོད་འདི་མི་བཟང་བོ་ཞིག་རེད། ཤོག་དང་འུ་གཉིས་ཀྱིས་ཆང་ཞིག་འཐུང༽ཟེར། ངས་༼མིན། ཕྱི་དྲོ་ལས་དོན་ཡོད༽ཟེར་བཞིན་འཚབ་འཚུབ་ཀྱིས་ཕྱིར་ཁྱིམ་དུ་ལོག་ནའང་། སྐབས་དེའི་སེམས་པ་ནི། ལུས་པོ་མདུན་དུ་བསྐྱོད་བྱེད་ཀྱང་།། སེམས་ནི་རྒྱབ་ཏུ་ཕྱོགས་པ་ཡིས།། ལྡོག་སྟེ་རླུང་གིས་འཁྱེར་བ་ཡི།། རྒྱ་གར་དར་གྱི་བ་དན་བཞིན།། བྱ་བའི་ཚིག་དོན་བཞིན་དུ་གྱུར།

  ཞོགས་པའི་དུས་སྐབས་བཞིན་ང་སླར་ཡང་གློག་ཀླད་ཀྱི་མདུན་དུ་བསྡད་མོད། མི་མཐུན་ས་ཞིག་ཡོད་པ་ནི་ངས་ཅི་ཞིག་ཀྱང་འབྲི་བཞིན་མེད་པར་qqརོལ་རྩེད་ཀྱི་ཁ་ཕྱེས་ཏེ་ས་བདག་ལ་འཐབ་པ་斗地主བྱ་བའི་ཤོག་རྒྱན་རྩེ་བཞིན་ཡོད། ཤོག་རྒྱན་དེ་རྩེ་ཐེངས་རེ་རེར་ཡང་ང་ནི་ཕམ་ཁ་ཉོ་མཁན་རྐྱང་ཞིག་ཡིན་པས་རིམ་གྱིས་དགའ་སྣང་ཡང་མེད་པར་གྱུར་ཏེ། གློག་ཀླད་ཁ་བརྒྱབས་པ་དང་བརྙན་འཕྲིན་ལ་བལྟ་མགོ་བརྩམས། མཚམས་དེར་དགེ་རྒན་ཡང་ལགས་ཀྱིས་ཁ་པར་བཏང་འོང་སྟེ༼སང་ཉིན་གཞི་རིམ་གྱི་སློབ་གྲྭ་འགའ་ལ་ལྟ་ཞིབ་ཏུ་འགྲོ་དགོས་ཟེར་བཞིན་འདུག ཕལ་ཆེར་ཁྱོད་ཀྱང་འགྲོ་དགོས་པ་འདྲ་༽ཟེར། གཞི་རིམ་གྱི་སློབ་གྲྭ་ཟེར་ན་དངོས་གནས་མགོ་ན་སྤྱད་ཅིག་རེད། དོན་མེད་དུ་ལྟ་བསྐོར་རེ་བྱེད་དགོས་ན་སྐྱིད་པོ་འདྲ་རེད་མོད། མགོ་ན་སྤྱད་གཙོ་བོ་ནི་སློབ་གྲྭའི་དགེ་རྒན་འགའ་ཞིག་གི་སློབ་ཁྲིད་ལ་ཉན་དགོས་པ་དེ་རེད། སློབ་ཁྲིད་ལ་ཉན་རྗེས་སུ་ཕྱིར་རྟོག་གི་གདེང་འཇོག་བྱེད་དགོས་ལ། དེར་ནི་སྐྱོན་འདི་དང་འདི་ཡོད་འདུག་ཅེས་ཐད་ཀར་བཤད་མི་ཆོག་པར་། རེ་བ་ཡིན་ན་འདི་ལྟར་ཁྲིད་ན་ཟེར་བ་དང་ཡང་ན་ཁྲིད་ཐབས་འདིའི་ལེགས་ཆ་གཙོ་བོ་ནི་འདི་འདྲ་ཞིག་ཡིན་ན་ཞེས་བརྟགས་པ་མཐའ་གཟུང་ཏག་ཏག་གིས་བཤད་དགོས་པ་དེ་ཡིན་ལ། བཤད་པ་འདྲ་ལ་མ་བཤད་པ་དང་འདྲ་བའི་གདེང་འཇོག་དེར་ཕ་རོལ་བས་གོ་བ་ཆགས་ཡོད་མེད་མི་ཤེས་པར། ད་དུང་སློབ་གསོ་མཁས་ཅན་ཞིག་ཡིན་མདོག་གི་ཉམས་སྣང་བསྟན་ཏེ་སྐད་ཆ་ཐུང་ངུ་ཞིག་ཀྱང་དུས་ཡུན་རིང་བོ་ཞིག་ལ་བཤད་པའི་རྫིག་ཉམས་དེ་དག་ནི་ང་ལ་དངོས་གནས་འཕྲོད་པོ་མི་འདུག