གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་ཀྱི་དེང་རབས་རིང་ལུགས་པའི་སྙན་ངག་པ་ངོ་སྤྲོད་ལས། T.Sཨེལ་ཡ་ཐི།

2014-01-20 13:05:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

 
 
          མི་ཚེའི་བྱུང་བ།


  T.Sཨེལ་ཡ་ཐི་ནི(T.S.Eliot)ཨ་རི་དང་ཨིན་ཇིའི་མིང་དུ་གྲགས་པའི་སྙན་ངག་པ་དང་། དཔྱད་བརྗོད་པ། འཁྲབ་གཞུང་རྩོམ་པ་པོ་ཞིག་སྟེ། ཁོང་གི་བརྩམས་ཆོས་ཀྱིས་དུས་རབས་ཉི་ཤུ་བ་དང་དེང་གི་འཛམ་གླིང་གི་རྩོམ་རིག་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་ཅིང་། ༡༩༤༠ལོར། དགུང་ལོ་དྲུག་ཅུ་ཡིན་པའི་ཨེལ་ཡ་ཐི་ལ་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་པ་རེད།
  ཨེལ་ཡ་ཐི་ནི་༡༨༨༨ལོའི་ཟླ་༩བའི་ཚེས་༢༦ཉིན་ཨ་རིའི་མེ་སོ་རེ་མངའ་སྡེའི་སེན་ཐི་ལོ་ཝེ་ཟི་རུ་མི་ཁྱིམ་ཕྱུག་པོ་ཞིག་ཏུ་འཁྲུངས། ཁོང་གི་ཡབ་ནི་ཀུང་ཟིའི་དབུ་འཛིན་ཞིག་ཡིན་པ་དང་། ཡུམ་ནི་དགེ་རྒན་ཞིག་ཡིན་ནའང་རྗེས་སུ་དང་བླངས་པ་ཞིག་བྱས་ཏེ་སྤྱི་ཕན་གྱི་ལས་ཀ་སྣ་ཚོགས་ལ་ཞུགས། ཨེལ་ཡ་ཐི་ནི་ཁོང་ཚང་གི་ཕྲུ་གུ་ཆུང་ཤོས་དེ་ཡིན་ཞིང་ཡུམ་གྱིས་ཁོང་གི་གཅེན་མོ་ལྔ་བོར་ཚད་ལས་བརྒལ་བའི་གཅེས་སྐྱོང་བྱས་ནའང་ཁོང་གི་བྱིས་པའི་དུས་ཀྱང་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་ཡིན། ཕོ་ལོ་བཅུ་དྲུག་གི་སྔོན་དུ།  ཁོང་གིས་སེན་ཐི་ལོ་ཝེ་ཟིའི་སི་མེ་ཟི་སློབ་གླིང་ནས་སློབ་གཉེར་བྱས།
  ༡༩༠༥ལོའི་སྟོན་ཀར། ཁོང་ཧར་བིར་དི་སློབ་ཆེན་ལ་ཞུགས་པ་དང་། དེ་གའི་སློབ་དཔོན་འགའ་ཞིག་གི་ཤུགས་རྐྱེན་ཐེབས་པ་བརྒྱུད། ཨེ་བེན་བྷ་བྷེ་ཐི(Irving Babbitt)ཡི་གདམས་ངག་དང་། ཇོར་ཇི་སན་ཐ་ཡ་ན(George Santayana)ཡི་ཐེ་ཚོམ་སྨྲ་བའི་གཞུང་ལ་སློབ་སྦྱོང་བྱས་པ་དང་། ཨ་ཟིར་སེ་མན་སི(Arthur Symons)ཡིས་བརྩམས་པའི<<རྩོམ་རིག་ཁྲོད་ཀྱི་བསྡུས་བརྗོད་རིང་ལུགས་ཀྱི་ལས་འགུལ>>ཞེས་པ་དེས་ཁོང་ལ་ཤུགས་རྐྱེན་ཟབ་མོ་ཐེབས། དེའང་སློབ་གྲྭར་ཞུགས་མ་ཐག་པའི་དུས་སུ་ཁོང་གིས་བསླབ་ཚན་རིགས་སྣ་ཚོགས་བདམས་ཏེ་མི་ཁོམ་པར་གྱུར་ནའང་རྗེས་སུ་རྣམ་དཔྱོད་དང་འབད་པའི་མཐུ་ལས་ཁོང་ལ་བསྡུར་དཔྱད་རྩོམ་རིག་གི་སློབ་རམས་པའི་བསླབ་གནས་དང་ཨིན་ཇིའི་རྩོམ་རིག་གི་ཤེས་རམས་པའི་བསླབ་གནས་ཐོབ་པ་རེད།
   ༡༩༡༠ལོར། ཨེལ་ཡ་ཐི་ཨ་རི་དང་བྲལ་ཏེ་ཕ་རི་སིའི་ལ་སོག་བྷོན(La Sorbonne)སློབ་ཆེན་དུ་ཞུགས་པ་དང་། གནས་དེ་ནས་སྒྱུ་རྩལ་གྱི་ཁྱབ་ཁོངས་ཀྱི་བསམ་བློ་དང་རིག་གཞུང་སྣ་ཚོགས་ཀྱིས་ཁོང་ཀུན་ནས་བསྐོར་བར་གྱུར། དེའང་ཧྥ་རན་སིའི་སློབ་གླིང་ནས་ཨིན་ཧེ་བྷེ་ཀི་སོན(Henri Bergson)གྱི་སློབ་ཁྲིད་ལ་ཉན་ཞིང་དེ་མ་ཐག་ཡིད་བཀུགས་པར་གྱུར་བས་ཁོང་སྐབས་དེར་མཚན་ཉིད་རིག་པའི་རྫོགས་ལྡན་གྱི་བསྐལ་བར་བསླེབས་པའི་མཚན་སྙན་གྱིས་ཁྱབ་པའི་ཧར་བིར་དི་སློབ་ཆེན་ལ་ཕྱིར་ལོག་ནས་མཚན་ཉིད་རིག་པའི་འབུམ་རམས་པའི་བསླབ་གནས་ལ་བརྩོན།  ༡༩༡༤ལོར། ཁོང་གིས་ཡོ་རོབ་ཏུ་འགྲུལ་སྐྱོད་བྱས་ཤིང་སྐབས་དེར་ཁོང་གི་ཧར་བིར་དིའི་མཚན་ཉིད་རིག་པའི་སློབ་དཔོན་དག་གིས་ཁོང་ནི་མ་འོངས་པའི་ལས་གྲོགས་ཤིག་ཏུ་ངོས་འཛིན་གྱིན་ཡོད་པ་རེད། ཁོང་གིས་ལོ་དེའི་སྟོན་ཀར་ཨིན་ཇིའི་ཨོག་སི་ཧྥོར་དི་སློབ་ཆེན་དུ་ཞུགས་པའི་གྲ་སྒྲིག་བྱས་ནའང་དམག་འཁྲུག་གི་རྐྱེན་པས་ཁོང་གི་འགྲུལ་བཞུད་ལ་བར་ཆད་ཐེབས་པ་རེད། ལོ་དེའི་ཟླ་དགུ་བའི་ནང་། ཁོང་དང་སྙན་ངག་པ་ཨེ་ཟི་ར་ཕོན་དི(Ezra Pound)གཉིས་ངོ་ཤེས་པར་གྱུར་ཅིང་། ཁོང་གཉིས་ཀས་གནའ་རབས་རིང་ལུགས་གསར་མའི་ལུགས་ཀྱི་སྙན་ངག་གི་ཕྱོགས་ནས་གཏིང་ཟབ་པའི་འབྲེལ་འདྲིས་བྱས། ཕོན་དིས་རོགས་སྐྱོར་བྱས་པར་བརྟེན་ནས་སྐབས་དེའི་དུས་དེབ་སྣ་ཚོགས་ཀྱི་ངོས་སུ་ཨེལ་ཡ་ཐིའི་སྙན་ངག་བཀོད་པ་རེད། 
 
