གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངེད་ཅག་དངོས་གནས་སྤྱང་བོ་ཡོད་དམ།༼ལྷུག་རྩོམ༽

2014-05-30 13:47:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

 
  དེང་འདིར་སློབ་གྲྭར་སོང་བ་དང་། རོང་འབྲོག་པའི་འཚོ་བར་བྲལ་བའི་བོད་མི་མང་པོ་ཞིག་གིས་རང་ཉིད་ནི་སྔར་བཞིན་ཕ་ས་ཕ་ཡུལ་བསྲུངས་ཏེ་བསྡད་ཡོད་པའི་མི་དེ་ཚོ་ལས་སྤྱང་བོ་ཡིན་སྙམ་གྱིན་འདུག་ལ། ཏག་ཏག་རང་གི་རྒྱུད་ཀྱི་ཤེས་ཡོན་གྱི་འབྲུ་རྐང་རིང་ལ་འབྲུ་སྙེ་ཁུར་གྱིས་ལྕི་ཡོད་སྙམ་པའི་ང་རྒྱལ་དེའི་རྐྱེན་གྱིས། ཁོ་ཚོས“ཕྱིར་ཕ་ཡུལ་ལ་ལྟ་དུས། ཕ་ཡུལ་ཧ་ཅང་ཆུང”ཟེར་གྱིན་ཡོད་པ་དང་། བརྡ་སྤྲོད་ཀྱི་སྒྲོམ་ལ་གས་ཆག་ཤོར་བའི་སྐད་ཆ་རིགས་ཤིག་འཆད་ཀྱིན་ཡོད།
 
  ཁོ་ཚོས་རང་ཉིད་དང་རོང་འབྲོག་པའི་བར་གྱི་ཁྱད་པར་འབྱེད་བྱེད་གཙོ་བོ་ནི་ཡི་གེ་ཤེས་མིན་དེ་ཡིན་པས། རང་གིས་ཡིག་རྡོག་འགའ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་དེ་ཚོར“ཡིག་རྨོངས་པ”ཟེར་བ་དང་། གྲོང་ཁྱེར་དུ་བསླེབས་ཚེ་མགོ་འཁོར་འགྲོ་བ་སོགས་དེ་ཚོས་“་ཅི་ཡང་མི་ཤེས་པའི”རྒྱུ་མཚན་དུ་བགྲང་གིན་འདུག
  དེ་ལས་ལྡོག་སྟེ་རང་ཉིད་ཀྱིས་དཔེ་དེབ་ངོས་སུ་ཡོད་པའི་རྣམ་གྲངས་འགའ་འདྲེན་ཤེས་པ་དང་། རྡོ་ཆག་བཙན་སྒྲིག་བྱས་པ་ལྟ་བུའི་རྗོད་པ་འགའ་ངག་ཏུ་ལེན་ཤེས་པ་དེ་འཇོན་ཐང་ཁྱད་པར་བ་ཞིག་ཏུ་རྩི་བཞིན་པ་རེད།
  གལ་སྲིད་གོང་གི་ཁྱད་པར་དེ་ཙམ་གྱིས་ཤེས་ཡོན་པ་དང་བླུན་པོ་ཞེས་མི་རྣམས་རིགས་གཉིས་སུ་བཀར་ཚེ་ཁྱེད་ལ་ཁ་ལག་བཟོ་མཁན་དང་། ཁྱེད་ཀྱི་ཁོར་ཡུག་གི་མི་གཙང་བ་རྣམས་གཙང་མར་བཟོ་མཁན། ཁྱེད་ཀྱི་མཐོང་ལམ་དུ་ལྗོན་པ་འཛུགས་མཁན་ཚང་མ་བླུན་པོ་ཡིན་སྲིད་ལ། ཤེས་ཡོན་པ་ཟེར་བ་དེ་ནི་རྟག་པར་གློག་ཀླད་ཀྱི་ངོས་ལ་ཅེར་བ་ལས་ལས་ཀ་གཞན་གང་ཡང་མི་སྒྲུབ་པར་འབྲུ་རིགས་ལོངས་སུ་སྤྱད་དེ་ཕྱིར་གད་སྙིགས་འདོར་མཁན་དེ་ཚོ་ཡིན་སྲིད་དམ།
 
