གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྡུང་ལེན་པ་དོན་གྲུབ།༼ བརྩམས་སྒྲུང ༽

2014-05-28 11:30:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

  ངེད་ཚོའི་ཡུལ་ནས་ཐེངས་དང་པོར་རྟ་རྒྱུགས་འགྲན་ཚོགས་ཆེན་མོ་སྡུད་པའི་ལོ་དེར་རྡུང་ལེན་པ་དོན་གྲུབ་ལ་སྐད་གྲགས་ཤིན་ཏུ་ཆེ་ཞིང་། ངས་ཀྱང་ཁོའི་རྡུང་ལེན<<ཆུང་གྲོགས་ཁྱོད་ཀྱི་ཞལ་རས>>ཞེས་པ་ང་རང་གི་ཨེམ་ཕི་གསུམ་པར(MP3)བླུགས་ཏེ་ཡང་ཡང་ཉན་པ་ཡིན།ལོ་དེར་མི་འགའ་ཞིག་གིས་ཁོའི་སྐད་ངག་ནི་བདུད་བྷེ་ལས་ཀྱང་སྙན་ཟེར་བ་དང་།ཡང་ལ་ལས་ཁོའི་སྐད་ངག་སྙན་པ་བདེན་མོད་བདུད་བྷེ་ལས་ལྷག་པ་ཞིག་ཡིན་སྲོལ་མེད་ཟེར་བས།ལྟ་ཚུལ་དེ་གཉིས་སོ་སོར་འཛིན་མཁན་གྱི་ཕོ་གསར་གཉིས་ཀྱིས་ཆང་ཁང་ཞིག་ནས་འཛིང་མོའང་བཀྱེས་མྱོང་། དེའང་ངེད་ཚང་གི་འབྲོག་ཁྱིམ་ནི་རྫོང་མཁར་དང་བར་ཐག་ཤིན་ཏུ་ཉེ་བའི་སར་ཡོད། ༢༠༠༨ལོ་ནས་བཟུང་ངེད་ཚང་གིས་འོ་མ་དཀྲུགས་ཏེ་མར་ལེན་པ་ལས་འོ་མ་རྗེན་པར་བཙོང་ན་ཡོང་འབབ་མང་བ་ཤེས་ནས་ང་རང་རྫོང་མཁར་དུ་འོ་མ་བཙོང་བར་སོང་།
  ང་རང་འོ་མ་བཙོང་བར་སོང་བའི་ཉིན་གསུམ་པར། ངས་ཏག་ཏག་གྲོང་དུ་སྤོས་མ་ཐག་པའི་འབྲོག་པ་ཚང་ཞིག་གི་ཁྱིམ་མི་གང་བོས་ཁོང་ཚང་གི་གྲོང་ཆོག་པ་དང་མཉམ་དུ་རྡུང་ལེན་པ་དོན་གྲུབ་ཀྱི་སྐོར་གླེང་བ་ཐོས་ཤིང་། དེ་ནས་བཟུང་བདག་གིས་ཀྱང་ཁོའི་གཞས་ལ་ཉན་པའི་ཞོར་དུ་ཁོའི་སྐོར་གྱི་སྐད་ཆ་སྣ་ཚོགས་ལ་མཉམ་འཇོག་བྱས་པ་ཡིན། 
 
  ༢༠༠༩ལོའི་སྟོན་ཁར་མི་རྣམས་ཀྱིས་རྡུང་ལེན་པ་དོན་གྲུབ་ཀྱི་སྐད་ངག་ཡོངས་སུ་ཉམས་ཟིན་པ་དང་། ཁོ་རང་མི་མང་འཚོགས་སར་འགྲོ་མ་ཕོད་པར་གཅིག་པུར་ཁྱིམ་དུ་བསྒོངས་འདུག་ཟེར་བ་སོགས་གཏམ་སྣ་ཚོགས་གླེང་ཞིང་། གཏམ་དེ་དག་གི་དཔང་བོ་ལྟ་བུར་ཁོས་ར་བཟི་སྟེ་གཞས་བཏང་ནའང་སྐད་མགོ་མཐོན་པོར་འགྱོགས་དུས་ཡོངས་སུ་འགག་སོང་བས་གམ་གྱི་མི་རྣམས་ཀྱིས་ཁོ་ལ་འཕྱ་སྨོད་བཏང་བ་དང་། དེ་འཕྲལ་ཁོས་མཎ་དོ་ལ1ཐོགས་ཏེ་མི་ཞིག་གི་མགོ་ལ་གཞུས་པའི་འགུལ་བརྙན་ཞིག་ཐམས་ཅད་ཀྱིས་ཁ་པར་ནས་ཕར་སྐུར་ཚུར་སྐུར་བྱས། 
 
  ༢༠༡༠ལོའི་དགུན་ཁར། སྲང་གི་མགོ་རྔ་བར་གསུམ་དུ་རྡུལ་རླུང་དག་ཇག་པ་རྒྱུགས་པ་བཞིན་ཉིན་མང་པོར་འཚུབ་རྗེས་ཤིན་ཏུ་དྲག་དཀའ་བའི་ཆམ་ནད་ལྕི་མོ་ཞིག་གིས་གྲོང་མི་ཕལ་ཆེ་བ་མནར་ཅིང་། ནད་བཅོས་པའི་ལས་ཀ་ཡུན་རིང་བོར་བསྐྱུར་ཏེ་ཁྱིམ་དུ་ངལ་གསོས་ཡོད་པའི་སྨན་པ་དཔལ་ལྡན་གྱིས་ཀྱང་ཚོང་མ་བྲིན་པར་སྒོ་བརྒྱབ་ཟིན་པའི་གྱོན་ཆས་ཚོང་ཁང་ཞིག་སྨན་ཁང་དུ་བསྒྱུར་ཏེ་ཁལ་གཡག་ཆད་པོ་རེ་དང་འདྲ་བའི་ནད་པ་དག་དེར་བསུས་ཏེ་གནམ་ཁབ་རྒྱག་མགོ་བརྩམས། དེ་དང་ལྷན་ཅིག་ག་ས་ག་རུ་བུས་པ་དང་སློབ་ཆུང་སློབ་མ་དག་ཟོག་རྫི་ངན་པ་དག་གི་སྒོ་ཟོག་ལྟར་བོར་སོང་བའི་གཏམ་སྣ་ཚོགས་མཆེད་ཅིང་། ཁྱིམ་བདག་ཚོས་ཆམ་ནད་ཀྱིས་བསྐྱུར་མ་ཐག་པའི་ཕྲུ་གུ་རྣམས་ལག་པས་ཁྲིད་དེ་སློབ་གྲྭའི་སྒོ་དྲུང་དུ་བསྐྱལ། རྒྱ་མཚོ་ཟེར་བ་ཞིག་གིས་བྱིས་པ་ལག་པས་ཁྲིད་ཡོད་ནའང་ཡོད་མེད་ལ་སེམས་ཁྲལ་བྱ་དགོས་པས་ཡང་ཡང་དུ་མིག་གིས་བལྟ་དགོས་པར་འདུག་ཟེར་བའི་གཏམ་དེའང་གང་སར་ཁྱབ། དུས་དེར། མི་རྣམས་ཀྱིས་ལུད་པ་ལུ་ཞོར་དུ་རྡུང་ལེན་པ་དོན་གྲུབ་ཀྱི་སྐོར་ཐན་ཐུན་རེ་གླེང་བ་དང་། འགའ་ཞིག་གིས་ཁོས་མཛོད་དགེ་རྫོང་ན་སྨད་འཚོང་མ་ཞིག་ཆུང་མར་བླངས་ནས་ཟ་ཁང་ཆུང་ཆུང་ཞིག་གཉེར་བཞིན་འདུག་ཟེར་ལ། ཡང་ལ་ལས་ཁོས་ལྷ་སའི་ནང་མ་ཁང་ཞིག་གི་ཞབས་ཞུ་བ་བྱས་འདུག་ཟེར།    
  ༢༠༡༡ལོའི་དབྱར་ཁར། སླར་ཡང་རྟ་རྒྱུགས་འགྲན་ཚོགས་གཟབ་རྒྱས་ཆེ་བ་ཞིག་བསྡུས་པ་དང་། སྲིད་གཞུང་གིས་རྫོང་མཐའི་ཐང་སྟོང་དག་ཏུ་གྲོང་མི་ཐམས་ཅད་ལ་རས་གུར་ཕུབ་སྟེ་ཤིང་སློང་བྱེད་དུ་བཅུག དེར་རྟ་རྒྱུགས་ལས་གཞན་གཡག་དང་། ལུག ཁྱི་བཅས་ཀྱི་གཟུགས་གཞིའི་ཆེ་ཆུང་འགྲན་པ་དང་། མི་དང་མིའི་ལུས་ཀྱི་སྟོབས་འགྲན་པ། མ་སྲུ་ཚོའི་ལག་ཟས་ཀྱི་བཟང་ངན་འགྲན་པ་སོགས་ལས་གཞན། སྒྲུང་བཤད་པ་དང་། གཞས་གཏོང་བ། ཤགས་འགྱེད་པ་སོགས་སྤྲོ་ཚོགས་སྣ་ཚོགས་ཡོད་པས་གྲོང་མཐའི་རྫི་བོ་འགའ་ཞིག་གིས་ཁྱིམ་ཞེས་པའི་ཕྱིར་ལོག་ས་ཞིག་ཡོད་པའང་རྩ་བ་ནས་བརྗེད་སྐད། དུས་དེ་ནས་བཟུང་། རྡུང་ལེན་པ་དོན་གྲུབ་ཀྱི་སྐོར་གླེང་མཁན་ཤིན་ཏུ་ཉུང་བ་སྟེ། དུས་རྒྱུན་པར་ངའི་ས་ནས་འོ་མ་ཉོ་མཁན་གྱི་ལས་བྱེད་པ་ཞིག་ལ་ཁོའི་སྐོར་དྲིས་པ་ན། “ ཁྱོད་ཀྱིས་སུ་ཟེར་བ་ཡིན། སྐད་ངག་ཉམས་སོང་བའི་རྡུང་ལེན་པ་དེ་ཟེར་བ་ཡིན་ནམ། ཁོའི་མིང་ལ་དོན་རྒྱལ་ཟེར་བ་མིན་ནམ”ཟེར།
 