  ༡༩༡༥ལོའི་ལོ་མགོར། སློབ་གྲོགས་ཤིག་གིས་མཚམས་སྦྱོར་བྱས་པ་བརྒྱུད་ནས་ཨིལ་ཡ་ཐིས་ཡིས་གར་མཁན་མ་ཝེ་ཝེ་ཨེན་ཧ་བོ་དི(Vivien Haigh-Wood)ངོ་ཤེས་པ་དང་མོའི་ཕྱོགས་སུ་སེམས་པ་ཤོར་བར་གྱུར་ནས་ལོ་དེའི་ཟླ་དྲུག་པའི་ནང་མོ་ལ་གཉེན་བསྒྲིགས་པ་རེད། ཁོང་གི་ཡབ་ཡུམ་གཉིས་ནི་བུད་མེད་དེ་དེ་སྔ་སྐྱེས་པ་མང་པོར་འགྲོགས་མྱོང་བ་དང་མོ་ལ་སེམས་ཁམས་ཀྱི་ནད་ཡོད་པ་ཤེས་འཕྲལ་ཧ་ལས་པར་གྱུར་ཏེ་ཁོང་ཚོའི་བར་དུ་རྩོད་ཉོག་ཆེན་པོ་བྱུང་། དེར་བརྟེན་ཁོང་གིས་ཨིན་ཡུལ་ནས་འཚོ་བ་རོལ་མགོ་བརྩམས། ཡིན་ནའང་གཉེན་བསྒྲིགས་རྗེས་ཀྱི་འཚོ་བ་ནི་དེ་འདྲའི་བདེ་སྐྱིད་ལྡན་པ་ཞིག་མ་ཡིན་ཏེ། འཚོ་བའི་འགྲོ་སོང་གི་ཆེད་དུ་ཁོང་གིས་སློབ་ཆེན་ཞིག་གི་དགེ་རྒན་བྱས་པ་དང་། དེའི་ཞོར་དུ་<<བདག་གཙོ་སྨྲ་བ>>ཞེས་པའི་དུས་དེབ་ཅིག་གི་རྩོམ་སྒྲིག་པའང་བྱས་ཏེ་ལས་ཁུར་ལྕི་མོ་ཕྲག་ཏུ་བླངས་པ་རེད། ༡༩༡༦ལོའི་ཟླ་བཞི་བར། ཁོང་གིས་འབུམ་རམས་པའི་དཔྱད་རྩོམ་བྲིས་ཚར་ནའང་ཕྱིར་ཨ་རིར་ལོག་པར་འཐད་པ་མ་བྱས་པའི་རྐྱེན་པའི་འབུམ་རམས་པའི་བསླབ་གནས་བཞེས་མ་ཐུབ། ༡༩༡༧ལོའི་དཔྱིད་ཀར། གྲོགས་པོ་ཞིག་གིས་ངོ་སྤྲོད་བྱས་པར་བརྟེན་ཁོང་གིས་དངུལ་ཁང་ཞིག་ནས་གཏན་འཇགས་ཀྱི་ལས་ཀ་བསྒྲུབས་པ་དང་དེ་ཡི་རྐྱེན་པས་སྙན་ངག་འབྲི་བའི་ཁོམ་ལོང་ཡང་ཡོད་པར་གྱུར། ལོ་དེར་ཁོང་གི་མི་ཚེའི་ནང་གི་དེབ་དང་པོ་སྟེ<<ཕི་རུ་ཧྥོར་ཁི་དང་གཞན་དག>>ཅེས་པ་པར་སྐྲུན་བྱས་ཤིང་དེབ་དེར་སྙན་ངག་པ་ཕོན་དི་ཁྱོ་ཤུག་གཉིས་ཀས་ལྐོག་ཏུ་འགྲོ་སོང་བཏང་བ་རེད། དེབ་དེའི་རྐྱེན་པས་ཁོང་སྙན་ངག་པ་ཞིག་ཡིན་པའི་ངོས་ནས་ཀུན་གྱིས་ངོ་ཤེས་པར་གྱུར། ༡༩༢༢ལོར། སྙན་ངག་རིང་མོ<<མྱ་ངམ་ཐང>>ཞེས་པ་པར་དུ་བསྐྲུན་པ་དང་། སྙན་ངག་དེ་ཉིད་དཔྱད་བརྗོད་པ་རྣམས་ཀྱིས་དུས་རབས་ཉི་ཤུ་བའི་ཆེས་གལ་འགངས་ཆེ་བའི་སྙན་ངག་ཅིག་ཏུ་ངོས་བཟུང་ཞིང་། ཁོང་གི་སྙན་གྲགས་ཀྱང་ལྷ་སྒྲུང་ཞིག་དང་འདྲ་བར་གང་སར་ཁྱབ་སྟེ་དུས་ད་ལྟའང་ཁོང་གིས་ཨ་རི་དང་ཨིན་ཇིའི་སྙན་ངག་ལ་བཞག་པའི་རིན་ཐང་དེ་མ་ཉམས་པར་ཡོད་པ་རེད། 
 