  རང་རེར་མཚོན་ན། སློབ་གྲྭའི་ནང་གི་སྦྱོང་བྱ་ནི་སྐད་ཡིག་ཙམ་དང་བསམ་བློའི་སློབ་གསོ་ཙམ་ཡིན་པས་སློབ་མཐར་ཕྱིན་དུས་སུ་བཤད་རྒྱུ་ཞིག་གམ་འབྲི་རྒྱུ་ཞིག་ལ་མ་འཕྲད་ཚེ་ཅི་ཡང་མི་ནུས་པར་ལྟ་བུར་གྱུར་ཡོད། དེའི་ཕྱིར་ཞིབ་འཇུག་ཁང་དང་། སློབ་གྲྭ། སྲིད་གཞུང་། རྩོམ་སྒྲིག་ཁང་སོགས་ནི་ཁོ་ཚོའི་ལས་ཀ་སྒྲུབ་ས་གཙོ་བོར་གྱུར་ཡོད་པ་དང་ཏག་ཏག་ཁོ་ཚོ་ནི་ལས་ཁུངས་དེ་དག་གི་བཤད་མཁན་དང་འབྲི་མཁན་དུ་གྱུར་ཡོད་པ་རེད། དེ་བས་འབྲོག་པ་ཚོས་ནོར་ལུག་བོར་སྟོར་བྱུང་ཚེ་ཁོ་ཚོ་བཙལ་ཏེ“ང་ལ་རྩད་ཡིག་ཅིག་ཨེ་འབྲི”ཟེར་བ་དང་། རོང་བ་ཚོས་བདག་དབང་ལ་གནོད་པ་ཐེབས་ཚེ“ང་ལ་གཏུག་ཡིག་ཅིག་ཨེ་འབྲི”ཟེར་བ་རེད།
 
  བཤད་མཁན་དང་འབྲི་མཁན་དག་ལས་ཕལ་ཆེ་བས་རྟ་ཞོན་པ་དང་། ཤགས་འགྱེད་པ། ཆུར་རྐྱལ་བ། སྒྲུང་བཤད་པ། གྱོད་འདུམ་པ་སོགས་མི་ཤེས་པར་མ་ཟད་ལུག་བཤའ་བ་དང་། བསང་ཕུད་པ། ཁལ་འགེལ་བ། མཚན་འགྲུལ་བྱེད་ཚུལ་སོགས་ཀྱང་མི་ཤེས། ཁོ་ཚོས་གྲོང་དང་གྲོང་རྡལ་གྱི་གཞུང་ལས་ཁང་དག་ཏུ“ཀྱེ་སྦྲ་ནག ཀྱེ་ཕ་ཡུལ།”ཞེས་འབོད་ཀྱིན་པ་ལས་དོན་དམ་སྦྲ་ཇི་ལྟར་དབུབ་དགོས་པ་མི་ཤེས་ལ། དེ་བཞིན་ཕ་ཡུལ་ཞེས་པའི་ངོ་བོ་ཉིད་ནི་ཇི་ལྟ་བུ་ཞིག་ཡིན་པ་མི་ཤེས།
 
  ཡིན་ནའང་ཁོ་ཚོས་རང་ཉིད་ནི་དེ་དག་ཤེས་མཁན་གྱི་མི་དག་ལས་སྤྱང་བོ་ཡིན་སྙམ་གྱིན་ཡོད་ལ། དོན་གང་ཞིག་ལའང་མདུང་རྩེ་སྤྲད་དེ་དགག་པ་གཏོང་བར་གོམས་ཡོད་པས། སྲོལ་རྒྱུན་དང་དེང་རབས་ཞེས་མིག་མདུན་གྱི་དངོས་པོ་མཐའ་དག་རིགས་གཉིས་སུ་ལས་སླ་བོར་དགར་གྱིན་ཡོད། དེ་ལྟ་ནའང་ཁོ་ཚོ་ཕལ་ཆེ་བས་ཤེས་བྱ་དང་ཤེས་རབ་གཉིས་ངོ་བོ་གཅིག་ཏུ་འཛིན་པར་བྱེད་ཅིང་། རྒྱལ་ཁབ་ཅིག་གི་རྒྱལ་སའི་མིང་ལ་ཅི་ཟེར་བ་དང་། མིའི་རིགས་རིག་པར་རིག་ཚན་དུ་ཡོད་པ། ཨ་ལེ་ཡིས<<ཉལ་ཐའི་མེ་ཏོག་དམར་པོ>>རུ་ཅི་ཞིག་བྲིས་ཡོད་པ། ༢༠༠༣ལོར་ནོ་པེལ་གྱི་རྩོམ་རིག་བྱ་དགའ་སུ་ལ་ཐོབ་པ་སོགས་ཤེས་པ་ཙམ་གྱིས་རང་ཉིད་ལ་ཤེས་རབ་ལྡན་པར་སྙམ་གྱིན་ཡོད་ཅིང་། དེ་ཙམ་ཤེས་པ་རྒྱུ་མཚན་དུ་ཤེས་ཏེ་དེ་དག་མི་ཤེས་པ་རྣམས་ནི་བླུན་པོར་རྩི་བཞིན་ཡོད་དེ། ཁོ་ཚོའི་གདོང་ལེན་པ་དོན་གྲུབ་རྒྱལ་གྱིས“རྗེས་ལུས། ཀླ་ཀློ། མུན་ནག ལོག་སྤྱོད་སོགས་ང་ཚོའི་མི་རབས་འདིར་གནས་ཡུལ་གཏན་ནས་མེད”ཟེར་མྱོང་།
 
