གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅན་མེ་སྟག་གི་སྙན་ངག་གསར་པ་ཁག་བདུན།

2018-08-18 15:33:26 གཅན་མེ་སྟག ཀློག་གྲངས། མཆན ཡོད།


                    དགོངས་དག

                               ___གྲོགས་མོsjcལགས་ལ།

ཁྱོད་ཀྱིས་ང་ལ་ཉིན་བདུན་སྟེར་ཟེར
གཟའ་ཟླ་བ་ནས་གཟའ་ཉི་མའི་བར་ཡིན་ནམ
ཁྱོད་ཀྱིས་ང་ལ་ཉིན་བཞི་སྟེར་ཟེར
དཔྱིད་དབྱར་སྟོན་དགུན་ཡིན་ནམ
ཁྱོད་ཀྱིས་ང་ལ་ཉིན་གསུམ་སྟེར་ཟེར
ཁ་སང་དང་དེ་རིང་སང་ཉིན་ཡིན་ནམ
ཁྱོད་ཀྱིས་ང་ལ་ཉིན་གཉིས་སྟེར་ཟེར
ཉིན་མོ་དང་མཚན་མོ་ཡིན་ནམ

གལ་ཏེ་ཁྱོད་ཀྱིས་ང་ལ་ཉིན་གཅིག་གནང་བ་ཡིན་ཚེ
དེ་ནི་ངའི་ཁེར་རྐྱང་གི་ཉིན་མོ་རེ་རེ་ཡིན་སྲིད

དོན་དངོས་སུ
ང་ལ་ཡུད་ཙམ་གྱིས་ཆོག་སྟེ
སྐར་ཆ་ལས་ཆེ་ཙམ་དང
དུས་ཚོད་ལས་ཆུང་ཙམ་སྟེ
ལྡོང་རོས་རྐང་གཅིག་ཏུ་བརྒྱུས་ཚེ
སེམས་པ་འདི་སྦར་ཆོག་ཅིང
ལག་འཇུ་ཐེངས་གཅིག་བྱས་ཚེ
ཚེ་སྲོག་གི་ཟབ་སར་མཉམ་དུ་བགྲོད་ཆོག་པའི
སྐད་ཅིག་ཙམ་གྱི
མཉམ་འཛོམས་ཙམ་གྱི
མཆུ་སྦྱོར་ཐེངས་གཅིག་གིས་ཆོག་གོ

སྡུག་གི་མུན་པ་ཡིན་ན་འདྲ
སྐྱིད་ཀྱི་ཉི་མ་ཡིན་ན་འདྲ
ལག་པའི་མཐེ་བོང་ཡིན་ན་འདྲ
རྐང་བའི་མཛུབ་ཆུང་ཡིན་ན་འདྲ
མི་ཟེར་བ་འདི
སྐད་ཅིག་ཙམ་ལས་མི་འདུག

                     ངོ་གདོང་།

ཞོགས་པར
ངས་ངོ་གདོང་ཐེངས་གཅིག་བཀྲུས་རྗེས
སླར་ཡང་ཐེངས་གཅིག་བཀྲུས
དེ་ནས་བསམ་བློ་ཞིག་བཏང་སྟེ
ཡང་བསྐྱར་ཐེངས་གཅིག་བཀྲུས་ཤིང
ད་དུང་ཐེངས་གཅིག་བཀྲུ་དགོས་བསམས

ཞོགས་པ་དེར
ངས་ངོ་གདོང་ཧྲིལ་བོ་ཆུ་ནང་དུ་བསྣུབས་དུས

ངས་ངོ་གདོང་མང་པོ་ཞིག་མཐོང་སོང
ཉག་མེད་འབུར་མེད་ཀྱི་ཉ་ཡི་ངོ་གདོང
ཆགས་མེད་སྐྱོ་མེད་ཀྱི་རྟ་ཡི་ངོ་གདོང
ད་དུང་རྫ་ཙིག་གི་ངོ་གདོང  སྤྲེལ་གྱི་ངོ་གདོང
འབའ་འབུར་ཙག་ཙག་གི་འབྲི་སེའུ་ཡི་ངོ་གདོང
ཤེལ་ལྟ་བུའི་ངོ་གདོང   སུ་ཞིག་གི་དོར་ཐུང་ལྟ་བུའི་ངོ་གདོང
གཉེར་མ་ཅན་གྱི་ངོ་གདོང   ནུ་ཏོག་བཞིན་གྱི་ངོ་གདོང

ཡིན་ནའང་ད་ལྟ   ང་ཧ་ཅང་དགའ་སྟེ
ཞོགས་པ་དེར
ངའི་ངོ་གདོང་ཆུ་ནང་ནས་བཞུར་ཏེ
ཆུ་སྦུག་གི་གཏིང་དུ་ཡལ་བས
ད་ལྟ   ང་ལ་ངོ་གདོང་མེད་དོ