  ༡༩༢༧ལོར། ཨེལ་ཡ་ཐི་ཨིན་ཇིའི་རྒྱལ་ཁོངས་སུ་ཞུགས་པ་དང་། ༡༩༣༠ལོའི་རྗེས་ཀྱི་མི་ལོ་སུམ་ཅུའི་ནང་། ཁོང་ཨིན་ཇིའི་རྩོམ་སྟེགས་ནས་ཆེས་ཁྱད་དུ་འཕགས་པའི་སྙན་ངག་པ་ཞིག་དང་དཔྱད་བརྗོད་པ་ཞིག་ཏུ་གྱུར། 
  ཁོང་གི་སྐུ་ཟླ་དང་ཁོང་གཉིས་ཀྱི་གཤིས་ཀ་མི་འདྲ་བའི་རྐྱེན་གྱིས་ཁོང་གཉིས་འཆམ་པོ་མ་བྱུང་བར་མ་ཟད་སེམས་ཁམས་ཀྱི་ནད་ཀྱི་རྐྱེན་པས་མོ་རང་སྨན་ཁང་དུ་སྡོད་དགོས་བྱུང་། ༡༩༣༣ལོར། ཨེལ་ཡ་ཐིའི་ལུས་སེམས་གཉིས་ཀ་ཐང་ཆད་ཡོད་པས་སྐུ་ཟླ་དང་ཁ་བྲལ་ཏེ་ལོགས་སུ་འཚོ་བ་རོལ། ༡༩༥༦ལོར། ཁོང་གིས་ཝ་ལི་རི་ཧྥུ་ཆུར(Valerie Fletcher)ཟེར་བའི་བུད་མེད་ཅིག་དང་གཉེན་བསྒྲིགས་ཤིང་ཁྱིམ་ཚང་གི་འཚོ་བ་ཧ་ཅང་སྐྱིད་པོར་གྱུར། ༡༩༦༥ལོའི་ཟླ་༡པའི་ཚེས་༤ཉིན། ཁོང་ལན་ཊོན་གྱི་རང་ཁྱིམ་ནས་སྐུ་གཤེགས་ཤིང་དགུང་གྲངས་༧༦ཡིན།
         
            བརྩམས་ཆོས་བདམས་བཀོད།

           ཁོག་པ་སྟོང་བའི་སྐྱེ་བོ།
                                   _ རྒས་པོ་གྷེ་ལ་དངུལ་སྐར་ལི་གང་སྟེར་དགོས། 
❷        
            དང་པོ། 

ངེད་ཅག་ནི་ཁོག་པ་སྟོང་བའི་སྐྱེ་བོ་རེད

ངེད་ཅག་ནི་བརྒྱངས་པར་བྱས་པའི་གསོབ་གཟུགས་རེད
ཕན་ཚུན་ལ་ཁེན་པར་བྱས་ཀྱང
 མགོ་བོ་ནི་སོག་མས་གང་བར་བྱས  
ཀྱེ་མ་ཀྱེ་ཧུད
  ངེད་ཅག་གི་སྐད་སྒྲ་འཛེར་བོ་དེས

ལྷན་ཅིག་ཏུ་ཤུབ་བུར་སྨྲས་པ་དེ

སྟོང་ཞིང་འཇགས་པ་དང་སྙིང་བོས་དབེན་པ་ནི

རྩྭ་སྐམ་པོའི་ནང་གི་རླུང་བུ་དང་འདྲ

ཡང་ན་ངེད་ཅག་གི་འོག་ཁང་སྐམ་པོར་ཡོད་པའི
ཤེལ་ཆག་ནང་གི་ཙི་ཙིའི་རྐང་བ་དང་འདྲ


བཟོ་ལྟ་མེད་པའི་དབྱིབས་དང  ཚོན་མདངས་མེད་པའི་གྲིབ་སོ

གཟའ་དུག་གིས་བཟུང་བའི་ཤེད་ཤུགས་དང  གཡོ་འགུལ་བྲལ་བའི་ཕྱག་རྒྱའོ



དེ་ནི་སུ་ཞིག་གིས་བརྒྱུད་ཟིན་པའོ

འཆི་བ་ཞེས་པའི་རྒྱལ་ཁམས་གཞན་ཞིག་འགྲིམ་དུས

ངེད་ཅག་ནི་བླ་སྲོག་བོར་བའི་མི་རྒོད་མ་ཡིན་པར

ཁོག་པ་སྟོང་བའི་སྐྱེ་བོ་སྟེ

བརྒྱངས་པར་བྱས་པའི་གསོབ་གཟུགས་ཡིན་པ

དེ་ཁོ་ན་ལས་ཅི་ཡང་མི་དྲན

         
             གཉིས་པ།

རྨི་ལམ་ནས་ངས་མིག་ཕྱེ་མི་ཕོད་ཅིང

འཆི་བའི་རྨི་ལམ་གྱི་ཞིང་དུ

ལྟ་བྱེད་ཀྱི་མིག་ཀྱང་མེད

གནས་དེ་གའི་མིག་ནི

མར་འགྱེལ་བཞིན་པའི་ཀ་བའི་ངོས་ཀྱི་ཉི་འོད་རེད

གནས་དེར ལྗོན་པ་ཞིག་ལྕུག་ལྕུག་ཏུ་འདར་ཞིང
མི་ཡི་སྐད་སྒྲ་ནི  རླུང་བུའི་ཁྲོད་ཀྱི་གླུ་སྐད་ཙམ
དེ་ནི་ཡལ་བཞིན་པའི་རྒྱུ་སྐར་ཞིག་ལས་ཀྱང