ད་ཅི་བྱའམ། རེད། ན་ནིང་སློབ་གྲྭ་རེ་གཉིས་ཤིག་གི་དགེ་རྒན་གྱིས་ཁོ་ཚོར་བོད་ཡིག་སློབ་ཁྲིད་གྲ་སྒྲིག་གི་འབྲི་སྟངས་ཤིག་བཤད་རོགས་ཞེས་རེ་བ་ཡང་ཡང་བཏོན་མྱོང་བས་དེ་ཕྱོགས་ནས་གྲ་སྒྲིག་ཅུང་ཙམ་བྱེད་དགོས་བསམས།

  ཕྱི་དྲོའི་ལས་སྒྲུབ་ཀྱི་དུས་ཚོད་ཐོན་སོང་། རླངས་འཁོར་སྐོར་བཞིན་ལས་ཁུངས་སུ་ཐོན་དུས་གཞུང་ལས་ཁང་གི་ཀྲུའུ་རིན་རྟ་འགྲིན་གྱིས་༼འཇམ་དབྱངས་ཅུ་ཀྲང་གིས་ཁྱོད་འབོད་བཞིན་འདུག༽་ཟེར། ཅུ་ཀྲང་གི་གཞུང་ལས་ཁང་དུ་སླེབས་པར་འཇམ་དབྱངས་ཀྱིས༼སང་ཉིན་ངེད་ཅག་མི་བཞི་བཀོད་སྒྲིག་གིས་རྨ་སྟོད་དང་དར་ལག རྨ་ཆེན་བཅས་རྫོང་གསུམ་ལ་སློབ་གསོའི་དམིགས་འབེན་ཞིབ་བཤེར་གྱི་བྱ་བར་རྟོག་ཞིབ་ཏུ་འགྲོ་དགོས། ཁྱོད་ཀྱི་ལས་འགན་གཙོ་བོ་ནི་སྐད་གཉིས་སློབ་གསོའི་དམིགས་ཚད་ལ་ལྟ་ཞིབ་བྱེད་རྒྱུ་དེ་ཡིན༽ཟེར། ༼དེ་ལ་ཡར་སྔོན་ལྟ་ཞིབ་ཇི་ལྟར་བྱས་ཀྱང་གྲུབ་འབྲས་མངོན་གསལ་ཞིག་མི་འདུག ང་སོང་དང་མ་སོང་ལ་ཁྱད་མི་འདུག་ན་ཁྱེད་ཅག་གིས་ཞོར་ལྟ་བྱས་ན་མི་ལེགས་སམ༽ཞེས་པར། ༼གསར་བུ། ལས་ཀ་ནི་འགོ་ཁྲིད་ཚན་ཁག་གིས་ཞིབ་འཇུག་བྱས་ཏེ་ཐག་བཅད་པ་ཞིག་ལས། རང་རང་གང་འདོད་དུ་ཐག་བཅད་པ་ཞིག་ཡིན་ནི་མ་རེད༽ཟེར། སྐད་ཆ་དེ་བཤད་རྗེས་མགོ་བོའང་ཡར་མི་དགྱེ་བར་ཚགས་ཤོག་ཅིག་ལ་བལྟ་མགོ་བརྩམས་སོང་། མི་འདོད་པའི་ཚིག་ལོག་ཅིག་ཉོས་རྗེས་ད་ཡིན་ནོ་བསམ་སྤྱད་ཅིག་གིས་ཕྱིར་གཞུང་ལས་ཁང་དུ་ལོག་ནའང་། སློབ་ཁྲིད་གྲ་སྒྲིག་གི་ཕྱོགས་ནས་གྲ་སྒྲིག་གང་ཡང་བྱེད་འདོད་མི་འདུག