              ཞོགས་པའི་སྙན་ངག

ཞོགས་པར
ངས      མགོ་བོ་བཀྲུ་བཞིན་ཡོད

སྐྲ་ལོ་བརླན་མ་བརླན་ཙམ་ལ
ཆུ   གློ་བུར་དུ་ཆད་སོང
ཁ་རོག་གེར་ཉན་ཚེ
ཆུ   ཆུ་སྦུག་གི་ནང་ན་གྲགས་བཞིན་འདུག

ཆུ་ཐིགས་རེ་གཉིས་ཤིག
འདར་ཡོམ་རྒྱག་བཞིན   ངའི་སྐེ་རུ་ལྷུང

མེ་ལོང་བརྒྱུད་ནས
ངས་སྐྲ་གསེབ་ཀྱི   འཁྱག་གྲང་དེ་ཚོར

སྐྲ་ལོ   ཆར་གྱིས་བརླན་པའི་ལྗོན་ཤིང་བཞིན
ཡལ་ག་རེ་རེ་ནས་ཆུ་ཟགས་འོང

གློ་བུར་བའི་ཚོར་བ་དེ
གློ་བུར་བའི    ཆུ་ཐིགས་ཤིག་ཏུ་གྱུར་ཏེ

ངའི་དཔྲལ་བ་དང་སྒལ་གཞོང་དུ
སྙན་ངག་རྐང་བ་གཅིག་བྲིས

འཁྱག་སིལ་སིལ་གྱིས
སྙན་ངག་རྐང་བ་གཉིས་བྲིས

                      ཉིན་ཐོ།

མདང་དགོང་ར་བཟི་སྟེ
ད་ནིངས་གཉིད་ལས་སད་དུས
མིང་མི་ཤེས་པའི་མགྲོན་ཁང་ཞིག་ཏུ་ཉལ་འདུག
གློ་བུར་དངངས་འཚབ་ཅིག་སྐྱེས་ཏེ
ལག་པས་ལུས་ལ་རེག་རེག་ཅིག་བྱས་པར
ཨོ  རྒྱབ་ཁུག་བོར་མི་འདུག
ཁ་པར་བོར་མི་འདུག
མིག་ཤེལ་བཅག་མི་འདུག
ཐ་ན  ཟ་ལེ་རྒྱལ་གྱི་སྡོམ་པའང་ཤོར་མི་འདུག
དེ་ན   མུ་མཐུད་དུ་ཉལ་ཡ
ཅི་བྱུང་ན་བྱུང

                      ལག་མཐིལ་གྱི་རི་མོ།

ལག་མཐིལ་གྱི་རི་མོ་ནི
ལས་དབང་གི་རི་མོ་ཡིན་ཟེར

རི་མོ་དེར་བལྟ་བཞིན
ངས་མ་འོངས་པ་ཞིག་དྲན་འོང

ཡིན་ནའང
ད་ལྟ་བ་དང་འདས་པ་མི་འདུག

བལྟས་འོང་ན
ལག་པ་འདི་ཡང་ཆེ་རྒྱུ་མི་འདུག

འདི་ལྟ་བུའི་ལག་མཐིལ་ཞིག་ལ

ངའི་ཚེ་གང་གི་ལས་དབང་ཇི་ལྟར་ཤོང

                    ཕྱེད་ཀ

འཇའ་ཚོན་ཤར་བྱུང
ཡིན་ནའང་ཕྱེད་ཀ་ལས་མི་འདུག

ཕྱེད་ཀ་ཞིག་ཐོག་གིས་བཅད་དེ
སྤྲིན་ནག་གིས་བསྡུས་སོང

དེ་ལྟར་ན  ཕྱེད་ཀ་ནི་ཉི་འོད་དང་བཅས་པའི
སྔོ་བསངས་ཀྱི་འཇིག་རྟེན་རེད

ཕྱེད་ཀ་ནི་གློག་ཞགས་དང་བཅས་པའི
རྔམ་གནག་གི་འཇིག་རྟེན་རེད

 
                     རྙིད།

                           ____གྲོགས་མོ་ཞིག་གི་གཉེན་སྟོན་ལ་བྲིས་པ།

ཟླ་བཞི་བའི་མེ་ཏོག
ཟླ་བརྒྱད་པར་རྙིད་སོང

ཟླ་བརྒྱད་པའི་མེ་ཏོག
ཟླ་བཅུ་བར་རྙིད་སོང

ཟླ་བཅུ་བའི་མེ་ཏོག
ཟླ་བཅུ་གཅིག་པར་རྙིད་སོང

ཁྱོད་ཀྱི་མེ་ཏོག
དོ་དགོང་རྙིད་ངེས

 

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།