རྒྱང་ཐག་རིང་ལ་བརྗིད་ཆགས་པར་སྣང



ང་རང་འཆི་བའི་རྨི་ལམ་གྱི་ཞིང་ལ

བཅར་དུ་མི་འཇུག་པར
ང་ལ་བསམ་བཞིན་དུ་ཆ་ལུགས་རྫུན་མ་དེ་སྤྲས་རོགས

ཙི་ཙིའི་པགས་པ་དང ཁྭ་ཏའི་པགས་པ ཞིང་ནང་གི
ཕན་ཚུན་བསྣོལ་བའི་དབྱུག་པ

རླུང་བུ་མངོན་པ་བཞིན་མངོན་པར་བྱས་ཏེ

སྔར་ལས་ཀྱང་ཉེ་བར་མ་བཅར་ཅིག


ས་སྲོད་ཀྱི་ཞིང་གི
  ཆེས་མཐའ་མའི་མཇལ་འཕྲད་ཀྱང་མ་ལགས

         
            གསུམ་པ།

འདི་ནི་འཆི་བའི་གནས་སོ

འདི་ནི་ཀླུ་ཤིང❸གི་གནས་སོ
རྡོ་གཟུགས་ཤིག་ཡར་འཕགས་ཤིང

ནུབ་པར་ཉེ་བའི་རྒྱུ་སྐར་གྱི་འོད་མདངས་འོག་ཏུ

ཁོ་ཚོར་ཤི་བོ་ཞིག་གི་ལག་པའི་རེ་འབོད་འབྱོར་བྱུང
འཆི་བའི་རྒྱལ་ཁམས་གཞན་ཞིག་ནི
འདི་འདྲ་ཞིག་ཡིན་སྲིད་དམ

གཅིག་པུར་གཉིད་ལས་སད་ཅིང

འཇམ་ཞིང་ལྷོད་པའི་ངང་འདར་ཙམ་བྱེད

ཕ་བོང་ཆག་པོ་ཞིག་ལ་གསོལ་བ་བཏབ་པ་ལས

འོ་བྱེད་པར་འདོད་པའི་མཆུ་སྒྲོས་ཟུང་འབྱུང

          བཞི་བ།
མིག་དག་གནས་འདི་ན་མི་འདུག

མིག་དག་གནས་འདི་ན་མི་འདུག

རྒྱུ་སྐར་རྣམས་འཆི་ལ་ཉེ་བའི་ལུང་ཁུག་འདི

ཁོག་པ་སྟོང་བའི་ལུང་ཁུག་འདི

ངེད་ཅག་གིས་བོར་ཟིན་པའི་རྒྱལ་པོའི་ཁབ་ཀྱི

འགྲམ་པ་ཆག་པོ་འདི

ཆེས་མཐའ་མའི་མཇལ་འཕྲད་ཀྱི་གནས་འདིར
ངེད་ཅག་ལྷན་དུ་བཙལ་ཅིང་བཤེར་བ་དང

སྨྲ་བ་ལ་བཀྱེད་པར་བྱེད
ངེད་ཅག་སྐྲངས་པའི་ཆུ་ངོགས་འདི་ནས་འཛོམས་པར་བྱེད



མིག་དག་བསྐྱར་དུ་མངོན་པ་མིན་ཚེ

གཟུགས་ཀྱང་མི་འདུག

འཆི་བའི་ས་སྲོད་ཀྱི   
རྒྱལ་བོའི་ཁབ་ཀྱི

མི་འཇིག་པའི་རྒྱུ་སྐར་རམ

འདབ་མ་མང་པའི་རྒྱ་སེ་ནི

ཁོག་པ་སྟོང་བའི་སྐྱེ་བོའི

དམིགས་ས་ཉག་གཅིག་གོ

         
           ལྔ་བ། 

འདི་ནས་ངེད་ཅག་གིས་ཚེར་མ་ཅན་གྱི་ཤིང་ཏོག་ལིའི་སྡོང་བོར་སྐོར་བ་བྱེད

ཚེར་མ་ཅན་གྱི་ཤིང་ཏོག་ལིའི་སྡོང་བོ་ཚེར་མ་ཅན་གྱི་ཤིང་ཏོག་ལིའི་སྡོང་བོ

ཞོགས་པའི་ཆུ་ཚོད་ལྔ་བའི་དུས་སུ
ངེད་ཅག་གིས་ཚེར་མ་ཅན་གྱི་ཤིང་ཏོག་ལིའི་སྡོང་བོར་སྐོར་བ་བྱེད