  ༢༠༡༢ལོར། ང་རང་མོ་ལོ་ཉི་ཤུར་བུད། ངེད་ཚང་གི་རྩྭ་སའི་ཕྱེད་ཀ་ཙམ་བྱེ་མས་ཟོས་ཚར་བའི་ཁར། ལོ་དེའི་དགུན་ཁའི་ཆམ་ནད་དང་འདྲ་བའི་ཕྱུགས་ནད་ཅིག་གང་སར་མཆེད་པས། ཤི་བ་དང་བཙོང་བ་བསྡོམས་ཚེ་ངེད་ཚང་གི་སྒོ་ཟོག་གི་ཕྱེད་ཀ་ཙམ་མེད་པར་གྱུར། ཨ་མས་རྫོང་མཁར་གྱི་ཚོང་ཁྲོམ་ཞིག་ནས་ལྭ་བ་བཟོ་ཁང་ཞིག་ཕྱེ་བ་དང་། ཨ་ཕ་ནི་དུས་རྒྱུན་པར་རྒས་འཁོགས་དག་འདུས་ཏེ་ཤོག་ཕེ2རྩེད་ས་ཞིག་ཡོད་པ་དེར་བུད་འགྲོ། ཨ་ཅེ་ཐག་རིང་ལ་སློབ་གྲྭར་སོང་བས་ཁྱིམ་དུ་ང་རང་གཅིག་པུ་ལས་མེད་ཅིང་ངས་འོ་མ་འཚོང་མཚམས་བཞག་སྟེ་ཕྱུགས་ཟོག་ལ་བལྟ་དགོས་པ3སྨོས་ཅི་དགོས། སྐབས་འགར་ངས་ཕྱི་ཚ་ལ་གཏིང་འཁྱག་པའི་བྱེ་མ་རྣམས་སྤར་མོ་རུ་འཕྱར་གྱིན་ཡར་མར་གྱི་དོན་མང་པོ་དྲན།
  དབྱར་ཁའི་དུས་སུ། ལས་བྱེད་པའི་བཟོ་ལྟ་ཅན་གྱི་གསར་བུ་དང་གསར་མོ་རེ་འགའ་མོ་ཊ་བཏང་སྟེ་སྤང་དུ་ཁམས་བསང་བྱེད་པར་འོང་པ་དེས་བདག་གི་འཆར་སྒོའི་རྒྱུན་བཅད་འགྲོ་ལ། ངས་ཁོ་ཚོར“རྩྭ་སར་མོ་ཊ་གཏོང་མི་རུང་། འགྲོ་ཁར་གད་སྙིགས་ཉར་རོགས”ཞེས་བཤད་རྗེས་སུ་སླར་ཡང་སེམས་སུ་དོན་གཞན་པ་མང་པོ་ཞིག་དྲན་ཡོང་། 
 
  རྡོ་ལེབ་དང་སྤང་ཤུན་གྱི་བར་དུ་འདུར་རྒྱུགས་ལ་བྲེལ་བའི་གྲོག་མ་དག་དང་། ཁུང་སྒོར་བུད་དེ་དྲང་མོར་ལྟ་ཙམ་བྱས་རྗེས་རྩྭ་གསེབ་ལ་མཆུ་ཡིས་མགྱོགས་པོར་རྡེག་པའི་ཨ་བྲ་རྣམས། རིམ་པ་མང་པོར་བརྩེགས་རྗེས་སླར་ཡང་ཕྱོགས་ཕྱོགས་སུ་འཐོར་འགྲོ་བའི་སྤྲིན་པ་དཀར་ནག དེ་བཞིན་མིང་མི་ཤེས་པའི་རྩྭ་ལྡུམ་རྣམས་དང་། དབྱིབས་དང་རྣམ་པ་མི་འདྲ་བའི་རྡོ་དང་རྡེའུ་རྣམས་ཀྱིས་ང་ཡི་སེམས་ལ་རྫོགས་མཐའ་མེད་པ་ཞིག་དང་བཤད་པས་མི་ཚར་བ་ཞིག་བསྐྱལ་ཡོང་། སྐབས་ཤིག་ལ་ཀུན་གྱིས་བརྗེད་ཟིན་ཅིང་གར་སོང་ཆ་མེད་དུ་གྱུར་བའི་རྡུང་ལེན་པ་དོན་གྲུབ་ནི་དེ་དག་གི་ཁྲོད་ནས་ཚུར་མངོན་ཡོང་བ་དང་འདྲ་བར་བདག་གི་སེམས་ནང་ལ་འཛུལ་ཡོང་ཞིང་། སྣང་བ་ཞིག་ལ་ཁོའི་མདུན་གྱི་རི་བོ་དེའི་ཕ་རོལ་ན་ང་དང་འདྲ་བར་གཅིག་པུར་བསྡད་དེ་སྣ་གླུ་ཐན་ཐུན་ཞིག་གཏོང་བཞིན་ཡོད་པར་སྙམ། 
 