  ཐ་སྙད་ཅིག་བརྗེས་པ་ཙམ་གྱིས་ངེད་ཅག་མགོ་འཁོར་འགྲོ་བ་དང་། རྗོད་སྟངས་ཤིག་བོར་བ་ཙམ་གྱིས་ངེད་ཅག་ཅི་བྱ་གཏོལ་བྲལ་དུ་གྱུར་འགྲོ། རྒྱ་མིས“ཁྱི་འཚབ་ན་གྱང་ཁར་མཆོངས”ཟེར། ཉི་ཟླའི་བགྲོད་ལམ་ལ་འགྱུར་བ་མེད་ཅིང་དབྱར་དགུན་སྟོན་དཔྱིད་ཀྱི་འཁོར་ལོ་རྟག་པར་འཁོར། ཏག་ཏག་འཚབ་དྲགས་པ་དང་སྙིང་བོ་བོར་བ་དག་ནི་སྡོམ་ཚིག་འཇོག་པ་དང་ཐལ་མཐའི་ལམ་དུ་འཇུག
  དེ་སྔོན་བདག་གིས་རང་གི་གྲོགས་པོ་ཞིག་ལ། ཞིབ་ཏུ་བསམ་ན་འཇིག་རྟེན་གྱི་མྱོང་བ་དང་མི་ཚེའི་གོ་རྟོགས་ཀྱི་ཕྱོགས་ནས་ངེད་ཅག་ནི་འབྲོག་ཕྱོགས་ཀྱི་ཕ་མ་སྤུན་མཆེད་དེ་ཚོ་ལ་དོ་བར་མི་འདུག་ཅེས་སྨྲས་པ་ཡིན། ངའི་གྲོགས་པོ་དེ་ནི་དོན་གང་ལའང་ཚོར་བ་རབ་ཏུ་རྣོ་བའི་མི་ཞིག་ཡིན་ཏེ། ཁོང་གིས་ཁ་ལག་བཟའ་སྐབས་དེ་ཉིད་གཙང་མ་ཡིན་མིན་དང་། ནམ་ཞིག་ལ་ཟས་གང་ཞིག་སྤྱད་ན་ལེགས་པ་སོགས་ལ་ཤིན་ཏུ་གཟབ་ཅིང་། ལུས་ཕུང་སྦྱོང་བརྡར་བྱེད་པ་དང་། དུས་ལྟར་ཉལ་བ། དོན་གང་ཞིག་སྒྲུབ་ཀྱང་དེའི་མགོ་རྔ་ཐམས་ཅད་ལ་ལེགས་པར་བརྟག་མཁན་ཞིག་ཡིན། ད་ལོའི་དཔྱིད་ཀར། ཁོའི་ཕ་མ་གཉིས་ཁོ་རང་ཡོད་སའི་གྲོང་ཁྱེར་དུ་འོངས་ཏེ་ཟླ་བ་གཅིག་ལ་བསྡད། སྐབས་དེར་ཁོའི་པཱ་ལགས་ནི་རང་གི་བུ་ཕྲུག་གིས་དོན་ཐམས་ཅད་ལ་དེ་འདྲའི་ཚོར་བ་རྣོ་ཞིང་ལེགས་པར་བརྟག་པའི་སྤྱོད་ལམ་དེས་མི་བདེ་བར་བཏང་བ་འདྲ་སྟེ། པཱ་ལགས་ཀྱིས་ཁོ་ཚང་གི་ནང་མི་ཚང་མའི་གྲས་ནས“ཁོ་ལ་རྒྱ་ཞད་ཆེ་བར་འདུག”ཟེར། སྤྱིར་བཏང་རང་ཉིད་སྤྱང་པོར་རློམ་པར་གོམས་པའི་ངེད་ཅག་གིས་པཱ་ལགས་ཀྱི་སྐད་ཆ་དེ་གཏིང་ཟབ་མིན་དང་དེ་ལ་གོ་བ་ཅི་འདྲ་ཡོད་མིན་སོགས་ལ་དཔྱད་མི་སྲིད་པར་དཔེ་དེབ་གང་ཞིག་བཀླགས་པ་དང་། དེ་རུ་ཅི་ཞིག་བྲིས་ཡོད་པ། ཡང་ན་འཛམ་གླིང་གི་མི་ཆེན་སུ་ཞིག་གིས་སྐད་ཆ་ཅི་ཞིག་བཤད་མྱོང་བ་སོགས་བསྐྱར་དུ་ཟློ་བར་དགའ་བོ་ཡོད་པས་ངའི་གྲོགས་པོས་ཀྱང་དེ་བཞིན་བྱས་པ་སྨོས་ཅི་དགོས། ཉིན་འགའི་སྔོན་དུ་ངས་ཉི་ཧོང་གི་རྩོམ་པ་པོ་ཝ་ཐ་ནེ་བྷེ·ཇོ་ནི་ཆི་ཡི་སྐད་གྲགས་ཆེ་བའི་རྩོམ<<ཚོར་བ་རྟུལ་བའི་སྟོབས>>ཞེས་པ་དེ་བཀླགས་ཤིང་། དེབ་དེ་རུ་མི་ཞིག་ལ་མཚོན་ན་དོན་གང་ལའང་ཚོར་བ་རབ་ཏུ་རྣོ་བ་ནི་མི་གཤིས་ཀྱི་ཞན་ཆ་ཞིག་ཡིན་པ་དཔེ་རུ་དྲངས་ཏེ་ཚོར་བ་རྣོ་བའི་མི་ཡིས་ཕམ་ཁ་མང་པོ་མྱངས་པ་བརྗོད་ཡོད་པ་དང་། དེ་ལས་ལྡོག་སྟེ“ཚོར་བ་རྟུལ་བའི་སྟོབས”(钝感力)ཅན་དག་ནི་ཤེས་རབ་ཆེ་ཞིང་གང་གིས་ཀྱང་ཞུམ་པར་མི་ནུས་པ་རིག་པས་བསྒྲུབས་འདུག
  ངས་གྲོགས་པོར“ཁྱོད་ཀྱིས་པཱ་ལགས་ཀྱིས་དོན་དུ་ཁྱོད་ལ་ཚོར་བ་རྟུལ་བོ་བྱེད་དགོས་པ་བཤད་ཀྱིན་ཡོད་པ་རེད། འོན་ཀྱང་ཁོང་གིས་ཐ་སྙད་དེ་མ་བཀོལ་བ་རེད། རྒྱ་ཞད་ཅེས་པ་དེ་ཚོར་བ་རྣོ་བ་ལ་ཤོད་ཀྱིན་པ་རེད”ཅེས་བཤད། 
  ཉི་ཧོང་གི་གྲགས་རྩོམ་དེ་བཀླགས་ཚེ་ངེད་ཅག་གིས་དོན་དེ་ནི་གསར་བ་ཞིག་རེད་སྙམ་པ་དང་། མི་ཚེའི་མྱོང་སྟོབས་ལ་བརྟེན་ཏེ་དེའི་བརྗོད་དོན་ཁོང་དུ་ཆུད་ཡོད་པའི་མི་རྣམས་ལ་ངེད་ཅག་གིས་ཁ་ཡ་བྱ་མི་སྲིད་པ་རེད།
  དེང་གི་དུས་འདིར། བརྡ་འཕྲིན་སྣ་ཚོགས་ཀྱིས་གྲོང་ཁྱེར་གྱི་མཁའ་རླུང་བཙོག་པ་དང་། དུག་སྦྲང་དེ་དག་དང་འདྲ་བར་ངེད་ཅག་གིས་མཐའ་ནས་སྐོར་ཅིང་། སྡོད་ཁང་ཉོ་བ་དང་། མི་འབྲེལ་འཛུགས་པ། ལས་ཐོབ་འཕར་བ། བུ་བུ་མོར་སློབ་གསོ་གཏོང་བ། དཔང་ཡིག་སྣ་ཚོགས་བཟོ་བ་སོགས་རྙོག་དྲ་དག་གིས་ངེད་ཅག་ཡར་ལ་འདྲུད་ཅིང་མར་ལ་འཐེན་པར་བྱེད། ངེད་ཅག་གི་རྐང་འོག་གི་སྤང་ལྗོངས་་དང་མགོ་ཐོག་གི་ནམ་མཁའ་ནི་ཞིང་ཁམས་ཤིག་རྨི་ལམ་དུ་སྣང་བ་བཞིན་ཡལ་བར་གྱུར། 
  ཨར་འདམ་གྱི་རྡོ་གཅལ་ཚ་བོ་རྒལ་བཞིན་མིས་བཟོས་མཚེའུ་ཞིག་མིག་ལམ་དུ་མངོན་པའི་ཚེ་ན། ངེད་ཅག་ལ་ངལ་གསོ་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེ་དོན་ཅི་ཡིན་ནམ། ངེད་ཅག་དངོས་གནས་སྤྱང་པོ་ཡོད་དམ།

           

                                                    ༢༠༡༤ལོའི་ཟླ་༥བའི་ཚེས་༣༠ཉིན་བྲིས་པ་དགེའོ།།

                                                                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།