བསམ་པ་དང་མངོན་སུམ་གྱི་བར་ནས

འགུལ་བ་དང་བྱེད་པའི་བར་ནས
གྲིབ་མ་མར་ལྷུང་སོང

རྒྱལ་བོའི་ཁབ་ཁྱེད་ཀྱི་ཡིན་པས



འཆར་སྒོ་དང་གསར་གཏོད་ཀྱི་བར་ནས

འདུ་ཤེས་དང་ཨ་ལན་གྱི་བར་ནས

གྲིབ་མ་མར་ལྷུང་སོང
མི་ཚེ་འདི་ཤིན་ཏུ་རིང་ངོ



ཆགས་སྲེད་དང་གཅུས་འཁུམས་ཀྱི་བར་ནས

ནུས་མཐུ་དང་འཚོ་གནས་ཀྱི་བར་ནས

སྙིང་བོ་དང་རྒྱུད་འཛིན་གྱི་བར་ནས

གྲིབ་མ་མར་ལྷུང་སོང

རྒྱལ་བོའི་ཁབ་ཁྱེད་ཀྱི་ཡིན་པས



དེའང་ཁྱེད་ནི
ཚེ་སྲོག་ནི

ཁྱེད་ནི་འདི



འདི་ལ་འཇིག་རྟེན་གྱི་མཐའ་ཞེས་བྱའོ

འདི་ལ་འཇིག་རྟེན་གྱི་མཐའ་ཞེས་བྱའོ

འདི་ལ་འཇིག་རྟེན་གྱི་མཐའ་ཞེས་བྱའོ

ཅལ་སྒྲ་དང་ལྷན་ཅིག་མ་ཡིན་པར་ངུ་ངག་ཏུ་མཉམ་དུའོ
                  
           (༡༩༢༥ལོར་བརྩམས་སོ)