སྙིང་བོ་མེད་པའི་དུས་ཚོད་འདི་ཇི་ལྟར་སྐྱེལ་ལམ་སྙམ་བཞིན་ཅུང་ཞིག་ཧད་དེ་བསྡད་ཅིང་། ཐ་མག་རྐང་གཅིག་ལ་མེ་སྒྲོན་ཏེ། གློག་ཀླད་སྒྲོམ་ངོས་སུ་ཡོད་པའི་ཡིག་ཚགས་དེ་དག་ཡར་སློག་མར་སློག་འགའ་བྱས་པར། ཉེ་སྔོན་གྲོགས་མགོན་པོའི་ཚ་མོ་ཞིག་དང་ལྷོ་ནུབ་སློབ་ཆེན་ནས་ཡིན་པའི་སློབ་མ་གཉིས་ལ་མཐར་ཕྱིན་དཔྱད་རྩོམ་སྐོར་གྱི་རྒྱུ་ཆར་བྲིས་པའི་ཡིག་ཆ་ཐུང་ངུ་ཞིག་མིག་ལ་ཐོགས་སོང་། དེ་ནི་རྟ་བོར་ཞེས་པའི་ས་གནས་འདིའི་ལོ་རྒྱུས་མདོར་བསྡུས་ཤིག་ཡིན་ཏེ། ཡིག་ཆ་དེར་བལྟ་བཞིན་བལྟ་བཞིན་ད་དུང་གང་ཞིག་ཤོད་མ་སོང་བའི་ཉམས་ཤིག་འདུག་པར་བསམས་སྟེ། ཡང་ཡང་མདང་བརྒྱབ་ནའང་གང་ཞིག་ལུས་འདུག་པའང་ཤེས་མ་སོང་། ད་ཐེངས་གཞི་རིམ་དུ་འགྲོ་བའི་དུས་སྐབས་བེད་སྤྱད་དེ། དམངས་སྲོལ་སྐོར་གྱི་རྒྱུ་ཆ་རེ་ལག་ཏུ་ཨེ་སོན་བལྟ་དགོས་སྙམ་བཞིན་གློག་ཀླད་ཁ་བརྒྱབས་པ་དང་སྒོ་ཕྱིར་བུད་དེ་དམིགས་མེད་ཀྱིས་གྲོང་བར་དུ་འཆམ་འཆམ་བྱེད་དུ་སོང་།

  དུས་སྐབས་འདིའི་རྟ་བོར་གྲོང་གི་གསར་འགྱུར་ཆེས་ཆེ་བ་ནི་དབྱར་རྩྭ་དགུན་འབུ་རེད། ས་གནས་འབྲོག་པ་ནས་རོང་ཕྱོགས་ཀྱི་ལས་ཀ་བ། རྔ་བའི་ཚོང་བ་ནས་ཁ་ཆེའི་འབུ་ཉོ་སོགས་འུར་འུར་ཟང་ཟིང་གིས་རྟ་བོར་གྲོང་གི་བཀོད་ཐང་དུ་འདུས་ཤིང་། རྒྱུན་ལྡན་གྱི་ཉིན་མོར་སྲང་བར་ནས་མི་སུ་འདྲ་ཞིག་ལ་འཕྲད་ནའང་ཆ་རྒྱུས་མེད་ཀྱང་ངོ་ཤེས་ཡིན་པ་ལ། ཁ་སང་དེ་རིང་ངོ་ཐུག་ཐུག་སུ་ཡིན་ཡང་རིག་མ་མྱོང་བ་ཏག་ཏག་རེད་ལ། སྐད་སྒྲའང་རིགས་མི་འདྲ་བ་སྣ་ཚོགས་ཐོས་རྒྱུ་ཡོད་འདུག རླངས་འཁོར་དལ་བུར་གཏོང་བཞིན་ཁྲོམ་བར་སྟོད་སྨད་ཡོད་ཚད་ཀུན་བསྐོར་ཐེངས་གཅིག་བྱས་ནའང་ཆུ་ཚོད་ཕྱེད་ཅིག་ལས་མ་འདས། དེ་ནས་སྔོ་ཚལ་ཚོང་ར་མྱུག་ནས་ཞོག་ཁོག་བརྔོས་མ་ལྷུག་གཏུབ་བྱས་པ་ཞིག་དང་བྱ་གག་གི་སྐེ་ཤ་བསྙལ་མ་ཞིག ཉ་ལེབ་ལ་སུར་པན་སྦྱར་བ་བརྔོས་མ་ཞིག