  ཉིན་ཞིག་ལ། ངས་ཟོག་མཐའ་ནས་གྱོན་གོས་འཁྲུད་བཞིན་པའི་སྐབས་སུ་ས་འོག་ནས་ཡར་ལྡིར་བ་འདྲ་བའི་འབྲུག་སྐད་ཅིག་དང་མཉམ་དུ་ཆར་བ་དྲག་ཏུ་བབས་ཤིང་། ང་རང་མགྱོགས་པོར་རང་ཁྱིམ་གཟས་ཏེ་བརྒྱུགས། ཆར་བ་འབབ་སྟངས་དེ་གནམ་ཐེད་པ་དང་འདྲ་ལ་གློ་བུར་ཏུ་ས་རུབ་ཡོང་བ་དང་ཡང་འདྲ་བས་ང་རང་ཡུད་ཙམ་ལ་མགོ་བོ་འཁོར་བར་གྱུར། གློ་བུར་ཏུ་ངས་ཆར་བའི་ཁྲོད་ནས་ལྭ་བ་ནག་པོ་གྱོན་ཞིང་ལག་ཏུ་མཎ་དོ་ལ་ཐོགས་པའི་མི་ཞིག་ཀྱང་མགྱོགས་པོར་ཕར་བརྒྱུགས་སོང་བ་མཐོང་། དེ་མ་ཐག་ངས་ཁོ་རང་རྡུང་ལེན་པ་དོན་གྲུབ་རེད་སྙམ་སྟེ་ཁོའི་རྗེས་སུ་གོམ་པ་འགའ་སྤོས་ནའང་ཆར་བ་མ་བབས་པའི་སྔོན་དུ་སྦག་སྦག་ཞོན་པའི་གསར་བུ་ཞིག་ངེད་ཚང་གི་རྩྭ་སར་འཆམ་འཆམ་ལ་འོང་བ་དྲན་ནས་ཐེ་ཚོམ་དེ་དར་ཅིག་ཞི་བར་གྱུར།  ཡིན་ནའང་དེའི་རྗེས་སུ་ང་རང་ཨ་མ་བོར་བའི་ལུ་གུ་ཞིག་ལྟར་རང་ལ་རྒྱུས་མངའ་ཤིན་ཏུ་ཆེ་བའི་གནས་དེ་ནས་ཡར་མར་ལ་རྒྱུག་དགོས་བྱུང་བ་དང་ཆར་བ་འབབ་མཚམས་ཆད་རྗེས་སླར་ཡང་གྱོན་གོས་འཁྲུད་ས་དེར་བསླེབས་འདུག དེ་ཡིས་ང་ལ་དགོད་ཁ་བསླངས་ནའང་ཟོག་ཁྱུའི་ནང་ན་བེའུ་འདྲུད་ཐག་ཅན་ཞིག་ཡོད་པ་དེ་འདྲུད་ཐག་ཟོག་གཞན་ཞིག་གི་རྨིག་པར་འཁྲིལ་ཏེ་ཤི་ཡོད་པ་མཐོང་བས་ང་རང་ངུ་བྲོ་བར་བྱས།
 
  མཚན་མོར། ངའི་ལུས་ལ་ཚ་བ་ཆེན་པོ་རྒྱས་ཤིང་། ནམ་སྟོད་ཀྱི་དུས་སུ་ཕ་མ་གཉིས་ཀ་ཡར་ལངས་ཏེ་ངའི་གམ་དུ་བསྡད་འདུག ཨ་མ་སྐད་ཆེན་པོས་ངུ་བཞིན་འདུག་ལ་ཨ་ཕས“ཁྱོད་རང་མཚན་གུང་ལ་ཡར་ལངས་ཏེ་གང་དུ་འགྲོ་བ་ཡིན། དེ་ཁྱོད་རང་གིས་ཤེས་བྱུང་ངམ”ཟེར། ངས“རྨི་ལམ་དུ་ཟོག་མཐར་གྱོན་གོས་བཀྲུ་བར་འགྲོ་བ་རྨིས་པ་ལས་ཅི་ཡང་མི་དྲན”ཞེས་སྨྲས་པ་ན་ཨ་མས་མིག་ཆུ་འབྱིད་བཞིན་དུ“དེ་གཉིད་ལོག་རེད། འཇིག་རྟེན་རྙིང་བའི་རིང་ལ་སྐལ་བཟང་གི་ཨ་མ་དེ་ལྟར་བྱས་ཏེ་རྨ་ཆུར་ལྕེབས་པ་རེད། ད་ནི་ཁྱོད་ལ་ཅི་བྱས་ན་དགའ”ཟེར།
  ཕྱི་ཉིན་ནས་བཟུང་། བསྟུད་མར་ཉིན་འགའི་རིང་ལ་ངེད་ཚང་གིས་རིམ་གྲོ་བསྒྲུབས་པ་དང་། ངེད་ཚང་གི་ས་ཁང་ཆུང་ཆུང་དེའང་རྔ་སྦུབ་ཀྱི་སྒྲ་ཡིས་གང་ཞིང་དང་བསང་གསོལ་གྱིས་དྲི་མས་ཟིན་པར་གྱུར། ཨ་ཅེ་ཆེད་དུ་གྲོང་ཁྱེར་གྱི་སློབ་གྲྭ་ནས་གནང་བ་ཞུས་ཏེ་ང་ལ་ལྟ་སྐྱོང་བྱེད་པར་ཡོང་ཞིང་། མཚན་མོར་ངེད་གཉིས་མཉམ་དུ་ཉལ་ཅིང་ངས་གཉིད་ལོག་བྱེད་པར་དོགས་ཏེ་ངའི་ལག་པ་ཐ་གུ་ཞིག་གིས་མོའི་ལག་པར་སྦྲེལ། ཉིན་ཞིག་ལ་མོས“མདང་དགོང་ཁྱོད་ཀྱིས་གཉིད་བཤད་མང་པོ་བྱས་བྱུང་ལ་ཚིག་འབྲུ་མི་གསལ་བའི་གཞས་ཤིག་ཀྱང་བཏང་བྱུང་། གཞས་དེ་ངས་ཐོས་མྱོང་། རེད། དེ་སྔོན་ཆད་རྡུང་ལེན་པ་དོན་གྲུབ་ཟེར་བ་དེས་བཏང་བ་རེད”ཟེར། 
 