       
           ཕྲན་བཤད།
  
  ཨེལ་ཡ་ཐི་ནི་མཚན་ཉིད་རིག་པར་ཞིབ་འཇུག་བྱེད་པར་སྤྲོ་བའི་སྙན་ངག་པ་ཞིག་ཡིན་པས་
ཁོང་གིས་མིའི་རིགས་ཀྱི་ལས་དབང་དང་། མི་དང་སྤྱི་ཚོགས་ཀྱི་འབྲེལ་བ་སོགས་ཀྱི་སྐོར་ལ་གཏིང་ཟབ་པའི་ངང་བསམ་བློ་བཏང་མྱོང་བ་དང་།རྩོམ་རིག་གི་ཕྱོགས་ནས་ཁོང་གིས་འདན་ཐི་ཨེལ་ཇེ་རེ(Dante Alighieri)དང་། ཨིན་ཇིའི་དཔག་དཀའ་བའི་ལུགས་ཀྱི་སྙན་ངག་པ་དག དུས་རབས་བཅུ་དགུ་བའི་སྨད་ཀྱི་ཧྥ་རན་སིའི་བསྡུས་བརྗོད་རིང་ལུགས་པའི་སྙན་ངག་པ་དག་ལ་དད་ཞེན་ཆེན་པོ་བྱེད། ཁོང་གིས་མི་ཚེའི་ནང་སྙན་ངག་མང་པོ་བྲིས་མེད་ནའང་འཛམ་གླིང་གི་རྩོམ་རིག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ནུབ་ཕྱོགས་སུ་ཁོང་གི་སྙན་ངག་ལ་ཤུགས་རྐྱེན་ཆེ་བའི་དུས་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཡིན་ལ་ཤར་ཕྱོགས་སུ་ཤུགས་རྐྱེན་ཐེབས་པའི་དུས་ནི་ཅུང་འཕྱི། 
  ཁོང་གི་སྙན་ངག་གི་བརྗོད་བྱ་ནི་གནད་དུ་དྲིལ་བ་ཞིག་སྟེ། གཙོ་བོ་དེང་གི་སྤྱི་ཚོགས་ཀྱི་ཁྲོད་ནས་འཇིག་རྟེན་གྱི་སྐྱེ་བོ་རྣམས་ཀྱི་ངོ་བོ་གཞན་ཞིག་ཏུ་འགྱུར་གྱིན་ཡོད་པ་དེ་ཡིན། ཁོང་གིས་བལྟས་ན། སྤྱི་ཚོགས་ཀྱི་གནད་དོན་མཐའ་དག་ནི་སྲོལ་རྒྱུན་གྱི་ཆོས་ལུགས་དང་འབྲེལ་ཐག་ཆད་པ་ལས་བྱུང་བ་དང་དེར་བརྟེན་ནས་ཚེ་སྲོག་གི་རིན་ཐང་དང་དོན་སྙིང་ཡང་བོར་བར་འདོད། ཁོང་གི་སྙན་ངག་གི་རྩོམ་གཤིས་དེ་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། སྒྲིག་གཞི་དང་ཚིག་སྦྱོར་གྱི་ཆ་ནས་སྲོལ་རྒྱུན་གྱི་སྙན་ངག་དང་མི་འདྲ་བར་རང་དབང་ལྡན་པ་དང་ལྷོད་པ་ཞིག་ཡིན་ནའང་ཝོལ་ཐི་ཝེ་ཐེ་མནགྱི་སྙན་ངག་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད་དེ། སྙན་ངག་གི་ཁྲོད་དུ་རྩོམ་རིག་དང་མིའི་རིགས་རིག་པ། མཚན་ཉིད་རིག་པ། ཆོས་ལུགས། ཆབ་སྲིད་རིག་པ་སོགས་ཀྱི་ནང་དོན་རྒྱ་ཆེར་བཀོལ་ཡོད་པ་དང་། སྙན་ངག་འགའ་ཞིག་ནི་ཡོ་རོབ་ཀྱི་སྐད་རིགས་མི་འདྲ་བ་འགའ་ཡིས་མཉམ་དུ་གྲུབ་པ་ཡིན་པས་རིག་གནས་ཀྱི་ཆུ་ཚད་མཐོན་པོ་མེད་ན་གོ་བ་ལེན་དཀའ། ཁོང་གི་སྙན་ངག་དེ་ཕྱོགས་གཅིག་ནས་རེ་ཐག་ཆད་པ་དང་འདས་དོན་དྲན་པའི་ནང་དོན་གྱིས་ཕྱུག་ལ་ཕྱོགས་གཞན་ཞིག་ནས་ཟུར་ཟའི་ཉམས་དང་ལྡན་ཞིང་ཁོང་གིས་མིའི་རིགས་སྐྱོབ་པའི་རེ་བ་དེ་ཆོས་ལུགས་ཀྱི་དད་མོས་ལ་བཅོལ་ཡོད། ཁོང་གི་སྙན་ངག་ལས་ཆེས་སྐད་གྲགས་ཆེ་བ་ནི་༡༩༢༢ལོར་མཛད་པའི་<<མྱ་ངམ་ཐང>>ཞེས་པ་དེ་ཡིན་ཞིང་དེ་ལ་བརྟེན་ནས་ཀློག་པ་པོ་རྣམས་ཀྱིས་ཁོང་ཉིད་བསམ་བློ་གཏིང་ཟབ་ཅིང་སྒྱུ་རྩལ་གྱི་ཐབས་རྩལ་ལ་རབ་ཏུ་མཁས་པའི་སྙན་ངག་པ་ཞིག་ཏུ་ཁས་བླངས་པ་རེད། སྙན་ངག་དེས་དམག་འཁྲུག་གི་རྗེས་ཀྱི་ཡོ་རོབ་གླིང་དེ་ཁ་བྱང་དུ་བཀོད་པ་བཞིན་མྱ་ངམ་ཐང་ཞིག་གི་དཔེར་བཀོད་ནས་བྲིས་ཡོད། གོང་དུ་བཀོད་པའི་སྙན་ངག<<ཁོག་པ་སྟོང་བའི་སྐྱེ་བོ>>ཞེས་པ་ནི་ནང་དོན་དང་རྣམ་པའི་ཆ་ནས<<མྱ་ངམ་ཐང>>དང་ཁྱད་པར་ཆེན་པོ་མེད་ལ། ཆོས་ལུགས་ཀྱི་དད་པ་མེད་པའི་མི་ནི་ཁོག་པ་སྟོང་བའི་སྐྱེ་བོ་ཡིན་པ་དང་། ཡང་ཁོག་པ་སྟོང་བའི་སྐྱེ་བོས་དད་པའི་མ་ལག་ཅིག་གསར་དུ་གྲུབ་མི་ཐུབ་པས་དེ་གཉིས་བར་གྱི་འགལ་བ་གསལ་པོར་བྲིས་ཡོད། 
  ཁོང་གིས་དེ་སྔ་ཆོས་ལུགས་ཀྱི་ཕྱོགས་ནས་རང་ཉིད་ནི་ཨིན་ཇིའི་སྲིད་ཆོས་ལ་ལ་དད་མོས་བྱེད་མཁན་ཞིག་དང་། ཆབ་སྲིད་ཀྱི་ཕྱོགས་ནས་རྒྱལ་བོར་བཀུར་བའི་རིང་ལུགས་པ་ཞིག རྩོམ་རིག་གི་ཕྱོགས་ནས་གནའ་རབས་རིང་ལུགས་པ་ཞིག་ཡིན་ཞེས་ཀྱང་གསུང་མྱོང་ཡོད།