རྡི་ཕུ་བརྔོས་མ་དང་ཕག་སུག་བསྙལ་མ་སོགས་ཚལ་སྣ་འགའ་ཞིག་ཉོས་ཤིང་། ཟས་རིགས་ཚོང་ཁང་ནས་ཐེན་ཡོ་ཏི་རྟགས་ཅན་གྱི་རྒྱ་ཆང་དམ་བུ་གང་ཉོས་རྗེས་ཕྱིར་ཁྱིམ་དུ་ལོག་པ་ཡིན། དེ་དུས་ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་རེད། ཕྱིར་ཁྱིམ་དུ་ལོག་ནས་སྒོ་དམ་པོར་བརྒྱབ་ཅིང་དྲོད་འགུགས་གློག་ཆས་ཀྱི་ཁ་ཕྱེས་ཏེ་རང་དང་ཉེ་ཙམ་གྱི་འབོལ་སྟེགས་འགྲམ་དུ་བཞག བརྙན་འཕྲིན་གྱི་ཁ་ཕྱེས་ཏེ་དོན་སྙིང་ཡོད་མེད་ཀྱི་བརྙན་འཕྲིན་ཟློས་གར་ཞིག་བཙལ་རྗེས། རྒྱ་ཆང་གི་དམ་བུའི་ཁ་ལྕོགས་ཕྱེས་ཏེ་ཚལ་འཁྱག་པ་དང་སྦྲགས་ཏེ་ཆང་རག་འཐུང་མགོ་བརྩམས། ཆང་རག་འཐུང་བཞིན་འཐུང་བཞིན་པར་རང་གིས་ན་ནིང་བྲིས་པའི་ཁེར་རྐྱང་ཞེས་པའི་སྙན་ངག་ཅིག་དྲན་འོང་སྟེ།

སུན་སྣང་བཞིན་རྔམ་མཐུག་པའི་གྱང་ལྡེབས་སུ
སུ་ཞིག་གི་མཛུབ་མོས་སྒེའུ་ཁུང་ཞིག་བྲིས་སོང
སྟོངས་དྲགས་ནས་བར་སྲུབས་མེད་པའི་སྒེའུ་ཁུང་དེར
ཡུག་ཡུག་ཏུ་རྒྱུ་བའི་རླུང་བུ་ཞིག་ཀྱང་ཡང་ཡང་འཁོར
ཐང་ཆད་དེ་དམར་མདངས་ཆགས་པའི་མེ་ལོང
དེའི་དཀྱིལ་འཁོར་དུ་སྣང་བའི་ངོ་གདོང་སྐམ་པོ་ཞིག་གི་སྐད་སྒྲ
སུ་ཞིག་གི་རྣ་བས་ཉན་ཏེ སུ་ལ་སྒུགས་ཡོད
གློ་བུར་དུ་སྣ་སྦྲིད་ཅིག་བརྒྱབ་པ་དེས
ཕྱོགས་བཞིའི་གྱང་ལྡེབས་ལ་བྲག་ཅ་མང་པོ་ཡང་ཡང་འཁོར
བྲག་ཅ་དེས་རང་ཉིད་ཀྱང་བ་སྤུ་ཟིང་ངེར་བཟོས
རྒྱང་དུ་ཡལ་ཏེ་རྒྱབ་གཟུགས་མི་མཐོང་བའི་དུས་ཚོད
མགོ་བོ་སྐྱོར་ཏེ་སྦྲིད་ཀྱིན་པའི་ལག་པ་གཉིས་ཀྱི་མཛུབ་བར་ནས་ཤོར་ཞིང
ཡང་ཡང་རྔུབ་ཏེ་མཆུ་སྒྲོས་ཀྱང་བསྲེགས་ལ་ཉེ་བའི
ཐ་མག་གི་ལྷག་མ ཐལ་ཀོང་དུ་འཚང་ཁ་ཤིག་ཤིག་རུབ
སྐབས་འདིར རང་གཅིག་པུས་ཨ་རག་ཅིག་འཐུང་ངམ
ཨ་རག་ཅིག་འཐུང་ངམ
རྡུང་མཁན་མེད་པར་ཧད་དེ་ལུས་པའི་སྒོ་གླེགས་དེ སུ་ཡིན་ནམ
འབོད་མཁན་མེད་པར་ཉོབ་སེར་ལུས་པའི་ཁོར་ཡུག་དེ སུ་ཡིན་ནམ
ལྡེབས་ངོས་ཀྱི་མི་དེ་ཇི་འདྲས་སུན་པ་ལ
ལྡེབས་ངོས་ཀྱི་དུས་ཚོད་འཁོར་ལོ་དེ་ཇི་འདྲས་སུན་པ་ལ ཞེས་པ་དེའོ།།