  “རྡུང་ལེན་པ་དོན་གྲུབ”
  ཁོའི་མིང་ཐོས་མ་ཐག་བདག་ལ་བྲེད་སྣང་ཞིག་བྱུང་བས་དབང་མེད་དུ་འདར་འདར་བྱ་དགོས་བྱུང་། འོན་ཀྱང་མོས་ཁ་ཕར་འཁོར་ཡོད་པས་ངའི་རྣམ་པ་དེ་མཐོང་མ་བྱུང་།
  མོས་མུ་མཐུད་དུ། “ཏག་ཏག་ཉིན་འགའི་སྔོན་ལ་ངེད་ཚོའི་སློབ་གྲྭའི་ནང་གི་ཞི་ལི་ཚོས་རྡུང་ལེན་པ་དོན་གྲུབ་ཀྱི་སྐོར་གླེང་གིན་འདུག བསོད་རྒྱལ་འབུམ་ཟེར་བའི་སློབ་གྲོགས་ཤིག་ཡོད་པ་དེས། ལྷ་ས་རུ་ཀརྨ་འཕྲིན་ལས་ཟེར་བའི་གཞས་བ་གསར་བ་ཞིག་བྱུང་ཡོད་པ་དེ་རྡུང་ལེན་པ་དོན་གྲུབ་རེད་ཟེར་གྱིན་འདུག ཁོས་རྒྱ་ནང་ལ་སོང་ནས་གདོང་ལ་བཟོ་བཅོས་བྱས་པ་དང་། སྐྲ་ཚུགས་དང་ཆ་ལུགས་སོགས་ཚང་མ་བསྒྱུར་འདུག ད་ལྟ་དབུས་སྐད་གཙང་མའང་རྒྱག་ཤེས་པར་འདུག་ཟེར། འོན་ཀྱང་ཡེ་ཤེས་བཟང་པོ་ཟེར་བས། དེ་རྡུང་ལེན་པ་དོན་གྲུབ་ཡིན་པའི་རྒྱུ་མཚན་ཅི་ཞིག་ཡོད། སྐད་ངག་འདྲ་བ་ཙམ་གྱིས་མི་གཅིག་ཡིན་པའི་ངེས་པ་ག་ལ་ཡོད། ཁོ་ལོ་གཉིས་ཀྱི་སྔོན་ནས་ཤི་ཟིན་པ་རེད། ཁོང་ཚང་གིས་གཤིན་ཆོས་ཀྱང་བསྒྲུབས་ཟིན་པ་རེད། ཁོའི་བེམ་རོ་ཀ་ཅིའི4མགྲོན་ཁང་ཞིག་ནས་རྙེད་པ་མ་ཡིན་ནམ་ཟེར། ཡང་སློབ་གྲོགས་གཞན་ཞིག་གིས་དེ་ཡིན་ན་རྡུང་ལེན་པ་དོན་གྲུབ་ཀྱི་ཕ་ཡུལ་ནས་ཡིན་པ་ཚོས་ཤེས་ངེས། ཁོང་ཚང་གིས་གཤིན་ཆོས་བསྒྲུབས་བྱུང་ངམ་ཞེས་ང་ལ་དྲིས་བྱུང་། ངས་ཤེས་མ་བྱུང་ཞེས་ལན་བཏབ་པ་ཡིན”ཞེས་སྨྲས།
 
  དེ་ནས་བཟུང་། ཨ་ཅེ་དང་ངེད་གཉིས་ཀྱིས་རྡུང་ལེན་པ་དོན་གྲུབ་ཀྱི་སྐོར་ལ་ཁ་བརྡ་མང་པོ་བྱས་པ་དང་། རིམ་གྱིས་ངས་གཉིད་བཤད་ཀྱང་མ་བྱས་པས་ཕ་མ་གཉིས་ཀྱི་སེམས་ཀྱང་བདེ་ལ་བབས། ངས་རྫོང་མཁར་ནས་ཀརྨ་འཕྲིན་ལས་ཟེར་བའི་གླུ་སྡེར་བཙལ་ནའང་ཀརྨ་བསྟན་དར་ཟེར་བ་ཞིག་གི་གླུ་སྡེར་ལས་རྙེད་མ་བྱུང་།
  ཨ་ཅེ་ཕྱིར་སློབ་གྲྭར་ལོག་རྗེས། ཨ་ཕས་བདག་ལ“མ་བུ་མོའི་འགྲོ་ཡུལ་གནས་ཡིན”ཞེས་ང་རང་ལས་བྱེད་པ་ཞིག་ལ་མནའ་མར་སྟེར་རྒྱུ་བྱས་ཡོད།  ཁོང་རྒན་རྒོན་གཉིས་ཀྱིས་རྩྭ་ས་དང་ཕྱུགས་ཟོག་རྣམས་གཞན་ལ་བཙོང་རྗེས། བླ་བྲང་ནས་ཁང་བ་ཞིག་ཉོས་ཏེ་ཚེ་མཇུག་བསྐྱལ་རྒྱུ། ཁོང་གཉིས་ལ་རེ་བ་ཞིག་ཡོད་པ་ནི་ངས་གནས་ཡུལ་ནས་རང་མགོ་ཐོན་པར་བྱ་རྒྱུ་དེ་ཡིན་ཟེར། ཨ་མས་མིག་ཆུ་གཏོང་བཞིན “བུ་མོ་དང་ཁ་འབྲལ་རྒྱུ་བློ་ཡིས་མི་ཐོངས་མོད་མོ་རང་ཚེ་གང་བོར་ཕ་མའི་གམ་ནས་སྡོད་ཚུལ་ཡང་ག་ལ་ཡོད”ཟེར།
 
  སྟོན་ཀར། ང་དང་ངའི་མ་འོངས་པའི་ཁྱོ་ཀ་གཉིས་ཀྱིས་ཐུག་འབྲེལ་བྱས། ཁོས་རྫོང་གི་ཕྱུགས་ལས་ཅུའུ་ཟེར་བ་ན་ལས་ཀ་སྒྲུབ་ཀྱིན་འདུག་ལ། ཁྱིམ་དུ་ཕྱིར་ལོག་མ་ཐག་དེབ་ཅིག་གི་ངོས་ནས་མང་པོ་ཞིག་འབྲི་དེབ་མཐུག་པོ་ཞིག་གི་ངོས་ལ་བཤུ་བར་བྱེད་ཅིང་། ངས་ཁོ་ལ་དེ་ཅི་ཞིག་ཡིན་ཚུལ་དྲིས་པ་ན། “འདི་ཁྱོད་ཀྱིས་མི་ཤེས། འོན་ཀྱང་འདི་འབྲི་མ་ཚར་ཚེ་ལོ་མཇུག་ལ་ཆད་པ་རྒྱག་ངེས”ཟེར། སྐབས་འགར་ཁོ་རང་སྒོའི་ཕྱིར་ཆང་རག་བཏུང་བར་འགྲོ་ཞིང་ཕྱིར་ཡོང་དུས་ནམ་གུང་ཡོལ་འདུག་ལ། ངས“ཁྱོད་ཀྱིས་དེ་འདྲའི་ཆང་རག་མང་པོ་ཞིག་བཏུང་ནས་ཅི་བྱེད”ཅེས་སྨྲས་པ་ན། ཁོས“དེ་ཁྱོད་ཀྱིས་མི་ཤེས། ང་ལ་དམིགས་ཡུལ་ཞིག་ཡོད”ཟེར། 
 
  དགུན་ཁར། ངེད་གཉིས་ལ་གཉེན་སྟོན་གྱི་ཆོ་ག་ཅུང་གཟབ་རྒྱས་ཆེ་བ་ཞིག་བསྡུས་པ་དང་། ཁྱོ་ཀ་དང་ལྷན་ཅིག་མི་ཚོགས་ཀྱི་མདུན་ནས་ཁ་མར་འཁོར་ཏེ་འདུག་དུས་བདག་གི་སྙིང་ནི་ལྟིག་ལྟིག་ཏུ་ལྡིང་ཞིང་གདོང་བ་ཚ་ལམ་མེར་གྱུར། དེར་ཕེབས་པའི་མགྲོན་པོ་རེ་རེར་ཆང་རག་འདྲེན་དུས་ཅི་ཞིག་བརྗོད་དགོས་པའང་མི་ཤེས་པས་ཐེངས་མང་པོར་ཅི་བྱ་གཏོལ་མེད་དུ་གྱུར། ཆོ་ག་ཚར་རྗེས། ཁྱོ་ཀའི་ལས་གྲོགས་མང་པོ་ཞིག་ངེད་ཚང་ལ་འོངས་ཏེ་ཆང་བཏུང་ཞིང་། རྒྱ་མོ་འགའ་དང་བོད་མོ་འགའ་ཡིས“དེ་རིང་བག་མ་འདི་སྡུག་ལ་གཏད་དགོས”ཟེར་ནས། ང་ལ་ཤ་གཅིར་མང་པོ་བརྒྱབ། དེ་མིན་བཟི་བོ་ཞིག་གིས་ང་ལ་མི་མང་གི་གྲལ་ནས་ཁྱོ་ཀར་འོ་བྱ་དགོས་ཟེར་བས་ངས་ཨུ་ཚུགས་ཆེན་པོས་ཁོའི་འདོད་ཐོག་ལ་མ་བཞག་པས་ཁོས“འབྲོག་མོ་ནི་ངོ་མ་འབྲོག་མོ་རེད། ངོ་ཚ་དགོས་པ་དང་མི་དགོས་པའི་ཁྱད་པར་ཤེས་ཀྱིན་མི་འདུག”ཟེར།
 