            

བརྩམས་ཆོས་གཙོ་གྲས།
༡༩༡༧ལོའི<<ཕུར་ཧྥུ་རོ་ཁུ་དང་གཞན་དག>>
༡༩༡༩ལོའི<<སྙན་ངག་དེབ>>
༡༩༢༢ལོའི<<མྱ་ངམ་ཐང>>

༡༩༢༥ལོའི<<༡༩༠༩ལོ་ནས་༡༩༢༥ལོའི་བར་གྱི་སྙན་ངག>>

༡༩༣༠ལོའི<<ཚིག་རོའི་གཟའ་ལྷག་པ>>
༡༩༤༣ལོའི<<སྙན་ངག་བཞི་སྡེབ་མ>>
༡༩༦༢ལོའི<<སྙན་ངག་དེབ>>





མཆན་འགྲེལ།
❶ཧྥ་རན་སིའི་མཚན་ཉིད་རིག་པ་བ་ཞིག་སྟེ། བྲིས་པའི་རྩོམ་གྱི་ཚིག་སྦྱོར་ཤིན་ཏུ་ཡག་ལ་བསམ་བློའི་འགུག་ཤུགས་ཧ་ཅང་ཆེ་བས་༡༩༢༧ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་པ་རེད།
❷ལོ་རེའི་ཟླ་༡༡པའི་ཚེས་༥ཉིན། ཨིན་ཇིའི་བྱིས་པ་ཚོས་དེ་སྔ་༡༦༠༥ལོར་རྒྱལ་ཚོགས་ཁང་ཆེན་གཏོར་རྩིས་བྱས་མྱོང་བའི་གྷེ་ཧྥི་ཟི་ཡི་པར་རྫུན་མ་ཞིག་མེ་ལ་སྲེག་པར་བྱེད་དེ། པར་མེ་ལ་མ་བསྲེགས་པའི་སྔོན་དུ་ཁོ་ཚོས“དངུལ་བསླངས་ཏེ་ཤོག་སྦག་བསྒྲིགས་རྗེས་རྒས་པོ་གྷེ་ལ་དངུལ་སྐར་ལི་གང་སྟེར་དགོས།”ཟེར་ངེས།
❸སྡོང་བོ་སྦོམ་ལ་ལོ་མ་མེད་པའི་ཚེར་ཤིང་དབྱིབས་གཟུགས་སྣ་ཚོགས་ཅན་ཞིག་སྟེ་ཨིན་སྐད་དུ་Cactusདང་རྒྱ་སྐད་དུ་
仙人掌ཟེར།
❹དུས་རབས་དཀྱིལ་མའི་སྐབས་ཀྱི་ཨི་ཊ་ལིའི་སྙན་ངག་པ་གྲགས་ཅན་ཞིག་སྟེ། དེང་གི་ཨི་ཊ་ལིའི་སྐད་ཀྱི་རྨང་འདིང་བ་བོ་དང་། ཡོ་རོབ་ཀྱི་རིག་རྩལ་བསྐྱར་དར་གྱི་རྩོམ་རིག་གི་ཤིང་རྟ་བ་ཆེན་མོའོ།།
❺ཨ་རིའི་མིང་དུ་གྲགས་པའི་སྙན་ངག་པ་དང་མི་ཆོས་རིང་ལུགས་པ་ཞིག་སྟེ། ལུས་ཤིན་ཏུ་ལྷོད་པའི་སྙན་ངག་དེབ<<རྩྭའི་ལོ་མ>>ཡི་རྩོམ་པ་པོའོ།།

 
           
      (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།