  དངོས་གནས་སུན་པོ་ཡིན་ནའང་། འདི་ནི་ངའི་ཉིན་གཅིག་གི་འཚོ་བ་རེད། ངའི་བསམས་པར་གཞན་དག་ལ་མཚོན་ན་ཉིན་གཅིག་གི་དུས་ཚོད་དེ་ནི་དོན་སྙིང་ལྡན་ལ་ཕུན་སུམ་ཚོགས་པོ་ཞིག་ངེས་ཅན་དུ་ཡིན་ཏེ། མ་མཐའ་ཡང་ཁོ་ཚོས་དཔེ་ཀློག་གི་དུས་ཚོད་དང་། རྩོམ་འབྲི་ཡི་དུས་ཚོད། གྲོགས་པོ་དག་དང་མཉམ་འདུས་ཀྱི་དུས་ཚོད་སོགས་བཀོད་སྒྲིག་ཞིབ་ཚགས་ཀྱིས་ཡོད་ལ། ཆང་རེ་བཞེས་བའི་དབང་དུ་བཏང་ནའང་འདུ་ལོང་འཁྲུགས་པོ་ཡིན་ཞིང་གླུ་གར་གང་རུང་གིས་སྐྱོར་མ་བྱས་པ་ཞིག་ཡིན་སྲིད་སྙམ། ང་ནི་རང་གིས་བཟོས་པའི་མེ་ལོང་གི་བཅད་ཁང་ཞིག་ཏུ་ཚུད་པ་བཞིན་ཤེལ་གྱི་ལྡོག་འོད་དེས་རང་ཉིད་ཕྱོགས་བཞིའི་མེ་ལོང་ལས་སོ་སོར་གྱེས་ཏེ། ལག་པ་བཀྱག་ཙམ་དང་མགོ་བོ་དཀྲུག་ཙམ་བྱས་ནའང་རང་གི་ཁེར་རྐྱང་གི་གཟུགས་བརྙན་དེ་ཕྱོགས་བཞི་རུ་འགུལ་བཞིན་པའི་སྣང་བ་སྐྱེས་འོང་ཏེ། ཞང་ཞུང་བའི་ར་མ་ཎིའི་གཏམ་རྒྱུད་ལས། ཤེལ་གྱི་རྩིག་ངོས་རང་འགྲོགས་འོད་ཀྱི་སྣང་བས་སྐྱེངས་གྱུར་ཕྱི་ཕྱིར་བྲོས་ཤིང་བྱེར་བ་སྟེ།། ཁ་དོག་ལྔ་ཡི་རིན་ཆེན་ཀ་བ་གཡོ་མེད་བཙུགས་པའི་འཇའ་ཚོན་ཆུན་པོས་བརྒྱ་བྱིན་ལག་པ་སྟོང་བར་བྱེད།། ཅེས་པ་བཞིན་མེ་ལོང་ཁྲོད་ཀྱི་མི་དེའི་ཁ་གཏད་དུ་རང་ཉིད་ནམ་ཡང་རྒྱབ་ལོགས་ཤིག་ཏུ་ཡོད་ལ། མེ་ལོང་ཁྲོད་ཀྱི་མི་དེའི་ཁ་གཏད་དུ་བསྡད་ཚེ་རང་ཉིད་ནི་གཟུགས་བརྙན་ཞིག་ལས་མི་དངོས་མིན་ཞིང་། མེ་ལོང་གི་ཁ་གཏད་ནས་གཟུགས་བརྙན་དེ་ཡང་རྩད་ནས་མཐོང་ཡུལ་དུ་མེད་པ་ལྟར་གྱུར་ཡོད། བསམས་ཞིང་བསམས་ན། འདི་ནི་རང་གི་ཉིན་གཅིག་ཁོ་ནའང་ག་ལ་ཡིན་ཏེ། ཕལ་ཆེར་མི་ཚེ་གཅིག་ཀྱང་འདི་ལྟར་སྐྱེལ་བཞིན་ཡོད་དམ་སྙམ་ན། ཞེ་སྡུག་པའི་སྟེང་ལ་སྨྲེང་བ་ཞིག་ཀྱང་དོན་མེད་དུ་འཕྱོ་འོང་།

 

                      ༢༠༡༢ལོའི་ཟླ་གསུམ་པར་རྟ་བོར་ནས། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།