  གང་ལྟར། ཁོ་དང་མཉམ་དུ་འཚོ་བ་བསྐྱལ་བའི་ཉི་མ་རེ་རེ་ནི། ང་ལ་མཚོན་ན་རྨི་ལམ་ངན་པ་ཞིག་རྨི་བཞིན་པ་འདྲ། ཕ་མ་གཉིས་ཀ་དང་ཨ་ཅེས་ཁ་པར་བཏང་ཡོང་སྟེ། “ཁྱོ་ཀར་འཆམ་པོ་བྱ་དགོས”ཞེས་ཡང་ཡང་དུ་ཁ་ཏ་བྱེད་ཅིང་། ལྷག་པར་དུ་ཨ་ཕས“ཁྱོད་ལ་ལས་བསོད་ཆེ་བ་མ་གཏོགས་ལས་བྱེད་པ་ཞིག་རྙེད་དཀའ”ཟེར།
  ངས་ནང་མི་ཚོའི་བསླབ་བྱ་སེམས་ལ་དམ་པོར་བཟུང་ནས་ཇི་ལྟར་ཁོ་ལ་གུས་པ་བྱས་ཤིང་འཆམ་པོ་ཨེ་ཡོང་བལྟས་ནའང་། ཁོས་ངའི་ལས་ཀ་སྒྲུབ་སྟངས་ཅུང་ཙམ་ནོར་ན་ང་ལ“ཡི་གེ་མི་ཤེས་པའི་འབྲོག་མོ”ཞེས་གཤེ་གཤེ་གཏོང་བར་བྱེད། ལྷག་པར་དུ་ངས་ཁྲོམ་སྲང་ནས་རྡུང་ལེན་གྱི་གླུ་སྡེར་རེ་ཉོས་ནས་ཉན་སྐབས“རྡུང་ལེན་ལ་ཉན་རྒྱུ་ཅི་འདུག དེ་རིག་གནས་ཀྱི་ཆུ་ཚད་དམན་པའི་མི་ཚོའི་ཉན་བྱ་རེད”ཟེར།
 
  ཟླ་བ་གཅིག་གི་རྗེས་ནས། ཁོ་ཉིན་གསུམ་བཞི་རེའི་རྗེས་ནས་ཁྱིམ་ལ་ཐེངས་རེར་ཡོང་བ་དང་། ཡོང་ཐེངས་རེར་ང་རང་འཐད་མིན་ལ་མི་ལྟོས་པར་མཉམ་དུ་ཉལ་དགོས་ཟེར་ཞིང་། ཉལ་ཁར་ཁོས་འཁུར་ཁུག་གི་ནང་ནས་སྲུང་ཤུབས་རེ་བླངས་ནས་གྱོན་པར་བྱེད། ངས་ཁོ་ལ། “ང་ཁྱོད་ཀྱི་ཚེ་གཅིག་གི་སྐྱ་ཡ་ཡིན་པས་ཁྱོད་ཀྱིས་འདི་ལྟར་བྱ་དོན་ཅི་ཡིན”ཞེས་དྲིས་པ་ན། ཁོས“དེའང་ཁྱོད་ཀྱིས་མི་ཤེས”ཟེར།
  ཉིན་ཞིག་ལ་ད་དུང་ཁོས“ངས་ཁྱོད་ཀྱི་གདོང་གི་སྐྱི་ལྤགས་བསམ་ནས་ཁྱོད་ལ་གཉེན་བསྒྲིགས་པ་མ་གཏོགས་ཁྱོད་དང་འུ་གཉིས་ཏང་ཚི5གཅིག་གི་མི་མིན”ཟེར།
 
  ཕྱིས་སུ་ངས་ཁོས་ཕྱི་ན་རྒྱན་པོ་འགྱེད་པ་ཤེས་པར་གྱུར། ཁོས་ངེད་གཉིས་ལ་གཉེན་སྟོན་གྱི་དུས་སུ་རེག་པའི་དངུལ་ཚང་མ་བརླག་པར་མ་ཟད་ཨ་མས་ང་ལ་སྦྱིན་པའི་བྱུ་རུའི་སྐེ་རྒྱན་དེའང་བཙོང་དགོས་ཟེར། ངས་དེ་ལ་རྩ་བ་ནས་འཐད་པ་མ་བྱས། 
 
  ཁོས“ཁྱིམ་འདིར་གོམ་པ་སྤོས་པ་ནས་ཁྱོད་དང་འུ་གཉིས་ལ་སོ་སོར་འབྱེད་རྒྱུ་མེད། ཐ་ན་ཁྱོད་ཀྱང་ངའི་ཡིན”ཟེར། ངས“དེ་ལྟ་ནའང་ཁྱོད་ཀྱིས་ཡོད་ཚད་ཀྱིས་རྒྱན་པོ་འགྱེད་བྱེད་བྱས་ན་ག་ལ་འགྲིག”ཅེས་སྨྲས། ཁོས“ངས་རྒྱན་པོ་མ་འགྱེད་ན་འུ་གཉིས་ཀྱི་ཁྱིམ་འདི་ཇི་ལྟར་སྐྱོང་། ཁྱོད་ཀྱིས་ལྟོས་དང་། ང་དང་ན་ཚོད་མཉམ་པའི་མི་ཚང་མས་མི་འབྲེལ་དང་རྒྱུ་ནོར་ལ་བརྟེན་ཏེ་གོ་གནས་འཕར་ཐབས་བྱེད་ཀྱིན་ཡོད། འོན་ཀྱང་ང་གཅིག་པུར་དེ་གཉིས་ཀ་མེད། གལ་སྲིད་གོ་གནས་འཕར་མ་ཐུབ་ན་ཚེ་གང་བོར་གཡོག་པོ་བྱ་དགོས་པ་རེད”ཟེར། ངས“ངས་ཚོང་རྒྱག་ཆོག”ཅེས་སྨྲས་པ་ན། ཁོ་རང་ཧབ་ཆ་ཐག་གེར་བགད་ཅིང་། “ཁྱོད་འབྲོག་མོ་ཞིག་གིས་ཚོང་ཅི་ཞིག་ཤེས། ཁྱོད་ཀྱི་ལས་ཀ་ནི་ཁྱིམ་ལས་རེད། སྒོར་བུད་དེ་བསྒྲུབ་དགོས་པའི་ལས་ཀ་དག་ཁྱོད་ལ་མི་འཚམས”ཟེར། ཁོས་ཁྱིམ་གྱི་འཁྱག་སྒམ་ལས་སྦི་རག་དམ་བུ་གང་བླངས་ཏེ་འཐུང་བར་བརྩམས་ཤིང་། སྙིང་ལ་གཟན་པའི་ཤུགས་རིང་ཞིག་འབྱིན་པ་དེས་ཁང་བའི་ནང་ཡོངས་སུ་ཁྱབ་པར་གྱུར། ཅུང་ཙམ་གྱི་རྗེས་ནས་ངས“འོ་མ་བཙོང་ཆོག”ཅེས་སྨྲས་པ་ན། ཁོ་ནི་གཏམ་དེ་མ་ཐོས་པ་དང་འདྲ་བར་ཁ་རོག་གེར་བསྡད་ཅིང་། སྒོ་འགྲོ་ཁར“ཁྱོད་ཀྱིས་ངའི་མེའན་ཙི6མ་བརླག་རོགས”ཟེར།
  ཁོ་སོང་རྗེས། ང་རང་གློག་ཀྱང་བཀར་འདོད་མེད་པར་རབ་རིབ་མག་མོག་གི་འཇིག་རྟེན་དེ་ནས་ཁུ་སིམ་མེར་བསྡད། ཁང་བའི་ནང་གི་བརྙན་འཕྲིན་དང་། འབོལ་ཁྲི། འཁྱག་སྒམ། ཁྲེའུ་སོགས་ཀྱིས་ནི་ཁོའི་ཚབ་ཏུ་ང་ལ་ལྟ་རྟོག་བྱས་ཡོད་པ་དང་ཀུན་ནས་མཚུངས། ངས་ལོ་ངོ་འགའི་སྔོན་དུ་ཨ་མ་དང་། ཨ་ཅེ། ང་རང་གསུམ་པོས་ཞོགས་པ་སྔ་མོར་ཡར་ལ་ལངས་ཏེ་འོ་མ་བཞོས་པ་དང་འོ་མ་འཇོ་བའི་ཤག་སྒྲ་དང་ལྷན་ཅིག་ཨ་མས་ངེད་གཉིས་ལ<<བྱི་ལ་ས་ཁུར>>7སོགས་སྒྲུང་མང་པོ་བཤད་པའང་ཡིད་ལ་ཝ་ལེར་དྲན་ཞིང་། གལ་སྲིད་སྒོ་ཕྱེ་ནས་ཕར་བརྒྱུགས་ཚེ་དེ་མ་ཉིད་དུ་ཟོག་ལྷས་ཀྱི་དྲི་མ་སྣ་ལ་འཐུལ་ཡོང་བ་དང་། རྡུང་ལེན་པ་དོན་གྲུབ་ཀྱི་གླུ་སྐད་ཀྱང་ཐོས་སྲིད་པར་སྙམ། 
 
  དེ་ནས་ཁོ་རང་ཉིན་བཞིའི་རྗེས་ནས་མ་གཏོགས་ཕྱིར་མ་ལོག ཉིན་མོར་ལས་ཀར་སོང་སྟེ་མཚན་མོར་རྒྱན་པོ་འགྱེད་པའམ་ཆང་རག་འཐུང་བ་དེ་ཁོའི་གོམས་གཤིས་ཤིག་ལ་གྱུར་ཡོད་པ་ཇི་བཞིན། རང་ཁྱིམ་ནས་ཟས་ཁམ་གང་ཡང་མི་བཟའ་བར་གནས་གཅིག་ལ་ཧད་ནས་སྡོད་པ་དེ་ངའི་གོམས་གཤིས་སུ་གྱུར། ངས་རང་གི་མིག་མདུན་གྱི་གྱང་ལྡེབས་དེ་ནས་དབྱར་ཁ་གློ་བུར་ཏུ་བསླེབས་ཏེ་སྤང་ལྗོངས་ཉིད་མེ་ཏོག་དཀར་དམར་ཁྲ་གསུམ་གྱིས་ཁྱབ་པ་མཐོང་བ་དང་། ཁྱིམ་ཚང་མང་པོས་སྐྱས་སྤར་ཏེ་ལྷས་གསར་བར་ནོར་ལུག་སྡུད་པ། སྡེ་བ་ཡོངས་ཀྱིས་རུ་བསང་ཕུད་པ། རླུང་རྟ་ཤིང་དཔར་མ་ཆེན་པོ་རེ་ཆར་རླུང་གིས་ཁུར་ཡོང་བ། དེའི་རྗེས་སུ་ཐོག་གིས་རྒྱག་པ།  དེ་ནས་གནམ་ཐང་ཞིང་འཇའ་ཤར་བ། སྤང་རྩྭའི་དྲི་མ་སྣ་ལམ་དུ་ཁྱབ་ཡོང་ཞིང་བྱིས་པ་རྣམས་འཇའ་འཛིན་ཕྱིར་གཅེར་བུར་རྒྱུགས་པ་སོགས་ཀྱང་མཐོང་བྱུང་། ཐེངས་དེར་ཁོས་ར་བཟི་བའི་མི་འགའ་གྲོགས་སུ་ཁྲིད་འདུག་ལ་སྒོ་ཐེངས་འགར་བརྡུངས་ནའང་བདག་ནི་སྔར་བཞིན་ཧད་དེ་བསྡད་པས་ལྡེ་མིག་གིས་སྒོ་ཕྱེ་ཞིང་། ཁོ་ཚོས་ནང་དུ་ཡོང་ནས་སྐད་ཆ་ཤབ་ཤུབ་མང་པོ་ཞིག་བཤད་རྗེས་ང་རང་སྨན་ཁང་དུ་བསྐྱལ་སོང་།
 
  ཕྱི་ཉིན། ཕ་མ་གཉིས་ཀའང་དེར་བསླེབས། ཨ་མས་མིག་ཆུ་གཏོང་བཞིན་དུ“ཁྱོད་ཀྱིས་འདི་ལྟར་བྱེད་དོན་ཅི་ཡིན། ཉིན་བཞི་ལ་ཟས་ཁམ་གང་ཡང་མི་བཟའ་བའི་དཔེ་ཞིག་གང་ན་ཡོད”ཅེས་ཟེར་ཅིང་། ངས“ང་ལ་ཡི་ག་མི་འདུག”ཅེས་སྨྲས་པ་ཡིན།
 
  ༢༠༡༤ལོའི་དཔྱིད་ཀར། ང་རང་གཉིད་ལས་སད་པ་ཇི་བཞིན་ཕྱི་རོལ་ལ་འགྲོ་འདོད་ཀྱི་འདུན་པ་དྲག་པོ་ཞིག་གིས་ཀུན་ནས་བསྐུལ་བས། ཁྱོ་ཀ་གྲོང་ཁྱེར་དུ་འཚོགས་འདུར་ཕྱིན་པའི་སྐབས་དང་བསྟུན་ཏེ་ལྷ་སར་སོང་བ་ཡིན་ལ། གཞན་དག་གིས་བྲོས་སོང་ཟེར་ངེས་ཀྱང་ང་རང་གི་སེམས་སུ་སོང་བ་ཡིན་སྙམ་ཡོད། ཁྱོ་ཀས་ང་ལ་ཁ་པར་ཞིག་ཉོས་ཡོད་པ་དེའང་ཁྱིམ་ནས་བཞག་ཅིང་ཁྱིམ་གྱི་ལྕགས་སྒོ་ཕར་རྒྱག་པའི་སྐབས་སུ་ངའི་སེམས་ལ་བཟོད་པར་དཀའ་བའི་སྐྱོ་སྣང་ཞིག་བྱུང་། ང་ནི་རྒྱུས་མེད་ཀྱི་ཁྱིམ་དེར་མགྲོན་པོར་སོང་བ་ཡིན་ལ་ད་ལྟ་ཕྱིར་འགྲོ་དུས་གྱེས་བརྡ་ཙམ་གཏོང་སའི་ཁྱིམ་བདག་ཀྱང་མེད་པ་འདི་ཅི། ཏག་ཏག་སྐབས་དེར་ཁང་བའི་ནང་ནས་མི་ཞིག་ཚུར་བརྒྱུགས་ཡོང་སྟེ་ཁྱོད་མ་འགྲོ་ཞེས་སྨྲས་ཚེ་ང་རང་དེ་གར་ཅི་བྱ་གཏོལ་མེད་དུ་ཡུད་ཙམ་ལ་ལུས་སྲིད་པ་སྨྲོས་ཅི་དགོས། འོན་ཀྱང་ང་ཡི་ཁྱོ་ཀ་ནི་ང་རང་མ་ཡིན་པའི་འཇིག་རྟེན་ཞིག་སྟེ། ལས་ཁུངས་ཟེར་བ་དང་། ཁོ་རང་གི་གྲོགས་པོ་ཟེར་བ་དེ་ཚོར་དབང་བ་ལས་ང་ལ་མི་དབང་བས། ང་རང་སྒོར་བུད་མ་ཐག་རྒྱུས་མེད་ཀྱི་མི་གཉིས་ལ་སྐབས་ཤིག་རིང་གནས་ཚང་གཡར་བའི་ཁང་བ་དེའང་བཅིངས་པ་ལས་འགྲོལ་སྲིད་དོ།།
 
  ལྷ་སར་འབྱོར་རྗེས། དེ་གར་གཞིས་སྡོད་བྱེད་པར་ཡི་གེ་མང་པོ་ལེན་དགོས་པར་མ་ཟད་ཐོབ་ཐང་དཔང་ཡིག་ལུས་ལ་འབྲལ་མེད་དུ་འཛིན་དགོས་པས་ལུས་སེམས་གཉིས་ཀ་ཤིན་ཏུ་ངལ་བར་གྱུར། དེ་ནས་ཕ་མ་གཉིས་ཀ་དང་ཨ་ཅེར་ཁ་པར་བཏང་སྟེ་ང་རང་གིས་བདམས་པའི་ལམ་ཀ་དེར་འགྱུར་བ་གཏོང་རྒྱུ་མེད་པ་དང་། ལེགས་སམ་ཉེས་པ་གང་ཡིན་ཡང་ཇོ་བོ་ཡིད་བཞིན་ནོར་བུས་ཉམ་ཆུང་གི་བུ་མོ་ང་ལ་སྡོངས་གྲོགས་མཛད་སྲིད་ཅེས་སྨྲས། ངས་རང་ལ་དེ་འདྲའི་ཨུ་ཚུགས་ཤིག་དང་སྤོབས་པ་ཞིག་ཅི་ལྟར་བྱུང་བ་ཡིན་ནམ་སྙམ་སྟེ་རང་གིས་རང་ལ་དོགས་པ་ཟ་དགོས་བྱུང་ཞིང་། ངའི་ཚིག་བཙན་པོའི་ཐོ་བས་ཁོ་ཚོའི་སེམས་གཙང་མའི་ཕུར་བུ་མར་བརྡབས་པའི་ནང་མི་དེ་དག་ཀྱང་སྙིང་རེ་རྗེ་སྙམ། 

  དེ་ནས་ངས་ཨ་མདོ་བ་ཞིག་གིས་གཉེར་བའི་ནང་མ་ཁང་ཞིག་ལས་ཞབས་ཞུ་མའི་ལས་ཀ་བསྒྲུབས་པ་དང་། ཁོམ་ལོང་ཡོད་པའི་དུས་སུ་ཀརྨ་འཕྲིན་ལས་ཟེར་བའི་གཞས་པ་དེ་སྐོར་ལ་རྩད་བཅད། 
 
  ང་རང་དེ་གར་བསླེབས་ཏེ་བདུན་ཕྲག་གཉིས་ལོན་པའི་དུས་སུ། ཁྱོ་ཀ་ང་རང་འཚོལ་བར་ཡོང་། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོ་རང་སྔར་གྱི་མི་དེ་མིན་པ་ལྟ་བུ་ཞིག་ཏུ་གྱུར་འདུག་པར་མ་ཟད། ཁོས“འུ་གཉིས་ཕྱིར་ཁྱིམ་ལ་འགྲོ་དང་། ངས་རྒྱན་འགྱེད་པ་དེ་གཅོད་ཆོག དེ་སྔ་ཤོར་བ་རྣམས་གཉེན་ཉེ་རྣམས་ཀྱིས་འཇལ་རོགས་བྱེད་ངེས། ཕྱིར་སོང་ནས་འུ་གཉིས་ཀྱིས་འཚོ་བ་སྐྱིད་པོ་ཞིག་རོལ་ཆོག ཁྱོད་ཕྱིར་མ་སོང་ཚེ་ང་རང་གཏམ་མི་ཁས་གསད་ངེས”
  ངས“ང་འདིར་ཡོང་དོན་ནི་ཁྱོད་ཀྱིས་རྒྱན་པོ་འགྱེད་པས་མིན། ངའི་སེམས་ཁྱོད་ཕྱོགས་ན་མི་འདུག དོན་དེ་ངའི་ནང་མི་དག་ལའང་གསལ་པོར་བཤད་ཟིན། དེ་བས་ཁྱོད་ཀྱིས་ཀྱང་ཨུ་ཚུགས་མ་བྱེད་རོགས། འུ་གཉིས་ཀྱི་ལས་སྐལ་རྫོགས་ཟིན་པ་ཡིན”ཞེས་སྨྲས། ཁོས་གཏམ་བཤད་འདོད་ཀྱང་མགྲིན་པ་བརྣངས་པ་དང་། མཐར་ངག་འདར་འདར་བྱེད་ཀྱིན། “ཁྱོད་ཡིག་རྨོངས་པ་ཞིག་ལ་ཅི་འདྲའི་སྣང་བ་མཐོ་བ་ལ་ཨང་། ཁྱོད་ཀྱིས་ཟླ་བ་འདི་དག་གི་རིང་ལ་ངའི་ཨོང་སྟན་བྱས་པ་མ་བརྗེད་ཅིག ཁྱོད་ཀྱིས་བསྒུགས་ཏེ་སྡོད་དང་། ངའི་ཁྱོད་ཀྱི་སྣ་གཅོད་མི་ཐུབ་ན་ང་རང་ཨ་མའི་བུ་མིན”ཟེར་ཞིང་ཁ་ཕྱིར་འཁོར་ཏེ་བུད་སོང་། ང་རང་ཁོས་བཤད་པའི་གཏམ་དེ་དག་ལ་ཞེད་པར་མ་གྱུར་ཀྱང་ཁོ་རང་རྒྱབ་ཁུག་ཆུང་ཆུང་དེ་ཁུར་ནས་སྲང་སྣེ་ནས་ཡལ་དུས་ང་ཡི་མིག་ཆུ་དབང་མེད་དུ་ཤོར་བར་གྱུར། ཁོའི་ཚུགས་ཀ་དེ་ནི་ངོ་མ་སྙིང་རྗེ་བ་ཞིག་རེད།
 
  ཉིན་འགའི་རྗེས་སུ། ངས་མིང་ལ་ཡར་འབྲོག་གཡུ་མཚོ་ཟེར་བའི་ནང་མ་ཁང་ཞིག་གི་ནང་དུ་མིང་གི་མགོ་ཀརྨ་ཡིན་པའི་གཞས་པ་ཞིག་གིས་གཞས་བཏང་མྱོང་བ་ཤེས་པ་དང་། དེའི་ནང་གི་ཞབས་ཞུ་མ་ཞིག་གིས“ཁོའི་མིང་ལ་ཀརྨ་དགྲ་འདུལ་ཟེར་བ་འདྲ”ཟེར་བ་དང་། ཡང་ཞབས་ཞུ་མ་གཞན་ཞིག་གིས“མ་རེད། ཁོའི་མིང་ལ་ཀརྨ་ཡེ་ཤེས་ཟེར། ཁོ་རང་གིས་དངོས་སུ་ང་ལ་བཤད་མྱོང་། འོན་ཀྱང་ཉིན་འདི་གར་ཁོ་རང་ནགས་ཆུར་གཞས་གཏོང་དུ་བུད་སོང་། ཉིན་འགའི་རྗེས་ནས་ཕྱིར་ལོག་ངེས”ཟེར།
  གང་ལྟར་ངས་མིང་གི་མགོ་ཀརྨ་ཡིན་པའི་མི་རྣམས་ལ་མཉམ་འཇོག་བྱས་པ་དང་། ཅུང་ཙམ་མིན་ན་ཀརྨ་བསམ་འགྲུབ་ཟེར་བའི་འཁྱམ་པོ་ཞིག་གི་རྗེས་སུ་འབྲངས་ཏེ་ཐག་རིང་ཞིག་ལ་འགྲོ་རྩིས་བྱས། 
  ཉིན་ཞིག་ལ། ནག་ཆུར་གཞས་གཏོང་དུ་ཕྱིན་པའི་མི་དེ་ཡར་འབྲོག་གཡུ་མཚོར་ཕྱིར་ལོག་འདུག་པར་མ་ཟད། ཁོས་ང་རང་ཡོད་སའི་ནང་མ་ཁང་དེ་ནས་ཀྱང་གཞས་བཏང་། ཁོ་ནི་སྡེ་དགེ་ནས་ཡིན་པ་དང་། སྐད་ཀྱི་གདངས་དང་ལུས་ཀྱི་ཉམས་མཐའ་དག་རྡུང་ལེན་པ་དོན་གྲུབ་དང་གཏན་ནས་མི་འདྲ་བ་ཞིག་འདུག འོན་ཀྱང་ངས་ཁོ་རང་བརྒྱུད་ནས་ཕུར་བུ་ཚེ་རིང་ཟེར་བའི་གཞས་པ་ཞིག་ངོ་ཤེས།
  ༢༠༡༤ལོའི་དབྱར་མགོ་མའི་དུས་སུ། ང་རང་ཕུར་བུ་ཚེ་རིང་གི་དགའ་རོགས་སུ་གྱུར་བ་དང་། ངེད་གཉིས་ཀྱིས་ལོ་གཅིག་གི་རྗེས་སུ་གཉེན་བསྒྲིག་རྒྱུ་བྱས། ཁོའི་ཆ་ལུགས་དང་རྣམ་འགྱུར་སོགས་མཐའ་དག་རྡུང་ལེན་པ་དོན་གྲུབ་དང་འདྲ་ལ། ལྷག་པར་དུ་ང་དང་འགྲོགས་པ་ནས་བཟུང་། ཁོས་ཨམ་སྐད་བསླབས་པར་མ་ཟད། དེ་སྔ་རྡུང་ལེན་པ་དོན་གྲུབ་མིང་གྲགས་རྒྱས་བྱེད་ཀྱི་གླུ་སྡེར་དེར་བརྟེན་ནས་དེའི་ནང་གི་རྡུང་ལེན་དག་ཀྱང་བསླབས། རིམ་གྱིས་ཁོས་ལྷ་སའི་ནང་མ་ཁང་དག་གི་ནང་ནས་རྡུང་ལེན་པ་དོན་གྲུབ་ཀྱི་རྡུང་ལེན་དག་བཏང་བས་དགའ་བསུ་ཆེན་པོ་ཐོབ།
  ཉིན་ཞིག་ལ། ཨ་ཅེས་བདག་ལ“རྡུང་ལེན་པ་དོན་གྲུབ་ཟེར་བ་ལྷ་ས་ན་འདུག་པ་བདེན་པ་རེད། ཁོས་དབུས་སྐད་བརྒྱབ་ན་དབུས་པ་ཞིག་དང་ཁྱད་པར་མེད་ཅིང་། སྐད་ངག་ཉམས་པའང་སླར་སོས་འདུག ཁོའི་མིང་བརྗེས་ཏེ་ཕུར་བུ་ཚེ་རིང་དུ་འབོད་ཟེར། དེ་འདྲ་རེད་དམ”ཞེས་སྐད་འཕྲིནཞིག་བསྐུར་ཡོང་།

                         ༢༠༡༤ལོའི་ཟླ་༥པའི་ཚེ་༡༢ཉིན་ཁྲིན་ཏུའུ་ནས་བྲིས།


མཆན།
1 ཨི་ཐ་ལིའི་རོལ་ཆས་ཤིག་སྟེ། ཨ་མདོའི་ཕྱོགས་སུ་སྒྲ་སྙན་རྡུང་ལེན་དར་བ་དང་འཁྱེར་བདེ་བའི་རོལ་ཆས་དེ་འཛིན་མཁན་ཤིན་ཏུ་མང་པོ་བྱུང་།
2 རྩེད་མོ་རྩེ་བ་དང་རྒྱན་པོ་འགྱེད་བྱེད་ལ་ཤོག་བྱང་༥༤སྒམ་ཆུང་ཞིག་ཏུ་བཅུག་ཡོད་པ་དེར་འབྲོག་ཡུལ་མང་པོ་ནས་དེ་ལྟར་འབོད།
3 དེ་ལྟར་ཟེར་དོན་ནི་སྐབས་དེར་རྩྭ་སར་ལྕགས་ར་བསྐོར་བས་སྔོན་ཆད་ལྟར་ཟོག་རྫི་བྱ་མི་དགོས་པར་ཕྱུགས་ཟོག་རྣམས་ལྕགས་རའི་ནང་དུ་བཏང་རྗེས་ཐག་རིང་ནས་བལྟ་ཆོག་པས་སོ།།
4 རྒྱ་སྐད་དུ་
临夏ཟེར་བའི་ཁ་ཆེའི་གྲོང་ཁྱེར་དེའོ།།
5 རྒྱ་སྐད档次ཞེས་པ་སྟེ། རིམ་པ་དང་གྲལ་རིམ་གྱི་དོན།
6 རྒྱ་སྐད་面子ཞེས་པ་སྟེ། གདོང་གི་དོན་ནོ།། མེའན་ཙི་མ་བརླག་རོགས་ཞེས་པ་ནི་གདོང་ཆུ་ལ་མ་བསྐྱུར་རོགས་ཞེས་པའི་དོན་ནོ།།
7 ཁྲོ་ཁོ་དང་མགོ་ལོག་སོགས་སུ་ཁྱབ་པའི་བྱིས་སྒྲུང་ཞིག་སྟེ། སྒྱེད་པུ་འཛུགས་བྱེད་ཀྱི་ས་ལེན་པར་འགྲོ་བའི་བྱི་ལ་ཞིག་སྤྱང་ཀི་ཞིག་དང་འཕྲད་པ་དང་ཁོས་བློ་རིག་ལ་བརྟེན་ནས་དེ་བཏུལ། དེ་རི་བོང་གི་སྐོར་གྱི་སྒྲུང་དག་དང་ཅུང་འདྲ་བོ་ཡོད།

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།